Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རི་ཆོས་དངོས་གཞི་རྒྱབ་ཆོས་འགྲུབ་པའི་སྐབས། ༼ཅཾ༽ །སྨོན་ལམ་ཕྱག་བྲིས་རང་དོན་བཅའ་ཡིག་ཡོད། །
   


 
previousརི་ཆོས་དངོས་གཞི་རྒྱབ་ཆོས་འགྲུབ་པའི་སྐབས། ༼ཅཾ༽ །སྨོན་ལམ་ཕྱག་བྲིས་རང་དོན་བཅའ་ཡིག་ཡོད། །next

རི་ཆོས་དངོས་གཞི་རྒྱབ་ཆོས་འགྲུབ་པའི་སྐབས། ༼ཅཾ༽ །སྨོན་ལམ་ཕྱག་བྲིས་རང་དོན་བཅའ་ཡིག་ཡོད། །


CMR056_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

རི་ཆོས་མཚམས་ཀྱི་ཞལ་གདམས་གཅིག་བརྒྱུད་ལས། ཐེམ་མེད་སྨོན་ལམ་ཕྱག་བྲིས་འབྲེལ་ཚད་དོན་ལྡན་ཞེས་བྱ་བ་བཞུགས་སོ། །ན་མོ་རཏྣ་ཏྲ་ཡཱ་ཡ། རྡོ་རྗེ་འཆང་ཆེན་ཏེ་ལོ་ནཱ་རོ་དང་། །མར་པ་མི་ལ་དྭགས་པོ་དུས་གསུམ་མཁྱེན། །བཀའ་བརྒྱུད་བླ་མ་རྣམས་ཀྱི་བྱིན་རླབས་དང་། །བླ་མ་སྐུ་གསུམ་སྐུ་ལྔ་མཚན་མཆོག་བརྒྱད། །རིག་འཛིན་བརྒྱད་དང་རྗེ་འབངས་ཉི་ཤུ་ལྔ། །རིག་འཛིན་གྲུབ་ཐོབ་རྒྱ་མཚོའི་ཐུགས་རྗེ་དང་། །དྲིན་ཆེན་བླ་མ་རྒྱལ་བ་ཀུན་འདུས་པ། །མཁའ་སྤྱོད་དགའ་བའི་རྡོ་རྗེ་ཐུགས་རྗེ་ཅན། །རྒྱུད་སྡེ་བཞི་དང་བཀའ་དགོངས་ཕུར་པའི་ལྷ། །ཐེག་པ་རིམ་དགུའི་ལྷ་ཚོགས་ཐུགས་རྗེ་དང་། །མ་


CMR056_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱ་ཀཱ་ལ་ལྕམ་དྲལ་འཁོར་དང་སྡེ། །བཀའ་སྲུང་དམ་ཅན་རྒྱ་མཚོའི་མཐུ་སྟོབས་ཀྱིས། །ཆོས་ཉིད་ཆོས་ཅན་འགོག་དང་ལམ་གྱི་བདེན། །བདེན་ལྡན་ཇི་སྙེད་བདེན་པའི་བདེན་སྟོབས་ཀྱིས། །བླ་མ་ཀརྨ་བརྩོན་འགྲུས་རྒྱ་མཚོ་བའི།་་་གཞན་བདག་གིས་སྨོན་ལམ་འདི་རང་འདོན་དུ་འདོན་པར་སྤྲོ་ན། བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ཡི། །ཞེས་བསྒྱུར་ནས་འདོན། །ནད་གདོན་བར་ཆད་ཐམས་ཅད་ཞི་གྱུར་ཅིག །འཇིགས་པ་བརྒྱད་དང་བཅུ་དྲུག་རྣམས་ལས་ཐར། །དུས་མིན་འཆི་བ་བཅོ་བརྒྱད་མི་འབྱུང་ཤོག །ཚེ་དང་བསོད་ནམས་དཔལ་འབྱོར་མངའ་ཐང་རྒྱས། །ཉམས་དང་རྟོགས་པ་ཡར་ངོའི་ཟླ་བཞིན་འཕེལ། །འགྲོ་དོན་ཕྱོགས་བཅུ་ཀུན་ཏུ་དར་རྒྱས་ཤོག །རླུང་སེམས་སྣང་སྲིད་ཐམས་ཅད་དབང་དུ་འདུས། །མཐོང་གྲོལ་ཐོས་གྲོལ་རེག་གྲོལ་ཆེན་པོར་ཤོག །བསྐྱེད་རྫོགས་བརྟན་ཐོབ་ཕྲིན་ལས་རྣམ་བཞི་འགྲུབ། །བར་ཆད་བདུད་བཞིའི་གཡུལ་ལས་རྣམ་རྒྱལ་ཤོག །བསྐྱེད་རྫོགས་ཟུང་འཇུག་སྣང་སྲིད་ཆོས་སྐུར་རྟོགས། །ཚེ་གཅིག་རྡོ་རྗེ་འཆང་གི་ས་ཐོབ་ཤོག །ནམ་ཞིག་འཕོས་ཚེ་གནས་གསུམ་ཌཀྐི་ཡིས། །སྣ་ཚོགས་མཆོད་པའི་སྤྲིན་གྱིས་མདུན་བསུས་ནས། །བདེ་


