Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྒྲུབ་པ་མ་ཐོན་གསར་བུའི་རྐྱེན་ཟློག་ལ། ༼ཁཾ༽ །སྲུང་ཟློག་སེར་གར་ཕན་པའི་ཁྱི་ཚིལ་ཡོད། །
   
   
   
   
   
   


 
previousསྒྲུབ་པ་མ་ཐོན་གསར་བུའི་རྐྱེན་ཟློག་ལ། ༼ཁཾ༽ །སྲུང་ཟློག་སེར་གར་ཕན་པའི་ཁྱི་ཚིལ་ཡོད། །next

སྒྲུབ་པ་མ་ཐོན་གསར་བུའི་རྐྱེན་ཟློག་ལ། ༼ཁཾ༽ །སྲུང་ཟློག་སེར་གར་ཕན་པའི་ཁྱི་ཚིལ་ཡོད། །


CMR056_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

རི་ཆོས་མཚམས་ཀྱི་ཞལ་གདམས་གཅིག་བརྒྱུད་ལས། ངན་སྔགས་ཀྱི་སྒོ་ནས་སྲུང་ཟློག་བྱ་ཐབས་སེར་གར་ཕན་པའི་ཁྱི་ཚིལ་མ་ཞེས་བྱ་བ་བཞུགས་སོ། ༈ །ན་མོ་ཤཱཀྱ་མུ་ནེ་ཡེ། ་དེང་སང་དུས་ངན་སྙིགས་མའི་མཐའ་ལ་ཐུག །དབང་ལུང་ཐོབ་ཅིང་གདམས་ངག་མང་ཤེས་ཀྱང་། །ཡེ་ཤེས་ལྷ་ནི་འགྲུབ་རྟགས་རིང་བའི་ཕྱིར། །ཡུན་རིང་མ་བསྒྲུབ་བྱིན་རླབས་ནུས་མི་འབྱུང་། །ཡུན་རིང་སྒྲུབ་པའི་ལོང་མེད་བར་ཆད་མང་། །དེ་བས་འཇིག་རྟེན་མྱུར་མགྱོགས་དྲེགས་པའི་ལྷ། །དེ་ཡི་སྲུང་ཟློག་བྱས་ན་འཕྲལ་དུ་རྣོ། །ཕྱི་རོལ་ལྷར་གྱུར་བདུད་དང་དབང་ཕྱུག་དང་། །དེ་ཡི་སྤྲུལ་པ་ཡིན་པར་མ་ཤེས་ན། །དེ་ལ་སྐྱབས་ཞུས་སྐྱབས་སྡོམ་ཞུས་པ་ཉམས། །སྤྲུལ་པ་ཤེས་ན་དེ་ཡང་དགེ་འདུན་གྲལ། །ཡིན་པས་སྐྱབས་སྡོམ་ཞུས་ན་མི་འགལ་བ། །བཀའ་གདམས་ལམ་རིམ་ནང་ནས་གསུངས་པ་ཡིན། །དེ་ནས་འདོད་པའི་


