Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


  expand section
   
རི་ཆོས་མཚམས་ཀྱི་ཞལ་གདམས་གཅིག་བརྒྱུད་ལས། ཨུ་པ་ཚེས་ཀྱི་གྲངས་ལྡན་གྱི་ཞལ་ཤེས་གབ་པ་མངོན་ཕྱུང་།


 
previousརི་ཆོས་མཚམས་ཀྱི་ཞལ་གདམས་གཅིག་བརྒྱུད་ལས། ཨུ་པ་ཚེས་ཀྱི་གྲངས་ལྡན་གྱི་ཞལ་ཤེས་གབ་པ་མངོན་ཕྱུང་།no next

རི་ཆོས་མཚམས་ཀྱི་ཞལ་གདམས་གཅིག་བརྒྱུད་ལས། ཨུ་པ་ཚེས་ཀྱི་གྲངས་ལྡན་གྱི་ཞལ་ཤེས་གབ་པ་མངོན་ཕྱུང་།


CMR056_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

རི་ཆོས་མཚམས་ཀྱི་ཞལ་གདམས་གཅིག་བརྒྱུད་ལས། ཨུ་པ་ཚེས་ཀྱི་གྲངས་ལྡན་གྱི་ཞལ་ཤེས་གབ་པ་མངོན་ཕྱུང་བཞུགས་སོ། །


CMR056_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་གསུམ་ལྷ་ཚོགས་སྲུང་མར་བཅས་པ་ལ། །གུས་པས་ཕྱག་འཚལ་བཀའ་གནང་བྱིན་གྱིས་རློབས། །སྐུ་བཞི་དབྱེར་མེད་སངས་རྒྱས་སྤྲུལ་པའི་སྐུ། །རྩ་བའི་བླ་མ་ཡིད་བཞིན་ནོར་བུ་དེས། །ལོ་ནི་བཅུ་གསུམ་སྒྲུབ་པ་མཐར་ཕྱིན་ནས། །ཕྱོགས་བཅུར་འགྲོ་དོན་ཆོས་འཁོར་བསྐོར་བའི་ཚེ། །སློབ་བུ་བདག་ཀྱང་རང་ལོ་ཉེར་གཅིག་དུས། །བསོད་ནམས་སྔོན་ལས་དབང་གིས་མཇལ་བ་དང་། །མདོ་སྔགས་ཕྱག་རྫོགས་དམ་ཆོས་དབང་ཁྲིད་དང་། །ཞལ་གདམས་མགུར་གསུངས་རྒྱ་མཚོ་ཐོབ་ན་ཡང་། །བདག་གིས་ཚེ་འདིར་བློས་བཏང་མ་ནུས་ཤིང་། །


CMR056_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པ་ཐོབ་པའི་དམ་ཆོས་མ་འགྲུབ་ཀྱང་། །སྡོམ་གསུམ་རྩ་བ་མ་ཉམས་སེམས་བསྐྱེད་བཟང་། །མཚམས་སྒྲུབ་ཕྲན་བུ་འགའ་ཐོན་བླ་མའི་དྲིན། །དྲིན་ཆེན་རྩ་གསུམ་ལྷ་དང་དབྱེར་མེད་དེ། །བདག་ལ་སྐྱིད་སྡུག་ཇི་ལྟར་བྱུང་ན་ཡང་། །སྐད་ཅིག་ཙམ་ཡང་བརྗེད་མེད་སེམས་དང་འདྲེས། །ད་ལྟ་ཤི་ཡང་ངན་སོང་མི་འགྲོ་སྙམ། །ད་ལྟ་རང་ལོ་ཞེ་གསུམ་ལོན་པ་ཡིན། །རྗེ་དང་གསུང་གླེང་བྱུང་ཀུན་ཞལ་གདམས་ཉིད། །རང་ལོ་ཉེར་དྲུག་ཆུ་མོ་ཡོས་ཀྱི་ལོ། །ཆུ་སྟོད་ཟླ་བའི་ཡར་ཚེས་ནས་བཟུང་བས། །མེ་ཕོ་རྟ་ལོ་ཕག་ཟླ་ཚེས་ལྔའི་བར། །


