Nitartha Digital Library
Tibetan
 
previousཤོག་ལྷེབ་ ༥༠༡ ནས་ ༦༠༦ བར།next

ཤོག་ལྷེབ་ ༥༠༡ ནས་ ༦༠༦ བར།


CMR057_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

འདས་གང་དུའང་འགྱུར་བ་མེད༔ དོན་དམ་བློ་འདས་དགོངས་པ་ལས༔ ཞེས་དང་༔ ཨོ་རྒྱན་ཆེན་པོས་ལྟ་བའི་གནད་བསྟན་པ་དབུ་མའི་གདམས་པ་ལས༔ རྟག་པ་མ་ཡིན་དམིགས་སུ་མེད༔ ཆད་པ་མ་ཡིན་འགྱུར་བ་མེད༔ གཅིག་པུ་མ་ཡིན་ཀུན་ལ་ཁྱབ༔ དུ་མ་མ་ཡིན་སྤྲོས་དང་བྲལ༔ ཞེས་དང་༔ དོན་ཏྲིག་རྒྱུད་ལས༔ ཐམས་ཅད་ཡོད་ཅིང་ཐམས་ཅད་མེད༔ འགྱུར་བ་མེད་ཅིང་བརྗོད་དུ་མེད༔ གཅིག་དང་དུ་བྲལ་གྲུབ་མཐའ་གཏོར༔ ཆོས་རྣམས་ཀུན་གྱི་སྙིང་པོ་ཡིན༔ ཞེས་དང་༔ དེའི་དོན་ཨོ་རྒྱན་རིན་པོ་ཆེས་གསུངས་པ༔ དེ་ལྟར་ངོ་བོ་གཅིག་མ་ཡིན་དུ་མ་མ་ཡིན་གྲུབ་མཐའི་ཁས་ལེན་གང་ཡང་མེད་པའོ༔ ཞེས་དང་༔ ཤེས་རབ་སྙིང་པོ་ལས༔ དེ་བཞིན་དུ་སྟོང་པ་ཉིད་ལ་སྡུག་བསྔལ་བ་དང་༔ ཀུན་འབྱུང་བ་དང་༔ འགོག་པ་དང་ལམ་མེད༔ ཡེ་ཤེས་མེད༔ ཐོབ་པ་མེད་མ་ཐོབ་པ་ཡང་མེད་དོ༔ ཞེས་དང་༔ དོན་ཏྲིག་རྒྱུད་ལས༔ ཡིད་ལ་བྱེད་པ་མེད་པ་ནི༔ ཡེ་ཤེས་མེད་ཅིང་འཁྲུལ་པ་མེད༔ ཞི་བ་མེད་ཅིང་སྲིད་པ་མེད༔ ཟག་པ་མེད་ཅིང་འགྱུར་བ་མེད༔ ཅེས་དང་༔ བརྒྱད་སྟོང་པར༔


CMR057_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་མེད་པས་ནི་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པའོ༔ ཞེས་དང་༔ སྡུད་པ་ལས༔ ཡོད་དང་མེད་པ་འདི་གཉིས་མེད་པའི་ཆོས་ཡིན་ཏེ༔ ཞེས་དང་༔ རྟ་མགྲིན་གསང་བ་འདུས་རྒྱུད་ལས༔ ཐིག་ལེ་བྱང་ཆུབ་སེམས་ཉིད་ལ༔ རིག་དང་མི་རིག་ཁྱད་པར་བྱུང་༔ ལས་དང་ཡེ་ཤེས་གཉིས་སུ་སྣང་༔ རིག་པའི་ཡེ་ཤེས་མྱ་ངན་འདས། འཁོར་འདས་གཉིས་ཀྱི་ཁྱད་པར་དབྱིངས༔ ལས་དང་ཡེ་ཤེས་གཉིས་སུ་མེད༔ མ་འགགས་པ་ནི་ཆོས་ཀྱི་སྐུ༔ མི་དམིགས་པ་ནི་ཆོས་ཀྱི་དབྱིངས༔ དེ་རྟོགས་དེ་ལ་གནས་པ་ཡིན༔ སངས་རྒྱས་ཀུན་གྱི་དགོངས་པ་ཡིན༔ ཅེས་གསུངས་པ་དང་༔ ཨོ་རྒྱན་ཆེན་པོས་ལང་གྲོ་ལ་གདམས་པ་ལས༔ ལྟ་བ་རང་གཞུང་གི་ལྟ་བ་མང་དུ་བཤད་ཀྱང་༔ ལྟ་བ་ཅེས་བྱ་བ༔ རིག་པ་རང་གསལ་ལ་སོང་བའི་ངོ་བོ༔ སྐྱེ་འགགས་གནས་གསུམ་དང་བྲལ་བ༔ ངོ་བོ་སྟོང་པ་རང་བཞིན་གསལ་བ༔ རྟག་ཆད་འགྲོ་འོང་དང་བྲལ་བ༔ ཡོད་མེད་ཁས་ལེན་དང་བྲལ་བ་ལ༔ འདི་ཞེས་བརྗོད་གཞི་དང་བྲལ་བ༔ གནས་ལུགས་ནི་དུས་གསུམ་དུ་གསལ་སྟོང་༔ སྤྲོས་བྲལ་བློ་འདས་ཡེ་ཅི་བཞིན་པ༔ མ་ནོར་བ་མ་བཅོས་


CMR057_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

པ༔ ལྟ་བ་སྟོང་ཉིད་བློ་འདས་སུ་རྟོགས་པར་བྱས་ན་མ་ནོར་བ་ཡིན༔ ཞེས་གསུངས་སོ༔ ཨོ་རྒྱན་རིན་པོ་ཆེས་བེ་རོ་ཙཱ་ན་ལ་གདམས་པ༔ ལོ་ཙཱ་བ་ཆེན་པོ་རྫོགས་པ་ཆེན་པོ་སྐྱེ་འགགས་གནས་གསུམ་དང་བྲལ་བ༔ ཡིད་དཔྱོད་ཀྱི་སྒྲོག་དང་ཕྲོལ་ལ༔ སྤངས་ཐོས་མེད་པའི་རྒྱལ་སར་འགྱུར་བ་མེདཔའི་རྒྱལ་སྲིད་ཟུངས་ཤིག་གསུངས་ཡང་ཨོ་རྒྱན་ཆེན་པོས༔ འོ་སྐལ་ལྡན་བུ་ཀུན་རྫོགས་པ་ཆེན་པོ་ཞེས་ཀྱང་བྱ༔ ཕྱག་རྒྱ་ཆེན་པོ་ཞེས་ཀྱང་བྱ༔ རིག་པའི་རྩལ་དབང་ཞེས་ཀྱང་བྱ༔ ལྷག་མཐོང་རྟོགས་པ་ཞེས་ཀྱང་བྱ༔ ལྟ་བ་ཁྲེགས་ཆོད་ལ་སོགས་པ་མིང་གི་རྣམ་གྲངས་དུ་མར་ཕྱེ་ཡང་དོན་ལ་རང་རིག་ཀུན་ཏུ་བཟང་པོ་སངས་རྒྱས་ཀྱི་དགོངས་པ་རྣལ་མ་སྐྱོན་མེད་འདི་ཁོ་ན་ཡིན་ཏེ༔ རྟོགས་པ་སྔ་མ་འགག༔ ཕྱི་མ་མ་སྐྱེས་པའི་བར་དེ་ན་གསལ་སྟོང་རྗེན་པ་འདི་ཡིན་མེད་པའི་གསལ་དྭངས༔ སྨྲ་རྒྱུ་མེད་པའི་ཉམས་སུ་མྱོང་རྒྱུ་ཞིག་འདུག་པ་དེ་ཀ་ལྟར་ཡེ་གདོད་མ་ནས་ཡོད་པ་ཡིན་ཏེ༔ སྐབས་སུ་གློ་བུར་གྱི་རྐྱེན་གྱིས་རྟོག་པ་སྣ་ཚོགས་སུ་ཤར་བ་ཡིན་པས༔ ད་ནི་དུས་དེ་རིང་ནས་སངས་རྒྱས་ལག་ཏུ་གཏད་པ་ཡིན་པས༔ ད་ཕན་ཆད་གནས་


CMR057_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་འདི་དང་བྲལ་བར་མ་བྱེད་པར༔ འདི་ཀ་ལྟར་དུ་ཉམས་སུ་ལོངས་ཤིག་ཚེ་གཅིག་ལུས་གཅིག་གིས་སངས་རྒྱས་ཐོབ་པར་གདོན་མི་ཟའོ༔ ཞེས་གསུངས་པ་ལྟར་རོ༔ ཡང་ཨོ་རྒྱན་ཆེན་པོས༔ ལྟ་བའི་ངོ་བོ་ངེས་ཚིག་མཚན་ཉིད་དབྱེ་བ་བསྡུས་དོན་ནི༔ དེ་ལ་ལྟ་བའི་ངོ་བོ་ནི་བློ་ལས་འདས་པའོ༔ ངེས་ཚིག་ནི་འདི་ཞེས་མཚོན་དུ་མེད་པའོ༔ མཚན་ཉིད་ནི་གསལ་ཞིང་རྒྱ་ཆད་ཕྱོགས་ལྷུང་མེད་པའོ༔ དབྱེ་བ་ནི་སྟོང་ཉིད་བཅོ་བརྒྱད་ལ་སོགས་མདོ་ལས་བཤད་པ་དེའོ༔ བསྡུས་དོན་ནི་རྟོགས་མ་རྟོགས་གཉིས་ཏེ༔ རྟོགས་ན་སངས་རྒྱས་ཐོབ་པའོ༔ ཞེས་གསུངས་སོ༔ དེ་ནས་གཞི་ལྟ་བ་གཏན་ལ་འབེབས་ཚུལ་དེ་སོང་ནས༔ ལྟ་བ་དེ་ཉིད་ལམ་སྒོམ་པས་ཉམས་སུ་ལེན་པའི་ཚུལ་ནི༔ རྡོ་རྗེའི་ཚིག་རྐང་ལས༔ དེ་ལྟར་རྫོགས་པ་ཆེན་པོ་ནི༔ མ་ཡེངས་པ་ཡི་ངང་ནས་བསྒོམ༔ ཞེས་དང་༔ དེའི་འགྲེལ་པ་ཐུགས་རྗེ་ཆེན་པོས་དངོས་སུ་གསུངས་པ་ལས༔ དེ་ལྟར་རྫོགས་པ་ཆེན་པོ་འདི་ནི༔ སྐད་ཅིག་ཀྱང་མ་ཡེངས་པའི་ངང་དུ་བསྒོམ་དགོས༔ ཞེས་གསུངས་པའི་དོན་དེ་འཆད་ན༔ ཡང་སྙིང་འདུས་པའི་རྒྱུད་ལས༔ མི་རྟོག་གསལ་སྟོང་རང་བྱུང་


CMR057_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

གི༔ ངང་ལས་མ་བཅོས་དམིགས་གཏད་བྲལ༔ ཞེས་དང་རྒྱལ་བ་བྱམས་པས༔ ཡང་དག་གནས་པ་ལ་བརྟན་ནས༔ སེམས་ལ་སེམས་ནི་འཇོག་ཕྱིར་དང་༔ ཆོས་རབ་རྣམ་པར་འབྱེད་པའི་ཕྱིར༔ ཞི་གནས་དང་ནི་ལྷག་མཐོང་ཡིན༔ ཞེས་དང་༔ ཐུགས་རྗེ་ཆེན་པོ་གསང་འདུས་རྒྱུད་ལས༔ གནས་ལུགས་དོན་གྱི་རང་ཞལ་སྒྲིམ་ཀློད་སོར་བཞག་ཆ་ཡང་སྙོམས༔ སྤྲོས་བྲལ་སྟོང་པའི་ངང་བསྒོམ་བྱ༔ ལྷ་ཀླུ་མི་ཡི་འདུག་སྟངས་ཀྱིས༔ རང་ངོ་རྗེན་པའི་བོགས་དབྱུང་བྱ༔ མཉམ་རྗེས་རྒྱུན་གྱི་ཏིང་འཛིན་དང་༔ སྒོམ་ཡོད་སྒོམ་མེད་ཚད་ལ་དབབ༔ མི་སྒོམ་སྒོམ་པའི་གནད་ཤེས་བྱ༔ བྱར་མེད་བློ་བྲལ་ཆེན་པོར་བསྐྱལ༔ ཞེས་དང་༔ ཐུགས་རྗེ་ཆེན་པོས་སྲོང་བཙན་སྒམ་པོ་ལ་གསུངས་པའི་ཐུགས་རྒྱུད་ལས༔ སེམས་ཉིད་སྟོང་གསལ་རང་བྱུང་༔ ཡེ་ཤེས་མ་བཅོས་གསལ་དག་རང་གནས༔ སྒོམ་པ་གསལ་སྟོང་འཛིན་མེད་ལ་ཐག་བཅད་དོ༔ ཞེས་དང་༔ བདུད་རྩི་རྒྱ་མཚོའི་རྒྱུད་ལས༔ ཆོས་སྐུ་སྐྱེ་མེད་ནམ་མཁའ་བཞིན༔ རང་རིག་སྟོང་པ་འོད་གསལ་བ༔ བསྒོམས་པས་ཉེས་པ་མ་ཡིན་ཀྱང་༔ མ་བསྒོམས་པས་


CMR057_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ཉེས་མི་འགྱུར༔ སྒོམ་པ་ཉིད་ཀྱང་རྟོག་པ་སྟེ༔ མ་སྒོམ་པ་ཡང་རྟོག་པ་སྟེ༔ བསྒོམ་རྒྱུ་རྡུལ་ཙམ་མེད་པ་ལ༔ ཡེངས་ཀྱང་སྐད་ཅིག་མེད་པ་འདི༔ ལྷ་ཡི་རྒྱལ་པོ་ཡིན་པར་འདོད༔ དཀྱིལ་འཁོར་ཀུན་གྱི་མཆོག་གྱུར་པའོ༔ ཞེས་དང་༔ རྡོ་རྗེ་རི་རབ་ཆེན་པོའི་གཟུངས་ལས༔ གང་ལ་མིང་མེད་པ་དང་དབྱིབས་མེད་པ་གནས་པ་མེད་པ་མཉམ་པར་བཞག་པ་མེད་པ་ཡེངས་བ་མེད་པ་འདི་ནི་བཙུན་པ་ཤཱ་རིའི་བུ་ཏིང་ངེ་འཛིན་ཉིད་དོ༔ ཞེས་དང་༔ རང་བྱུང་བདེ་བའི་རྒྱུད་ལས༔ རང་སེམས་ཆོས་སྐུར་ངོ་སྤྲད་ནས༔ དམིགས་འཛིན་མེད་པ་ངང་གིས་གསལ༔ གཉུག་མར་གནས་པའི་འཕེལ་འགྲིབ་མེད༔ ལུས་སེམས་གཉིས་ལ་ལོངས་སྤྱོད་བྲལ༔ ཞེས་དང་༔ ལྟ་བ་མདོར་བསྡུས་ལས༔ རང་རིག་སྤྲོས་བྲལ་དེ་ཉིད་ནི༔ སྣང་ཞིང་སྟོང་ལ་སྟོང་ཞིང་སྣང་༔ དེ་ཕྱིར་སྣང་སྟོང་དབྱེར་མེད་དོ༔ དཔེར་ན་ཆུ་ཡི་ཟླ་བ་བཞིན༔ དེ་ཕྱིར་གཉིས་མེད་གཏན་ལ་ཕབ༔ ཅེས་དང་༔ རྡོ་རྗེ་ཕྲེང་བར༔ ཞི་གནས་པདྨ་ཞེས་བྱ་སྟེ༔ དེ་ལ་ལྷག་མཐོང་རྡོ་རྗེའོ༔ དེ་གཉིས་གཅིག་གྱུར་རྣལ་འབྱོར་ནི༔ བསྒོམ་པ་ཡི་ནི་དེ་ཉིད་དོ༔ ཞེས་དང་༔ རབ་ཏུ་མི་གནས་


CMR057_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྒྱུད་ལས༔ སྣང་སྲིད་ཕྱག་རྒྱ་ཆེན་པོ་སྟེ༔ བདེ་བ་ཆེན་པོ་ཀུན་ཏུ་བཟང་༔ འདི་ནི་སེམས་ཀྱི་དཀྱིལ་འཁོར་ཏེ༔ རྣལ་འབྱོར་དབང་ཕྱུག་ལྟ་བར་གྱིས༔ ཞེས་དང་༔ ངེས་བརྗོད་བླ་མར༔ རང་བཞིན་བདག་མེད་ཆོས་རྣམས་ནི༔ ནམ་མཁའ་ལྟ་བུར་དྲི་མ་མེད༔ སྟོང་ཉིད་ཡེ་ཤེས་རྡོ་རྗེ་ཡི༔ སྟོང་ཉིད་རྟག་ཏུ་བསྒོམ་པར་བྱ༔ ཞེས་དང་༔ རབ་ཏུ་མི་གནས་པའི་རྒྱུད་ལས༔ ངོ་མཚར་རྡོ་རྗེ་སངས་རྒྱས་མཆོག༔ སེམས་ནི་སྐྱེ་མེད་དེ་ཤེས་ནས༔ བསྒོམ་པར་བྱ་བ་མ་ཡིན་ཏེ༔ རང་གར་བཞག་ན་བདེ་བ་ཆེ༔ ཞེས་དང་༔ རྟ་མགྲིན་གསང་འདུས་རྒྱུད་ལས༔ མཉམ་བྱེད་སྐྱེ་མེད་གདོད་ནས་དག༔ ཡོད་མེད་རྟག་ཆད་གཟུང་འཛིན་དང་༔ མ་བཙལ་བཞག་ན་སྒོམ་པ་ཡིན༔ གཉིས་མེད་སྟོང་པ་ཆོས་ཀྱི་དབྱིངས༔ མ་འགགས་དུག་ལྔ་རྣམ་རྟོག་ཤར༔ དབྱིངས་ནས་ཤར་ཞིང་དབྱིངས་སུ་ཐིམ༔ རང་ཤར་རང་གྲོལ་སྒོམ་པའི་མཆོག༔ ཅེས་དང་༔ དོན་ཏྲིག་གི་རྒྱུད་ལས༔ དེ་ཉིད་དུས་གསུམ་རྩ་བ་བཅད༔ སྒོ་གསུམ་མ་བཅོས་ཀློད་ལ་སྒྲིམ༔ བཞི་ཆ་གསུམ་བྲལ་གཉུག་མ་དེ༔ ཞི་གནས་ངང་ནས་ལྷག་


CMR057_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་སྐྱོང་༔ ཞེས་དང་༔ རྒྱུན་དུ་ལྷོད་ཅིང་ཀློད་པ་ན༔ སྐྱེ་འགགས་གནས་གསུམ་མཐའ་དང་བྲལ༔ ཡེངས་བ་མེད་པ་ཤེས་བཞིན་བསྟན༔ ཀློད་ཅིང་སྒྲིམ་པར་བྱེད་པ་ཡིན༔ ཞེས་དང་༔ དཔེར་ན་ཇིང་གི་བྱ་ལྟ་བུ༔ དང་པོ་ཡེངས་མེད་སྐྱོང་བ་ན༔ བར་དུ་ཡན་པར་བཏང་ཡང་བཟློག༔ ཐ་མ་བཏང་ཡང་འགྲོར་མི་བཏུབ༔ ཅེས་དང་༔ མ་བཅོས་བཞག་པ་ཕྱག་རྒྱ་ཆེ༔ ཉམས་ལ་ཞེན་པ་མི་སྐྱེ་ཞིང་༔ མཉམ་རྗེས་གཉིས་སུ་མེད་པ་ཡི༔ སྟོང་ཉིད་སྙིང་རྗེ་རྒྱུན་དུ་ཁྱེར༔ ཞེས་དང་༔ བྲམ་ཟེ་ཆེན་པོས༔ གཉུག་མ་ཉིད་ལ་ཞོག་ཅིག་རྣལ་འབྱོར་པ༔ འདི་ལ་ཅིས་ཀྱང་བཅོས་པར་མ་བྱེད་ཅིག༔ མ་བཅོས་པ་ཉིད་ཆོས་ཀྱི་སྐུ་ཡིན་ཏེ༔ བཅོས་པའི་སེམས་ཀྱིས་འཕགས་ལམ་ཐོབ་མི་འགྱུར་ཞེས་དང་༔ རིན་ཆེན་ཕུང་པོའི་མདོ་ལས༔ ཇི་ལྟར་ཆུ་ལ་ཆུ་བཞག་དང་༔ ཇི་ལྟར་མར་ལ་མར་བཞག་དང༔ ཇི་ལྟར་མེ་དང་མེ་འཕྲད་ལྟར༔ རང་གིས་རང་གི་ཡེ་ཤེས་ནི༔ བླང་བར་བྱ་བ་ཅི་ཡང་མེད༔ བཞག་པར་བྱ་བ་ཅུང་ཟད་མེད༔ ཡང་དག་ཉིད་ལ་ཡང་དག་ལྟ༔ ཡང་དག་མཐོང་ན་རྣམ་པར་གྲོལ༔ ཞེས་དང་༔ མཁའ་འགྲོ་མ་ཐུགས་ཀྱི་


CMR057_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

གསང་མཛོད་ལས༔ ཡིད་ཀྱི་བསམ་མནོ་བཀག་པ་ལ༔ ཡིད་ལ་མི་བྱེད་ཟེར་བ་ཡིན༔ གང་འདིར་ཡིད་ལ་བྱེད་པ་ཡི༔ གསལ་བ་བདག་མེད་རྟོགས་པ་དང་༔ ཡིད་ལ་མི་བྱེད་ཅེས་བྱའོ༔ ཞེས་དང་༔ ཏིང་ངེ་འཛིན་རྒྱལ་པོ་ལས༔ འདི་ཤེས་དེ་ནི་སྤང་སྙམ་དུ༔ གང་གིས་འདི་ཤེས་བྱུང་བ་ནི༔ འདི་ཤེས་སྤྲོས་ལ་སྤྱོད་པ་སྟེ༔ འདི་ཤེས་ལ་ནི་དེ་མི་ཐར༔ ཞེས་དང་༔ གང་ཚེ་རྣམ་པར་རེག་པ་ན༔ བསམ་པ་ཐམས་ཅད་བསམ་པ་མེད༔ གང་ཚེ་བསམ་པ་བསམ་མེད་པ༔ དེ་ཚེ་བསམ་དུ་མེད་པར་འགྱུར༔ ཞེས་དང་༔ སྙན་བརྒྱུད་རྡོ་རྗེའི་ཚིག་རྐང་ལས༔ གཞི་ནས་མ་བཅོས་ཡེ་ནས་ལྷུན་གྲུབ་ལ༔ ཐ་མལ་རང་ལུགས་ཆེན་པོར་བཞག་པ་ན༔ འཕོ་འགྱུར་མེད་པ་ནམ་མཁའི་ཀློང་ཡངས་སུ༔ སྐྱེ་འཆི་མེད་པ་ཆོས་སྐུའི་ལུས་ཐོབ་འགྱུར༔ ཞེས་དང་༔ ནམ་མཁའ་དང་མཉམ་པའི་རྒྱུད་ལས༔ འཁྲུལ་དང་མ་འཁྲུལ་ངོ་བོ་གཅིག༔ འགྲོ་ལ་སེམས་རྒྱུད་གཉིས་མི་འཆར༔ མ་བཅོས་རིག་པ་འདི་རང་ཡིན་༔ འོད་གསལ་རིག་པ་ཅོག་གེ་ཞོག༔ ཅེས་དང་༔ རབ་ཏུ་མི་གནས་པའི་རྒྱུད་ལས༔ སེམས་ནི་སྐྱེ་མེད་ཤེས་