CMR056_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཕྱུག་ཅེས་བྱ་བ། །བདུད་ནི་སྡིག་ཏོ་ཅན་ཞེས་བྱ་བ་སྟེ། །ཁོ་ཡི་མིང་ནི་དགའ་རབ་དབང་ཕྱུག་ཡིན། །གཞན་འཕྲུལ་དབང་བྱེད་ལྷ་མཉམ་ཡུལ་ན་ཡོད། །དེ་མན་མནར་མེད་ཡན་ཆད་ཁོ་ཡི་འཁོར། །ནགས་ཕྱོགས་བདུད་རིགས་ཡན་ཆད་ཁོ་ཡི་གཡོག །ཁོ་ཡི་སྟོབས་ཆེ་འཇིག་རྟེན་གསུམ་ན་མེད། །སྡིག་སྟོབས་ཆེན་པོ་རྣམས་ལ་ཁོ་དགའ་ནས། །དེ་ཡི་བསམ་པ་ཐམས་ཅད་འགྲུབ་པར་བྱེད། །ཁྲོ་བོ་འདོད་པའི་རྒྱལ་པོའི་སྤྲུལ་པ་ཡིན། །དེ་ཕྱིར་སྙན་གྲགས་དབང་དུ་བསྡུ་བའི་མཆོག །ཁྲོ་བོ་འདོད་རྒྱལ་དམར་པོའི་སྒྲུབ་ཐབས་ཞེས། །ས་སྐྱ་པ་ཡི་གསེར་ཆོས་གྲྭ་གཅིག་ཡིན། །མདོ་སྡེ་ཆེན་པོ་མྱ་ངན་འདས་ཆེན་ལས། །ཐུབ་པ་དོ་དགོང་མྱ་ངན་འདས་རྒྱུ་ཡི། །དེ་རིང་གུང་ཚིགས་སུ་ཡིས་དྲངས་བ་དེ། །བསོད་ནམས་དཔག་ཏུ་མེད་པ་ཐོབ་གསུངས་པས། །ལྷ་ཀླུ་སྡེ་བརྒྱད་དཔལ་མགོན་བདུན་ཅུ་དང་། །སེམས་དཔའ་མཐུ་ཆེན་ཀུན་གྱི་རྫུ་འཕྲུལ་གྱིས། །སྟོང་གསུམ་འཇིག་རྟེན་གང་བའི་མཆོད་པ་བཤམས། །དེ་ཚེ་དགའ་རབ་དབང་ཕྱུག་ཕྲག་དོག་སྐྱེས། །དེ་བས་ལྷག་པའི་མཆོད་པ་ཁོས་བཤམས་ནས། །ང་ཡི་གུང་ཚིགས་མཆོད་པ་བཞེས་


CMR056_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

ཞུས་པས། །སྡིག་ཅན་ཁྱོད་ཀྱི་གུང་ཚིགས་ངས་མི་བཞེས། །མ་འོངས་ང་ཡི་རྗེས་འཇུག་བཙུན་པ་རྣམས། །སྲུང་ཞིང་སྐྱོབ་པའི་མན་ངག་ཟབ་མོ་ཞིག །ཁྱོད་ལ་ཡོད་པ་ཕུལ་ན་དེ་བཞེས་གསུངས། །སྔགས་ཀྱང་འབུལ་གྱིས་གུང་ཚིགས་བཞེས་དགོས་ཞུས། །དེ་དུས་ཁོ་ཡིས་རིག་སྔགས་འདི་ཉིད་ཕུལ། །དེ་ནས་སྟོང་གསུམ་གང་བའི་མཆོད་པ་ཀུན། །དུས་གཅིག་སྐད་ཅིག་ཉིད་ལ་ཐམས་ཅད་གསོལ། །འདི་ལ་ཁོ་ཡི་སྐུ་སོགས་བསྒོམ་མི་དགོས། །ཁོ་ཡི་སྟོབས་དང་དམ་བཅའ་དྲན་བྱས་ལ། །ཙོག་ཀྱེ་ཏ་ཏ་ལ་ཙོག་ཀྱེ་ལོ་ཧ་ལེ། མ་ཧཱ་ལོ་ཧ་ལེ། ཨ་ཙ་ལེ་ཏ་ལ་སྭཱ་ཧཱ། འདོད་པའི་དབང་ཕྱུག་སྡིག་ཏོ་ཅན་གྱིས་བདག་གམ་རྨེ་མོ། འཇིགས་པ་ཆེན་པོ་ཧྥེ་ལས་སྐྱོབས་ཤིག །སྟོབས་ཐོངས་ཤིག །མེ་ཆུ་གཅན་གཟན་དགྲ་ཡི་འཇིགས་པ་དང་། །ནད་གདོན་དགྲ་ཡི་འཇིགས་པ་ལ་སོགས་པ། །བདུད་ཀྱིས་སྲུངས་ཤིག་བདུད་ཀྱི་སྟོབས་སྦྱིན་པས། །ལྷ་ཆེན་དབང་ཕྱུག་ཆེན་པོ་ཞེས་བྱ་བ། །བར་ཆད་གང་གིས་མི་ཚུགས་མདོ་ལས་གསུངས། །དེ་ནི་བདུད་ཀྱི་སྒོ་ནས་བསྲུང་བ་ཡིན། །ཨྠ྄ྀི། ལྷ་ཆེན་དབང་ཕྱུག་ཆེན་པོ་ཞེས་བྱ་བ། །དོན་ལ་