CMR056_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་བརྒྱུད་རི་ཆོས་དངོས་གཞི་གནང་བའི་སྐབས། །ཞལ་ཤེས་ཕྲན་ཚེག་ཐོར་བུར་གསུངས་པ་ནི། །ཕལ་ཆེར་ཡིད་ལ་མ་ངེས་བརྗོད་དམ་སྙམ། །མ་བརྗེད་ཡིད་ལ་ངེས་པ་མདོར་བསྡུས་ཤིག །ཡི་གེར་ཚིགས་སུ་བཅད་དེ་བཀོད་པ་ནི། །དྲིན་ཆེན་རྗེ་ལ་འདི་སྐད་ཅེས་གསོལ་ཏོ། །སྨུག་འཛིན་དཀར་དམར་ཆུ་སྦྱིན་བྱེད་པའི་དུས། །ཕྱི་སྒྲུབ་ནང་སྒྲུབ་གསང་སྒྲུབ་ཆུ་སྦྱིན་དང་། །ཕྱི་ནང་གསང་སྒྲུབ་དྲིལ་སྒྲུབ་ཆུ་འཁོར་དང་། །རླུང་འཁོར་དུ་འཁོར་རི་དང་ཐབ་ཀ་དང་། །ཁྱིམ་དུ་འཁོར་ལོ་སྦ་བའི་ཞལ་ཤེས་ནི། །གཞུང་དུ་མི་གསལ་ཡོད་དམ་མེད་ཞུས་པས། །དེ་ཚེ་ཞལ་ནས་གསུངས་པ་འདི་སྐད་དོ། །སྨུག་འཛིན་དཀར་དམར་ལ་སོགས་ཡེ་ཤེས་པའི། །རིགས་རྣམས་ཀུན་ལ་བདག་མདུན་གཉིས་ཀ་ནི། །ལྷ་ནི་གང་ཡིན་བསྒོམ་དུ་རུང་བ་ཡིན། །བསྙེན་སྒྲུབ་ཆུ་སྦྱིན་མེ་མཆོད་ལ་སོགས་ཚེ། །བདག་མདུན་གཉིས་ཀ་གང་འདོད་ནོར་སྐྱུག་བསམ། །རི་དང་ཆུ་དང་ཆུ་འཁོར་སྦ་འཁོར་དང་། །ཐབ་ཏུ་སྦ་བའི་འཁོར་ལོའི་ཡི་གེ་ལ། །བདག་མིང་གཞན་མིང་བྲི་བ་མི་འཐད་དོ། །དེ་བཞིན་ཆུ་འཁོར་ལ་ཡང་དེ་དང་མཚུངས། །རླུང་འཁོར་བདག་མིང་བྲི་བ་


CMR056_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

འགལ་བ་མེད། །དུ་འཁོར་ཐོན་ན་བསྙེན་སྒྲུབ་ལས་གསུམ་བསྔགས། །གཞུང་གི་ཡི་གེར་གསལ་ལྟར་ཡིན་ནོ་གསུངས། །རིག་བྱེད་ལྷ་མོའི་ལས་སྦྱོར་བྱེད་པ་ན། །གང་འདོད་ངེས་ཅན་མིང་སྨོས་པ་ཤཾ་སྦྱར། །ཆོས་གམ་མི་ཆོག་བདག་གིས་ཞུས་པའི་ཚེ། །དྲིན་ཆེན་ཆོས་རྗེའི་ཞལ་ནས་འདི་སྐད་གསུངས། །རང་རང་འདོད་པའི་མཆོག་དམན་སྐྱ་སེར་དང་། །གྲྭ་སློབ་ངེས་ཅན་དབང་དུ་བསྡུ་མི་རུང་། །ཅི་ཡི་ཕྱིར་ནི་རང་འདོད་དབང་སྡུད་དེ། །རང་ལ་ཕན་གནོད་གང་བྱེད་ཚོད་མི་ཟིན། །དེ་ཕྱིར་རང་འདོད་མི་བྱ་སྤྱི་ཡི་མིང་། །ལོ་ཀ་པ་ཤཾ་འདི་ཀས་ཆོག་པའི་དོན། །ཡི་དམ་ལྷ་ལ་བསླུ་བ་མེད་པའི་ཕྱིར། །ཤུགས་ཀྱིས་བྱུང་བ་འཁྲུལ་མེད་དངོས་གྲུབ་ཡིན། །ཕྱི་རབས་ཆོས་ལ་མོས་པའི་སློབ་བུ་ཀུན། །སྨུག་འཛིན་དཀར་དམར་སོགས་ལ་ནན་ཏན་དུ། །བསྙེན་སྒྲུབ་ཁ་གྲོས་ཚན་ཆེན་འགའ་ཐོན་ན། །འདོན་མི་དགོས་པའི་དུས་ཤིག་འོང་ཞེས་གསུངས། །གཅིག་བརྒྱུད་ཟེར་བའི་རྒྱུ་མཚན་གང་ལྟར་ལགས། །ཨུ་པ་ཟེར་བའི་བརྡ་དོན་གང་ལྟར་ཡིན། །སྣོད་ལ་བཟང་ངན་བརྟག་ཐབས་ཇི་ལྟར་ལགས། །དེ་སྐད་ཞུས་པས་འདི་སྐད་བཀའ་ཞལ་ཤེས།