CMR057_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཀྱང་༔ བསྒོམ་པར་བྱ་བ་མ་ཡིན་ཏེ༔ རང་ཁར་བཞག་ན་བདེ་བ་ཆེ༔ གོམས་པའི་སྟོབས་ཀྱིས་འབྲས་བུ་མཆོག༔ ཅེས་དང་༔ ཨོ་རྒྱན་རིན་པོ་ཆེས༔ སྒོམ་པའི་རིམ་གོང་གི་ལྟ་བའི་གནས་ལུགས་དེ་ཉིད་རྟོགས་ཤིང་ཁོངས་སུ་ཆུད་ནས་དེའི་ངང་ལ་གནས་པས་ན་སྒོམ་པ་ཞེས་བྱ་སྟེ༔ དེ་ཡང་གསལ་སྟོང་མཐའ་བྲལ་གྱི་ངོ་བོ་དེ་ལ༔ ལུས་ཆོས་བདུན་དང་ལྡན་པའི་སྒོ་ནས༔ རང་རིག་གསལ་སྟོང་གི་ངང་རྟོག་བྲལ་རྗེན་པར་བཞག་པས༔ གསལ་དྭངས་ངར་དང་བཅས་པ་ཞིག་འབྱུང་བས༔ དེ་སྒོམ་བློ་ཡི་འཛིན་པ་མི་འཇུག༔ གསལ་བའི་ཤེས་པས་མི་བསླད༔ གང་ཤར་ཤར་གྲོལ་དུ་སྒོམ་པ་ནི་ཐུགས་ཀྱི་ངང་སྒོམ་ཞེས་བྱའོ༔ ཞེས་དང་༔ ཨོ་རྒྱན་རིན་པོ་ཆེས་ལང་གྲོ་ལོ་ཙཱ་ལ་གདམས་པ་ལས༔ སྒོམ་པ་ཞེས་བྱ་བ་ཚིག་གི་ཐ་སྙད་ཡིན༔ གནས་ལུགས་ཀྱི་སྒོམ་སྒོམ་མེད་ཡིན༔ འོན་ཀྱང་གོང་གི་ལྟ་བ་མ་ནོར་བའི་ཕུ་ཁྲུས་ནས༔ བློ་བྲལ་དཔེ་ཅི་བཞིན་པའི་ངང་ལ་འཇོག་པ་སྒོམ་ཞེས་བཏགས་པ་ཡིན༔ དེ་ལ་འཁོར་འདས་ཇི་ལྟར་སྣང་བ་འདི་དག་རང་གི་སེམས༔ སེམས་སྟོང་པ་སྤྲོས་བྲལ༔ སྤྲོས་བྲལ་གྱི་ངོ་བོ་ཆོས་སྐུའི་ངང་དང་དེའི་ངང་དུ་


CMR057_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པས་མ་བཅིངས་བློས་མ་བཅོས༔ རྟོག་བྲལ་རྗེན་པ་ཤར་གྲོལ་གཉུག་མ༔ བསམ་མེད་བརྗོད་འདས་སུ་རང་གསལ་བ་ལ་གནས་ལུགས་ཀྱི་སྒོམ་པ་ཟེར༔ ངོ་བོ་ནི་དུས་ཐམས་ཅད་དུ་སངས་རྒྱས་སེམས་ཅན་འགྲོ་བ་ཐམས་ཅད་ལ་གདོད་མ་ནས་རང་བཞིན་གྱིས་དེ་ལྟར་གནས་པ་ཡིན་ཏེ༔ རང་བཞིན་དེ་ཀའི་ངང་དུ་མ་བཅོས་པར་ཞོག་དང་སངས་རྒྱས་ལོ་ཟླས་ཐོབ་པར་འདུག་སྟེ༔ གནས་ལུགས་ཀྱི་ངོ་བོ་དེ་ལ་སངས་རྒྱས་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ༔ རྣལ་འབྱོར་ལམ་པ་ལ་ཡིད་དཔྱོད་ཉམས་ཀྱི་སྣང་བ་མཐོ་དམན༔ སེམས་ཅན་ལ་མ་རིག་འཁྲུལ་པའི་སྣང་བ་སྡུག་བསྔལ་ལུ་གུ་རྒྱུད་བྱ་བ་ཡིན༔་དོན་ལ་བསྒོམ་རྒྱུ་ཅི་ཡང་མེད༔ མི་སྒོམ་སྒོམ་མེད་ཀྱི་ངང་ལ་གོམས་པ་མཐར་སྐྱེལ་བ་ཡིན༔ དེ་ལས་གཞན་པའི་སྒོམ་ཐབས་སངས་རྒྱས་ལའང་མེད་དེ་མཆི༔ ཡེ་ནས་ཆོས་སྐུའི་རང་བཞིན་ལ༔ མ་བཅོས་སོ་མར་མི་འཇོག་པ༔ ཡིད་དཔྱོད་འཛིན་པ་སུས་སྒོམ་པ༔ མི་དེ་ཐར་པའི་ལམ་ལས་གོལ་ཞེས་དང་༔ ཨུ་རྒྱན་རིན་པོ་ཆེས༔ སྒོམ་པ་ལ་ཡང་ལྔ་སྟེ༔ ངོ་བོ་ངེས་ཚིག་མཚན་ཉིད་དབྱེ་བ་བསྡུ་དོན་


CMR057_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

ནོ༔ སྒོམ་པའི་ངོ་བོ་ཡིད་ལ་བྱར་མེད་པའོ༔ ངེས་ཚིག་ཡིད་ལ་བྱེད་པ་མེད་པའོ༔ མཚན་ཉིད་ནི་གསལ་ཞིང་དངས་བའོ༔ དབྱེ་བ་ནི་མང་དུ་བཤད་ཀྱང་གང་ཤར་ཞེན་པ་མེད་པའོ༔ བརྡ་དོན་ནི་དེ་ཁོ་ན་ཉིད་དུ་སངས་རྒྱས་པའོ༔ ཞེས་དང་༔ ཨོ་རྒྱན་རིན་པོ་ཆེས༔ མ་བཅོས་རང་ངོ་ལ་བཞག༔ ལུས་ལ་གྲི་ལྟར་བསྒྲིམ༔ མིག་ལྟ་སྟངས་ངར་བསྐྱེད༔ རིག་པ་ངོ་བོ་རྗེན་པར་ཐེར་ལ་འདོན་ཏེ་སྣང་བ་ཟིལ་གྱིས་མནན་ཏེ་བསྒོམ༔ དེའི་རྣམ་རྟོག་བྱུང་ཚེ་ལྟ་སྟངས་མི་གཡོ༔ རིག་པ་རྩ་བའི་ཉམས་གསལ་སྟོང་དང་མ་བྲལ་བའི་ངང་ནས་ཉམས༔ གང་ཤར་སྐྱེས་གྲོལ་འགྱུ་བ་རང་དྭངས་སུ་བཞག་གོ༔ དེ་ཚེ་གནས་ན་ཡང་སྟོང་པ་དངོས་མེད༔ འགྱུ་ན་ཡང་གསལ་སྟོང་རྗེན་པ༔ རྟོག་པ་ཡུལ་ཕྱིར་མི་འབྲང་བའི་ཕྱིར༔ གནས་འགྱུ་དབྱེར་མེད་དུ་ངོ་བོ་སྟོང་པ༔ རང་བཞིན་གསལ་བ༔ རྩལ་མ་འགགས་པར་འཕྲོ་ཡང་ཤར་གྲོལ༔ སྐྱེ་མེད་དུ་རོ་གཅིག་འཁོར་ཡུག་ཏུ་སྐྱོང་ངོ་། དེ་ལ་བྱིང་བའམ་རྨུགས་པ་གཉིད་པ་ལྟ་བུ་ཤེད་མེད་མོག་སེ་འདུག་ན་ཕཊ་ཅེས་རིག་པ་ངར་བསྐྱེད་དེ༔ དེ་ནས་འཁོར་ཡུག་སྤྲོས་མེད་སྐྱོང་ངོ་༔ གནས་པ་ལ་མི་བཞག༔ འགྱུ་བ་


CMR057_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

རྩལ་མི་ལྟོས༔ དེ་ངོ་བོས་ཟིན་ཏེ་ངོ་བོའི་སྟེང་ན་དབྱེར་མེད༔ རོ་གཅིག་དེ་ཅི་ལྟར་ཞེ་ན༔ གཉིས་ཀ་གཏིང་ན་གསལ༔ གཟུགས་དང་ཁ་དོག་ནི་མ་གྲུབ། སྣང་སྟོང་ཤར་གྲོལ་སྒོམ་མེད་རྗེན་པ༔ མ་འགག་རང་གསལ༔ གཏིང་གསལ་གཉུག་མ་དེ་ལྟ་བུའི་ངང་ལ་ཡུན་རན་ཙམ་ལ་འཕྲོ་མཐུད༔ དེ་ཙམ་མཉམ་དུ་ནས་གསལ་སྟོང་དུ་རྗེན་ནེ་འདུག་ཀྱང་སྤྱོད་ལམ་དུས་ན་ཐ་མལ་རྗེན་ནེ༔ བྱར་མེད་དུ་ཁྲ་ལེ་བ་འབྱུང་སྟེ་བརྩོན་འགྲུས་ཀྱི་གནད་ཁོ་ནའོ༔ དེ་ལ་རྟག་ཏུ་དྲན་པས་ཟིན་འཁོར་ཡུག་ཏུ་བསྐྱང་བས༔ ལྟར་གཅིག་ལ་སྒོམ་ཡང་གསལ་སྟོང་རྗེན་ནེ་བ༔ མ་བསྒོམས་ཀྱང་རྟེན་མེད་དུ་ཁྲེགས་སེ་བ་འབྱུང་༔ དེའི་ངོ་བོ་མཐར་བསྐྱང་བ་དང་༔ རྟོག་པའི་ངོ་བོ་མཐར་ཕྱིན་དུ༔ འདིར་སྣང་བའི་ཤར་ཡུལ་ལ་འདིར་འཛིན་གྱི་ཤེས་པ་མེད་དེ༔ སྒོམ་གཞི་ཐོག་ཏུ་ཕེབ་ངོ་བོ་མ་བུ་ཕྲད༔ རྟོག་པ་རྐྱེན་དབང་དུ་མི་འགྲོ་སྟེ༔ འཁོར་ཡུག་བྱར་མེད་བློ་འདས་སུ་གྱུར་པའི་དུས་ན༔ རྟོགས་ལྡན་གྱི་རྣལ་འབྱོར་ཞེས་བྱ་སྟེ་སངས་རྒྱས་ཀྱི་སྐལ་མགོར་སླེབ་པ་ཡིན༔ ཞེས་གསུངས་སོ༔ དེ་ལྟར་ལྟ་བ་གཏན་ལ་ཕེབ་པའི་དོན་བསྒོམས་པས་ཉམས་སུ་


CMR057_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

ལེན་ཚེ་སྤྱོད་པ་ཇི་ལྟར་བྱ་ཞེ་ན༔ རྩ་བ་རྡོ་རྗེའི་ཚིག་རྐང་ལས༔ རང་གི་སྤྱོད་པ་གང་བྱེད་ཀྱང་༔ མི་སྐྱུར་སྤྱོད་པའི་ངང་ནས་ལྟ༔ ཞེས་དང་༔ དེའི་འགྲེལ་པ་ཐུགས་རྗེ་ཆེན་པོས་གསུངས་པ་ལས༔ རང་གི་སྤྱོད་པ་ཅི་དང་གང་བྱེད་ཀྱང་༔ སྤྱོད་པ་དེ་མི་སྐྱུར་ལ་སྤྱོད་པའི་ངང་ནས་ལྟའོ༔ ཞེས་གསུངས་པའི་དོན་ཅུང་ཟད་འཆད་ན༔ ཡང་སྙིང་འདུས་པའི་རྒྱུད་ལས༔ ཐུགས་རྗེ་ཆེན་པོའི་སྤྱོད་པ་ནི༔ སྟོང་དང་སྙིང་རྗེ་དབྱེར་མེད་ཀྱི༔ ངང་ལ་རྩོལ་མེད་བླང་དོར་མེད༔ མ་བྱས་འགྲོ་དོན་ལྷུན་གྱིས་གྲུབ༔ ཅེས་དང་༔ ལྟ་བ་ཡང་ཐོག་གི་རྒྱུད་ལས༔ སྤྱོད་པ་མི་སྤྱོད་སྟེ་བྱར་མེད་ཀྱི་ངང་དུ་ལྷན་ལྷན༔ ཞེས་དང་༔ སྡུད་པ་ལས༔ འགྲོ་འཆག་ཉལ་དང་འདུག་པ་ཤེས་བཞིན་རབ་ཏུ་ལྡན༔ གཉའ་ཤིང་གང་ཙམ་ལྟ་ཞིང་འགྲོ་ལ་སེམས་འཁྲུལ་མེད༔ ཅེས་དང་༔ ལྷའི་བུས་ཞུས་པའི་མདོ་ལས༔ ལྟ་བ་ཡངས་སུ་མི་བགྱི་རྒྱུས༔ ཆོས་ཀྱི་དབྱིངས་ལ་ཡངས་དོག་མེད༔ སྤྱོད་པ་ཞིབ་ཏུ་མི་བགྱི་རྒྱུ༔ ཁམས་གསུམ་འཁོར་བ་གཡང་ས་ཆེ༔ ཞེས་དང་༔ དོན་ཏྲིག་རྒྱུད་ལས༔ ཡིད་ལ་བྱེད་པ་མེད་པར་ནི༔ ཡེ་ཤེས་མེད་ཅིང་འཁྲུལ་པ་མེད༔ ཞི་བ་མེད་


CMR057_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་སྲིད་པ་མེད༔ ཟག་པ་མེད་ཅིང་འགྱུར་བ་མེད༔ ཅེས་དང་༔ ཨོ་རྒྱན་རིན་པོ་ཆེའི་ཞལ་ནས༔ སྤྱོད་པའི་རིམ་པ་སྟོན་ཏེ༔ དེ་ལ་ཉམས་ལེན་རིམ་པར་བགྲོད་པའི་སྤྱོད་པ་དང་༔ ཞེན་མེད་རང་གྲོལ་གྱི་སྤྱོད་པའོ༔ དེ་ལ་ཞེན་པ་རང་གྲོལ་གྱི་སྤྱོད་པ་ནི༔ སྤྱོད་པ་སྤང་བླང་བློས་བྱས་དང་བྲལ་བ༔ ཤར་གྲོལ་ཞེན་བྲལ་མ་བཅོས་ལྷུག་པ༔ སྙེམས་བྱེད་འཛིན་པ་དང་བྲལ་བ༔ བདེ་སྡུག་རོ་སྙོམས༔ གཏད་མེད་ཟང་ཐལ་སྤྱོད་བྱ་སྤྱོད་བྱེད་དང་བྲལ་བའོ༔ དེ་ཡང་སྔགས་ཀྱི་སྤྱོད་པ་ལ་གསང་སྤྱོད་རིག་སྤྱོད་གཉིས་སོ༔ གསང་སྤྱོད་ནི་ལས་ཀྱི་ཕྱག་རྒྱ་དང་འགྲོག་སྟེ་མི་མེད་ལུང་སྟོང་གཡའ་རི་གངས་ཁྲོད༔ གནད་གཏད་དང་ངོ་ཤེས་མེད་པའི་ས༔ དབེན་ས་རི་ཁྲོད་སོགས་སུ་བདེ་བ་ལམ་དུ་བསླང་ཞིང་དགའ་བཞི་ཉམས་སུ་བླང་བའོ༔ གསང་སྤྱོད་ཆེན་པོ་ནི༔ སྤྲུལ་བསྒྱུར་དང་རྫུ་འཕྲུལ་སྣ་ཚོགས་ཀྱིས་དུར་ཁྲོད་ཀུན་ཏུ་རྒྱུ་ཞིང་མཁའ་འགྲོ་མའི་ཚོགས་སུ་འཇུག་པའོ༔ རིག་སྤྱོད་ལ་མང་དུ་བཤད་ཡོད་ཀྱང་དོན་ལ༔ རྣལ་འབྱོར་པའི་ཆོས་ལུགས་ཀྱི་རང་གི་སྒོ་ནས་ཚུལ་མཐུན་པར༔ དེའི་ལམ་དང་སྤྱོད་པ་ལ་འཇུག་པར་བྱའོ༔


CMR057_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་ཤིང་དེ་དག་གི་དོན་རྒྱ་ཆེར་གསུངས་པའི་དོན་བསྡུ་ན༔ ལས་དང་པོ་པས་ཤ་བཙོན་ལྟ་བུའི་སྤྱོད་པ་འཁོར་བ་ནས་ཅི་ཐར་བྱ་སྟེ་ཆོས་སྒོར་ཞུགས༔ ཆོས་ཞུ་དུས་བུང་བ་ལྟ་བུའི་སྤྱོད་པ་ཆོས་གར་ཐོབ་ནས་ཞུས་ཏེ་དམ་ཚིག་མ་ཉམས་པར་འཇོག༔ དེ་ནས་ཁྱིམ་པ་ལྟ་བུའི་སྤྱོད་པ་སྟེ་ཐབས་སྣ་ཚོགས་ཀྱི་ཆོས་ལ་སྤྱོད་པ་ལ་འབད༔ དེ་ནས་རི་དྭགས་སྨྲས་མ་ལྟ་བུའི་སྤྱོད་པ་གཅིག་པུར་རི་ཁྲོད་འགྲིམ༔ དེ་ནས་བོགས་འདོན་ནི་སྨྱོན་པ་ལྟ་བུའི་སྤྱོད་པས་ཐམས་ཅད་རོ་སྙོམས༔ སྒྲུབ་པ་དེ་མཐར་ཕྱིན་དུས་སེང་གེ་ལྟ་བུའི་སྤྱོད་པ་སྟེ་གང་ལ་ཡང་ཡ་ང་མེད་པར་ཕྱིར་མི་ལྡོག་པའི་གདེང་ཐོབ༔ གྲུབ་པ་ཐོབ་ནས་ཁྱི་ཕག་ལྟ་བུའི་སྤྱོད་པས་བདུད་རྩི་ལྔ་སོགས་སྤྱོད་ཅིང་གསང་དབང་དུས་ཁྲེལ་འཛེམ་སྤངས༔ དེ་ནས་རྒྱལ་པོ་ལྟ་བུའི་སྤྱོད་པ་རང་དོན་མཐར་ཕྱིན་ནས་སེམས་ཅན་གྱི་དོན་རྒྱ་ཆེན་པོ་བྱེད་པར་གསུངས་སོ༔ ཡང་ཨོ་རྒྱན་ཆེན་པོས་ལང་གྲོ་ལ་གདམས་པ་ལས༔ སྤྱོད་པ་ལ་སྤྱིར་སྡེ་སྣོད་དང་མཐུན་པར་ལྷག་པའི་ཚུལ་ཁྲིམས་དང་ལྡན་པ༔ ནང་བླ་མེད་ལྟར་གསང་སྤྱོད་ཐབས་ཁྱད་པར་ཅན་དང་ལྡན་པ༔ གསང་བ་དུས་དང་རྣམ་པ་ཀུན་ཏུ་སྒོ་གསུམ་ཆོས་དང་བསྟུན་པར་


CMR057_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ༔ དེ་ལ་ཡང་ལས་དང་པོ་པས་སྒོ་གསུམ་བརྩོན་འགྲུས་དྲག་པོས་ཆོས་སྤྱོད་བཅུ་ལ་འབད་ན་ཟབ༔ རྣལ་འབྱོར་པས་འདོད་ཡོན་དུག་ཏུ་བལྟས་ལ་རི་དྭགས་སྨས་མ་ལྟར་དབེན་པའི་གནས་སུ་གསང་སྤྱོད་ཉམས་སུ་བླངས༔ རྟོགས་ལྡན་གྱི་རྣལ་འབྱོར་པས་སྤྱོད་པ་ཞེན་མེད་ཆགས་བྲལ་དུ་སྤྱད༔ གང་བྱུང་ཐོག་བབ་གཏད་མེད་ཟང་ཐལ་དུ་སྤྱད༔ རླུང་སེམས་ལ་རང་དབང་ཐོབ་པའི་སྐྱེས་བུས༔ སྦྱོར་སྒྲོལ་བརྟུལ་ཞུགས་དང་རྣལ་འབྱོར་སྤྱོད་པའི་རོལ་པས༔ དུར་ཁྲོད་ཀུན་ཏུ་རྒྱུ་ཞིང་མཁའ་འགྲོའི་ཚོགས་སུ་འཇུག་མ་དག་པ་འདུལ་ཕྱིར་རྫུ་འཕྲུལ་སྣ་ཚོགས་སུ་སྤྱད༔ མདོར་ན་ཕྱི་མདོ་ནང་སྔགས་ཐར་པའི་ལམ་སྒྲུབ་པའི་ལམ་དང་གྲོགས་སུ་གང་འགྲོ༔ བསྟན་པ་དང་བདག་གཞན་སེམས་ཅན་ལྷལ་གང་ཕན༔ སྒོ་གསུམ་ཆོས་སྤྱོད་བཅུ་དང་མཐུན་ན་ཟབ་བོ༔ འོན་ཀྱང་སྤྱད་བྱ་སྤྱོད་བྱེད་ཀྱི་བློ་རྟོག་རེ་དོགས་ནང་དུ་ཟད༔ ཀུན་ཀྱང་རོལ་པ་ཆོས་སྐུའི་ཀློང༔ ཆགས་མེད་ཞེན་བྲལ་ངོ་མཚར་ཆེ༔ ཞེས་གསུངས་སོ༔ ཡང་ཨོ་རྒྱན་རིན་པོ་ཆེས༔ སྤྱོད་པ་ལ་ཡང་ལྔ་སྟེ༔ ངོ་བོ་ངེས་ཚིག་མཚན་ཉིད་དབྱེ་བ་བསྡུ་དོན་ནོ༔ སྤྱོད་པའི་ངོ་བོ་ནི་མ་བཅོས་