CMR056_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་རས་གཟིགས་ཀྱི་སྤྲུལ་པ་སྟེ། །མུ་སྟེགས་པ་ཡི་ལྷ་ཡི་གཙོ་བོ་ཡིན། །ལྷ་འདྲེ་འབྱུང་པོ་ཀུན་གྱི་གཙོ་བོ་ལགས། །དེ་ཕྱིར་འབྱུང་པོའི་དབང་ཕྱུག་ཅེས་ཀྱང་བྱ། །དེ་ཡི་སྒོ་ནས་གཞན་དག་སྲུང་བའི་ཐབས། །རང་ཉིད་མུ་སྟེགས་དབང་ཕྱུག་ནག་པོ་ནི། །གཅེར་བུ་རྒྱན་མེད་ལིང་ག་གྱེན་དུ་བསྒྲེང་། །ཕྱག་གཉིས་རྭ་ཡི་མདའ་གཞུ་འགེང་བར་བསྒོམ། །སྲུང་སྐུད་ནག་པོར་མདུད་པ་དགུ་རྒྱབ་བསྔགས། །མདུད་པ་རེ་ལ་གནམ་ལྕགས་སྡིག་པ་རེ། །མགོ་དགུ་ཁ་གདང་མེ་ཡི་ཚྭ་ཚྭ་འཕྲོ། །དྲི་མ་མི་ཞིམ་དཔག་ཚད་ཁྱབ་པར་བསྒོམས། །ཨོཾ་མ་ཧཱ་དེ་ཝ་ཧཱུཾ། ཨོ་ཧ་བ་དེ་བ་ཧཱུཾ། ཨོ་ད་བ་དེ་ཝ་ཧཱུཾ། ཞེས་པ་བརྒྱ་སོགས་མང་ཉུང་ཅི་ནུས་བསྔགས། །ནོར་འཕག་འོ་མ་མི་སྟེར་སྐམ་འགོང་ཞུགས། །ཞོ་ལད་ཆང་ལད་འོ་མ་རྒྱུན་དུ་རུལ། །ནད་པ་འགྲུལ་སྣ་བྱིས་པ་མཚན་དུ་བྱེད། །ལམ་འདྲེས་བཏབ་དང་ཆང་སྨྱོ་སྲོག་རླུང་བྱེད། །རྟ་ནོར་གདོན་བཏབ་བརྡུང་ཕྲག་མི་ཟིན་པ། །དེ་དག་ཀུན་ལ་ཤིན་ཏུ་ཕན་པ་ཡིན། །ལན་གྲངས་སྟོང་ཙམ་མྱོང་བས་གྲུབ་པ་ཡིན། །མུ་སྟེགས་སྒོ་ནས་བསྲུང་བ་སྤྱི་རྒྱ་ཟབ། །གདོན་ཚན་ཆུང་བའི་སྨོན་པ་འགའ་ཞིག་ནི། །


CMR056_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཉིད་ཁོ་ནས་ཕན་པ་ལན་མང་འགྲུབ།། ཨོཾ༔ ཡང་གནམ་ཆོས་ལུགས་ཀྱི་བསྲུང་བ་ནི། །རང་ཉིད་དབང་ཕྱུག་སྔོན་པོ་ཞལ་གཅིག་པ། །ཕྱག་གཡས་ལྕགས་ཀྱུ་གཡོན་པས་སྡིགས་མཛུབ་ཞགས། །རྒྱན་མེད་རལ་པ་ཁམས་ནག་གྱེན་དུ་འབར། །རླུང་གི་དཀྱིལ་འཁོར་སྟེང་བཞུགས་མེ་དཔུང་འབར། །དེ་ལྟར་བསྒོམ་ལ་སྔགས་ནི་ཅི་ནུས་བཟླས། །ཨོ་ཆུམ་ཏི་ནན་སེ་སྭཱ་ཧཱ། རང་གི་བཟླས་པས་འགོས་ནད་བསྲུང་བའི་མཆོག །སྔགས་ཆུས་སྔགས་མར་བྱེད་དམ་ཕུས་བཏབ་ན། །འདི་ཡིས་མི་ཕན་ནད་རིགས་གང་ཡང་མེད། །མུ་སྟེགས་སྒོ་ནས་བསྲུང་བ་སྤྱི་རྒྱ། འདི་སྣོད་མིན་མང་པོ་ལ་མི་སྤེལ་བ་དམ་ཚིག་གོ །རང་ཉིད་མུ་སྟེགས་དབང་ཕྱུག་ཆེན་པོ་ནི། །མདོག་ནག་ལིང་ག་དམར་པོ་གྱེན་དུ་བསྒྲེང་། །ཁྲག་གི་རལ་པས་བར་སྣང་ཁྱབ་པར་བསྒོམས། །སྲིན་ལག་རལ་གྲི་མཐེ་བོང་སྤུ་གྲི་ཡིས། །གནོད་བྱེད་བྱད་མའི་མགོ་ལུས་ཧྲུག་ཧྲུག་བཅད། །འོག་གཞི་ལྕགས་སྲེག་ས་གཞིའི་སྟེང་སོང་བས། །གཞོབ་ཐུལ་བསྲེགས་ནས་རྡུལ་ཕྲན་སོང་བསམས་ནས། །མཐེབ་སྲིན་བར་དུ་ཕྲེང་བ་ཕྱིར་ལ་འདྲེན། །སྔགས་འབྲུ་གཉིས་པོ་