CMR056_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

སྩལ་ཏོ། །ལྷ་ཡི་མིག་དང་མངོན་ཤེས་མེད་པའི་ཕྱིར། །སློབ་མ་བཟང་ངན་ཚོད་ཟིན་ག་ལ་འོང་། །སྔོན་དུ་སློབ་མ་རེ་ཆེ་ལེགས་པོ་འགའ། །སེར་མཐའ་མི་ཐུབ་གང་མིན་ངན་པ་བྱུང་། །ཁ་ཐབས་མེད་པ་འགའ་ལ་ལེགས་པོ་བྱུང་། །དེ་ཕྱིར་རང་གི་གསང་སྔགས་བཀའ་རྒྱ་ཅན། །གསང་བར་འོས་པ་གནང་བའི་དུས་ཀྱི་ཚེ། །ཡི་དམ་ལྷ་ལ་ཚོགས་དང་མཎྜལ་ཕྱག །མང་དུ་བརྩལ་ཞིང་གནང་བར་རུང་མི་རུང་། །གསོལ་བ་རྩེ་གཅིག་བཏབ་ཚེ་རུང་བ་ཡི། །རྨི་ལྟས་བཟང་པོར་བྱུང་ན་བློ་ཚོད་དང་། །སྦྲགས་ཏེ་གདམས་པ་གནང་བ་མན་ངག་ཡིན། །ལར་ནི་དམ་ཚིག་སྡོམ་པ་སྲུང་ནུས་དང་། །ཆོས་དང་དད་ནུས་བསྟན་ལ་ཕན་སྙམ་པའི། །སློབ་མ་དད་ལྡན་ལ་ནི་ཆིག་རྒྱུད་གཏད། །གཅིག་ནས་རིམ་བཞིན་བརྒྱུད་དགོས་ངེས་པར་མཛོད། །སྣོད་དང་ལྡན་ན་མང་པོར་སྤེལ་ཡང་རུང་། །ཆིག་བརྒྱུད་ཟེར་བ་སྣོད་མིན་གསང་དགོས་དོན། །ཨུ་པ་ཟེར་བ་གསང་སྔགས་གབ་སྦས་དོན། །ཚེས་ཀྱི་གྲངས་ཀ་དཔེ་ཚན་སུམ་ཅུའི་བརྡ། །ལར་ནི་སྤེལ་ལུགས་ནོར་ལྷའི་སྐོར་རྣམས་ནི། །མང་དུ་སྤེལ་ན་རང་ལ་ཅུང་ཞིག་གནོད། །རིག་བྱེད་དམར་མོའི་སྐོར་


CMR056_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཝ་ཤཾ་རིགས། །མང་དུ་སྤེལ་ན་རང་འདོད་ཆགས་པའི་རྒྱུ། །ཆོས་སྐྱོང་སྒྲུབ་ཐབས་ལས་སྦྱོར་མང་སྤེལ་ན། །བསྟན་ལ་མི་སེམས་རང་འདོད་རང་དོན་མཚནི། །ཕྲན་བུ་ཙམ་ལ་ལས་སྦྱོར་མཐུ་བསྡིག་བྱེད། །སློབ་དཔོན་ཆོས་བརྒྱུད་ལའང་གཤེ་སྐུར་བལྟ། །དེ་སོགས་རིགས་པས་ཕྱེ་སྟེ་ཤེས་པར་བྱ། །རྒྱལ་བ་རྒྱ་མཚོའི་ཕྱི་སྒྲུབ་ཞལ་གདམས་ནི། །ཉམས་སུ་ལེན་ནུས་མང་དུ་སྤེལ་ཡང་རུང་། །དབང་སྡུད་ལས་སྦྱོར་དྲག་པོའི་ཕྲིན་ལས་སྐོར། །བརྒྱུད་པ་མ་ཆད་ཙམ་ཞིག་བྱུང་ན་ལེགས། །དེ་སྐད་ཅེས་གསུང་སླར་ཡང་སྐབས་གཞན་འགར། །མ་འོངས་རི་ཆོས་འགྲོ་དོན་ཆེ་ཆུང་ནི། །ཇི་ལྟར་འབྱུང་ལགས་ཞུས་པས་འདི་སྐད་གསུངས། །ངེད་རང་དཔོན་སློབ་བཞུགས་ཚེ་རི་ཆོས་སོགས། །ཞལ་གདམས་གང་གིའང་འགྲོ་དོན་ཕྲན་བུ་འབྱུང་། །དེ་ལས་ཀྱང་ནི་མ་འོངས་དུས་མཐའ་ཚུན། །གླེགས་བམ་ཞལ་གདམས་ཕལ་ཆེར་ཚད་མར་འཛིན། །ད་ལྟ་ལས་ནི་དེ་དུས་འགྲོ་དོན་ཆེ། །དེ་སྐད་ཅེས་གསུངས་སྐབས་ཤིག་འདི་སྐད་ཞུས། །རྗེ་ཉིད་བསྙེན་སྒྲུབ་ཡི་དམ་ཆེན་པོའི་ལྷ། །དབྱེར་མེད་འགྲུབ་པས་དགུང་ལོ་བརྒྱ་ཙམ་ལ། །