CMR057_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

པའོ༔ ངེས་ཚིག་ནི་སྤྱོད་དུ་མེད་པའོ༔ མཚན་ཉིད་ནི་འདོད་བློ་མེད་པའོ༔ དབྱེ་བ་ཅི་བྱེད་ཆོས་སྤྱོད་དུ་འགྲོ་བའོ༔ བསྡུ་དོན་ནི་སངས་རྒྱས་ཀྱི་ལམ་དུ་འགྲོ་བ་དེའོ༔ ཞེས་དང་༔ སྟོབས་པོ་ཆེའི་རྒྱུད་ལས༔ ལྟ་བ་མི་ལྡན་སྤྱོད་པ་དང་༔ སྤྱོད་པ་མི་ལྡན་ལྟ་བ་གཉིས༔ འདི་གཉིས་གསང་སྔགས་དམ་སྲི་སྟེ༔ མནར་མེད་སེམས་ཅན་དམྱལ་བར་སྐྱེ༔ དེ་ཕྱིར་ལྟ་མེད་སྤྱོད་པ་སྤངས༔ སྲིན་པོ་རཀཱའི་སྤྱོད་པའོ༔ སྤྱོད་མེད་ལྟ་བ་སྤང་བ་སྟེ༔ དཀའ་ཐུབ་ཀྱིས་ནི་ལུས་གདུང་ཞིང་༔ ཕུང་སོགས་རྣམ་སྣང་ལ་སོགས་ལ༔ བརྙས་པ་རྟོག་གེ་སྐམ་པོ་ཡིན༔ ལྟ་སྤྱོད་ཟུང་དུ་འཇུག་པ་ཡང་༔ གླང་ཆེན་བཞེངས་ཀྱང་མཉམ་པར་བཞེངས༔ གླང་ཆེན་བཞུགས་ཀྱང་མཉམ་པར་བཞུགས༔ ཞེས་དང་༔ ཡེ་ཤེས་ཕྲེང་བའི་རྒྱུད་ལས༔ ཟ་བ་ཉལ་བ་འཆགས་པ་ཀུན༔ རྣལ་འབྱོར་ཆེན་པོ་གནས་བྱ་སྟེ༔ གཡེང་བས་གཡེང་བ་སྤང་བ་ནི༔ ཀུ་སཱ་ལུ་ཡི་སྤྱོད་པ་ཡིན༔ ཞེས་གསུངས་སོ༔ དེ་ཡང་ཆོས་སྤྱོད་ཕྱག་སྐོར་བ་གསོལ་འདེབས༔ བྱམས་སྙིང་རྗེ་བསྐྱེད་རིམ༔ མོས་གུས་བསྙེན་སྒྲུབ༔ སྡོམ་པ་དམ་ཚིག་སོགས་ཐབས་བསོད་ནམས་ཀྱི་ཚོགས་ཐམས་


CMR057_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་མི་སྤངས་སོ་སོའི་གཞུང་ལྟར་སྤྱོད་ཅིང་༔ དེ་ཐམས་ཅད་དངོས་འཛིན་ཨ་འཐས་མ་ཡིན་པར་རབ་སྟོང་ཉིད་ལྟ་བའི་རྩི་དང་མ་བྲལ་བར་སྤྱོད༔ འབྲིང་ཡང་སྒྱུ་མ་རྨི་ལམ་ཙམ་དུ་ཤེས་པས་སྤྱོད༔ ཐ་མ་ཡང་མཐར་ཉམས་ལེན་སྟོང་ཉིད་ཀྱི་རྒྱས་འདེབས་པ་ནི་ཀུན་ཏུ་བཟང་པོའི་སྤྱོད་པ་ཞེས་བྱ་སྟེ༔ ཁེ་ཆེ་ཉན་ཆུང་གོལ་ས་མེད་པའི་ཕྱིར་མཁས་གྲུབ་ཕལ་ཆེར་སྤྱོད་པ་འདི་ལ་དགྱེས༔ སངས་རྒྱས་ཀྱི་བསྟན་པ་ལ་ཕན༔ འཇིག་རྟེན་པ་རྣམས་དང་བ་འདྲེན་པ་ཡིན་ནོ༔ དེ་ལ་བརྟན་པ་ཐོབ་ནས་རྩ་རླུང་ལས་སུ་རུང་བླ་མ་དང་ཡི་དམ་གྱི་གནང་བ་ཐོབ་པའི་གང་ཟག་གིས༔ བུ་མོ་མཁའ་འགྲོའི་མཚན་རྟགས་ཚང་བ་སྤྱོད་ཅིང་དགའ་བ་བཞིའི་ཡེ་ཤེས་ངོས་བཟུང་བར་བྱ་སྟེ༔ འདི་ནི་གང་ཟག་དམ་པ་མཆོག་འགའ་རེ་ཙམ་གྱི་སྤྱོད་ཡུལ་ཡིན་གྱི༔ སྟག་མཆོང་སར་ཝ་ཡི་དཔེ་བྱས་ན་ཤལ་མ་རིའི་དམྱལ་བར་ལྟུང་བས་གོ་བར་བྱའོ༔ གལ་ཏེ་རྩ་རླུང་ལས་སུ་རུང་ཡང་འདུལ་བའི་བསླབ་པ་ཕུལ་ནས་བྱ་བར་གྲུབ་ཆེན་རྣམས་ཀྱི་རྣམ་ཐར་ལས་བྱུང་ངོ་༔ དེ་བསྟེན་ནས་ལུས་གཅེར་བུར་བྱས་ཏེ་རུས་རྒྱན་དང་སྟག་ཤམ་གསོལ་གྲོགས་ཕྱག་རྒྱ་མོ་ཁྲིད་ནས་གྲོང་ཁྱེར་དུ་རྒྱུ་


CMR057_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

བས༔ མིས་བརྡུང་བཏགས་འཕྱ་བ་སོགས་བྱུང་ན་རྫུ་འཕྲུལ་སྟོན་པ་ནི༔ བརྟུལ་ཞུགས་ཀྱི་སྤྱོད་པའོ༔ དེ་བརྟན་ནས་ཚོང་འདུས་དང་ཁྲོམ་ཆེན་པོ་དང་རྒྱལ་པོའི་ཕོ་བྲང་དུ་སོང་། ནས་སྤྱོད་པ་མི་འཚམས་པ་སྣ་ཚོགས་བྱས་པས༔ གཤེ་སྐུར་དང་བརྡུང་བཏགས་བྱུང་ན་ནགས་ལ་མེ་མཆེད་པ་ལྟར་ཏིང་ངེ་འཛིན་བོགས་ཐོན་ཏེ༔ རྫུ་འཕྲུལ་ངོ་མཚར་ཅན་བསྟན་ནས་ཐམས་ཅད་བྱང་ཆུབ་ལ་བཀོད་པ་ནི༔ ཚོགས་སྤྱོད་ཅེས་བྱའོ༔ དེ་གོམས་ནས་མ་རིག་པ་སངས་བས་གཉིད་ལས་རྒྱལ༔ དུག་ཀྱང་བདུད་རྩིར་འགྱུར་བས་ཟས་ལས་རྒྱལ། ཟག་བཅས་ཀྱི་རླུང་འགགས་པས་རླུང་ལས་རྒྱལ༔ འཁོར་འདས་ཐམས་ཅད་ལ་ཕྱོགས་རིས་མེད་པས་ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པ་ཞེས་བྱ་སྟེ་སྤྱོད་པ་མཐར་ཕྱིན་པའོ༔ སྤྱོད་པ་དུས་ཚོད་དང་འབྲེལ་བ་ཞེས་བྱ་སྟེ༔ སོ་སོ་སྐྱེ་བོས་རྣལ་འབྱོར་པའི་སྤྱོད་པ་མི་བྱ༔ རྣལ་འབྱོར་པས་གྲུབ་པ་ཐོབ་པའི་སྤྱོད་པ་མི་བྱ༔ གྲུབ་པ་ཐོབ་པས་ཀྱང་སངས་རྒྱས་ཀྱི་སྤྱོད་པ་མི་བྱ༔ ཞེས་གསུངས་པས་སོ་སོ་སྐྱེ་བོས་ཀུན་བཟང་གི་སྤྱོད་པ་བྱ༔ རྣལ་འབྱོར་པས་གསང་སྤྱོད་ཆགས་ལམ་སོགས་བྱ༔ གྲུབ་པ་ཐོབ་པས་བརྟུལ་ཞུགས་དང་ཚོགས་སྤྱོད་བྱ་


CMR057_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

གསང་སྤྱོད་བརྟུལ་ཞུགས་ཀྱི་སྤྱོད་པ་ཚོགས་སྤྱོད་གསུམ་མ་བྱས་ཀྱང་ས་ལམ་བགྲོད་དེ་རིམ་ལྔའི་བཤད་པ་ལས་ཀྱང་གསུངས་ཤིང་༔ དེའི་དོན་གྱིས་མཁས་གྲུབ་ཕལ་ཆེར་རྟོགས་པ་མཐོ་ཡང་སྤྱོད་པ་ཞིབ་པ་ཡིན་ནོ༔ འོན་ཀྱང་གསང་སྔགས་ཀྱི་སྤྱོད་པ་རྒྱུད་དང་མཐུན་ཞིང་ལམ་མྱུར་བའི་ཕྱིར་གཏེར་སྟོན་རྣམས་དང་གྲུབ་ཆེན་ཕལ་ཆེར་གསང་སྤྱོད་ཆགས་ལམ་མཛད་པ་ཡིན་པས་ལོག་པར་རྟོགས་པར་ཡང་མི་བྱ་སྟེ༔ ཤེས་རབ་དང་ལྡན་པ་རྣམས་གསར་རྙིང་གི་རྒྱུད་སྡེ་རྣམས་ལས་ཕྱག་རྒྱ་ཆེན་པོ་ཞེས་པའི་དོན་མཚན་ལྡན་རིག་མ་བསྟེན་པས་ལྷན་སྐྱེས་ཡེ་ཤེས་འཆར་ཚུལ་རྒྱ་ཆེར་གསུངས་པ་ལ་ལྟ་བར་བྱོས་ཤིག༔ དེ་ལྟར་ལྟ་སྒོམ་སྤྱོད་གསུམ་གྱི་གནད་བཤད་ཅིང་ཉན་པའི་དགེ་བ་སེམ་ཅན་ཐམས་ཅད་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་མྱུར་དུ་ཐོབ་པའི་ཕྱིར་དུ་བསྔོ་སྙམ་པས་འདིའི་རྗེས་ཟློས་མཛོད༔ དགེ་བ་མ་རྒན་འགྲོ་དྲུག་ཀུན་ལ་བསྔོ༔ གསུམ༔ ལྟ་སྒོམ་སྤྱོད་གསུམ་གྱི་གནད་འགག་སྟེ་ཆོས་ཐུན་བཅོ་བརྒྱད་པའོ༔ ༈ དེ་ལྟར་གཞི་ལྟ་བའི་གནས་ལུགས་ལུང་རིགས་དང་འབྲེལ་བ་མ་འཁྲུལ་བར་རྟོགས་ནས༔ ལམ་སྒོམ་


CMR057_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རིམ་པ་ཉམས་མྱོང་དང་འབྲེལ་བར་བརྩོན་འགྲུས་དྲག་པོས་ཉམས་སུ་ལེན་པའི་ཚེ༔ གེགས་དང་གོལ་སར་མ་ཤོར་བ་གལ་ཆེ་བས༔ གེགས་སེལ་སྟོན་པ་ནི༔ རྩ་བ་རྡོ་རྗེའི་ཚིག་རྐང་ལས༔ ཐམས་ཅད་སྟོང་པར་ཐག་བཅད་ནས༔ དགེ་སྤངས་ལ་སོགས་ཅི་རིགས་པ༔ བྱ་བར་མི་རུང་སྟོང་པ་ཡི༔ དབང་དུ་ཁོ་ནར་མི་བཏང་ངོ་༔ དེ་ནས་དུག་ལྔའི་དབང་མི་བཏང་༔ དགེ་སྡིག་གང་ཡང་དངོས་པོ་རུ༔ མི་འཛིན་ཆོས་ཀུན་གང་མི་འཛིན༔ སེམས་ངོ་བདེ་གསལ་མི་རྟོག་ཉམས༔ གང་ཡང་དངོས་པོ་མི་འཛིན་ནོ༔ ཞེས་དང་༔ དེའི་འགྲེལ་པ་ཐུགས་རྗེ་ཆེན་པོས་གསུངས་པ་ལས༔ ཐམས་ཅད་སྟོང་པ་ཉིད་དུ་ཐག་བཅད་ནས༔ དགེ་བ་སྤང་བ་ལ་སོགས་པ་སེམས་ལ་ཅི་རིགས་པ་ནི་བྱ་བར་མི་རུང་ངོ་༔ སྟོང་པ་ཉིད་ཡིན་པའི་དབང་ཁོ་ནར་ཡེ་ནས་མི་གཏོང་ངོ་༔ དེ་ནས་དེ་བཞིན་དུ་དུག་ལྔ་གང་གིའང་དབང་དུ་མི་གཏོང་ངོ་༔ དགེ་བ་དང་སྡིག་པ་གང་ཡང་དངོས་པོ་རུ༔ མི་འཛིན་ཞིང་ཆོས་ཀུན་གང་ཡང་དེ་བཞིན་དུ་མི་འཛིན༔ ཞེས་གསུངས་པའི་ལུང་རྒྱབ་ཅུང་ཟད་འདྲེན་ན༔ བདེན་གཉིས་ལས༔ ཡང་དག་ཀུན་རྫོབ་ཁྱད་བསད་ནས༔ སྟོང་པ་


CMR057_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ལ་གོམས་བྱེད་པས༔ ཀུན་རྫོ་བ་རྒྱུ་འབྲས་དགེ་སྡིག་སོགས༔ འཇིག་རྟེན་ཕ་རོལ་བསླུ་བར་འགྱུར༔ ཅུང་ཟད་ཐོས་པ་ལ་བརྟེན་ནས༔ རྣམ་པར་དབེན་དོན་མི་ཤེས་པ༔ མི་གང་བསོད་ནམས་མི་བྱེད་པ༔ སྐྱེས་བུ་ཐ་ཤལ་དེ་དག་བརླག༔ ཅེས་དང་༔ མན་ངག་གི་རྒྱུད་ལས༔ སྟོང་ལྟ་ཕྱལ་ཆད་ལྟ་བའི་བདུད༔ ཧད་པོ་སྒོམ་མེད་སྒོམ་པའི་བདུད༔ རྟོག་མེད་རང་དགའ་སྤྱོད་པའི་བདུད༔ འདུ་འཛི་ལོངས་སྤྱོད་གཡེང་བའི་བདུད༔ ལས་ངན་འབྲེལ་པ་གྲོགས་ཀྱི་བདུད༔ ཐེ་ཚོམ་སྐྱེས་པ་ཉམས་ཀྱི་བདུད༔ ཐབས་དང་བྲལ་བ་ཤེས་རབ་བདུད༔ ཅེས་དང་༔ ཏིང་ངེ་འཛིན་རྒྱལ་པོ་ལས༔ རྟོག་ཅན་དག་གི་ཡོད་དང་མེད་ཅེས་བྱ༔ དེ་ལྟར་སྤྱོད་པས་སྡུག་བསྔལ་ཞི་མི་འགྱུར༔ ཡོད་དང་མེད་ཅེས་བྱ་བ་གཉིས་ཀ་མཐའ༔ གཙང་དང་མི་གཙང་འདི་ཡང་མཐའ་ཡིན་ཏེ༔ དེ་ཕྱིར་གཉིས་ཀའི་མཐའ་ནི་རྣམ་སྤངས་ནས༔ མཁས་པས་དབུས་ལའང་གནས་པར་མི་བྱའོ༔ ཞེས་དང་༔ ས་ར་ཧས༔ སྙིང་རྗེ་དང་བྲལ་སྟོང་པ་ཉིད་ཞུགས་གང་༔ དེས་ཀྱང་ལམ་མཆོག་རྙེད་པར་མི་འགྱུར་རོ༔ འོན་ཏེ་སྙིང་རྗེ་འབའ་ཞིག་བསྒོམ་


CMR057_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཡང་༔ འཁོར་བ་འདི་ལས་ཐར་བ་མ་ཡིན་ནོ༔ གང་ཡང་གཉིས་པོ་སྦྱོར་བར་ནུས་པ་དེས༔ འཁོར་བར་མི་གནས་མྱ་ངན་འདས་མི་གནས༔ ཞེས་དང་༔ མཁས་པ་ནཱ་ག་ཛུ་ནས༔ ཀུན་རྫོབ་དང་ནི་དོན་དམ་དག༔ སོ་སོའི་ཆར་ནི་ཤེས་གྱུར་ནས༔ གང་དུ་ཡང་དག་འདྲེས་གྱུར་པ༔ དེ་ནི་ཟུང་དུ་འཇུག་པར་བཤད༔ ཅེས་དང་༔ བྱང་ཆུབ་སེམས་འགྲེལ་ལས༔ ཆོས་རྣམས་སྟོང་པ་འདི་ཤེས་ནས༔ ལས་དང་འབྲས་བུ་བསྟན་པ་གང་༔ ངོ་མཚར་བས་ཀྱང་འདི་ངོ་མཚར༔ རྨད་བྱུང་བས་ཀྱང་འདི་རྨད་བྱུང་༔ ཞེས་དང་༔ འཇིག་རྟེན་ལས་འདས་པར་བསྟོད་པ་ལས༔ ཀུན་རྟོག་ཐམས་ཅད་བསལ་བའི་ཕྱིར༔ སྟོང་ཉིད་བདུད་རྩི་སྟོན་མཛད་ནས༔ གང་ཞིག་དེ་ལ་ཞེན་གྱུར་པ༔ དེ་ཉིད་ཁྱོད་ཀྱིས་ཤིན་ཏུ་སྨད༔ ཅེས་དང་༔ བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས༔ སེམས་ཅན་ཐམས་ཅད་བདག་མེད་པར་ཡང་མོས་ལ༔ བསྡུ་བའི་དངོས་པོ་བཞིས་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་པ་དང་༔ ཆོས་ཐམས་ཅད་བརྗོད་དུ་མེད་པར་ཡང་རབ་ཏུ་ཤེས་ལ༔ ཡི་གེ་དང་ངེས་པའི་ཚིག་གིས་སེམས་ཅན་རྣམས་ལ་ཆོས་སྟོན་ཅིང་དམ་


CMR057_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཆོས་ཀྱང་ཡོངས་སུ་འཛིན་པ་དང་༔ སངས་རྒྱས་ཐམས་ཅད་ཆོས་ཀྱི་སྐུས་རབ་ཏུ་ཕྱེ་བར་ཡང་མོས་ལ༔ མཚན་དང་དཔེ་བྱད་བཟང་པོ་ཡོངས་སུ་བསྒྲུབ་པའི་ཕྱིར་བརྩོན་འགྲུས་ཀྱང་ཉམས་པར་མི་བྱེད་པ་དང་༔ སངས་རྒྱས་ཀྱི་ཞིང་ཐམས་ཅད་ལ་ནམ་མཁའི་ངོ་བོ་ཉིད་དུ་ཡང་རྟོགས་ལ༔ སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའི་ཕྱིར་རྩོལ་བ་ཡང་རྒྱུན་མི་གཅོད་པ་སྟེ༔ བྱང་ཆུབ་སེམས་དཔའ་ཆེན་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན༔ ཐབས་དང་ཤེས་རབ་ཡོངས་སུ་དག་པ་རྣམས་ཡིན་ནོ༔ ཞེས་དང་༔ འོད་སྲུང་གིས་ཞུས་པའི་མདོ་ལས༔ སྟོང་པ་ཉིད་ལ་ཡང་མོས་ལ༔ ལས་ཀྱི་རྣམ་པར་སྨིན་པ་ལ་ཡང་ཡིད་ཆེས་པ་དང་༔ དེ་དག་མེད་པར་ཡང་བཟོད་ལ་སེམས་ཅན་ཐམས་ཅད་ལ་ཡང་སྙིང་རྗེ་ཆེ་བ་དང་༔ དེའི་བསམ་པ་མྱ་ངན་ལས་འདས་པ་ལ་ཡང་གནས་ལ༔ སྦྱོར་བ་འཁོར་བ་ན་ཡང་གནས་པ་དང་༔ དེ་སེམས་ཅན་སྨིན་པར་བྱ་བའི་ཕྱིར་སྦྱིན་པའི་རྣམ་པར་སྨིན་པ་ལ་ཡང་མི་རེ་བ་སྟེ༔ འོད་སྲུང་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་ཡང་དག་པའི་ཡོན་ཏན་ནོ༔ ཞེས་དང་༔ འོད་སྲུང་གིས་ཞུས་མདོར་འོད་


CMR057_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

སྲུང་༔ བདག་ཏུ་ལྟ་བ་རི་རབ་ཙམ་ལ་གནས་པ་བླའི༔ མངོན་པའི་ང་རྒྱལ་ཅན་སྟོང་པ་ཉིད་དུ་ལྟ་བ་ནི་དེ་ལྟར་མ་ཡིན་ནོ༔ དེ་ཅིའི་ཕྱིར་ཞེ་ན་ལྟ་བར་གྱུར་པ་ཐམས་ཅད་ངེས་པར་འབྱིན་པ་ནི་སྟོང་པ་ཉིད་ཡིན་ཀྱང་༔ སྟོང་པ་ཉིད་ཁོ་ནར་ལྟ་བ་དེ་ནི་གསོར་མི་རུང་ཞེས་ངས་བཤད་དོ༔ ཞེས་དང་༔ ཀླུ་སྒྲུབ་ཀྱིས༔ སྟོང་པ་ཉིད་ལ་ལྟ་ཉེས་ན༔ ཤེས་རབ་ཆུང་རྣམས་ཕུང་བར་འགྱུར༔ ཇི་ལྟར་སྦྲུལ་ལ་བཟུང་ཉེས་དང་༔ རིག་སྔགས་ལོག་པར་སྒྲུབ་པ་བཞིན༔ ཞེས་དང་༔ དེ་དག་སོགས་མདོ་སྔགས་ཐུན་མོང་བའི་གོལ་ས་མང་པོ་དང་༔ ཁྱད་པར་སྔགས་ཀྱི་གོལ་ས་ལྟུང་བའི་སྒོ་དགུ་ནི༔ མདོ་སྡེ་ལས༔ བདུད་དང་སྲིན་པོ་རུ་ཏྲ་དང་༔ བགེགས་ཆེན་ཅན་དང་ཤོ་གམ་གནས༔ ལྷ་ཆེན་གནོད་སྦྱིན་མུ་སྟེགས་དང་༔ དམྱལ་བར་ཆད་པས་ལྟུང་བའི་སྒོ༔ ཞེས་དང་༔ དེའི་དོན་རྒྱས་པར་རང་བྱུང་བདེ་བའི་འཁོར་ལོ་ལས༔ གཞན་གྱི་བསམ་སྦྱོར་བཟང་པོ་ལ༔ བར་ཆད་བྱེད་པ་བདུད་ཡིན་ཏེ༔ མ་རྟོགས་སེར་སྣ་བྱེད་པ་ནི༔ བདུད་ཀྱི་སྒོར་ལྟུང་འཁོར་བར་འཁྱམས༔ ཞེས་དང་༔ མདོ་ལས༔ བདེ་གཤེགས་རྒྱལ་བ་སྒོམ་བཟླས་པས༔ ཆ་མཐུན་


