Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དད་ལྡན་སློབ་བུའི་ཉམས་རྟོགས་ཞུས་པའི་ལན།་་བཅ་ས་ག་རས་མཆན། ༼ངཾ༽ །གོ་བ་རྟོགས་པ་དབྱེ་གསལ་ངོ་སྤྲོད་ཡོད། །
   
   
   
   


 
previousདད་ལྡན་སློབ་བུའི་ཉམས་རྟོགས་ཞུས་པའི་ལན།་་བཅ་ས་ག་རས་མཆན། ༼ངཾ༽ །གོ་བ་རྟོགས་པ་དབྱེ་གསལ་ངོ་སྤྲོད་ཡོད། །next

དད་ལྡན་སློབ་བུའི་ཉམས་རྟོགས་ཞུས་པའི་ལན།་་བཅ་ས་ག་རས་མཆན། ༼ངཾ༽ །གོ་བ་རྟོགས་པ་དབྱེ་གསལ་ངོ་སྤྲོད་ཡོད། །


CMR056_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

རི་ཆོས་མཚམས་ཀྱི་ཞལ་གདམས་གཅིག་བརྒྱུད་ལས། གོ་བ་རྟོགས་པའི་དབྱེ་བ་ཆོས་སྐུ་མཛུབ་ཚུགས་ངོ་སྤྲད་པའི་ཞལ་གདམས་ཤིན་ཏུ་གསང་བའི་ཡང་ཞུན་སྙིང་གི་མུན་སེལ་ཞེས་བྱ་བ་བཞུགས་སོ། ༈ །ན་མོ་མ་ཧཱ་མུ་དྲ་ཡེ། རང་སེམས་ཉམས་དང་རྟོགས་པ་གཉིས། །མཚམས་དབྱེ་བསལ་དཀའ་ན་ཡང་། །བདག་གིས་བསམ་པ་འདི་ལྟར་ལགས། །བལྟ་བྱ་ལྟ་བྱེད་ཅི་ཡང་མེད། །འདི་ཡིན་དེ་ཡིན་ཅི་ཡང་མེད། །འདི་བསམ་དེ་བསམ་ཅི་ཡང་མེད། །བདེ་གསལ་མི་རྟོག་ངེས་ཤེས་མེད། །ཐ་མལ་སེམས་ངོ་མི་ཤེས་དང་། །འདྲ་ལ་ཁད་ཀྱང་ཅུང་མི་འདྲ། །ཤོར་ས་གོལ་སར་ཤོར་རོ་སྙམ། །སྔར་གྱི་ངེས་ཤེས་ཡོད་པ་ཡལ། །ཉམས་ལེན་ཞན་དུ་སོང་ངམ་སྙམ། །སྐབས་སུ་ཐེ་ཚོམ་ཁུ་འཕྲིག་དང་། །སྔར་ལྟར་བདེ་གསལ་མི་རྟོག་པ། །ཉམས་ལེན་བཟང་པོ་ཨེ་སྐྱེ་ལྟ། །མཚམས་བཅད་ལུས་གནད་གཟབ་ན་ཡང་། །སྔར་ལྟར་མི་སྐྱེ་ཡི་མུག་ལྡང་། །སྔར་དང་ད་གཉིས་མི་འདྲ་བས། །གང་རུང་ཞིག་དེ་ཡིན་པར་འདུག །སྙམ་དུ་ཁུ་འཕྲིག་འགའ་རེ་འབྱུང་། །མི་འདྲའི་ལུགས་དེ་ཇི་ལྟར་ན། །སྔར་དུས་བལྟ་བྱ་ལྟ་བྱེད་ཡོད། །ས་ལེ་སེང་ངེ་ཡི་རེ་བ། །ད་ནི་ལྟ་མི་ལྟ་རྒྱུ་མེད། །རང་གར་བཞག་པ་འདྲ་བ་དང་། །ཁ་རོག་བསྡད་པ་འདྲ་བ་