CMR056_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་ནས་ད་དུང་འགྲོ་དོན་བྱེད་ལགས་སམ། །དེ་ནས་སྐུ་ཚེ་མཐའ་རུ་ཕྱིན་པའི་དུས། །མ་འོངས་སྐུ་སྐྱེ་འབྱོན་ནམ་མི་འབྱོན་ཞུས། །ཞལ་ནི་འཛུམ་བག་མཛད་ནས་འདི་སྐད་གསུང། །ཧེ་ཧེ་ང་ལ་མངོན་ཤེས་མེད་པའི་ཕྱིར། །ནམ་འཆི་མ་ཤེས་ལོ་བརྒྱ་འདུག་ནས་ནི། །རྒན་པོས་འགྲོ་དོན་བྱེད་པའི་སྐབས་མིན་ནོ། །སྔ་སོར་ལོ་གསུམ་འགྲོ་དོན་བྱེད་པ་དང་། །དེ་ནས་ཚེ་མཚམས་ཐོན་ན་གྱ་བརྒྱད་ཙམ། །འདུག་པའི་རྟེན་འབྲེལ་ཐུགས་དམ་བརྟག་པ་ཡིན། །འོན་ཀྱང་ལོ་བདུན་འགྲོ་དོན་ཅུང་ཞིག་འགྱང་། །ཚེ་མཚམས་ལ་ཡང་གྲོལ་དགོས་འབྱུང་སྲིད་པས། །བདུན་ཅུ་ཁ་ཡན་ངོ་མཐོང་རྟེན་འབྲེལ་བརྟགས། །དུས་སྙིགས་མཐའ་འཁོབ་དུས་སུ་སྐུ་སྐྱེ་ལ། །ཡིད་སྨོན་མ་བྱེད་འགྲོ་དོན་ག་ལ་ནུས། །ད་ལྟ་སངས་རྒྱས་དངོས་སུ་བྱོན་རྣམས་ཀྱང་། །འགྲོ་དོན་འབྱུང་སྐབས་མི་སྣང་ངེད་རང་ཚོ། །བྱ་བྲལ་རེ་ཡི་སྐུ་སྐྱེ་འོང་ནས་ནི། །བདག་རྒྱུད་ཅི་ཡོད་འགྲོ་དོན་ག་ལ་འོང་། །སྐྱེ་འཆིའི་སྡུག་བསྔལ་དེ་འདྲ་འདོད་པ་མེད། །བུ་ཁྱོད་མ་ཡེངས་ཡིད་ལ་འདི་ལྟར་ཞོག །ང་ནི་ནམ་ཞིག་ལུས་སེམས་བྲལ་མ་ཐག །ཞིང་ཁམས་བདེ་བ་ཅན་དུ་ཏ་ལེར་འགྲོ། །


CMR056_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་པས་འགྲོ་དོན་བྱེད་པར་ཐེ་ཚོམ་མེད། །ཁྱེད་ཅག་རྗེས་འཇུག་ང་ལ་མོས་པ་རྣམས། །འོད་དཔག་མེད་དང་སྤྱན་རས་གཟིགས་དབང་ལ། །རྩེ་གཅིག་འཆི་གསོལ་ཐོབ་སྒྲུབ་པ་དང་དུ་ལོངས། །བདེ་སྨོན་རྒྱས་བསྡུས་གང་རིགས་ཁ་ཐོན་གྱིས། །བདེ་ཆེན་སྐྱེ་བར་སྨོན་ལམ་རྒྱུན་དུ་ཐོབ། །ཆོས་སྤངས་མཚམས་མེད་ལྔ་བསགས་མ་གཏོགས་པ། །སྨོན་ལམ་སུས་བཏབ་ཐེ་ཚོམ་མེད་པར་སྐྱེ། །དེ་ནི་འོད་དཔག་མེད་པའི་སྨོན་ལམ་སྟོབས། །བུ་ཁྱོད་སྐུ་སྐྱེར་ཡིད་སྨོན་མ་བྱེད་ཅིག །བདེ་ཆེན་སྐྱེས་ནས་སངས་རྒྱས་ཐོབ་པའི་ཚེ། །ད་ལྟ་སྨོན་ལམ་གང་བཏབ་འདྲེན་པར་ནུས། །དེ་ཕྱིར་སེམས་བསྐྱེད་སྨོན་ལམ་རྒྱ་མ་ཆུང་། །སྙིང་གཏམ་གཞན་ལ་མ་སྨྲ་ཡིད་ལ་ཞོག །ཅེས་སོགས་སོག་ཟམ་ངོས་སུ་འགྲོ་ཁ་རུ། །རི་ཆོས་ཡོངས་རྫོགས་འགྲུབ་པའི་དུས་ལ་སོགས། །དུས་གཞན་ཡང་ཡང་ཞུ་གནང་བྱུང་བའི་ཚེ། །འཁྲུལ་མེད་ཚིགས་སུ་བཅད་པ་མ་གཏོགས་པ། །རང་འདོད་རང་བཟོ་རྫུན་གྱི་ཚིག་མ་འདྲེས། །རྗེ་ཡི་ཞལ་ནས་ཚིག་གཅིག་གང་གསུངས་པ། །ཐེག་དགུའི་ཡང་རྩེ་དམ་ཆོས་བླ་ན་མེད། །གསང་སྔགས་རྡོ་རྗེ་ཐེག་ཆེན་སྟོན་པ་