CMR057_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

བཅོས་པའི་ཆོ་འཕྲུལ་ལྟར༔ གང་གི་དེར་བདག་དེར་རད་ནས༔ ལས་ཀྱི་སྲིན་པོའི་རིག་པ་འཛིན༔ ཞེས་ཁྲོ་བོ་ཨ་འཐས་ཐེར་གཟུགས་སུ་བསྒོམ་པའི་གོལ་ས་དང་༔ རང་བྱུང་བདེ་བའི་འཁོར་ལོ་ལས༔ མཉམ་ཉིད་མ་རྟོགས་རང་རྒྱུད་དུ༔ ཆགས་སྡང་ཕོ་ཚོད་སྤྱོད་པའི་ལམ་དུག་ལྔ་རང་རྒྱུད་སྤྱོད་ཉེས་པས༔ སྲིན་པོའི་སྒོར་ལྟུང་རྟག་ཏུ་འཁོར༔ ཞེས་དང་༔ ཅི་བཞིན་མ་ནོར་མ་རྟོགས་པས༔ ལྟ་ལོག་གཞན་གྱི་སློབ་དཔོན་བྱེད༔ རང་ཉིད་མི་ཤེས་གཞན་གྲོལ་བ༔ རུ་ཏྲའི་སྒོར་ལྟུང་རྟག་ཏུ་འཁོར་ཞེས་དང་༔ ངེས་དོན་འདུས་པའི་གཏེར་རྒྱུད་ལས༔ ལྟ་ལོག་སྤྱོད་ངན་སྣ་ཚོགས་བྱེད༔ རང་གིས་མི་ཤེས་གཞན་གྲོལ་བ༔ རུ་ཏྲའི་སྒོར་ལྟུང་རྟག་ཏུ་དམྱལ་བར་སྐྱེ༔ ཞེས་དང་༔ མདོ་ལས༔ ཤ་ཁྲག་ལ་སོགས་རྫ་ས་ཆེན་ལྔ༔ དངོས་པོ་ཁོ་ན་དེར་བཏགས་ན༔ འབྱུང་པོ་ཁྲག་གི་དྲི་བསྣམས་པའི༔ ལུས་ལེན་རིག་ནི་འཛིན་པ་ཡིན༔ ཞེས་དང་༔ ངེས་དོན་འདུས་པའི་གཏེར་རྒྱུད་ལས༔ མ་རྟོགས་ཕྲིན་ལས་ཅི་མཁས་ཀྱང་༔ ཚོགས་མ་མངོན་པར་འཛིན་པ་ཡི༔ རང་རྒྱུད་དམ་རྫས་མངོན་ཞེན་ཕྱིར༔ བགེགས་


CMR057_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

དང་བྱ་རོག་མངོན་ཞེན་ལྟུང་༔ ཞེས་དང་༔ མདོ་ལས༔ མཚན་མའི་མགོ་བརྙན་བླ་དགས་ཅན༔ དེ་འདྲར་གང་གིས་ངེས་བརྟགས་ན༔ ཤོ་གམ་བྱ་ཁྱི་གཅན་ཆེན་རིགས༔ ཞེས་དང་༔ ངེས་དོན་འདུས་པའི་གཏེར་ལས༔ རང་དབང་ཏིང་འཛིན་མ་ཐོབ་པས༔ སྟག་གི་བརྟག་དགོས་ལས་འཁོར་རིས་སུ་བཅད༔ བདག་ཉིད་འཁོར་དང་ཆེ་འདོད་པས༔ གཅན་ཆེན་ཤོ་གམ་རྟག་ཏུ་ལྟུང་༔ ཞེས་དང་༔ རྒྱན་དང་ཆ་ལུགས་ཐམས་ཅད་ཀུན༔ གང་གིས་དེ་དང་དེར་བརྟགས་ན༔ བྲམ་ཟེ་མི་སྡུག་ལུས་རིག་འཛིན༔ ཞེས་དང་༔ རང་བྱུང་བདེ་བའི་འཁོར་ལོ་ལས༔ ཐབས་ལམ་དབང་ལ་ཁུངས་བྱུང་སྟེ༔ འདོད་ཆགས་རང་ཁར་གཏན་སྤྱད་པས༔ ལྟ་བས་མ་ཟིན་བདེ་ལ་ཞོན༔ ལྷ་ཆེན་སྒོར་ལྟུང་འཁོར་བར་འཁྱམས༔ ཞེས་དང་༔ མདོ་ལས་༔ ལས་ཀྱི་དབང་བཙན་བྲན་མོའི་ཚོགས༔ དེ་འདྲ་ཉིད་དུ་ངེས་བཏགས་ན༔ གནོད་སྦྱིན་ནག་མོའི་ཚོགས་སུ་ལྟུང་༔ གཞན་གྱི་ཚེ་ལ་འཚེ་བ་ཡིན༔ ཞེས་དང་༔ བདེ་བའི་འཁོར་ལོ་ལས༔ གཞན་གྱི་ཆོས་ལ་ཕྲག་དོག་པས༔ ཡོན་ཏན་མང་དུ་ལྡན་གྱུར་ཀྱང་༔ རང་སེམས་སྙིང་པོ་མ་ནོད་ན༔


CMR057_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་སྦྱིན་སྒོར་ལྟུང་རྟག་ཏུ་འཁོར༔ ཞེས་དང་༔ བདེ་བའི་འཁོར་ལས༔ མ་རྟོགས་པ་དང་བདག་ཏུ་འཛིན༔ གསང་སྔགས་ལྟ་སྤྱོད་ཡིན་ཟེར་ནས༔ སེམས་ཅན་སྲོག་ལ་བརྩེ་སེམས་གཅོད༔ མུ་སྟེགས་རྟག་ཆད་སྒོར་ལྟུང་འཁྱམས༔ ཞེས་དང་༔ མདོ་ལས་དགའ་མགུར་སྤྱོད་ཅིང་འདོད་དགུར་འཇོལ༔ སྤྱོད་ཁང་ཙམ་དུ་བྱེད་པ་རྣམས༔ དམྱལ་ཆེན་འབར་བ་བཅོ་བརྒྱད་ཀྱིའང་༔ རྡོ་རྗེ་དམྱལ་བ་ཆེན་པོར་ལྟུང་༔ ཞེས་དང་༔ ངེས་དོན་འདུས་པའི་གཏེར་ལས༔ མ་རྟོགས་ལས་ཀྱི་རྩིང་སྤྱོད་པས༔ ལུས་ངག་ཡིད་ཀྱི་ཡིན་པའི་ཕྱིར༔ མི་དགེའི་ལས་ལ་སྤྱོད་པ་རྣམས༔ དམྱལ་བར་ངེས་འགྲོ་གཏན་དུ་འཁྱམས༔ ཞེས་དང་༔ ས་བོན་ཧཱུཾ་ཡིག་སོགས་ཐེར་ཟུག་བསྒོམ་པས་སྦྲུལ་དུ་སྐྱེ་བ་དང་༔ རྟོགས་པའི་ཡོན་ཏན་རྩ་རླུང་མེད་པར་ཆགས་ལམ་བསྟེན་ནས་མངལ་སྲིན་དུ་སྐྱེ་བ་སོགས་གསུངས་པས༔ དེས་ན་གསང་བའི་སྙིང་པོ་འདི༔ གོལ་ས་ཆེར་བར་རྒྱལ་བས་གསུངས༔ ཞེས་གསུངས་སོ༔ གཞན་ཡང་མཁའ་འགྲོ་མ་བློ་གྲོས་མ་དང་ལེགས་སྨིན་མ་གཉིས་ཀྱིས་ཚིགས་སུ་བཅད་དེ་སྨྲས་པ༔ སྟོང་པ་ཉིད་ལ་ཞེན་པ་


CMR057_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

ནི༔ མྱ་ངན་མི་འདའ་འདའ་མི་འགྱུར༔ གཟུགས་མེད་ཁམས་སུ་སྐྱེས་ནས་ཀྱང་༔ འགྲོ་བའི་དོན་བྲལ་འཁོར་བར་ལྟུང་༔ ཞེས་དང་༔ མཁའ་འགྲོ་མ་ཙིན་དྷ་མ་དང་ལ་མ་གཉིས་ཀྱིས༔ སྙིང་རྗེའི་ཞེན་པས་ཡིད་གདུང་སྟེ༔ སེམས་ནི་ངལ་སོས་གནས་དང་བྲལ༔ བདུད་ཀྱི་བྱིན་གྱིས་རླབས་པའི་ཕྱིར༔ ཤི་བས་དགའ་རབ་དབང་ཕྱུག་གོ༔ ཞེས་དང་༔ མཁའ་འགྲོ་མ་ན་ཏ་ཧི་དང་ཉེ་བ་ཅན་གཉིས་ཀྱིས༔ ཤེས་རབ་སྙིང་རྗེ་ཟུང་འཇུག་པ༔ རྟོགས་པས་མྱ་ངན་འདས་པ་སྟེ༔ འཁོར་དང་མྱ་ངན་འདས་སྤངས་ནས༔ མི་གནས་པ་ལ་མངོན་སངས་རྒྱས༔ ཞེས་དང་༔ འབངས་རྡོ་ཧ་བརྒྱ་དྲུག་ཅུ་པའི་གཞུང་ལས༔ ཕྱི་པ་དང་ནང་པའི་གྲུབ་མཐའ་འོག་མ་ཐམས་ཅད་ཀྱི་ཕྱག་རྒྱ་ཆེན་པོ་མི་རྟོགས་པར་གསུངས་པ་ནི༔ དེ་ཉིད་མ་ཤེས་བྲམ་ཟེ་ནི༔ ཅི་ཏར་རིག་བྱེད་གཞན་དག་འདོན༔ ས་ཆུ་ཀུ་ཤས་དག་བྱེད་དང་༔ ཁྱིམ་ན་གནས་ཤིང་མེ་ལ་བསྲེག༔ དོན་མེད་སྦྱིན་སྲེག་བྱེད་པ་ནི༔ དུ་བས་མིག་ལ་གནོད་པ་བས༔ དབྱུག་གུ་གསུམ་པོ་ལེགས་ལྡན་གཟུགས༔ ཐ་དད་པ་དང་ངང་པའི་བསྟན་བཅོས་དག༔ ཆོས་དང་ཆོས་མིན་མི་ཤེས་པར་མཉམ་


CMR057_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་༔ འགྲོ་བ་རྣམས་ནི་རྫུན་པ་ཉིད་དུ་གོལ༔ ཨེན་རིའི་ཐལ་བས་ལུས་བྱུག་ནས་༔ མགོ་ལ་རལ་པའི་ཁུར་བུ་ཁུར་ནས་ངུ་༔ ཁྱིམ་དུ་མར་མེ་བཏང་ནས་གནས༔ མཚམས་སུ་འདུག་ནས་དྲིལ་བུ་དཀྲོལ༔ སྐྱིལ་ཀྲུང་བྱས་ནས་མིག་བཙུམ་སྟེ༔ རྣ་བར་ཤུབ་ཤུབ་སྐྱེ་བོ་བསླུ་བར་བྱེད༔ ཁྱོ་མེད་སྐྲ་མེད་འདི་འདྲ་གཞན་ལ་སྟོན༔ དབང་རྣམས་བསྐུར་ཞིང་བླ་མའི་ཡོན་རྣམས་ལེན༔ སེན་མོ་རིང་ཞིང་ལུས་ལ་དྲི་མས་གཡོགས༔ གསོ་དང་བྲལ་ཞིང་སྐྲ་ནི་འབལ་བར་བྱེད༔ ནམ་མཁའི་ཡིད་ཀྱི་གནོད་བྱེད་ལམ་གྱི་གཟུགས༔ ཐར་པའི་ཆེད་དུ་བདག་ཉིད་གྲོལ་བྱེད་བསླུ༔ གཅེར་བུ་གལ་ཏེ་གྲོལ་འགྱུར་ན༔ ཁྱི་དང་ཝ་སོགས་ཅེས་མི་གྲོལ༔ སྤུ་བཏོགས་པ་ཡིས་གྲོལ་འགྱུར་ན༔ བུད་མེད་སྤུ་བཏོགས་གྲོལ་བར་རིགས༔ མཇུག་གུ་བསླང་བས་གྲོལ་འགྱུར་ན༔ རྨ་བྱ་གཡག་སོགས་གྲོལ་བར་རིགས༔ ལངས་ཏེ་ཟ་བས་གྲོལ་འགྱུར་ན༔ རྟ་དང་གླང་པོ་ཅི་ཕྱིར་མིན༔ མདའ་བསྣུན་ན་རེ་ནམ་མཁའི་ཡིད་ཅན་ལ༔ ཐར་པ་ནམ་ཡང་ཡོད་པ་མ་ཡིན་ཟེར༔ ཞེས་ཕྱི་རོལ་པས་དོན་དམ་མི་རྟོགས་པ་སྨོས་ཅི་དགོས་པར་གསུངས་ནས༔ ནང་


CMR057_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གྲུབ་མཐའ་འོག་མ་རྣམས་ཀྱིས་ཀྱང་མི་རྟོག་པར་གསུངས་པ་ནི༔ དོ་ཧ་མཛོད་ཉིད་ལས༔ བདེ་བ་དེ་ཉིད་དང་ནི་བྲལ་གྱུར་ཞིང་༔ ལུས་ཀྱི་དཀའ་ཐུབ་འབའ་ཞིག་རྩལ་ལྡན་པ༔ དགེ་ཚུལ་དགེ་སློང་གནས་བརྟན་ཞེས་བྱ་བའི༔ བནྡེ་རྣམས་ནི་དེ་ལྟར་རབ་བྱུང་ནས༔ ཁ་ཅིག་མདོ་སྡེ་འཆད་པར་བྱེད་ཅིང་འདུག༔ ལ་ལ་རོ་གཅིག་སེམས་གྱི་ཚུལ་འཛིན་མཐོང་༔ ཁ་ཅིག་ཐེག་ཆེན་དེ་ལ་རྒྱུ་བྱེད་སྟེ༔ དེ་དག་ཐམས་ཅད་གཞུང་ལུགས་འཆད་པའི་བསྟན་བཅོས་ཡིན༔ ཞེས་གསུངས་ཏེ་མཚན་ཉིད་ཐེག་པས་ཕྱག་རྒྱ་ཆེན་པོ་མི་རྟོགས་པར་མ་ཟད་དེ༔ སྔགས་ཀྱི་ཐེག་པ་འོག་མ་རྣམས་ཀྱིས་ཀྱང་མི་རྟོགས་པར་གསུངས་པ་ནི༔ དོ་ཧ་མཛོད་དེ་ཉིད་ལས༔ གཞན་ཡང་དཀྱིལ་འཁོར་འཁོར་ལོ་མ་ལུས་བསྒོམ༔ ཁ་ཅིག་ཞི་བའི་དོན་བྱེད་ས་ལ་ཞུགས༔ ལ་ལ་ནམ་མཁའི་མཐའ་ལ་རྟོགས་པར་སྣང་༔ གཞན་དག་སྟོང་ཉིད་ལྟ་བར་བྱེད་པ་སྟེ༔ ཕལ་ཆེར་མི་མཐུན་ཕྱོགས་ལ་ཞུགས་པ་ཡིན། ལྷན་ཅིག་སྐྱེས་བྲལ་གཞན་གང་གིས༔ མྱ་ངན་འདས་གང་སྒོམ་བྱེད་པ༔ དེ་དག་འགས་ཀྱང་དོན་དམ་ནི༔ གཅིག་ཤོས་འགྲུབ་པར་མི་འགྱུར་རོ༔ གང་ཞིག་གང་ལ་མོས་པར་


CMR057_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པ་དེས༔ བསམ་གཏན་གནས་པས་ཐར་པ་ཐོབ་བམ་ཅི༔ མར་མེ་ཅི་དགོས་ལྷ་བཤོས་དེ་ཅི་དགོས༔ དེ་ལ་ཅི་བྱ་གསང་སྔགས་བརྟེན་ཅི་དགོས༔ འབབ་སྟེགས་འགྲོ་དང་དཀའ་ཐུབ་ཅི་དགོས་ཏེ༔ ཆུ་ལ་ཞུགས་པས་ཐར་བ་ཐོབ་བམ་རྱ༔ སྙིང་རྗེ་དང་བྲལ་སྟོང་པ་ཉིད་ཞུགས་གང་༔ དེས་ནི་ལམ་མཆོག་རྙེད་པ་མ་ཡིན་ནོ༔ འོན་ཏེ་སྙིང་རྗེ་འབའ་ཞིག་བསྒོམ་ན་ཡང་༔ འཁོར་བ་འདི་ནས་ཐར་པ་ཐོབ་མི་འགྱུར༔ གང་ཡང་གཉིས་པོ་སྦྱོར་བར་ནུས་པ་དེ༔ འཁོར་བར་མི་གནས་མྱ་ངན་འདས་མི་གནས༔ ཀྱེ་ལགས་གང་སྨྲས་རྫུན་པས་ལོང་བ་དེ་བོར་ལ༔ གང་ལ་ཞེན་པ་ཡོད་ན་དེ་ཡང་ཐོངས༔ ཞེས་དང་༔ དེ་དག་གི་དོན་ཨོ་རྒྱན་རིན་པོ་ཆེས་གསལ་བར་གསུངས་ཏེ༔ ཀྱེ་ཧོ་སྐལ་ལྡན་བུ་རྣམས་ཚུར་ཉོན་དང་༔ སེམས་ཞེས་བྱ་བའི་སྒྲ་བོ་ཆེ༔ འདི་ལ་མ་རྟོགས་ལོགས་རྟོག་ཕྱོགས་རྟོགས་དང་༔ ཡང་དག་ཅི་བཞིན་ཉིད་དུ་མ་རྟོགས་པས༔ གྲུབ་མཐའི་འདོད་པ་བསམ་གྱིས་མི་ཁྱབ་འབྱུང་༔ དེ་ཡང་སོ་སོ་སྐྱེ་བོ་ཐ་མལ་པ༔ མ་རྟོགས་རང་ངོ་རང་གིས་མ་ཤེས་པས༔ ཁམས་གསུམ་རྒྱུད་ལ་འཁོར་ཞིང་སྡུག་བསྔལ་སྤྱོད༔


CMR057_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་རང་སེམས་འདི་ཉིད་མ་རྟོགས་སྐྱོན༔ ཕྱི་རོལ་མུ་སྟེགས་ལོག་པར་རྟོག་པ་སྟེ༔ རྟག་ཆད་མཐའ་ལ་ལྟུང་བས་ཕྱིན་ཅི་ལོག༔ དེ་ཡང་རང་སེམས་འདི་ཉིད་མ་རྟོགས་སྐྱོན༔ ཉན་ཐོས་རང་རྒྱལ་དཔག་མེད་སར༔ རྟོགས་པར་འདོད་ཀྱང་ཅི་བཞིན་ཉིད་མ་རྟོགས༔ གཞན་ཡང་རང་རང་གཞུང་དང་གྲུབ་མཐའ་ཡི༔ འདོད་པས་བཅིངས་པས་འོད་གསལ་མ་མཐོང་སྒྲིབ༔ ཉན་ཐོས་རང་རྒྱལ་གཟུང་འཛིན་ཞེན་པས་སྒྲིབ༔ དབུ་མ་བདེན་གཉིས་མཐའ་ལ་ཞེན་པས་སྒྲིབ༔ ཀྲི་ཡོག་བསྙེན་སྒྲུབ་མཐའ་ལ་ཞེན་པས་སྒྲིབ༔ མ་ཧཱ་ཨ་ནུ་དབྱིངས་རིག་ཞེན་པས་སྒྲིབ༔ གཉིས་མེད་དོན་ལ་གཉིས་སུ་ཞེན་པས་གོལ༔ གཉིས་མེད་གཅིག་ཏུ་མ་གྱུར་སངས་མི་རྒྱ༔ ཐམས་ཅད་རང་སེམས་འཁོར་འདས་དབྱེར་མེད་ལ༔ སྤང་བླང་འདོར་ལེན་ཐེག་པས་འཁོར་བར་འཁྱམས༔ ཞེས་དང་༔ གང་གཱ་མ་ལས༔ སྔགས་སུ་སྨྲ་དང་ཕ་རོལ་ཕྱིན་པ་དང་༔ འདུལ་བ་མདོ་སྡེ་སྡེ་སྣོད་ལ་སོགས་པ༔ རང་རང་གཞུང་དང་གྲུབ་པའི་མཐའ་ཡིས་ནི༔ འོད་གསལ་ཕྱག་རྒྱ་ཆེན་པོ་མཐོང་མི་འགྱུར༔ ཞེ་འདོད་འབྱུང་བས་འོད་གསལ་མ་མཐོང་སྒྲིབ༔ རྟོག་པའི་བསྲུང་སྡོམ་དམ་ཚིག་དོན་ལ་


CMR057_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས༔ ཡིད་ལ་མི་བྱེད་ཞེ་འདོད་ཀུན་དང་བྲལ༔ རང་བྱུང་རང་ཞི་ཆུ་ཡི་པ་ཏྲ་འདྲ༔ མི་གནས་མི་དམིགས་དོན་ལས་མི་འདའ་ན༔ དམ་ཚིག་མི་འདའ་མུན་པའི་སྒྲོན་མེ་ཡིན༔ ཞེ་འདོད་ཀུན་བྲལ་མཐའ་ལ་མི་གནས་ན༔ སྡེ་སྣོད་ཆོས་རྣམས་མ་ལུས་མཐོང་བར་འགྱུར༔ ཞེས་གསུངས་སོ༔ འོ་ན་དེ་ལྟར་གོལ་ས་ཤིན་ཏུ་མང་བ་ཅིས་ལན་ན་རང་རིག་ལྷན་སྐྱེས་ཡེ་ཤེས་བཀའ་རྫོགས་པ་ཆེན་པོ་མ་རྟོགས་པས་ལན༔ རྫོགས་པ་ཆེན་པོ་ཁྲེགས་ཆོད་ཀྱི་ངོ་ལེགས་པར་འཕྲོད་ན༔ གོལ་ས་ཐམས་ཅད་དུས་གཅིག་ལ་ཆོད་དེ༔ ངེས་དོན་འདུས་པ་ལས༔ ཉི་ཤར་མུན་སྒྲིབ་མེད་པ་བཞིན༔ རང་བྱུང་ཆོས་སྐུ་དོན་རྟོགས་པས༔ གོལ་སྒྲིབ་ཡུལ་སེམས་གཞི་ནས་དག༔ ཆོས་ཀུན་སེལ་མེད་བྱང་ཆུབ་སྐུ༔ ཞེས་དང་༔ ནམ་མཁའ་ཀློང་ཡངས་ལས༔ ཤེས་པ་རང་ལུགས་འདི་ཉིད་ལས༔ ཅི་ཡང་མི་སྒོམ་ད་ལྟ་ཉིད༔ འདུ་ཤེས་མ་བཟུང་འོད་གསལ་བའི༔ ཡེ་ཤེས་ཟང་ཐལ་ཉམས་པ་མེད༔ ཅེས་དང་༔ དེ་ཉིད་ལས༔ བྱུང་ཚོར་རྗེས་སུ་མ་འབྲང་བས༔ འཇིག་རྟེན་ཕལ་པའི་སར་མི་གོལ༔ སྒོ་ལྔའི་ཤེས་པ་མི་འགགས་པས༔ འདུ་