CMR056_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

ལས། །ཅི་ཡང་བྱ་རྒྱུ་མ་རྙེད་པ། །ངོ་བོ་དང་པོ་མཐོང་བ་སྟེ། །ཐ་མལ་ཤེས་པ་མིང་དུ་བཏགས། །དེ་ཡི་ངང་ལ་གནས་ཙམ་ན། །གཟུགས་སྒྲ་དྲི་རོ་རེག་བྱ་སོགས། །ཚོགས་དྲུག་སྣང་བ་གང་ཤར་ལ། །མ་འགགས་སོ་སོར་གསལ་མོད་ཀྱང་། །དེ་རུ་དེ་དང་འཛིན་པ་མེད། །གཟུགས་རྣམས་སྣ་ཚོགས་གང་མཐོང་ཡང་། །བྱིས་སྦས་ལྷ་ཁང་མཇལ་བ་བཞིན། །སྣ་ཚོགས་མཐོང་ཡང་དེར་འཛིན་མེད། །སྙན་དང་མི་སྙན་སྒྲ་རྣམས་ཀྱང་། །སོ་སོར་མཐོང་ཡང་ཆགས་སྡང་མེད། །བྲག་རི་ཁྲོད་ཀྱི་སྒྲ་སྐད་བཞིན། །འཛིན་མེད་འཛིན་པ་མ་ཞུགས་པས། །འོན་ཀྱང་ཡེངས་བའི་དུས་རྣམས་སུ། །དེ་ལྟར་མི་མཐོང་ཐ་མལ་མཐོང་། །ཆགས་སྡང་དུག་ལྔ་རང་རྒྱུད་པ། །འདི་སྐབས་དྲན་པས་གསལ་འདེབས་གཅེས། །བསྒོམས་དང་མ་བསྒོམ་ཁྱད་པར་ནི། །ཡེངས་དང་མ་ཡེངས་ཁྱད་པར་ཙམ། །མ་ཡེངས་གང་ཟག་བདག་མེད་དེ། །སྟོང་ཉིད་ཕྱེད་པོ་ཡིན་པ་འཛིན་པའི་སེམས་ཉིད་སྟོང་པར་རྟོགས། །བཟུང་བའི་ཡུལ་ལ་འཕྲིག་མ་ཚུད། །དེ་ནས་བློ་བཟོ་མ་ཡིན་པར། །གང་ཤར་གཟུགས་སྒྲ་དྲི་རོ་རེག །སྣ་ཚོགས་སྣང་བའི་ངོ་བོ་


CMR056_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན། །ཆུ་ནང་ཤར་བའི་ཟླ་གཟུགས་ལྟར། །རྣམ་པ་སོ་སོར་གསལ་ན་ཡང་། །ངོ་བོ་སྟོང་པ་ཉིད་དུ་སྣང་། །རྣམ་རྟོག་མང་ཡང་དེ་དང་འདྲ། །གནས་འགྱུ་ངོ་བོ་ཁྱད་མེད་པས། །རང་གྲོལ་ཆུ་དང་ཆུ་རླབས་བཞིན། །ཆོས་ཀྱི་བདག་མེད་དེ་ལ་ཟེར། །སྟོང་ཉིད་ཡོངས་རྫོགས་རྟོགས་མོད་ཀྱང་། །ད་རུང་ཡེངས་སྐབས་བརྗེད་སྐབས་མང་། །ཡེངས་ཚེ་ཐ་མལ་འཁྲུལ་པ་དེ། །ཉོན་མོངས་གང་སྐྱེས་ཐ་མལ་པ། །རྗེས་ནས་དྲན་པས་སླེབ་པ་ཙམ། །ཡེངས་བས་མ་ལེགས་བསམ་ཞིང་འགྱོད། །ཡེངས་ཚེ་ཉོན་མོངས་རྣམ་རྟོག་ལ། །ཕྱི་ལྟས་བྱེད་འདྲ་ལྟས་པ་ན། །སྔར་ལྟར་སྟོང་ཉིད་རྗེན་པར་མཐོང་། །འདི་སྐབས་དྲན་པས་ཡང་དང་ཡང་། །གསལ་འདེབས་བྱེད་གལ་ཆེ་བར་སྣང་། །ཡེངས་དང་མ་ཡེངས་ཁྱད་པར་མེད།། །དྲན་དང་མ་དྲན་ཁྱད་པར་མེད། །འཁྲུལ་དང་མ་འཁྲུལ་ཁྱད་པར་མེད། །ཐམས་ཅད་སྟོང་པར་འདུག་སྙམ་པའི། །གོ་བའི་སྐྱ་རིས་རེས་འགའ་འབྱེད། །དེ་ལ་གདེང་བཅས་ལྷོད་དྲག་ན། །ཐ་མལ་ཉིད་དུ་འཆོར་ཉན་ཡོད། །གོ་བ་རྟོགས་པ་དབྱེ་བ་གཅེས། །དཔེ་རྒྱུད་གོ་བ་རྒྱབ་ཏུ་སྐྱུར། །གདེང་ནས་