CMR056_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

དངོས། །ཡིན་ལ་ཡིན་ཤེས་སློབ་བུའི་ཐ་ཤལ་པ། །རུ་པའི་བུ་ནི་བཱིརླ་སཱ་ག་རས། །རྩ་བའི་བླ་མ་རྫོགས་པའི་སངས་རྒྱས་ཀྱི། །གསུང་རྒྱུན་ངོ་མ་ནོར་འཁྲུལ་མེད་པ་འདི། །ས་མོ་ལུག་ལོ་སྦྲུལ་ཟླའི་བཅུ་དགུའི་ཉིན། །མ་ཡེངས་རང་སེམས་ངོ་བོའི་ཀློང་ནས་བྲིས། །དགེ་བཤེས་ཡིད་བཞིན་ནོར་བུ་དགྱེས་པར་སྨོན། །སུ་ལ་བསྟན་རྒྱུ་མི་འཐད་སྦ་ཐབས་ཞུ། །བབ་ཐོབ་འོལ་ཚོད་བརྩམས་ཆོས་རྫུན་ཚིག་མཁན། །དཔེ་ལ་བལྟས་ནས་ཡས་མགོ་མས་གཤམ་སྦྲེལ། །འདི་ཚོ་བླ་མའི་གསུང་ནི་ག་ལ་ཡིན། །སློབ་མའི་རྫུན་ཚིག་ཡིན་ཞེས་འབར་ཉན་ཡོད། །དེ་དོན་ཐུགས་ཀྱིས་དགོངས་འཚལ་མངྒ་ལཾ། །རི་ཆོས་གསང་བ་ཨུ་པ་ཚེས་གྲངས་ཀྱི། །རྒྱལ་བ་རྒྱ་མཚོའི་སྤྱི་སྒྲུབ་མན་ཆད་ནས། །རིག་བྱེད་ལྷ་མོའི་ཟིན་བྲིས་རྫོགས་སོ་ཡན། །དངོས་བསྟན་ལྟར་ཡིན་ཞལ་ཤེས་ཅུང་ཟད་མེད། །ཆོས་སྐྱོང་སྐོར་གྱི་ཞལ་ཤེས་འགའ་ཟུང་ནི། །ཤོག་གུར་བྲི་དང་སྣོད་མིན་ལ་བཤད་ན། །དམ་ཚིག་ཆགགསུངས་བཀའ་རྒྱ་དམ་པའི་ཕྱིར། །ཡི་གེར་བྲི་དང་གཞན་ལ་བཤད་མི་སྤོབས། །ཞལ་ཤེས་རིབ་ཙམ་ལན་གཅིག་གསུངས་པ་ནི། །རྗེ་ཡི་བཀའ་གནོང་ཁྱེད་ཀྱི་བཀའ་