CMR057_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་མེད་པར་དེ་མི་གོལ༔ ཤེས་རབ་ཟབ་མོའི་དོན་འཛིན་པས༔ ལུང་དུ་མ་བསྟན་དེར་མི་གོལ༔ ཞི་གནས་རོ་ལ་མ་ཞེན་པས༔ སེམས་འཛིན་བསམ་གཏན་སར་མི་གོལ༔ ཡོད་མེད་ཡུལ་དུ་མ་བསྒོམས་པས༔ རྟག་ཆད་མཐའ་ནི་དེ་མི་གོལ༔ རྣམ་རྟོག་མ་སྤངས་རང་ཞི་བས༔ ཉན་ཐོས་འགོག་པར་དེ་མི་གོལ༔ རྟོག་འགག་སྟོང་པར་མ་བསྒོམས་པས༔ རང་རྒྱལ་སེམས་སུ་དེ་མི་གོལ༔ རང་རིག་སྐད་ཅིག་མ་བསྒོམས་པས༔ དབུ་མ་གཉིས་སུ་དེ་མི་གོལ༔ དགའ་བཞིའི་ཏིང་འཛིན་མ་བསྒོམས་པས༔ ཀྲི་ཡའི་ཐེག་པར་དེ་མི་གོལ༔ ཆོས་ཉིད་དབྱིངས་ཀྱི་ཡེ་ཤེས་ཀྱི༔ ཆོ་འཕྲུལ་ལྷ་ཡི་ང་རྒྱལ་གྱི༔ བྱང་ཆུབ་རྣམ་ལྔར་མ་བསྒོམས་པས༔ ཡོ་གའི་སེམས་དཔར་དེ་མི་གོལ༔ ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི༔ རྟོག་ཚོགས་རྣམ་གྲངས་མང་པོ་ཡི༔ རྣམ་རྟོག་ལྷར་ནི་མ་བསྒོམས་པས༔ མ་ཧཱ་ཡོ་གར་དེ་མི་གོལ༔ ཀུན་ནས་དག་པའི་མཁའ་ཀློང་དུ༔ བདེ་ཆེན་གཉིས་མེད་རིག་པའི་རྩལ༔ འདུ་འབྲལ་མེད་འཇོག་ཡིད་མེད་པས༔ ཨ་ནུ་ཡོ་གར་དེ་མི་གོལ༔ ཞེས་གསུངས་སོ༔ དེས་དོན་ཐམས་ཅད་ཁྲོལ་བ་ཡིན་མོད་ཀྱང་༔ ཅུང་ཟད་གོ་བདེ་བར་


CMR057_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲོ་ན༔ སེམས་ལ་རྣམ་པར་རྟོག་པ་གང་ཤར་གྱི་རྗེས་སུ་འབྲང་ནས་ལས་དགེ་སྡིག་སོགས་བསགས་ན་ཐ་མལ་སྐྱེ་བོར་གོལ་བ་ཡིན་པས༔ རྣམ་རྟོག་རང་ངོར་བལྟས་པས་རང་ཞིར་བཏང་སྟེ་དེའི་རྗེས་སུ་མི་འབྲང་བས་སེལ་ལོ༔ སེམས་ལ་རྣམ་རྟོག་འཕྲོ་བ་མི་རུང་སྙམ་ནས་རྣམ་རྟོག་བཀག་པས་ཡིད་ལ་ཅི་ཡང་མི་འགྱུ་བར་གནས་ཤིང་དེའི་ངོ་བོ་ལ་ལྟ་ཡང་མི་ཤེས་ལ༔ དབང་པོ་སྒོ་ལྔ་མི་གསལ་ན་ཞི་གནས་འཐོམ་པར་གོལ་བས་འགྱུ་བ་ཆེད་དུ་མི་བཀག་གང་ཤར་ངོ་བོ་ལ་བལྟའོ༔ ཡིད་ལ་དྲན་བསམ་མེད་ཅིང་རང་ངོ་མ་མཐོང་བར་ལྷོད་དེ་བསྡད་ན་ལུང་མ་བསྟན་དུ་གོལ་བས༔ མ་ཡེངས་ཙམ་དུ་རང་ངོ་བལྟའོ༔ རང་ངོ་ཡང་མ་མཐོང་བར་ཡིད་འགྱུ་བ་རགས་པ་རྣམས་མི་འགྱུ་ལ༔ སེམས་རྩེ་གཅིག་ཏུ་གནས་པའི་དགའ་བདེས་ལུས་ཁྱབ་པ༔ དེ་ཡང་གསལ་སེང་ངེ་བ་མར་མེ་རླུང་གིས་མ་བསྐྱོད་པ་ལྟ་བུ༔ དེ་ལ་ཞེན་ཆགས་འཛིན་པ་ཕྲའུ་རེ་རེས་འཆིང་པས་ལྷག་མཐོང་གི་ཡེ་ཤེས་མ་མཐོང་བ༔ དེ་ཡང་གོང་ནས་གོང་དུ་མཚན་འཛིན་རྟོག་པ་ཆེ་ཆུང་དུ་སོང་བས་ནི་བསམ་གཏན་དང་པོ་དང་གཉིས་པ་དང་གསུམ་པ་དང་བཞི་པར་གོལ་ལོ༔ དེ་ལ་ཏིང་ངེ་


CMR057_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་མི་གཡོ་བ་རྒྱ་མཚོ་རླུང་གིས་མ་བསྐྱོད་པ་ལྟ་བུ་མེ་རེ་འཁྱིལ་ལེ་བ་བདེ་བ་གསལ་བ་ཅི་ཤར་ཡང་༔ དེ་ལ་ཞེན་ཆགས་མེད་པར་དེ་རང་གི་ངོ་བོ་ལ་ཧྲིག་གེ་བལྟས་པས༔ ཞི་གནས་དེའི་ངོ་བོ་སྟོང་ཉིད་དུ་ལྷག་གེར་མཐོང་༔ ཞི་ལྷག་གཉིས་སོ་སོ་ཐ་མི་དད་དུ་རྟོགས་པས་སེལ་ཏེ་ཏིང་ངེ་འཛིན་རྩལ་རྫོགས་པར་འགྱུར་རོ༔ སེམས་རྟག་པ་ཐེར་ཟུག་མི་ཤིགས་པ་ཡིན་སྙམ་པ་དང་༔ སེམས་མེད་པ་སྟེ་ཅི་ཡང་མེད་དོ་སྙམ་པའི་ཞེན་འཛིན་མེད་པར་ཁོ་རང་མ་བཅོས་པའི་རང་ངོར་བལྟས་པས་རྟག་ཆད་དུ་མི་གོལ་ལོ༔ རྣམ་རྟོག་ཆེད་དུ་བཀག་ནས་མི་རྟོག་ཡེ་ཤེས་ཁོ་ན་བསྒོམ་ན་ཉན་ཐོས་ལ་གོལ་ཏེ༔ རྣམ་རྟོག་མི་བཀག་རང་ངོ་གང་ཤར་སྐྱེ་གྲོལ་དུས་མཉམ་ཆུ་དང་རླབས་ལྟར་བསྒོམ་པས་སེལ་ལོ༔ རྣམ་རྟོག་ཕྱི་ཡི་ཡུལ་ལ་འཕྲོ་བ་བཀག་ནས་ནང་གི་རིག་པ་སྟོང་ཉིད་ངོ་བོའི་སྟེང་དུ་བཞག་ན་རང་རྒྱལ་དུ་གོལ་ཏེ༔ ཕྱི་ཚོགས་དྲུག་གི་རྣམ་རྟོག་མི་བཀག་སྟེ་རང་ཤར་རང་གྲོལ་དུ་བྱས་པས་སེལ་ལོ༔ གྲུབ་མཐའ་འོག་མ་ཐམས་ཅད་བཀག་ནས་རང་ལུགས་སྨྲ་བསམ་བརྗོད་མེད་དུ་ལུང་དང་རིགས་པས་གཏན་ལ་ཕབས་ཏེ༔ སྟོང་ཉིད་ཀྱི་ངེས་ཤེས་ཙམ་ལ་བློ་འཇོག༔ ཡང་ལུང་


CMR057_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ཀྱིས་ཕྱི་ནང་དངོས་པོ་ཐམས་ཅད་སྟོང་ཉིད་དུ་གཏན་ལ་ཕབས་ཤིང་དེའི་ངེས་ཤེས་ལྷང་གིས་སྐྱེས་ཙམ་ན་དེའི་ངང་ལ་མཉམ་པར་འཇོག་པ་ནི་ཀུན་རྫོབ་དང་དོན་དམ་གྱི་བདེན་གཉིས་དབྱེ་བ་ཙམ་ལ་ཞེན་ཅིང་གོ་བ་སྐམ་པོ་ཡིན་པས༔ རང་རིག་མ་བཅོས་ཀ་དག་དེ་ལ་སྟོང་ཉིད་དང་བདེན་གཉིས་ཟུང་འཇུག་གི་འཛིན་པ་མེད་པར་སྐྱོང་བས་ཟློསེལ་ལོ༔ རང་ཐ་མལ་པ་ལ་ལྷ་ཡེ་ཤེས་པ་ཕྱི་རོལ་ནས་སྤྱན་འདྲེན་ཅིང་བྱིན་རླབས་ཞུ་བའི་ངེས་ཤེས་སུ་འཛིན་ན་སྔགས་ཕྱི་པར་གོལ་ཏེ༔ རང་སེམས་སངས་རྒྱས་སུ་ཐག་ཆོད་པས་དེར་མི་གོལ༔ སྔགས་དང་ཕྱག་རྒྱ་དང་ལྷའི་རྣལ་འབྱོར་སོགས་ལ་མཚན་མར་འཛིན་པ་དང་༔ ཕྱི་ནང་སྣོད་བཅུད་ལྷའི་དཀྱིལ་འཁོར་དུ་བསྒོམ་པ་སོགས་ཀྱང་ཞེན་འཛིན་དང་མ་བྲལ་ན་མ་ཧཱ་ཡོ་ག་སྟེ༔ དེ་ཐམས་ཅད་ནམ་མཁའ་ལ་འཇའ་ཚོན་ལྟར་སེམས་ཀྱི་ཆོ་འཕྲུལ་ཙམ་དུ་ཤེས་པས་གྲོལ་ལོ༔ ལུས་ཀྱི་རྩ་རླུང་ཐིག་ལེ་ཡེ་ནས་ལྷའི་དཀྱིལ་འཁོར་ཡིན་པ་ལ་ཡང་རང་རྒྱུད་ཨ་འཐས་སུ་ཞེན་ན་གོལ་ས་སྟེ༔ དེ་ཐམས་ཅད་རང་བཞིན་མེད་པར་སྐྱེ་མེད་དུ་ཤེས་པས་གྲོལ་ལོ༔ མདོར་ན་གང་ལ་ཞེན་པ་དེ་འཆིང་བ་ཡིན་པས༔ རྫོགས་པ་


CMR057_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོའི་ལྟ་སྒོམ་ནི་མཆོག་ཡིན་ནོ༔ བདག་གི་བསྒོམ་པ་འདི་ནི་ཐེག་པའི་ཡང་རྩེ་བྱར་མེད་བློ་འདས་ཡིན་ནོ་སྙམ་དུ་ངེས་ཤེས་ཀྱི་ཞེན་འཛིན་གྱིས་འཆིང་སྟེ༔ ཡིད་ལ་མི་བྱེད་ཞེ་འདོད་ཀུན་དང་བྲལ༔ ཞེས་པ་ལྟར་ཉམས་སུ་ལེན་པས་ལྟ་སྒོམ་གྱི་གོལ་ས་ཐམས་ཅད་ཆོད་དོ༔ དེ་ནས་སྤྱོད་པའི་གོལ་ས་ནི༔ དུག་ལྔ་ཡེ་ཤེས་ལྔ་དུག་གསུམ་སྐུ་གསུང་ཐུགས་སོགས་ཟེར་བའི་དོན་མ་གོ་བར༔ དུག་ལྔ་རང་རྒྱུད་ཐ་མལ་དུ་འབྱོལ་ཉོག་སྤྱོད་ན་ནག་པོ་ཁ་འབྱམས་བདུད་ཀྱི་ལྟ་བ་སྟེ༔ དུག་ལྔ་སྤང་ན་ཉན་ཐོས་དང་ཐེག་པ་འོག་མ་ཡིན་པས་དུག་ལྔའི་རང་ངོ་བལྟས་པས་ཡེ་ཤེས་སུ་འཆར་རོ༔ སེམས་ཉིད་སྟོང་པར་རྟོགས་ཀྱང་སེམས་ནམ་མཁའ་ལྟར་སྟོང་པ་ལ་དགེ་སྡིག་གི་ཕན་གནོད་མེད་སྙམ་ནས་དགེ་བ་མི་སྒྲུབ་སྡིག་པ་མི་སྤང་བ་ཧྭ་ཤང་ལྟ་བ་སྟོང་ལྟ་ཧད་པོ་སྟེ༔ ལྟ་བ་ནམ་མཁའ་ལྟར་རྟོགས་ཀྱང་སྡིག་པ་ཕྲ་མོ་ལ་ཡང་འཛེམ༔ དགེ་བ་ཅི་འགྲུབ་འབད་པས་སེལ་ལོ༔ ནད་གདོན་གེགས་སེལ་ལ་ཡང་༔ ནད་ཀྱི་ཟུག་གཟེར་ནའོ་སྙམ་པའི་རྟོག་པ་དེ་རང་གི་ངོ་བོ་ལ་བལྟས་མཉམ་པར་བཞག་པས༔ བདེ་དུས་བསྒོམ་པ་ལས་བོགས་དང་ཡོན་ཏན་ཆེ་ཞིང་སྒྲིབ་པ་དག་ཕུལ་ཆེ་བས་


CMR057_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

ནད་ཀྱང་ཇེ་བདེར་འགྱུར་རོ༔ གདོན་གྱི་གནོད་པ་ལ་འདིས་གནོད་དོ་སྙམ་པའི་ངོ་བོ་ལ་བལྟས་ཏེ་སྟོང་པར་གྲོལ་བ་དང་༔ གདོན་གྱི་རྩ་བ་རྣམ་རྟོག་རང་ཡིན་པས་རྣམ་རྟོག་རང་སར་གྲོལ་ན་གདོན་ཀྱང་ཞིའོ༔ ཏིང་ངེ་འཛིན་གྱི་གེགས་བྱིང་རྒོད་གཉིས་ཏེ་བྱིང་རྨུགས་ལ་ལྟ་སྟངས་བསྟོད་ཅིང་ལུས་སྒྲིམ་རིག་པ་ཧུར་ཕྱུང་ལ་བསྒོམ་པ་དང་༔ འཕྲོ་རྒོད་ཆེ་ན་ལུས་སེམས་བག་ཀློད་དེ་བསྒོམ་པར་གསུངས་ཀྱང་༔ གཙོར་བྱིང་རྨུགས་སམ་འཕྲོ་རྒོད་གང་བྱུང་དེ་ཉིད་ཀྱི་ངོ་བོ་ལ་གཅེར་རེ་བལྟས་པས་སྟོང་ཉིད་དུ་ལྷག་གིས་མཐོང་བ་དེ་རང་བོགས་ཆེ་སྟེ༔ སྤང་བླང་དང་བསལ་བཞག་མེད་པར་མ་བཅོས་པ་ཉིད་དངོས་གཞིའི་ཉམས་ལེན་ཡིན་ནོ༔ བྱམས་སྙིང་རྗེ་མེད་ན་ལྟ་བ་རྟོགས་ཀྱང་ཐེག་དམན་ཡིན་བྱམས་སྙིང་རྗེ་བསྒོམ་ཞིང་དེ་ཡང་སྟོང་ཉིད་ཀྱི་རྩི་དང་མ་བྲལ་བར་བྱའོ༔ ལྟ་བ་ངེས་པར་རྟོགས་ན་དེ་ལྟར་མ་རྟོགས་པའི་སེམས་ཅན་རྣམས་ལ་རང་ཤུགས་ཀྱིས་སྙིང་རྗེ་སྐྱེ་བ་ཡིན་པས༔ སེམས་ཅན་ལ་ཕན་པའི་སྨོན་ལམ་རྒྱ་ཆེན་པོ་ཡང་གདབ་པར་བྱའོ༔ སྟོང་ཉིད་སྙིང་རྗེ་གཉིས་ཡོད་ཀྱང་ཡི་དམ་གྱི་ལྷ་མ་བསྒོམས་ན་མདོའི་ཉམས་ལེན་དང་ཁྱད་པར་


CMR057_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པས༔ སྟོང་ཉིད་ཀྱི་ངང་ལས་ནམ་མཁའ་ལ་འཇའ་ཤར་བ་ལྟར་བསྒོམ་སྟེ༔ དེ་ཡང་སྟོང་ཉིད་ཀྱི་རྩི་དང་མ་བྲལ་བར་བྱས་པས་བསྐྱེད་རྫོགས་ཟུང་འཇུག་ཏུ་འགྱུར་ལ༔ གལ་ཏེ་དེ་ལྟར་མི་ལྕོགས་ན་བསྐྱེད་རིམ་སྟོང་པར་བསྡུས་ནས་སྟོང་ཉིད་ལ་མཉམ་པར་བཞག་གོ༔ དེ་ལྟར་དགེ་སྦྱོར་ཐམས་ཅད་ཀྱི་ཐོག་མར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པར་བྱ་སྙམ་པའི་སེམས་བསྐྱེད༔ དངོས་གཞིའི་སྐབས་སུ་ཞི་ལྷག་ཟུང་འཇུག་གམ༔ བསྐྱེད་རྫོགས་ཟུང་འཇུག༔ བདེ་སྟོང་ཟུང་འཇུག་གསལ་སྟོང་ཟུང་འཇུག་སོགས་སུ་ཡ་མ་བྲལ་བར་ཉམས་སུ་ལེན་ཅིང་༔ མཐར་བྱང་ཆུབ་ཐོབ་པའི་བསྔོ་བས་རྒྱས་བཏབ་པས་གེགས་དང་གོལ་ས་གང་ཡང་མེད་དོ༔ དེ་ཡང་རང་རེ་རྫོགས་པ་ཆེན་པོ་ཐེག་པ་དགུའི་ཡང་རྩེ་ཡིན་པས་གོལ་ས་ཐམས་ཅད་ལས་གྲོལ་མོད༔ འོན་ཀྱང་དོན་ཅི་ལྟ་བར་མ་རྟོགས་ནས་གོ་བ་ཅུང་ཟད་ལོག་ན་གོལ་ས་མང་དུ་འགྱུར་ཉེན་ཆེ་སྟེ༔ སེམས་བྱུང་གནས་འགྲོ་གསུམ་དབྱིབས་ཁ་དོག་མ་གྲུབ་པར་ངོ་སྤྱད་པས༔ ལུས་ཞིག་ནས་སེམས་སྟོང་པ་ནམ་མཁའ་དང་འདྲ་བས་ལས་དགེ་སྡིག་བསགས་པའམ་གནས་པའི་རྟེན་མེད་སྙམ་ན༔ མུ་


CMR057_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

སྟེགས་རྒྱངས་འཕེན་པའི་ལྟ་བ་དང་ཕྱོགས་མཐུན་དུ་གོལ་བས༔ ངོ་བོ་སྟོང་ཉིད་ནམ་མཁའ་ལྟར་དག་ཀྱང་རྣམ་པ་རྒྱུ་འབྲས་ཀྱི་རྟེན་འབྲེལ་བསླུ་མེད་དུ་ཤེས་པར་བྱའོ༔ ཡང་རྒྱུ་བསོད་ནམས་ཀྱི་ཚོགས་ཀྱི་ཕན་ཡོན་ཕྱོགས་རེ་ལ་ཞེན་ནས༔ སངས་རྒྱས་རྒྱུ་གཞན་དང་རྐྱེན་གཞན་གྱིས་ཐོབ་པར་སེམས་ན་གོལ་ཏེ་ཐེག་པ་ཆེན་པོ་རྡོ་རྗེ་སྙིང་པོའི་རྩ་བ་རྒྱུ་བདེ་གཤེགས་སྙིང་པོ་ཡེ་ནས་རང་ལ་གནས་པ་ཤེས་དགོས༔ དེ་མ་གོ་ན་ནང་པའི་མུ་སྟེགས་ཞེས་བྱའོ༔ སྙིང་དཀྱིལ་དུ་ཀུན་བཟང་སོགས་རང་རྒྱུད་པ་རྟག་བརྟན་དངོས་པོ་ཅན་ཡོད་པར་འདོད་ན་མུ་སྟེགས་བདག་ལྟ་ཅན་དང་ཆ་མཐུན་དུ་གོལ་བས༔ རྒྱུ་བདེ་གཤེགས་སྙིང་པོ་ཀུན་ཏུ་བཟང་པོ་ཡོད་མེད་རྟག་ཆད་ལས་འདས་པ་དེ་ཉིད་ཀུན་ཏུ་བཟང་པོར་གསུངས་པ་ཤེས་པར་བྱའོ༔ འཁོར་འདས་ཐམས་ཅད་ཀྱི་རྩ་བ་སེམས་སུ་ངོ་སྤྲད་པས༔ ཡོད་མེད་ལས་གྲོལ་བ་ཐམས་ཅད་ཀྱི་བྱེད་པ་པོ་སེམས་དེ་དངོས་པོ་འགྱུར་མེད་ཅིག་ཡོད་སྙམ་ན་མུ་སྟེགས་རྟག་ལྟ་དང་ཆ་མཐུན་དུ་གོལ་བས༔ སེམས་དེ་ཡོད་མེད་སྐྱེ་འགགས་དང་བྲལ་ཏེ་དངོས་པོ་བདེན་གྲུབ་མེད་པར་ཤེས་པར་བྱའོ༔ ཐམས་ཅད་སེམས་སུ་ངོ་སྤྲད་