CMR056_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

ཡེངས་དང་མ་ཡེངས་གཉིས། །ཁྱད་པར་མེད་པའི་རྟོགས་པ་སྐྱེ། །དོན་ལ་དེ་ཉིད་ཡིན་ན་ཡང་། །ད་རུང་དྲན་པའི་གསལ་འདེབས་ནི། །མ་བརྗེད་ཡང་དང་ཡང་དུ་དགོས། །ཅི་ཕྱིར་ཞེ་ན་དུག་ལྔ་ཡི། །རྟོགས་པ་མ་ནོན་ཚིག་ངན་སོགས། །ཐོས་ཚེ་དེའི་ལན་སྒྲ་ཤོར་སོགས། །བྱུང་བ་ཡེངས་བའི་སྐྱོན་དུ་ངེས། །དེས་ན་དྲན་རྗེས་ཡང་ཡང་དགོས། །ད་རུང་གསལ་དང་མི་གསལ་ཡོད། །མི་གསལ་དུས་སུ་ལྟ་སྟངས་བྱ། །འདི་བསྒོམ་མེད་པའི་ངོ་བོ་ལ། །སྟོང་དང་ཆམ་མེ་འདི་ཡིན་མེད། །དེ་ཡིས་ཚིམས་པར་མ་གྱུར་ན། །རྟོགས་པ་ཉམས་སུ་ཤོར་བ་ཡིན། །ཉམས་ལ་བཟང་ངན་གདམས་ཀ་མེད། །གང་ཤར་དེས་ཆོག་སྙིང་ལ་འཆང་། །ཡེངས་དང་མ་ཡེངས་ཁྱད་མེད་ཀྱང་། །མ་ཡེངས་དྲན་པའི་གསལ་འདེབས་བྱ། །དེ་ཙམ་འཕྲལ་དུ་གང་དྲན་སྨྲས། །བརྩོན་འགྲུས་རྒྱ་མཚོས་གསལ་འདེབས་མཛོད། །འདི་ཡན་ཕྱག་བྲིས། འདི་མན་སློབ་བུས་ཚིག་གོ །ཞེས་པ་ཆུ་མོ་ཡོས་ཀྱི་ལོར། །ཆུ་སྟོད་ཟླ་བའི་ཡར་ཚེས་ལ། །རིན་ཆེན་གནས་དང་ཉེ་བའི་སར། །འདྲ་ཐང་སྒར་རྒྱབ་ཞག་གཅིག་བཞུགས། །དེ་ཚེ་བདག་གིས་མཇལ་བའི་ཚེ། །དངོས་འབྱོར་
བཀྲ་ཤིས་ཁ་བཏག་དང་། །མཚལ་སྲང་བཅུ་ཡིས་མཎྜལ་ཕུལ། །དགེ་འདུན་རྣམས་ལ་མང་ཇ་དྲངས། །ཁ་ཙམ་མིན་པའི་མོས་གུས་དང་། །སྒོ་གསུམ་དད་པས་ཕྱག་འཚལ་ནས། །རང་སེམས་ཉམས་དང་རྟོགས་པ་ནི། །འདི་ལྟར་ཡོད་ཅེས་གསོལ་བཏབ་ཚེ། །སྤྱན་རས་གཟིགས་དངོས་སྤྲུལ་པའི་སྐུ། །དྲིན་ཆེན་རཱ་ག་ཨ་སྱ་ཡིས། །ཞལ་གདམས་སྙིང་གི་མུན་སེལ་འདི། །ཕྱག་བྲིས་མཛད་ནས་གནང་བ་ཡིན། །གསང་སྔགས་སྙན་བརྒྱུད་ཡིད་བཞིན་གྱི། །ནོར་བུ་རིན་ཆེན་འདི་འདྲ་བ། །འཇིག་རྟེན་གསུམ་དུ་བཙལ་ན་ཡང་། །ཤིན་ཏུ་རྙེད་པར་དཀའ་འོ་སྙམ། །བརྩོན་འགྲུས་རྒྱ་མཚོའི་སྙིང་དང་འདྲ། །མ་འོངས་སྐལ་ལྡན་དུང་ཕྱུར་ཕྲག །མང་པོའི་འགྲོ་དོན་འོང་བསམ་ནས་།ཐེམ་ཡིག་མེད་པ་གུད་དུ་བཀོད། །སྣོད་ལྡན་མ་གཏོགས་སྣོད་མིན་ལ། །འདི་ནི་གསང་བ་དམ་ཚིག་གོ །མངྒ་ལཾ།།


previousདད་ལྡན་སློབ་བུའི་ཉམས་རྟོགས་ཞུས་པའི་ལན།་་བཅ་ས་ག་རས་མཆན། ༼ངཾ༽ །གོ་བ་རྟོགས་པ་དབྱེ་གསལ་ངོ་སྤྲོད་ཡོད། །next