CMR056_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

ནོད་དོན། །བདག་གིས་རྩེ་གཅིག་གུས་པས་འདིར་བཀོད་ལ། །བླ་མ་མཁའ་འགྲོ་ཆོས་སྐྱོང་དམ་ཅན་སོགས། །བཀའ་སྲུང་རྣམས་ཀྱིས་གནང་བ་བསྩལ་དུ་གསོལ། །ཐན་འགྱེད་དུག་མདའི་སྐོར་ལ་ཞལ་ཤེས་མེད། །འོན་ཀྱང་དགྲ་བོ་རྒེ་ཐན་ཕོབ་ཅེས། །ངྒེ་ཞེས་སར་དགྲ་ཡི་མིང་བརྗོད་དགོས། །ངེས་མེད་དགྲ་ལ་ཀ་ཆ་ཤོར་བའམ། །དགྲ་མིང་མི་ཤེས་ནའང་ཀ་ཆ་སོགས། །གང་ཤོར་ས་ཆ་དེ་ཡི་མིང་བརྗོད་ལ། །ཡུལ་རྨེ་ནས་ཀ་ཆ་འདི་ཞེས་ཁྱེར་མིའམ། །གནོད་འཚེ་སྒེ་སྐྱེལ་མི་ལ་ཐན་ཕོབ་ཕོབ་སོགས། །བསྒྱུར་ཁ་བྱ་ཞིང་གཞུང་གི་སྔགས་རིང་འདོན། །ཤར་ཕྱོགས་དམག་གི་རྒྱལ་མོ་སོགས་བསྐུལ་ཚེ། །རྡུལ་ཏུ་རློགས་ཞེས་མི་བརྗོད་ཆོ་འཕྲུལ་ཕོབ། །ཅེས་དང་མགོན་པོའི་མཚལ་མ་འདོན་དགོས་གསུངས། །དེ་ནས་ཁྲེས་པོ་ཁ་སྲུང་གབ་པ་ལ། །རྐུན་མ་སོགས་ལ་གདམས་ངག་ཞལ་ལས་ཤེས། །ཞེས་པ་སྤྱི་མཐུན་ལིངྒ་བྲི་བ་ལ། །དེ་ཡང་དགྲ་ལ་ངོ་འཛིན་མེད་པའམ། །མིང་མི་ཤེས་སམ་དགྲ་རྐུན་ལྟ་བུ་ལ། །ཀ་ཆ་དཀོར་ནོར་ས་ཆའི་མིང་བརྗོད་ཚེ། །ས་ཆ་འདི་ནས་ནོར་འདི་ཁྱེར་མི་ཞེས། །ལིངྒའི་མིང་ཡིག་


CMR056_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

མལ་དུ་བྲི་བ་དང་། །འགུགས་གཞུག་དུས་དང་གཏོར་མ་འཕེན་ཚེ་སོགས། །རྗེ་ཟེར་བ་རྣམས་ལ་དེ་རིགས་འགྲེས། །སྦྱིན་སྲེག་སྔགས་དམིགས་བསྒྱུར་ཁ་ཞལ་ལས་ཤེས། །ཞེས་གསུངས་དྲག་པོའི་སྦྱིན་སྲེག་སྤྱི་ལྟར་ལས། །ལྷ་སྔགས་ཤམ་དུ་ཡམ་ཤིང་སྔགས་ཀྱི་མཐར། །དགྲ་བོ་ཆེའི་གཟི་བརྗིད་ཕུན་སུམ་ཚོགས་པ་མཱ་ར་ཡ་ཕཊ༔ ཅེས་སོགས་རིགས་འགྲེས་དེའི་ཤེས་པར་བྱ། །བསྲེག་རྫས་ཡམ་ཤིང་མར་ཁུ་ཉ་བོ་དང་། །ཤོག་ལིང་བསྒྲལ་དུམ་ཡུངས་ཀར་གང་རིགས་འབུལ། །དམིགས་པའི་རི་ཆོས་གཞུང་གི་སྦྱིན་སྲེག་གི །ཟིན་བྲིས་བསྡུས་པ་དྲག་པོའི་སྐབས་དང་མཐུན། །ཕུང་རེ་ཟེར་བ་དགྲ་འདྲེའི་བསྟབ་པ་ཡིས། །བདག་པོ་མེད་པའི་རེ་དུམ་རྙེད་ནའོ། །གཏོར་མའི་པར་ནག་ལིང་གའི་ཞལ་ཤེས་དང། །གཉིས་བྲི་ཁ་སྦྱོར་གསུངས་པ་ལིངྒ་ཡི། །དཔྲལ་བར་རུས་དང་སྙིང་གར་མིང་ཡིག་བྲི། །འདོམས་སུ་བླ་དགས་རུས་ལ་ངེས་མེད་ལ། །དོན་མེད་མི་ལ་ལས་སྦྱོར་བྱས་པས་ཕུང་། །བླ་ནི་གདོང་ལ་ཤ་བར་བླ་བ་སོགས། །བླ་རྟགས་གང་ཡིན་བྲི་བར་གསུང་ན་ཡང་། །དེ་ལ་ངེས་པ་མེད་དེ་ཤེས་མི་དཀོན། །མ་ཤེས་བཞིན་དུ་ལས་སྦྱོར་ཉེས་པ་