CMR057_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཐམས་ཅད་སེམས་ལས་བྱུང་ཞིང་སེམས་འབྲས་བུ་ཡིན་པ་དང་རྟོག་པ་བྱས་འགྱུར་དང་རིག་པ་ཡེ་ཤེས་ཡིན་པར་མངོན་པར་ཞེན་ན་བདག་ལྟ་དང་ཆ་མཐུན་དུ་གོལ་བས༔ ཆོས་ཐམས་ཅད་སེམས་ཉིད་རང་སྣང་རྒྱུ་འབྲས་གཉིས་མེད་རང་རིག་ཕྱི་ནང་མཐའ་དབུས་མེད་པར་ཤེས་པར་བྱའོ༔ ཡི་དམ་གྱི་ལྷ་དངོས་པོར་ཞེན་ནས་དེ་མཆོད་པས་བདེ་ལེགས་དང་མ་བསྔལ་འབྱུང་བར་ཞེན་ན་མུ་སྟེགས་དབང་ཕྱུག་པ་དང་ཆེ་མཐུན་དུ་གོལ་བས༔ ཡི་དམ་གྱི་ལྷ་སེམས་ཀྱི་རྩལ་སྔངས་སྐྱེ་མེད་གཉིས་མེད་རང་གྲོལ་དུ་ཤེས་པར་བྱའོ༔ ཡང་འགའ་ཞིག་ཁྲུས་དང་གཙང་སྦྲ་སོགས་ཀྱིས་སྒྲིབ་པ་དག་སྙམ་ནས་མཆོད་ཁང་སོགས་ཕྱི་བདར་དགེ་སྦྱོང་དུ་རློམ༔ ཕྱི་རོལ་ཤེས་བྱ་རྣམས་བསླབ་ན་ཤེས༔ སེམས་ཀྱི་ངོ་བོ་བདེར་གཤེགས་སྙིང་པོ་ཕྲ་ཞིང་ཕྲ་བ་ཞིག་ཡོད་པ་རྟོགས་དཀའ༔ ད་ལྟའི་སེམས་སྣ་ཚོགས་སུ་འཕྲོ་བ་ནི་ལུང་མ་བསྟན་ཡིན་སངས་རྒྱས་ཀྱི་རྒྱུ་མ་ཡིན་ཟེར་བ་མང་སྟེ༔ དེ་ནི་མུ་སྟེགས་ཁྱབ་མཇུག་གི་རྗེས་འབྲང་དང་ཆ་མཐུན་དུ་གོལ་ད་ལྟ་སེམས་ཀྱི་ངོ་བོ་འདི་བསྐྱང་བས་རྟོགས་པ་ཁྱད་པར་ཅན་འཁྲུངས་པར་ཤེས་པར་བྱའོ༔ རྫོགས་ཆེན་ནས་སེམས་དང་རིག་


CMR057_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

པ་གནས་སོ་སོ་སོགས་གསུངས་པ་ནི་སེམས་ཀྱི་ངོ་བོ་དག་པ་དང་མ་དག་དྭངས་སྙིགས་ཕྱེ་བ་ཡིན་གྱི༔ སེམས་དང་ངོ་བོ་ཡེ་ནས་མི་གཅིག་པའི་མི་སྤུན་གཉིས་འདྲ་བར་འདོད་ན་ནི་མུ་སྟེགས་ཞོར་བྱུང་དང་ཆ་མཐུན་པས༔ དྭངས་སྙིགས་མ་གཏོགས་སོ་སོར་གཉིས་མ་ཡིན་པར་ཤེས་པར་བྱའོ༔ སྙིང་དཀྱིལ་དུ་དྭངས་མ་ལྔ་ལྡན་གྱི་ཐིག་ལེ་གསུངས་པ་ཡང་རྫས་སུ་མ་གྲུབ་པའི་སྣང་སྟོང་ཡིན་གྱི༔ རྡུལ་ཕྲ་རབ་འཚོགས་པའི་དངོས་པོ་ཅན་དུ་འདོད་ན་མུ་སྟེགས་དང་ཆ་མཐུན་པས༔ རྟེན་འབྲེལ་སྒྱུ་མ་ཙམ་དུ་ཤེས་པར་བྱའོ༔ ཆོས་སྐུའི་ཞིང་ཁམས་ནམ་མཁའ་དང་མཉམ་ལོངས་སྐུའི་ཞིང་ཁམས་ལྷུན་གྲུབ་ལས་སྤྲུལ་སྐུའི་ཞིང་ཁམས་སྣ་ཚོགས་གྲུབ་པར་བཤད་ཙམ་ན༔ དེ་རྣམས་རང་བྱུང་དུ་རང་བཞིན་རྒྱུ་རྐྱེན་མེད་པར་གྲུབ་པར་འདོད་ན་མུ་སྟེགས་ཚངས་པའི་རྗེས་འབྲང་དང་ཆ་མཐུན་པས༔ དག་པའི་ཞིང་ཁམས་རྣམས་སངས་རྒྱས་ཀྱི་ཐུགས་རྗེ་དང་སྨོན་ལམ་ལས་གྲུབ་པའི་ཕྱིར་ཚོགས་བསགས་ཤིང་སྨོན་ལམ་བཏབ་པ་དང་༔ མ་དག་པའི་ཞིང་ཁམས་རྣམས་སེམས་ཅན་སྤྱི་མཐུན་གྱི་ལས་ལས་གྲུབ་པས་སྡིག་ལ་འཛེམ་ཞིང་འགྲོ་དོན་སྨོན་ལམ་བཏབ་པར་བྱའོ༔ རྒྱུ་


CMR057_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་དང་དབང་གི་འབྲས་བུ་དེ་དང་རིགས་མཐུན་དུ་སྐྱེ་བར་བཤད་པ་དེ་སྣང་བ་དང་བེམ་པོ་དངོས་པོར་ཞེན་ནས་རིག་པའི་རྒྱུན་འགྲོ་བ་གཞན་དུ་མི་འགྱུར་བར་འདོད་ན༔ མུ་སྟེགས་མཚན་མར་ལྟ་བ་དང་ཆ་མཐུན་པས༔ སྐྱེ་བ་མེད་བཞིན་དུ་རྒྱུ་འབྲས་ཀྱི་རྟེན་འབྲེལ་ལ་ཅི་ཡང་འཆར་རུང་བར་ཤེས་པར་བྱའོ༔ རང་རིག་རང་གསལ་གྱི་སེམས་དངོས་མཚན་པ་ཞིག་ནང་ན་ཡོད་སྙམ་ན་གཅེར་བུ་པས་ཤིང་ལ་སྲོག་ཡོད་པར་སྨྲ་བ་དང་ཆ་མཐུན་པས་ཕྱི་ནང་གང་དུ་ཡང་སེམས་དངོས་མཚན་ཅན་མེད་པར་ཤེས་པར་བྱའོ༔ ཆོས་སྐུ་ཀུན་ཁྱབ་ཀྱི་དོན་ཐམས་ཅད་ལ་ཁྱབ་ཅིང་ཐར་པ་ཐོབ་ནས་བུམ་ནང་གི་ནམ་མཁའ་ནམ་མཁའ་ལ་ཐིམ་པ་ལྟར་ཆོས་སྐུ་ལ་སེམས་ཐིམ་པར་འདོད་ན་ཚངས་པའི་རྗེས་འབྲང་མུ་སྟེགས་མཐའ་གསང་སྨྲ་བ་དང་ཕྱོགས་མཐུན་པས༔ གཞི་རང་སེམས་སམ་རང་རིག་གདོད་མ་ནས་སྐུ་དང་ཡེ་ཤེས་ཀྱི་ངོ་བོར་བཞུགས་པ་མངོན་དུ་གྱུར་པ་ཤེས་པར་བྱ་ཞིང་༔ ཆོས་ཐམས་ཅད་ཐིག་ལེ་ཉག་གཅིག་གཉིས་སུ་མེད་པ་རང་བྱུང་གི་ཡེ་ཤེས་མ་འདྲེས་ཡོངས་རྫོགས་སུ་གོ་བར་བྱའོ༔ ཆོས་ཐམས་ཅད་ཅི་ཡང་མ་ཡིན༔ མ་ཡིན་པ་ཡང་མ་ཡིན་ཟེར་ནས་དེ་ལ་ཞེན་ན༔ ཆད་ལྟ་


CMR057_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཆ་མཐུན་ཏེ༔ སློབ་དཔོན་དགའ་རབ་རྡོ་རྗེས༔ ལ་ལ་ལུང་ཙམ་ལ་བརྟེན་ནས༔ ཐམས་ཅད་ཅི་ཡང་མ་ཡིན་ལ༔ མ་ཡིན་པ་ཡང་མ་ཡིན་འདོད༔ འདི་ནི་རྒྱུ་ཀ་ཉེན་ཆེ་བས༔ བསླུ་བྱེད་ལམ་གྱི་གཟུགས་བརྙན་ཡིན༔ ཞེས་གསུངས་སོ༔ གང་ཡང་མི་དམིགས་ཞེས་པ་ལ༔ རྣམ་རྟོག་འཕྲོ་འདུ་བཀག་ན་མུ་སྟེགས་ལས་ཀྱང་ངན་པས༔ རྩལ་སྣ་ཚོགས་འཕྲོ་བ་ཡེ་ཤེས་ཀྱི་རང་རྩལ་ཡིན་པས་དགག་སྒྲུབ་མེད་པར་སྐྱོང་ངོ་༔ འདི་དག་ལ་དགག་སྒྲུབ་དང་ལུང་རྒྱབ་དཔག་ཏུ་མེད་པ་ཡོད་ཀྱང་དོན་གོ་བདེ་བར་བཀོད་པ་ཡིན་ནོ༔ མདོར་ན་ཉམས་བཟང་པོ་གང་སྐྱེས་ཀྱང་དེ་ལ་ཆགས་ཞེན་སྤུ་ཙམ་མེད་པ༔ རྩུབ་ཉམས་མི་བདེ་བ་ཅི་བྱུང་ཡང་དེའི་ངོ་བོ་ལྟ་བ་ལས་དེ་སྤང་ཐབས་ལོགས་ན་མི་ཚོལ་བ༔ རྟོགས་པ་མཐོ་མཐོ་འདྲ་བ་ཅི་སྐྱེས་ཀྱང་དེ་ལ་ངར་འཛིན་དང་རློམ་སེམས་མེད་པ༔ རྟོགས་པ་ཅི་མཐོ་ཡང་ཐབས་བསོད་ནམས་བསགས་པ་ལ་འབད་པ༔ འཁོར་བ་རང་བཞིན་མེད་པར་ཤེས་ཀྱང་སྡིག་ལྟུང་ལ་འཛེམ་པ༔ རང་སེམས་སངས་རྒྱས་སུ་ཐག་ཆོད་ཀྱང་སྐྱབས་འགྲོ་དང་མཆོད་བསྟོད་ལ་འབད་པ༔ རང་ལུས་ཡི་དམ་དུ་ཐག་ཆོད་ཀྱང་བསྐྱེད་


CMR057_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་བཟླས་བརྗོད་མི་སྐྱར་བ༔ སེམས་ཅན་མི་དམིགས་པར་མཐོང་ཡང་བྱམས་སྙིང་རྗེ་སྨོན་ལམ་བཏབ་པ༔ བླ་མ་རང་སེམས་ཡིན་པར་རྟོགས་ཀྱང་དྲིན་ཆེན་བླ་མ་ལ་མོས་གུས་བྱ་བ༔ དེ་རྣམས་ཉམས་སུ་བླངས་ན་གེགས་དང་གོལ་ས་ཐམས་ཅད་ལས་གྲོལ་བ་ཡིན་ནོ༔ དེ་ལྟར་གེགས་སེལ་གྱི་གདམས་པ་ཞུས་པའི་དགེ་བས་སེམས་ཅན་ཐམས་ཅད་མྱུར་དུ་འཚང་རྒྱ་བའི་ཕྱིར་བསྔོ་བ་འདིའི་རྗེས་ཟློས་མཛོད༔ དགེ་བ་མ་རྒན་འགྲོ་དྲུག་ཀུན་ལ་བསྔོ༔ གསུམ༔ གེགས་སེལ་གྱི་ཆོས་ཐུན་ཏེ་བཅུ་དགུ་པའོ༔ ༈ དེ་ལྟར་ལྟ་བ་སྟོང་ཉིད་རང་ངོ་སྤྲོད་བསྒོམ་པ་ཞི་ལྷག་ཟུང་འཇུག་ཏུ་ངོ་སྤྲད༔ སྤྱོད་པ་མཐའ་གཉིས་ལ་མ་ལྟུང་བར་སྤྱད༔ གེགས་དང་གོལ་ས་བསལ་ནས༔ བརྩོན་འགྲུས་ཀྱིས་ཉམས་སུ་བླངས་ན་ལམ་རིམ་པར་བགྲོད་ཅིང་༔ འབྲས་བུ་ཇི་ལྟར་འཐོབ་ཚུལ་བཤད་ན༔ གང་ཟག་དབང་པོ་ཐ་མ་ལ་རིམ་གྱིས་འཆར་བ་དང་༔ འབྲིང་བ་ཐོད་རྒལ་བ་ཞེས་མ་ངེས་པར་འཆར་བ་དང་༔ རབ་ལ་གཅིག་ཆར་དུ་འཁྲུངས་པ་དང་གསུམ་ཡོད་པ་ལས༔ ཕལ་ཆེ་བ་ནི་རིམ་གྱིས་འཆར་བས་དེའི་དབང་དུ་བྱས་ནས་བཤད་པར་


CMR057_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་སྟེ༔ གང་གཱ་མ་ལས༔ ལས་ནི་དང་པོ་ལྕོང་རོང་ཆུ་དང་འདྲ༔ བར་པ་ཆུ་བོ་གང་གཱ་དལ་གྱི་གཡོ༔ ཐ་མ་ཆུ་རྣམས་མ་བུ་ཕྲད་པ་འདྲ༔ ཞེས་གསུངས་ཏེ་དང་པོ་སེམས་ཀྱིས་སེམས་ལ་བལྟས་པས་སྐད་ཅིག་ཀྱང་མི་སྡོད་པར་ཕྱོགས་ཀུན་ཏུ་རྒྱུག་སྟེ༔ དེའི་ཚེ་ཀློད་ཅིང་ལྟ་བ་གལ་ཆེ༔ ས་ར་ཧས༔ བཅིང་པ་དག་ནི་ཕྱོགས་བཅུར་འགྲོ་བར་བརྩོན༔ ཀློད་པར་གྱུར་ན་མི་གཡོ་བརྟན་པར་གནས༔ གོ་བཟློག་རྔ་མོང་ལྟ་བུར་གྲོགས་དག་བདག་གིས་རྟོགས༔ ཞེས་གསུངས་སོ༔ དེ་ལྟར་ཀློད་ཅིང་བལྟས་པས། རེས་འགའ་ཀྱི་ལེ་གནས༔ རེས་འགའ་ཕྱོགས་ཀུན་ཏུ་འཕྲོ་སྟེ་དཔེར་ན་ལུང་རོང་གི་ཆུ་ལྟ་བུ་འབྱུང་བ་ཉམས་གཉིས་པའོ༔ དེ་ནས་མེར་རེ་འཁྱིལ་ལེ་གནས་པ་འདྲ་བ༔ རྣམ་རྟོག་ཉུང་ངུ་སོང་བ་འདྲ་བ༔ རྣམ་རྟོག་ཅུང་ཟད་འཕྲོས་ཀྱང་ཆུ་ནང་དུ་ཉ་འགྱུ་བ་ལྟར་གནས་པ་ལ་མི་གནོད་པ་ནི་ཉམས་གསུམ་པའོ༔ དེ་ནས་རྣམ་རྟོག་ཆེར་མི་འགྱུ་ཅུང་ཟད་འགྱུ་ཡང་ཆུ་དང་རླབས་ལྟར་གནས་པ་དེ་ལས་མི་གཡོ་བ༔ མེ་རེ་འཁྱིལ་ལེ་གནས་པ་དེ་སྤྱོད་ལམ་ཀུན་ཏུ་འཁྱེར་བཏུབ་པ་སྟེ༔ བཞི་པ་རྒྱ་མཚོ་རླུང་གིས་མ་བསྐྱོད་པ་ལྟ་བུ་ཞེས་བྱའོ༔ དེ་ཡང་


CMR057_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

ཕལ་ཆེ་བ་ལ་ནི་སེམས་ཀྱི་གནས་ཉམས་ཅུང་ཟད་ལ་ལྷག་མཐོང་ཕྱོགས་རེ་བ་ཙམ་རྟོགས་པ་འབྱུང་སྟེ༔ སེམས་ཀྱི་འགྲོ་གནས་འདུག་གསུམ་མཐོང་བ་ཙམ་ལས༔ དེའི་ངོ་བོ་སྟོང་པར་རྟོགས་པ་ནི་ཉུང་སྟེ་ཕྱོགས་ཙམ་ཡིན༔ ལ་ལ་སྒྲིམས་དྲགས་ཏེ༔ སེམས་ལ་རྣམ་རྟོག་ཅིག་ཤར་བ་དང་༔ འགྱུ་ནི་ཐལ་སྙམ་ནས་རྗེས་བསྙག༔ དེའི་ངོ་བོ་ལ་བལྟས་པས་སྟོང་པར་ཡལ་བ་དེའི་ངང་ལ་བཞག་ཅིང་འདི་བསྒོམ་ཡིན་སྙམ༔ དེ་ལྟར་མུ་མཐུད་པས་རྣམ་རྟོག་ཕྲེང་བའི་བར་ན་མི་རྟོག་པ་རེ་རེ་འབྱུང་སྟེ་དེ་ཡང་ཕྱོགས་ཙམ༔ རྣམ་རྟོག་རྒྱངས་རིང་དུ་འཕྲོས་པ་ལ་ལྟ་མ་བདེ་ནས༔ ཚུར་སྙིང་ཁར་བཀུག་ནས་དེའི་ངོ་བོ་ལ་བལྟས་པས་སྟོང་པར་རྟོགས་པ་བསྒོམ་ལྕགས་ཀྱུ་མ་ས༔ དེ་ཡང་ཕྱོགས་ཙམ༔ གནས་འགྱུ་ལུ་གུ་རྒྱུད་འདི་བསྲུང་བས་མི་ཆོག་སྙམ་ནས་གསལ་སྟོང་ནམ་མཁའ་འདྲ་བ་སོགས་བློས་བཟོས་ན་བསྒོམ་པ་སྒོམ་འཇའ་ཚོན་མ་སྟེ་སྙིང་པོ་མེད༔ རྣམ་རྟོག་ནམ་སྐྱེས་དུས་སྐྱེ་ས་གནས་ས་འགག་ས་སོགས་ངོ་བོ་ལྟ་བ་ཡང་ངོ་སྤྲོད་དུས་ཡིན༔ རྒྱུན་དུ་དེ་ལྟར་མི་དགོས༔ འོ་ན་གནས་འགྱུ་ཇི་ལྟར་སྐྱོང་ཞེ་ན༔ གནས་རུང་འགྱུ་རུང་དེའི་ངོ་བོ་ལ་ཅེར་རེ་བལྟས་ཏེ༔


CMR057_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པ་དགའ་རྒྱུ་དང་འགྱུ་བ་ལ་མི་དགའ་རྒྱུ་མེད་པར་ས་ལེ་རང་དྭངས་སུ་བཞག་སྟེ༔ ནམ་མཁའ་ལ་སེར་བུ་རྒྱུ་བ་ལ་གལ་མེད་དུ་ལྟ་བ་ལྟར་སྐྱོང་ངོ་༔ མ་ཡེངས་ཙམ་དུ་ཀློད་དེ་བཞག་གོ༔ རྟགས་བཅུ་སོགས་འདི་རྣམས་ཞི་གནས་རྐྱང་པ་བསྒོམ་པའི་རྟགས་སུ་བཤད་ཅིང་༔ ཁྱད་པར་རྩ་རླུང་གི་ལམ་རྟགས་ཡིན་ཀྱང་༔ རྩ་རིགས་བཟང་བ་རྣམས་ལ་གནས་པ་གསུམ་པོ་སྐྱོང་སྐབས་ནས་བཟུང་སྟེ༔ རྩེ་གཅིག་ཆེན་པོ་མན་ཆད་དུ་དུས་ངེས་པ་མེད་པར་ཡང་འཆར་སྲིད་པས༔ དེ་ངོ་མ་ཤེས་ན་དེ་འདྲ་འཆར་མི་སྲིད་ཞེས་སུན་འབྱིན་པ་དང་༔ ལ་ལ་སྐྲག་སྔངས་སྐྱེ་བ་ཡང་སྲིད་པས༔ རྣལ་འབྱོར་པའི་ཉམས་ལ་ཅི་ཡང་འཆར་ཞེས་པ་ལྟར༔ ངོ་བོ་སྟོང་པ་ཉིད་ཡིན་ཀྱང་༔ སྐྱེ་བ་མེད་ལས་ཐམས་ཅད་སྐྱེ་ཞེས་པ་ལྟར༔ ནམ་མཁའ་སྟོང་པ་ཡིན་ཀྱང་སྤྲིན་དང་ཆར་དང་སེར་བ་དང་ཉི་ཟླའི་འོད་སོགས་ཅི་ཡང་འཆར་བ་བཞིན་སྣ་ཚོགས་འཆར་ཏེ༔ གནས་པ་གསལ་སེང་ངེ་བ་དེ་ལ་སེམས་རྩེ་གཅིག་ཏུ་ཟིན་པས་རྟགས་མིག་ཡུལ་དུ༔ དུ་བ་ལྟ་བུ་ནག་ལང་ལོང་དང་༔ སྨིག་རྒྱུ་ལྟ་བུ་སྔོ་རབ་རིབ་དང་༔ མེ་ཁྱེར་ལྟ་བུ་དམར་ཚེག་ཚེག་དང་༔ མར་མེ་ལྟ་


CMR057_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

བུ་འོད་ལྷེམ་ལྷེམ་དང་ཟླ་བ་ལྟ་བུ་དཀར་ལམ་ལམ་དང་༔ ཉི་མ་ལྟ་བུ་གསལ་ཏལ་ཏལ་དང་༔ མེ་ཡི་འོད་འདྲ་བ་དང་༔ ཐིག་ལེ་དང་འཇའ་ཚོན་འདྲ་བ་དང་༔ འགྲོ་བ་རིགས་དྲུག་སྣ་ཚོགས་ཀྱི་གཟུགས་འདྲ་བ་རྣམས་མིག་ལམ་དུ་གསལ་པོའམ༔ ཡད་ཡུད་རབ་རིབ་མི་གསལ་ཙམ་འཆར༔ ལ་ལ་དངོས་སུ་འཆར༔ ལ་ལ་ཉམས་ལ་འཆར༔ ལ་ལ་གཉིད་ནས་རྨི་ལམ་མ་བྱུང་སྔོན་དུ་འཆར་བ་ཡང་འབྱུང་སྟེ༔ དེ་དག་སེམས་ཀྱི་ངོ་བོ་སྟོང་ཉིད་དོན་རང་ནི་མིན་ཏེ༔ ལང་དཀར་གཤེགས་མདོར༔ བྱིས་པ་ཉེར་སྤྱོད་བསྟན་པ་དང་༔ དོན་རབ་འབྱེད་པའི་བསམ་གཏན་དང་༔ དེ་བཞིན་དམིགས་པའི་བསམ་གཏན་དག༔ རྣལ་འབྱོར་ཅན་གྱིས་བརྩོན་བྱས་པས༔ ཉི་མ་ཟླ་བའི་གཟུགས་འདྲ་དང་༔ འོད་དང་པདྨོ་ལྟ་བུ་དང་༔ ནམ་མཁའི་རི་མོ་མེ་འདྲ་བ༔ མཚན་མ་རྣམ་པ་སྣ་ཚོགས་ནི༔ མུ་སྟེགས་ཅན་ལམ་ཁྲིད་པར་བྱེད༔ ཉན་ཐོས་དང་ནི་རང་རྒྱལ་གྱི༔ སྤྱོད་ཡུལ་དུ་ནི་ལྟུང་བར་བྱེད༔ མཚན་མ་དག་པར་ནམ་གྱུར་པ༔ དེ་ཚེ་སངས་རྒྱས་ཀུན་གྱི་ཕྱག༔ ཞིང་རྣམས་ཀུན་ནས་ཕྱུང་ནས་ནི༔ དེ་ཡི་མགོ་ལ་ཉུག་པར་མཛད༔ ཡང་དག་ལམ་དུ་