CMR056_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་ལས་མི་མང་བཟླས། །ཀི་ཡ་ཀི་ས། རྗེས་ནས་ཐལ་མོ་ལན་གསུམ་བརྡབ་པར་བྱ། །བྱད་མ་རང་མཐུ་རང་ལ་ལོག་ནས་འཆི། །ཉེར་དགུ་ལ་སོགས་དུས་གཉེན་བཟླས་པས་ཆོག །རྒྱུན་དུ་བཟླས་ན་སྟོང་གསུམ་སྔགས་པ་རླག །དེ་ཕྱིར་རྒྱུན་དུ་བཟླ་བར་མི་རུང་གསུངས། །ངན་སྔགས་སྒོ་ནས་བཟློག་པ་ཨི་ཐི་རྒྱ། །སྡིག་ཏོ་ཅན་ཞེས་བདུད་ཀྱི་རྒྱལ་པོ་དང་། །མུ་སྟེགས་དབང་ཕྱུག་ནག་པོའི་སྲུང་ཟློག་སྐོར། །འདི་ནི་ངན་སྔགས་ཡིན་ཕྱིར་མང་མི་སྤེལ། །བློ་གཏད་ཐུབ་པའི་མི་ལ་སྤེལ་ཡང་རུང་། །དུས་ངན་མི་རྣམས་ཕན་ལན་གནོད་པས་འཇལ། །འདི་ཡི་ཕན་ཡོན་ནུས་པ་བྱིན་རླབས་ཀུན། །ངན་སྔགས་ཡིན་ཞེས་རང་ལ་འབར་ཉེན་ཡོད། །དེ་ཕྱིར་སྤེལ་དང་མི་སྤེལ་སྣོད་ལ་བརྟགས། བདུད་དང་མུ་སྟེགས་སྐྱབས་སུ་མི་འཛིན་ཡང་། །བཙན་སླད་ཕན་ན་ལྷམ་ཚང་བདུག་པའི་དཔེ། །དེ་ཕྱིར་ལོ་རྒན་དྲུག་ཅུའི་ནང་ནས་ཀྱང་། །གདུག་པ་ཆེ་བ་མེ་ཕོ་རྟ་ཡི་ལོ། །མུ་སྟེགས་དབང་ཕྱུག་དར་བ་ཁྱི་ཟླ་ཡི། །ཟླ་མཚམས་མུན་ཆུ་རུབ་པའི་དུས་ཚོད་ལ། །སྔགས་ནག་རཱ་ག་ཨ་སྱས་སྨྲས་པ་སྟེ། །བརྩོན་འགྲུས་རྒྱ་མཚོས་ཡི་གེར་བཀོད་པའོ། རྫོགས་སོ།། །།མངྒ་ལཾ། །


previousསྒྲུབ་པ་མ་ཐོན་གསར་བུའི་རྐྱེན་ཟློག་ལ། ༼ཁཾ༽ །སྲུང་ཟློག་སེར་གར་ཕན་པའི་ཁྱི་ཚིལ་ཡོད། །next