CMR056_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ། །དེ་ཕྱིར་གལ་ཏེ་རུས་ནི་མ་ཤེས་ན། །རུས་ཀྱི་མལ་དུ་ཕ་ཡི་མིང་དེ་སྨོས། །བླ་རྟགས་མ་ཤེས་བ་ལ་གང་མིང་སྨོས། །དེ་ཡང་ཕ་ནི་འདི་ཞེས་བྱ་བའི་བུ། །མ་འདི་ཞེས་པའི་བུ་འདི་བྱ་བ་བྲིས། །འགུགས་གཞུག་ལྷ་དབྱེ་གཞུང་བཞིན་གསུངས་པ་ནི། །མགོན་པོའི་ལས་འགྲིགས་ནང་དུ་གསལ་ལྟར་རོ། །ལིང་ག་གཉིས་བྲི་ཁ་སྦྱོར་སྡེབ་པ་ནི། །བསམ་བློ་ཇི་ལྟར་བཏང་ཡང་མ་དྲན་པས། །གབ་སྐུང་སྦ་སྲི་ལ་སོགས་བྱས་རེ་ཀན། །བསྡུས་པར་ལིང་ག་སྤྱི་མཐུན་མིང་ཡིག་ཅན། །གཅིག་བྲི་གཏོར་མའི་ཞབས་སུ་བཞག་འཐུས་གསུངས། །གཞུང་གི་མ་མགོན་སྤྱི་དྲིལ་སྔགས་རིང་དེ། །ཤུབ་བུར་མ་ཡིན་སིལ་བུ་དྲག་ཏུ་བཟླས། །དེ་ཡི་སྔགས་ཐེམ་མན་ངག་ཞལ་ཤེས་ལ། སྔགས་རིང་ལས་བྱང་གཞུང་གི་བསྙེན་སྔགས་ལ། །དགྲ་བགེགས་མཱ་ར་ཡ་ཧཱུྃ་ཕཊ་ཀྱི་ཚེ། །བགེགས་ཞེས་མི་བརྗོད་ཕ་རོལ་དགྲ་མིང་བརྗོད། །ཡང་ན་དགྲ་བོ་མཱ་ར་ཡ་ཞེས་འདོགས། སྦྱིན་སྲེག་སྔགས་ཀྱི་ཁ་བསྒྱུར་ཞལ་ལས་ཤེས། །ཞེས་པའི་དོན་ནི་གོང་དུ་བཤད་པ་ལྟར། །རོ་གཡམ་རྡོ་རྗེ་རྒྱ་གྲམ་བཀབ་ཅེས་པ། །དུར་ནང་རྡོ་ལེབ་རྡོ་རྗེ་རྒྱ་གྲམ་བྲིས། །


CMR056_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

གཏིང་རྡོ་བཏགས་ནས་མཚོ་གཉན་ནང་དུ་འཕངས། །དེ་བྱེད་ཆོག་པའི་མན་ངག་ཞལ་ལས་ཤེས། །དེ་སྐད་གསུངས་པའི་དོན་ནི་འདི་ལྟ་སྟེ། །རི་གཉན་མཚོ་གཉན་དགྲ་བོར་གཏད་པའི་སྐྱོན། །ས་བདག་ཀླུ་གཉན་ཞེ་ནག་གདུག་རྩུབ་ཆེ། །དང་པོ་དགྲ་བོ་ཕོ་རྒྱུད་མོ་རྒྱུད་ནི། །མིང་ཙམ་མེད་པར་མ་ཟད་བར་དུ་ཟ། །དེ་ནས་གཏད་མནན་མཁན་གྱི་སྔགས་པ་ཡི། །ཕོ་རྒྱུད་མོ་རྒྱུད་རུས་རིགས་མཐུན་ཚད་ཟ། །རང་གཞན་གཉིས་ཀ་ཕུང་བར་ཐེ་ཚོམ་མེད། །སྔར་ཡང་དེ་འདྲ་མཐོང་ཐོས་མང་བའི་ཕྱིར། །གཏད་མནན་འདི་ལ་ཡག་ཉེས་ཆེན་པོ་ཡོད། །ཁ་ལག་འབྲེལ་ཚད་དམྱལ་བར་ལྟུང་བའི་ཕྱིར། །མཚམས་མེད་ལྔ་ལས་ཀྱང་ནི་འདི་སྡིག་ཆེ། །དེ་ཕྱིར་མཐུ་གཏད་ངན་སྔགས་གཏད་མནན་སོགས། །རང་ལ་གག་ཐུག་སྡུག་བསྔལ་ཅི་བྱུང་ཡང་། །ཡིད་ལ་དྲན་པར་མི་རུང་བྱ་དགོས་མེད། །ཅི་ཕྱིར་མི་ལུས་ཐོབ་པ་ཉིན་སྐར་ཙམ། ཤེས་བཞིན་དམྱལ་བར་ལྟུང་ལས་བྱེད་ཕོད་དམ། །ཆོས་སྐྱོང་ལས་སྦྱོར་འདི་དག་རུང་མི་རུང་། །ཞིང་བཅུ་ཚང་བའི་བསྟན་དགྲ་ཡིན་ན་རུང་། །དེ་ཡང་རང་གཞན་མང་པོར་མི་གནོད་ཅིང་། །ཞིང་བཅུ་ཚང་བའི་སྤྱི་དགྲ་