CMR057_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བའི་ལྟས༔ ཞེས་གསུངས་སོ༔ དེ་ལྟར་རྟགས་དེ་རྣམས་བསྒོམ་དངོས་མིན་ཀྱང་༔ སྟོང་ཉིད་དངོས་སུ་མྱུར་དུ་སྟོན་པའི་སྔ་ལྟས་དཔེར་ན་མེ་འབར་བའི་སྔ་དུ་བ་འབྱུང་བ་དང་འདྲ་སྟེ༔ རྟགས་མཚན་གང་ལ་དགག་སྒྲུབ་མེད་པར་སྐྱོང་བས༔ དེའི་རྗེས་སུ་འོད་གསལ་སྟོང་ཉིད་འཆར་ཏེ༔ རྒྱན་སྟུག་པོ་བཀོད་པའི་མདོ་ལས༔ ཉི་ང་ནི་ཟླ་བའི་དབྱིབས༔ པདྨ་དང་ནི་འོད་འདྲ་ཞིང་༔ ནམ་མཁའི་རི་མོ་མེ་འདྲ་བ༔ རྣལ་འབྱོར་ཞུགས་པས་རབ་ཏུ་མཐོང་༔ འདི་དག་ཐམས་ཅད་སྤངས་ནས་སུ༔ སྣང་བ་མེད་པར་རབ་ཏུ་གནས༔ གང་ཚེ་མཚན་མེད་རྡོ་རྗེ་ཅན༔ རྣམ་པར་མི་རྟོག་ཆགས་མེད་ན༔ སངས་རྒྱས་བྱེ་བ་རྣམས་ཀྱང་མཐོང་༔ ཞིང་དང་ཞིང་ན་མཉམ་གཞག་པ༔ དེ་དག་ཕྱག་གི་དབང་བསྐུར་བ༔ དེ་ཡི་སྤྱི་བོར་དབང་བསྐུར་ཏེ༔ སངས་རྒྱས་ས་ལ་བཞུགས་པ་དང་༔ སྣ་ཚོགས་གཟུགས་ནི་རབ་ཏུ་འབྱུང་༔ སྣ་ཚོགས་ཚུལ་གྱིས་དངོས་ཐོབ་ན༔ ཀུན་མཁྱེན་ཐམས་ཅད་རིག་པར་འགྱུར༔ ཞེས་དང་༔ རྡོ་རྗེ་གུར་གྱི་རྒྱུད་ལས༔ དང་པོ་སྤྲིན་དང་འདྲ་བ་སྟེ༔ གཉིས་པ་དུ་བ་ལྟ་བུ་ཉིད༔ གསུམ་པ་སྲིན་བུ་མེ་ཁྱེར་


CMR057_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ༔ བཞི་པ་མར་མེ་འབར་བ་སྟེ༔ ལྔ་པ་རྟག་ཏུ་སྣང་བ་ནི༔ སྤྲིན་མེད་ནམ་མཁའ་ལྟ་བུའོ༔ ཕྱི་ནས་སྒྱུ་མ་ལྟ་བུ་སྟེ༔ རྨི་ལམ་རྣམ་པའི་སྐད་ཅིག་ལས༔ དེ་ནི་ཐམས་ཅད་མཁྱེན་པའི་རྒྱུ༔ དངོས་གྲུབ་ཉེ་བར་གྱུར་པའོ༔ ཞེས་དང་༔ གསང་འདུས་རྒྱུད་ཕྱི་མ་ལས༔ དང་པོ་རྨིག་རྒྱུའི་རྣམ་པ་སྟེ༔ གཉིས་པ་དུ་བའི་རྣམ་པ་བཞིན༔ གསུམ་པ་མཁའ་སྣང་རྣམ་པ་སྟེ༔ བཞི་པ་སྒྲོན་མེ་འབར་བའོ༔ ལྔ་པ་རྟག་ཏུ་སྣང་བ་ནི༔ སྤྲིན་མེད་ནམ་མཁའ་ལྟ་བུའོ༔ ཞེས་དང་༔ སློབ་དཔོན་སྟོང་ཉིད་ཏིང་འཛིན་གྱི་ཞལ་ནས༔ དེ་ཉིད་ཕྱིར་ན་དེ་ཉིད་རྣལ་འབྱོར་པས༔ མཉམ་པར་བཞག་པའི་སེམས་ཀྱིས་རྟོགས་པར་བྱ༔ དང་པོ་རི་དྭགས་སྲེ་བཞིན་སྣང་བ་སྟེ༔ མཚན་མ་གཉིས་པ་དུ་བའི་རྣམ་པ་ཅན༔ གསུམ་པ་མེ་ཁྱེར་འདྲ་བ་བཞི་པ་ནི༔ སྒྲོན་མེ་འབར་བ་ལྟ་བུ་སྣང་བ་ཡིན༔ མཚན་མ་ལྔ་པ་རྣམ་པར་མ་བརྟགས་པར༔ སྤྲིན་བྲལ་ནམ་མཁའ་ལྟ་བུ་སྣང་བ་ཡིན༔ དེ་ལྟ་བུ་ཡི་མཚན་མ་ཐོབ་པས་ནི༔ ཕྱག་རྒྱ་ཆེན་པོ་ཐོབ་པར་འགྱུར་བ་ཡིན༔ ཞེས་གསུངས་ཤིང་༔ དེ་དག་མིག་གིས་མཐོང་བར་འབྱུང་ཞིང་༔ དེ་བཞིན་དུ་རྣ་བའི་ཡུལ་དུ་སྒྲ་སྣ་ཚོགས་


CMR057_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

དང་༔ སྣའི་ཡུལ་དུ་དྲི་སྣ་ཚོགས་དང་༔ ལྕེའི་ཡུལ་དུ་རོ་སྣ་ཚོགས་དང་༔ ལུས་ཀྱི་ཡུལ་དུ་རེག་བྱ་སྣ་ཚོགས་མྱོང་བ་ཡང་འབྱུང་བར་གསུངས་ཤིང་༔ ཡིད་ཀྱི་ཡུལ་དུ་གསལ་ཆ་ནི༔ སྤང་བྱ་དང་གཉེན་པོའི་རྟོག་པ་ཐམས་ཅད་སྐྱེ་ཞིང་༔ རེག་པ་དང་འཕྲོ་བ་ནི༔ རྟེན་འབྲེལ་དང་མཐུན་པར་ཤེས་པ་དང་༔ དང་བ་དང་གསལ་བ་དང་༔ གཉིད་དང་རྨུགས་པ་མེད་པ་དང་ཆོས་ཐམས་ཅད་ཤེས་པར་འདུག་སྙམ་པ་འོང་བར་གསུངས་ཏེ༔ རྡོ་རྗེ་གདན་བཞི་ལས༔ རྟག་ཏུ་ཆོས་ཀྱི་དབྱིངས་ཉིད་ལས༔ མི་གཡོ་གོ་འཕང་རྒྱུན་དུ་གནས༔ རྟག་ཏུ་ཕྲ་ཞིང་གོས་པ་མེད༔ ཡེ་ཤེས་ལ་ནི་རྣམ་ཤེས་ཐིམ༔ རྣམ་ཤེས་ཡེ་ཤེས་གཉིས་གྱུར་ནས༔ བྱང་ཆུབ་རིམ་པར་མཐོང་བར་འགྱུར༔ མར་མེ་ལྟ་བུ་ཐམས་ཅད་དུ༔ སྣང་འགྱུར་མཚན་མ་དང་པོ་སྟེ༔ སྲིན་བུ་མེ་ཁྱེར་ལྟ་བུའི་རྡུལ༔ མཐོང་བ་མཚན་མ་གཉིས་པ་ཡིན༔ གསུམ་པ་ལ་ནི་རྣལ་འབྱོར་ལས༔ ཉོན་མོངས་འཇོམས་པའི་མཚན་མ་སྟེ༔ རྡུལ་ཕྲན་དཀར་པོའི་རྡུལ་གྱིས་ནི༔ དེ་བཞིན་ཕྱོགས་བཅུར་མཐོང་བར་འགྱུར༔ འདོད་པའི་ལྷ་ཡི་ལོངས་སྤྱོད་རྣམས༔ སེམས་ཀྱི་མཐོང་བ་བཞི་


CMR057_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྟེ༔ མཐོ་རིས་གཟུགས་ཀྱི་ལྷ་རྣམས་ནི༔ སེམས་ཀྱི་མཐོང་བ་ལྔ་པ་སྟེ༔ གཟུགས་མེད་ལོངས་སྤྱོད་དྲུག་པ་སྟེ༔ བདུན་པ་ཆོས་ཀྱི་དབྱིངས་ལའོ༔ སངས་རྒྱས་འབྲས་བུ་བརྒྱད་པ་སྟེ༔ རྣལ་འབྱོར་རྣམས་དང་རང་དགར་སྤྱོད༔ ཅེས་དང་༔ ཨ་ར་ལའི་རྒྱུད་དུ༔ དང་པོ་མུན་པ་མཐོང་གྱུར་པ༔ གཉིས་པ་དཀར་དང་དུ་བ་མཚུངས༔ གསུམ་པ་མེ་ཁྱེར་རྣམ་པར་ལྟ༔ བཞི་པ་སྤྲ་བའི་མེ་ཏོག་མཚུངས༔ ལྔ་པ་སྤྲིན་མེད་ཡེ་ཤེས་ནི༔ རང་བཞིན་རིག་པ་རྣམ་པར་སྤངས༔ སྤྲིན་མེད་ནམ་མཁའ་ལྟ་བུ་ནི༔ དེ་ཡང་ཐམས་ཅད་མཁྱེན་པའི་རྒྱུ༔ རྟག་ཏུ་གོམས་པའི་རྣལ་འབྱོར་གྱི༔ རྩེ་གཅིག་སེམས་ཀྱིས་རིག་པར་འགྱུར༔ ཞེས་གསུངས་སོ༔ དེ་རྣམས་ནི་ལུས་སེམས་ཀྱི་གསལ་ཉམས་ཡིན་ལ༔ མི་རྟོག་པའི་ཉམས་ནི་དང་པོ་སེམས་གར་གཏད་ལ་ཟིན་པ་དང་༔ དེ་ནས་རྣམ་རྟོག་ཐམས་ཅད་ནུབ་ཅིང་གར་བཞག་སར་སྡོད་པ་དང་༔ མཐར་རྟོག་པའི་འདུ་ཤེས་ཐམས་ཅད་ཞི་སྙམ་བྱེད་བགྱིད་པ་ཡང་འབྱུང་བར་གསུངས་ཏེ༔ ཨིན་དྲ་བྷུ་ཏིས་ཡེ་ཤེས་གྲུབ་པར༔ དེ་ནི་སེམས་མེད་དེ་ཉིད་ནི༔ དེ་ནི་རབ་ཏུ་དགག་པར་བྱ༔ ཤིན་ཏུ་རྨོངས་ཀའི་ཡེ་ཤེས་


CMR057_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

སུ༔ རྣལ་འབྱོར་པ་ནི་ག་ལ་འདོད༔ རྨོངས་པའི་བསྒོམས་པས་རྨོངས་པ་ནི༔ རྨོངས་པ་རྣམས་ཀྱིས་མཐོང་བར་འགྱུར༔ ཐམས་ཅད་རྒྱུད་དང་མཚུངས་པ་ནི༔ འབྲས་བུ་འཇིག་རྟེན་ལ་སྤྱོད་དོ༔ ཞེས་དང་༔ དེ་ཁོ་ན་ཉིད་གྲུབ་པ་ལས༔ གཉིད་འཐུག་ལོག་གནས་ལྟ་བུར་ནི༔ རྣམ་རྟོག་མེད་ཅིང་བདག་མེད་པ༔ འདུ་ཤེས་མེད་ཅིང་སྤྱོད་པ་མེད༔ གཟུགས་མེད་ཡོན་ཏན་གང་ཡང་མེད༔ ཅེས་གསུངས་པས་དེ་ལྟར་མི་རྟོག་པའི་ཉམས་སྐྱེས་ན༔ དེ་ལ་མཆོག་ཏུ་མི་འཛིན་པར་དེའི་ངོ་བོ་ལ་ཧྲིག་གེ་ལྟ་བ་གལ་ཆེའོ༔ རེས་འགའ་བདེ་ཉམས་ལུས་སེམས་བདེ་བས་ཁྱབ་པ་འབྱུང་སྟེ༔ དེ་ལ་ཆགས་ཞེན་མེད་པར་ངོ་བོ་ལྟ་བར་བྱ་སྟེ༔ ཡེ་ཤེས་གྲུབ་པ་ལས༔ དབང་པོ་གཉིས་བྱུང་བདེ་བ་ནི༔ དེ་ཉིད་ཡིན་ཞེས་སྐྱེ་ངན་སྨྲ༔ དེ་ནི་བདེ་བ་ཆེ་ཡིན་ཞེས༔ རྒྱལ་བ་མཆོག་གིས་མ་གསུངས་སོ༔ ཞེས་གསུངས་པས་འདི་འཇུག་པ་མང་ཡང་འདི་སྐབས༔ བདེ་ཉམས་ལ་མཆོག་འཛིན་མི་བྱ་བར་གོ་བ་བླངས་བར་བྱའོ༔ མི་རྟོག་པའི་ཉམས་སྟོང་ཉམས་དང་འདྲེས་པའི་རོ་མྱོང་ནས་ཞེན་འཛིན་དང་༔ གསལ་ཉམས་ལ་མཆོག་འཛིན་གྱི་ང་རྒྱལ་བྱས་ན་


CMR057_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

ནི༔ གཟུགས་ཁམས་དང་ཉན་རང་གི་ལམ་དུ་གོལ་ཏེ༔ ལང་ཀར་གཤེགས་པ་ལས༔ ཇི་ལྟར་ཤིང་ནི་རྒྱ་མཚོ་ལ༔ རླབས་ཀྱི་རྣམ་པར་གཡེང་བ་ལྟར༔ དེ་བཞིན་ཉན་ཐོས་རྨོངས་པ་ཡང་༔ མཚན་ཉིད་ཀྱིས་ནི་རྣམ་པར་གཡེང་༔ མཐར་ཕྱིན་པ་ནི་དེ་ལ་མེད༔ ཕྱིར་ཡང་ལྡོག་པར་མི་འགྱུར་ཏེ༔ ཏིང་ངེ་འཛིན་ལ་ལུས་ཐོབ་ནས༔ བསྐལ་པའི་བར་དུ་མི་སད་དོ༔ བག་ཆགས་ཉོན་མོངས་དང་འབྲེལ་བ༔ ཀུན་ནས་ལྡང་བ་རྣམ་པར་བྲལ༔ དེ་དག་ཏིང་འཛིན་མྱོས་པས་མྱོས༔ ཟག་པ་མེད་པའི་དབྱིངས་ན་ལྡོག༔ ཅེས་གསུངས་པས༔ བདེ་ཉམས་ལ་མི་ཞེན་པར་དེའི་ངོ་བོ་བལྟས་པས་བདེ་སྟོང་༔ གསལ་ཉམས་ལ་མཆོག་ཏུ་མི་འཛིན་པར་དེའི་ངོ་བོ་བལྟས་པས་གསལ་སྟོང་༔ མི་རྟོག་པ་ལ་དེར་འཛིན་གྱི་ཞེན་འཁྲིས་མེད་པར་ངོ་བོ་བལྟས་པས་ཞི་ལྷག་ཟུང་འཇུག་བྱང་ཆུབ་ཀྱི་ལམ་དུ་འགྱུར་ཏེ༔ གང་ལ་ཞེན་པ་ཡོད་ན་དེ་ཡང་ཐོངས༔ ཞེས་དང་༔ དོ་ཧ་ལས༔ གལ་ཏེ་ཡིད་དུ་འོང་ངོ་སྙམ་པའི་སེམས༔ སྙིང་ལ་གཅེས་པར་བྱས་ནས་ནི༔ ཏིལ་གྱི་ཤུན་པ་ཙམ་གྱིས་ཟུག་རྔུས་ཀྱང་༔ ནམ་ཡང་སྡུག་བསྔལ་འབའ་ཞིག་བྱས་པར་ཟད༔ ཅེས་


CMR057_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་སོ༔ དེ་ལྟར་སྐྱོང་བས་རྩེ་གཅིག་གི་ཉམས་སྐྱེ་སྟེ༔ གསང་བ་བསམ་གྱིས་མི་ཁྱབ་པའི་རྒྱུད་ལས༔ སེང་གེ་རྣམ་པར་འགྱིང་བའི་ཏིང་འཛིན་གྱིས༔ གཅིག་དྭངས་བས་ཤེས་པ་གསལ༔ རང་རིག་ཡེ་ཤེས་ཁོང་ནས་སད་པར་བྱེད༔ བཟོད་པ་བརྟན་པོས་ངན་སོང་སྡུག་བསྔལ་སྤངས༔ ཞེས་དང་༔ སློབ་དཔོན་དགའ་རབ་རྡོ་རྗེའི་རྫོགས་ཆེན་ཏིང་ངེ་འཛིན་གྱི་རིམ་པ་པྲ་ཁྲིད་ཀྱི་རིམ་པ་ལས༔ ཏིང་ངེ་འཛིན་རིམ་པ་བཞི་གསུངས་པའི༔ དང་པོ་གནས་པའི་ཏིང་ངེ་འཛིན་ནི༔ ཞེས་དེའི་རྒྱས་བཤད་གསུངས་པ༔ འཁོར་བའི་འདུ་འཛི་སྤངས་ནས་ནི༔ དགོན་པར་མཉམ་པར་བཞག་པའི་ཚེ༔ སྐྱོན་གྱི་ཚོགས་རྣམས་མ་བྱུང་པར༔ ཇི་སྲིད་གནས་ལ་གནས་ཤེས་བྱ༔ དཔེར་ལྷན་སྐྱེས་བུ་འཇིགས་བཅས་ཤིག༔ ལམ་ལ་ཤིན་ཏུ་བགྲོད་པའི་ཚེ༔ རང་ཡུལ་སྣང་བའི་སྐྱོ་བ་དང་༔ སེམས་ཅན་རྣམས་ལ་སྙིང་རྗེ་སྐྱེ༔ རང་གི་གནས་ལ་མི་ཆགས་ཤིང་༔ ཐག་རིང་གཞན་དུ་འགྲོ་བར་འདོད༔ རྣལ་འབྱོར་པ་དེ་འགོགས་པའི་ཚེ༔ ངེས་པར་མི་ལུས་ཐོབ་ནས་ནི༔ ཆོས་སྤྱོད་པ་དང་ལྡན་གྱུར་ནས༔ དེ་ཚེ་ཆོད་ཉིད་བདེན་པ་


CMR057_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་༔ ཞེས་གསུངས་པའི་དོན་ནི༔ ཞི་གནས་དང་ལྷག་མཐོང་དབྱེར་མེད་པའི་དོན་ལ་རྩེ་གཅིག་ཏུ་གནས་པས་རྩེ་གཅིག་སྟེ༔ ཅུང་ཟད་གནས་པ་དང་དུས་ཕལ་ཆེར་གནས་པ་དང་༔ རྒྱུན་དུ་གནས་པ་ལ་རྩེ་གཅིག་ཆུང་འབྲིང་ཆེ་གསུམ་ཞེས་བྱའོ༔ ཨུ་རྒྱན་རིན་པོ་ཆེས༔ སེམས་ལ་སྤྲོ་བསྡུ་མེད་པར་བཞག་པས་གསལ་སྟོང་རྩེ་གཅིག་ཏུ་ཡེ་རེ་བ་ཞེས་གསུངས༔ དེ་ཡང་རྩེ་གཅིག་ཆུང་འབྲིང་རྣམས་ཚོགས་ལམ་དང་རྩེ་གཅིག་ཆེན་པོ་སྦྱོར་ལམ་དུ་གསུངས༔ དེ་ཡང་རྩེ་གཅིག་ཏུ་སེམས་གནས་པའི་ཏིང་ངེ་འཛིན་གྱི་དོན་རྫོགས་ལོ་ཙཱ་བ་བཻ་རོ་ཙཱ་ན་དང་༔ ཅོག་རོ་སྒོམ་པ་ཆེ་ཆུང་ལ་སོགས་པ་འཇའ་ལུས་མཁའ་སྤྱོད་དུ་གཤེགས་པ་རྣམས་ཀྱི་གསུང་སྒྲོས་ཀྱི་དོན་བསྡུས་ཏེ་བཤད་ན༔ འདི་སྐབས་ཉམས་སུ་ལེན་ཚུལ་ནི༔ ལུས་ངག་ཡིད་གསུམ་མི་བསྡམ་པར༔ སོས་དལ་ཁོང་ཀློད་བཞག་པ་ཡིན༔ བཙའ་ཐབས་བསྟན་པའི་དུས་སུ་ནི༔ སེམས་ཀྱི་རང་བཞིན་འོད་གསལ་བ༔ མཉམ་གཞག་ངང་ལས་འབྱུང་བ་སྟེ༔ རྒོད་འཕྲོའི་དབང་དུ་མི་བཏང་ཞིང་༔ བྱིང་རྨུག་དབང་དུའང་མི་གཏོང་བར༔ མ་ཡེངས་ཏིང་འཛིན་གནས་པར་བྱ༔ མ་ཡེངས་ཏིང་འཛིན་མི་