CMR056_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་དག་པའི་ཞིང་ཁམས་བགྲོད་པར་ཤོག །ཞིང་དེར་པདྨ་མཆོག་ལ་བརྫུས་སྐྱེས་ནས། །འབྲེལ་ཐོགས་འགྲོ་བ་སེམས་ཅན་ཐམས་ཅད་ཀུན། །ཞིང་དེར་འདྲེན་པའི་རྫུ་འཕྲུལ་དཔག་མེད་ཤོག །ཞིང་དེར་ས་ལམ་ཡོན་ཏན་རབ་རྫོགས་ནས། །བླ་མེད་རྫོགས་པའི་བྱང་ཆུབ་མངོན་བྱེད་ཤོག །མངྒ་ལཾ།། ཞེས་པ་རི་ཆོས་མཚམས་ཀྱི་ཞལ་གདམས་ཀྱི། །དངོས་གཞི་དཔེ་ཚན་ལྔ་བཅུ་ང་གསུམ་དང་། །རྒྱབ་ཆོས་གཅིག་བརྒྱུད་དཔེ་ཚན་སུམ་ཅུ་ལྔ། །ས་ར་བྷ་ཝ་ཞེས་པ་ཟིལ་གནོན་མེ་ཕོ་རྟ་ཡི་ལོ་་སློབ་བུ་བརྩོན་འགྲུས་རང་ལོ་སུམ་ཅུའི་སྐབས། །ཐ་སྐར་ཟླ་བའི་ཡར་ཚེས་བརྒྱད་ཀྱི་ཉིན། །གནས་མཆོག་དཔལ་རེ་རྩེ་ཡི་སྒྲུབ་ཁང་སྒོར། །རི་ཆོས་ཡོངས་རྫོགས་འགྲུབ་པའི་དུས་ཀྱི་ཚེ། །དགའ་སྟོན་དུས་མཆོད་ཚོགས་ཀྱི་འཁོར་ལོ་བསྐོར། །དད་ལྡན་ཀརྨ་བཱིརླ་སཱ་ག་རས། །ཕྱག་དང་མཎྜལ་མང་དུ་ཕུལ་ནས་ནི། །དངོས་སུ་སྐུ་ཡི་དཀྱིལ་འཁོར་དེ་ཉིད་ལས། །ཏིང་ངེ་འཛིན་གྱིས་དབང་བཞི་བརྒྱ་རྩ་བླངས། །ཐུགས་ཡིད་གཅིག་ཏུ་འདྲེས་པའི་གསོལ་འདེབས་དང་། །ཚེ་རབས་ཀུན་ཏུ་མི་འབྲལ་སྨོན་ལམ་བཏབ། །སླར་ཡང་སྨོན་ལམ་ཕྱག་བྲིས་གནོངས་ཤིག་ཅེས། །རྩེ་གཅིག་གསོལ་བ་བཏབ་པའི་སྨོན་ལམ་འདི། །དཀོན་མཆོག་ཀུན་འདུས་དྲིན་ཆེན་སྤྲུལ་པའི་སྐུ། ༧ །ཀརྨ་རཱ་ག་ཨ་སྱ་རིན་པོ་ཆེའི། ཕྱག་བྲིས་མཛད་ནས་གནང་བ་མངྒ་ལཾ། །བཀྲ་ཤིས་དཔལ་འབར་བསྟན་པ་དར་རྒྱས་


CMR056_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག །མངྒ་ལཾ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousརི་ཆོས་དངོས་གཞི་རྒྱབ་ཆོས་འགྲུབ་པའི་སྐབས། ༼ཅཾ༽ །སྨོན་ལམ་ཕྱག་བྲིས་རང་དོན་བཅའ་ཡིག་ཡོད། །next