CMR056_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་པུ་ཡི། །ལིང་ག་མིང་ཡིག་བྲིས་ལ་འདི་ཟོ་ཞིག །དེ་ནས་ས་ཟོ་རྡོ་ཟོ་ཟེར་བ་བྲིས། །མན་ངག་འདི་ལྡན་རང་ལ་མི་གནོད་ཅིང་། །ཕ་རོལ་དོན་མེད་མིལའང་མི་གནོད་པའི། །མན་ངག་འདི་ནི་གླིང་བཞི་བཙལ་ཡང་དཀོན། །འོན་ཀྱང་དགོས་པ་སྤུ་ཙམ་མེད་ན་ཡང་། །མན་ངག་ཕྱག་ལེན་བརྒྱུད་པ་མ་ཆད་ཙམ། །བྱང་ཆུབ་སེམས་ལྡན་སྣོད་ལྡན་རེ་རེ་ལ། །མང་དུ་སྤེལ་དང་རླུང་ཕྱོགས་བརྗོད་མི་རུང་། །དེ་བས་སེར་གར་ཕན་པའི་ཁྱི་ཚིས་ལས། །གསུངས་པའི་སྔགས་དམིགས་རང་ལ་གག་ཐུག་དུས། །དགོས་དུས་བྱུང་ན་ནུས་པ་ཆེ་བས་རུང་། །དམ་པའི་ལྕགས་དྲ་ཞལ་གདམས་ངོ་སྤྲོད་སོགས། །དངོས་བསྟན་ལྟར་ཡིན་ཞལ་ཤེས་གང་ཡང་མེད། །དེ་ལྟར་ཆིག་བརྒྱུད་གདམས་པའི་སྐོར་ཚོ་ལས། །དྲིན་ཅན་རྗེ་ཡིས་ལན་གཅིག་གསུངས་པ་ཡི། །གབ་ཚིག་ཞལ་ཤེས་གབ་སྐུང་ཕུད་ནས་ནི། །འཁྲུལ་མེད་ཚིགས་སུ་བཅད་དེ་བྲིས་པའི་དུས། །ལོ་ནི་བཅུ་གསུམ་བཅུ་བཞི་རླུང་ཕྱོགས་ཙམ། །བཀའ་རྒྱས་གདམས་པར་བྲི་བར་ལྟ་ཅི་སྨོས། །སུ་ལའང་མ་སྨྲ་འདི་ནི་དམ་ཚིག་ཡིན། །སློབ་བུ་བདག་ཀྱང་གཅོང་ནད་འཆི་ལ་


CMR056_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

ཉེ། །ཆོས་སྐྱོང་བསྒྲུབ་དང་ལས་སྦྱོར་འདོད་པ་མེད། །སྒོ་གསུམ་གཡེལ་བས་ཁ་སྒྱུ་ཞེན་པ་དང་། །ཚེ་འདིའི་ལྟོ་རྒྱབ་དབང་དུ་སོང་བའི་ཕྱིར། །ཆོས་སྐྱོང་སྒྲུབ་པ་ལ་སོགས་མ་ཐོན་ཀྱང་། །གཏོར་བསྔོས་བསྐང་བ་མ་ཆག་ཙམ་ཞིག་ཡིན། །ཅེས་པ་ས་མོ་ལུག་ལོ་ནག་ཟླ་ཡི། །དམར་པོའི་ཚེས་བརྒྱད་ཉིན་པར་སྐད་ཅིག་ལ། །མཎྜལ་བརྒྱ་རྩ་ཕུལ་ནས་རི་ཆོས་ཀྱིས། །ཞུ་བ་པོ་ཡིས་བྲིས་པ་ཉེས་མཆིས་ན། །ཆོས་སྐྱོང་བཀའ་སྲུང་རྒྱ་མཚོའི་ཚོགས་ལ་བཤགས། །དགེ་བས་ཆོས་བརྒྱུད་བསྟན་པ་མཐའ་རྒྱས་ཤིང་། །ཕྲིན་ལས་རྣམ་བཞི་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་པ་འདི་ནི་རྗེ་ཉིད་ཀྱི་དབོན་དུ་གྱུར་པ། བླ་མ་ནམ་མཁའ་དཔོན་སློབ་ཀྱིས་ཡང་ཡང་དུ་འདིའི་ཞལ་ཤེས་བྲི་དགོས་ཞེས་ནན་ཏན་ཆེན་པོས་བསྐུལ་བ་དང་། བདག་བཱིརྱ་ས་ག་ར་ལ་གཅོང་ནད་ཀྱིས་ལྡང་བའི་སྟབས་ཀྱིས། གསང་སྔགས་ཀྱི་བརྒྱུད་པ་གཏད་པའི་ཕྱིར་ཡི་གེར་བྲིས་ནས་ཕུལ་བའོ། །སརྦ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousརི་ཆོས་མཚམས་ཀྱི་ཞལ་གདམས་གཅིག་བརྒྱུད་ལས། ཨུ་པ་ཚེས་ཀྱི་གྲངས་ལྡན་གྱི་ཞལ་ཤེས་གབ་པ་མངོན་ཕྱུང་།no next