CMR057_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

བཏང་བར༔ དེ་ལ་མ་ཡེངས་སེམས་མི་འཆོར༔ རྟོག་པ་རྒྱུན་གྱི་རྒྱུན་བསྐྱེད་པས༔ སྔར་མ་བྱུང་བའི་རྟོག་པ་འབྱུང་༔ དེ་བས་མ་ཡེངས་གསལ་བ་དེ༔ མ་ར་བ་ནི་བསྒོམ་པར་བྱ༔ ཞེས་དང་༔ ཨོ་རྒྱན་རིན་པོ་ཆེས༔ གསལ་ཉམས་ཕྱི་ནང་མེད་པར་དྭངས་སེང་ངེ་བ་ལས་མིག་བཙུམ་པ་མ་བཙུམ་པ་མེད་པར་གསལ་སྟོང་འཆར་བ་དང་༔ སྟོང་ཉམས་ཕྱི་ནང་གསལ་ཡང་ཞེན་པ་མེད་པར་བློ་ཕྱལ་ཕྱལ་འགྲོ་བ་གང་ལ་ཡང་མི་གནས་པ་དང་༔ བདེ་ཉམས་ལུས་སེམས་གཉིས་ཀ་མཉམ་པ༔ མར་མེའི་བཞིན་ལྷན་ལྷན་པའམ་ཕྲིལ་ཕྲིལ་འགྲོ་བ་དང་༔ སྣ་ཚོགས་གསལ་ལ་ཞེན་པ་མེད་པ་ལ་བརྗོད་ལས་འདས་པ༔ ཤེས་པ་བར་སྣང་ལ་ཉི་མ་ཤར་བ་ལྟ་བུ་དང་༔ ལུས་ན་བུན་ལྟ་བུ་དང་༔ སྤྱོད་པ་མེད་ཅིང་བདག་གཞན་ངོ་མི་ཤེས་པ་དང་༔ སེམས་ཀྱི་དོན་བདག་གིས་རིག་པ་ལྟར༔ གཞན་གྱིས་ཀྱང་གོ་ཞིང་རིག་སྙམ་པ་འབྱུང་༔ ཞེས་གསུངས༔ འདི་རྫོགས་པ་ཆེན་པོ་ལྷུན་གྱིས་གྲུབ་པའི་དུས་ཡིན་པར་ཤྲཱི་སེང་ཧས་བཞེད་དོ༔ འདི་སྐབས་སུ་གེགས་སེལ་ནི༔ སྐྱོན་བཞི་བྱུང་ན་ཇི་ལྟར་བཞག་ཅེ་ན༔ ཐེག་པ་དམན་བཞིན་སྤང་མི་


CMR057_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

བྱ༔ འདིར་ནི་སྤང་ལེན་དགག་སྒྲུབ་མེད༔ སྐྱོན་བཞི་མ་བཅོས་རང་ཞིར་བཞག༔ ཐིག་ལེ་ཆེན་པོའི་ཀློང་དག་ཏུ༔ ཆོས་ཉིད་ཅི་རན་བཞག་པར་བྱ༔ ཞེས་པ་ལྟར་བྱའོ༔ འདི་སྐབས་བོགས་འདོན་པ་ནི༔ ཤྲཱི་སེང་ཧའི་ཞལ་ནས༔ སངས་རྒྱས་དང་སེམས་ཅན་གྱི་ཁྱད་པར་རིག་པ་རྒྱ་ཆེ་ཆུང་གཉིས་ལས་མེད༔ སེམས་ཅན་གྱི་རིག་པ་དུམ་བུར་གནས༔ སངས་རྒྱས་ཀྱི་སེམས་ཁྱབ་གདལ་དུ་གནས་པས་ནམ་མཁའ་ལྟ་བུར་རྒྱ་བསྐྱེད་ཅིག༔ ནམ་མཁའ་ལ་ཤར་མཐའ་མེད༔ ལྷོ་མཐའ་མེད༔ ནུབ་མཐའ་མེད༔ བྱང་མཐའ་མེད་དོ༔ ཞེས་གསུངས་པ་ལྟར༔ གནས་འགྱུ་ཁོ་ན་རྐྱང་འདེད་བྱས་པས་སྤྲོས་བྲལ་གྱི་རྟོགས་པ་སྐྱེ༔ ཉམས་ལ་ཆགས་ཞེན་མེད་པར་རྟོགས་པ་ནམ་མཁའ་ལྟར་རྒྱ་བསྐྱེད་པས་བོགས་ཆེའོ༔ དེ་མ་ཤེས་ན་ནམ་མཁའ་སྤྲིན་མེད་པའི་ཚེ་ཉི་མ་ལ་རྒྱབ་བསྟན་ཏེ་ནམ་མཁའ་དང་རང་སེམས་བསྲེས་ལ་དེའི་ངོ་ལྟ་བ་མན་ངག་སྟེ༔ བདེ་མཆོག་བསམ་གྱིས་མི་ཁྱབ་པའི་རྒྱུད་ལས༔ མདུན་གྱི་ནམ་མཁའ་དེ་ཉིད་ལ༔ དབང་པོ་གཏད་ལ་ཅོག་གེ་བཞག༔ གསལ་ལ་མི་རྟོག་ཡེ་ཤེས་དག༔ ད་ལྟ་ཉིད་དུ་འཆར་བར་འགྱུར༔ ཞེས་དང་༔ ས་ར་


CMR057_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

ཧས༔ བར་སྣང་ལ་ནི་ཡིད་དང་རླུང་དང་མིག༔ དུས་གཅིག་ཏུ་ནི་ཡང་དག་ལེགས་སྦྱར་ན༔ རྒྱལ་བའི་ཡོན་ཏན་རིན་ཆེན་ངེས་པར་སྐྱེ༔ ཞེས་གསུངས་སོ༔ དེས་གསལ་སྟོང་གི་ཡེ་ཤེས་སྐད་ཅིག་ལ་ངོ་འཕྲོད་པ་ཡིན་ལ༔ མི་རྟོག་པའི་ཡེ་ཤེས་སྐད་ཅིག་ལ་ངོ་སྤྲོད་པ་ནི༔ ལུས་གནད་ཆོས་བདུན་དང་ལྡན་པས་མིག་ཅུང་ཟད་གྱེན་དུ་ཕྱོགས་པས་སྨིན་མཚམས་མཛོད་སྤྱིའི་ཐད་ཀྱི་བར་སྣང་ལ་འབྱེད་འཛུམ་མེད་པར་ཧ་རེ་བཞག་པས༔ རྣམ་རྟོག་ཐམས་ཅད་འགག་སྟེ་མི་རྟོག་བརྗོད་མེད་ཀྱི་ཡེ་ཤེས་སྐད་ཅིག་ལ་སྐྱེ་སྟེ༔ ས་ར་ཧས༔ རྣམ་རྟོག་སྣ་ཚོགས་སྤངས་ཤིང་མི་སེམས་པར༔ གལ་ཏེ་མིག་གི་ནམ་མཁར་དབྱེ་བྱས་ནས༔ ཕྱོགས་བཅུའི་ལམ་རྣམས་ཉིད་ནི་རྣམ་པར་ཤེས༔ རྣལ་འབྱོར་དབང་ཕྱུག་མཐའ་དག་འདི་ལས་ཐོབ༔ ཅེས་གསུངས་ཤིང་རིག་པ་གཅེར་མཐོང་གི་འཁྲུལ་འཁོར་ཕྱག་ལེན་ཟབ་མོ་ཡང་ཡིན་ལ༔ སྣོད་ལྡན་ལ་རྡོ་རྗེ་རྦ་རླབས་འཚིར་བའི་གདམས་པས་ཀྱང་རྟོགས་བྲལ་ངོ་སྤྱད་པ་ཞལ་ཤེས་ལྟར་རོ༔ རྩེ་གཅིག་གི་རྟོགས་པ་སྐྱེས་པའི་དཔེ་ནི༔ སྐྱེས་བུ་ལམ་གྱི་འཇིགས་པ་ལས༔ བྲལ་ནས་བདེ་བར་གནས་པ་


CMR057_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན༔ སེམས་ཉིད་རྟོག་བྲལ་བདེ་བར་གནས༔ ཞེས་གསུངས་སོ༔ གནས་པའི་ཏིང་ངེ་འཛིན་འདི་སྐྱེས་པའི་རྟགས་ནི༔ འཁོར་བའི་ཆོས་ལ་སྐྱོ་བ་དང་༔ སེམས་ཅན་རྣམས་ལ་བརྩེ་བ་དང་༔ རང་གནས་ལ་ཡང་མི་ཆགས་ཤིང་༔ ཐག་རིང་གནས་སུ་འགྲོ་འདོད་ཅིང་༔ རག་གི་འཁོར་ལ་མི་ཆགས་ཤིང་༔ གནས་མ་སྙིང་རྗེ་ཆེན་པོ་འབྱུང་༔ བདག་ནི་འདུ་འཛི་འདི་སྤངས་ནས༔ གཞན་དག་ཏུ་ནི་འགྲོ་བར་འདོད༔ རྨི་ལམ་དཀྱིལ་འཁོར་བྲི་བ་དང་༔ བྱང་ཆུབ་མཆོད་རྟེན་བརྩེགས་པ་དང་༔ དགོན་པ་རི་བྲག་གཉིས་ཀར་བསྒོམ༔ དགའ་བདེ་སྣ་ཚོགས་འབྱུང་བ་མཐོང་༔ ཞེས་གསུངས་སོ༔ འོ་ན་རྩེ་གཅིག་ཅེས་ལྷུན་གྱིས་གྲུབ་པའི་དུས་ཤེས་སམ༔ གནས་པའི་ཏིང་ངེ་འཛིན་ཞེས་སམ་སེང་གེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་སྐྱེས་པའི་གང་ཟག་དེ་ཤི་ན་ཇི་ལྟར་འགྱུར་ཞེ་ན༔ གནད་གཅོད་འཇམ་ཞིང་ཐུགས་དམ་བསྐུལ་མ་སོགས་འཛོམ་ན་འོད་གསལ་ཟིན་པས་རྟོགས་པ་སྤྲོས་བྲལ་དུ་ན་འཕར་ཏེ༔ བར་དོ་ནས་གྲོལ་བ་ཡང་སྲིད་ལ༔ ཐུགས་དམ་མ་ཟིན་བར་དོར་མ་གྲོལ་ན་ངན་སོང་དུ་མི་སྐྱེ་ལ་མི་ལུས་གཙང་མ་ཐོབ་སྟེ༔ ཆོས་ལ་སྤྱོད་ཅིང་


CMR057_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཉིད་ཀྱི་བདེན་པ་མཐོང་བར་འགྱུར་ཏེ༔ དགའ་རབ་རྡོ་རྗེས༔ རྣལ་འབྱོར་པ་དེ་འགོགས་པའི་ཚེ༔ ངེས་པར་མི་ལུས་ཐོབ་ནས་སུ༔ ཆོས་སྤྱོད་པ་དང་ལྡན་པར་འགྱུར༔ དེ་ཚེ་ཆོས་ཉིད་བདེན་པ་མཐོང་༔ ཞེས་དང་༔ མྱ་ངན་འདས་ཚེ་མི་ལུས་ཐོབ༔ དེ་ཉིད་ཏིང་འཛིན་མི་གཡོ་ཐོབ༔ མཉམ་ཉིད་རིམ་གྱིས་ཐོབ་པ་སྟེ། ཆོས་ཉིད་བདེན་པའི་དོན་མཐོང་འགྱུར༔ ཞེས་གསུངས་སོ༔ དེ་ནས་སྤྲོས་བྲལ་ཞེས་ཀྱང་བྱ༔ དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཀྱང་ཟེར༔ རྫོགས་པ་ཆེན་པོ་བསམ་གྱིས་མི་ཁྱབ་པའི་དུས་ཞེས་ཀྱང་བྱ༔ མི་གཡོ་བའི་ཏིང་ངེ་འཛིན་ཞེས་ཀྱང་བྱ་བ་དེ་འཆར་ཏེ༔ གསང་བ་བསམ་གྱིས་མི་ཁྱབ་པའི་རྒྱུད་ལས༔ གཉིས་པ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱིས༔ སྤྲོས་པ་དང་བྲལ་བའི་མཉམ་གཞག་ཆེན་པོ་ལ༔ བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་རྩལ་དུ་ཤར༔ རྟོགས་པ་ཐོབ་ནས་སྐྱེ་ལ་དབང་བ་ཡིན༔ ཞེས་དང་༔ པྲ་ཁྲིད་ལས༔ གཉིས་པ་མི་གཡོ་བ༔ ཅི་སྲིད་མཉམ་པར་བཞག་པའི་ཚེ༔ སྐྱོན་གྱི་རྣམ་པ་གང་འགོག་ནས༔ རང་བྱུང་ཡེ་ཤེས་དྲོད་དང་ལྡན༔ ཉིན་མཚན་འདས་ཀྱི་བར་དུ་


CMR057_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

གནས༔ ཞེས་སོགས་རྒྱས་པར་གསུངས་པ་དང་༔ ཨོ་རྒྱན་རིན་པོ་ཆེས༔ དངོས་པོ་གང་ལ་ཡང་མི་གནས་པ་ཕྱང་ཕྱང་སྤྲོས་བྲལ་བྱ་བ་འདི་རང་ཡིན༔ ཞེས་དང་༔ ཆོས་སྐུ་ལ་གཟུགས་སྐུ་རྣམས་འབྱུང་བར་མི་འགྱུར་སྙམ་པ་དང་༔ སྣང་གྲག་སྣ་ཚོགས་སུ་ཤར་བ་འདི་རྣམས་མར་མེ་མདངས་གསལ་བ་ལྟ་བུ་སྙམ་པ་དང་༔ དབུགས་ཕྱི་ནང་དུ་རྒྱུ་བའི་ཚད་ཀྱིས་འདུག་པ་སྔོན་དུ་མི་འགྲོ་བ་དང་༔ མ་བྱས་ཀྱང་རྩལ་ཀ་སྣ་ཚོགས་སུ་ཤར་བ་དང་༔ ནམ་མཁའི་ངོ་བོ་ལྟར་འགྱུར་བ་མེད་པ་དང་༔ གཉིས་སྣང་གི་ཤེས་པ་ཅུང་ཟད་ཀྱང་མི་སྐྱེ་བ་དང་༔ འདི་རང་ཡིན་སྙམ་པའི་ཉམས་སྣང་ཆེན་པོ་ཆེ་སལ་སལ་བའམ༔ སིང་སིང་བའམ་ཕྱལ་ཕྱལ་བའམ༔ ཕྲིལ་ཕྲིལ་པའམ༔ མེར་མེར་བའམ༔ གསལ་ཉམས་ཉི་མ་ཤར་བ་ལྟ་བུའམ༔ སྟོང་ཉམས་ནམ་མཁའ་ལྟ་བུའམ༔ བདེ་ཉམས་རྒྱ་མཚོ་ལྟ་བུའམ༔ ཉམས་སྣང་རིགས་མི་གཅིག་པ་རྒྱ་མཚོའི་གཉེར་མ་ལྟ་བུའམ༔ ནམ་མཁའི་སྤྲིན་ཙམ་འབྱུང་༔ ཞེས་གསུངས་ཏེ༔ རྫོགས་ཆེན་ལུགས་སྤྲོས་བྲལ་ནས་ངོ་བོ་འགྱུར་རྒྱུ་མེད་ཀྱང་ད་དུང་ཉམས་རྟོགས་སྔར་མ་སྐྱེས་པ་མང་པོ་སྐྱེ་བར་བཞེད་ལ༔ ཕྱག་ཆེན་ལུགས་ལ་


CMR057_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲོས་བྲལ་ནས་ཉམས་ཐམས་ཅད་དག་ནས་ངོ་བོ་འགྱུར་མེད་དུ་བཞེད་དོ༔ སྤྲོས་བྲལ་གྱི་ངོ་བོ་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་ཏེ༔ དེ་ལ་ཡང་གོམས་པ་ཆེ་དབང་གིས་ཆེ་འབྲིང་གསུམ་དུ་ཕྱེ་ལ༔ རྟོགས་པ་ནི་མཐོང་ལམ་དུ་བཞེད་དེ༔ མདོ་ལུགས་ནས་བཤད་པའི་མཐོང་ལམ་གྱི་ཡོན་ཏན་གཞན་གྱིས་མཐོང་བར་མི་སྣང་ཡང་། མདོ་ལུགས་ལྟར་གྲངས་མེད་གཅིག་ཏུ་ཚོགས་བསགས་མ་དགོས་པས་ཡེ་ཤེས་གྱི་ཚོགས་རྟོགས་པ་མཐོང་ལམ་དུ་ཕྱིན་ཀྱང་བསོད་ནམས་ཀྱི་ཚོགས་དེ་ཙམ་དུ་མ་ཕྱིན་པས་དངོས་སུ་མི་སྣང་ཟེར༔ ལ་ལ་དག་འཆི་བའི་ཚེ་ཡོན་ཏན་དངོས་སུ་སྣང་བ་སྟེ༔ རྣལ་འབྱོར་པ་ལུས་རྒྱ་སེང་གེ་མངལ་རྒྱ་ཁྱུང་སྒོང་རྒྱ་ལས་གྲོལ་བའི་དཔེ་ཡིན་པར་བཞེད༔ རྣལ་འབྱོར་རྩ་རིགས་བཟང་པོ་ཉམས་སྣང་ལ་ཡོན་ཏན་དེ་དག་མེད་པའི་ངེས་པ་ཡང་མེད་དེ༔ སྔོན་ཀུན་དགའ་བོ་ས་བཅུ་པ་ཡིན་ཀྱང་རང་གཞན་ཀུན་གྱི་དགྲ་བཅོམ་ཙམ་ཡང་མ་ཐོབ་པར་མཐོང་ཚུལ་པདྨ་དཀར་པོ་ནས་བཤད་པ་དང་༔ རྒྱལ་ཚབ་དགེ་སློང་མ་ཕམ་པ་ཐུབ་པས་སངས་རྒྱས་ལྔ་པར་ལུང་བསྟན་ཚེ༔ གཞན་དགེ་སློང་རྣམས་ཀྱིས་དགེ་སློང་མ་ཕམ་པ་འདི་ནི་ཉོན་


CMR057_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

མོངས་པ་འཆིང་བ་ཀུན་ལྡན་ཐ་མལ་པར་འདུག་ན་སངས་རྒྱས་ལྔ་པ་ཇི་ལྟར་འགྱུར་ད་ལྟ་ས་བཅུ་ཇི་ལྟར་ཐོབ་ཅེས་འཕྱས་གདགས་པར་བྱས་པའི་ལོ་རྒྱུས་བྱམས་པ་ལུང་བསྟན་གྱི་མདོ་ལས་གསུངས་པའི་ཕྱིར༔ གཞན་སྣང་དུ་ས་དང་པོ་ཡོན་ཏན་མི་སྣང་བས་སྤྲོས་བྲལ་མཐོང་ལམ་མིན་པའི་ངེས་པ་མེད་དེ༔ འདི་སྐབས་སུ་བཻ་རོ་དང་ཅོག་རོའི་སྙན་བརྒྱུད་ལས༔ མི་གཡོ་ཐོབ་པའི་རྣལ་འབྱོར་ནི༔ བྱིང་དང་རྒོད་པའི་སྐྱོན་མི་འབྱུང་༔ ཡེ་ཤེས་དྲོད་དགའ་བདེ་བ་འབྱུང་༔ གཏང་མི་བྲལ་བའི་སེམས་ལ་རེག༔ ཡུན་གྱི་ཚད་ཀྱང་ཉིན་མཚན་དུ༔ སེམས་ཀྱི་མཚན་མ་ཇི་ལྟ་བུའི༔ རྟོག་པ་རང་བཞིན་མི་གཡོ་གནས༔ ཞེས་དང་༔ མི་གཡོ་བའི་ཏིང་ངེ་འཛིན་དེའི་དཔེ་ནི༔ མི་རྟོགས་མི་གཡོ་ཐིག་ལེ་བདེ༔ བདེ་བའི་ངང་ལ་གནས་པ་ནི༔ མ་བསྐྱོད་དྭངས་བའི་རྒྱ་མཚོ་དང་༔ མི་གཡོ་གསལ་བའི་མར་མེ་འདྲ༔ དེ་ནི་ཡེ་ཤེས་བདེ་བའི་དྲོད༔ མི་གཡོ་བ་ཡི་ཏིང་འཛིན་ནི༔ དཔེར་ན་རྒྱ་མཚོ་དངས་བའམ༔ མར་མེ་རླུང་གིས་མ་བསྐྱོད་མཚུངས༔ ཞེས་གསུངས༔ འདི་སྐབས་བོགས་འདོན་གུ་རུ་ཤྲཱི་སེང་ཧས༔ རིགས་ཀྱི་བུ་གནས་སྐབས་ཀྱི་ཉམས་སྣང་མཆོག་ཏུ་


CMR057_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་ནས་མངོན་པར་མ་ཞེན་ཅིག༔ ཡུལ་ལ་མ་ལྟ་སེམས་ལ་མ་ལྟ་ཅིག༔ བྱ་བ་མ་མང་ཞེ་འདོད་མ་སྐྱེན་ཅིག༔ ཉམ་ང་མ་སྐྱེན་ཅིག༔ ཤེས་པ་ཅི་དགར་ཐོངས་ལ་ཞོག༔ སེམས་ཉིད་ནམ་མཁའི་དཀྱིལ་ལྟར་ཞོག་གསུངས་ཏེ་འདི་སྤྲོས་བྲལ་ངོ་སྤྲོད་ཀྱང་ཡིན་པར་སྣང་ངོ་༔ འདི་སྐབས་བོགས་འདོན་ནི་གཏུམ་མོ་ཨ་ཐུང་གི་ཁྲིད་ལ་བརྟེན་ནས་བདེ་བས་བོགས་འདོན་པ་ནི༔ གནམ་ཆོས་ཐུགས་གཏེར་འདི་ཉིད་ནས་ཁྲོ་བོ་རོ་ཟའི་གཏུམ་མོ་གཞན་དང་ཐུན་མོང་མ་ཡིན་ཞིང་རྣོ་ནུས་དང་ལྡན་པ་བསྒོམ་ན་ལེགས་ཏེ་ཉམས་སུ་ལེན་པ་ལ་ནད་མེད་ཅིང་རྩ་རླུང་དར་ལ་བབ་པས་ཡིན་གྱི༔ ནད་ཅན་དང་རྒན་རྒོག་གིས་རྩ་རླུང་མི་ཆུན༔ རྫོགས་ཆེན་ཁོ་ན་ལ་མོས་ཤིང་རྩ་རིགས་བཟང་བ་དང་མིག་ལ་སྐྱོན་མེད་པས་ཐོད་རྒལ་ལ་བརྟེན་ནས་བོགས་འདོན་པ༔ དཀར་ཁྲིད་དམར་ཁྲིད་སེར་ཁྲིད་སོགས་ཉམས་སུ་ལེན་ཏེ༔ རྫོགས་ཆེན་ཁོ་ནའི་ཐུན་མོང་མ་ཡིན་པ་ཡིན་པས་ཁྲོམ་དུ་བསྒྲགས་པར་བྱ་བ་མ་ཡིན་ནོ༔ དེ་ལྟར་ཁྲེགས་ཆོད་དང་ཐོད་རྒལ་སྦྲགས་ཏེ་ཉམས་སུ་བླང་བས་སྣང་བཞིའི་འཆར་ཚུལ་ཡང་ཐོད་རྒལ་གྱི་སྐབས་ནས་འབྱུང་བ་ལྟར་ཡིན་ཞིང་༔


CMR057_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་ནི་ཁྲེགས་ཆོད་ཕྱག་རྫོགས་དབྱེར་མེད་ཀྱི་ལུགས་ཏེ༔ གྲུབ་ཆེན་ཀརྨ་པཀྴིས༔ རྫོགས་པ་ཆེན་པོ་དང་ཕྱག་རྒྱ་ཆེན་པོ་གཉིས་ཚིག་ལ་ཁྱད་པར་ཡོད་དོན་ལ་ཁྱད་པར་མེད་གསུངས་པ་ལྟར་ཡིན་ནོ༔ དེས་ནི་སྤྲོས་བཅས་ཀྱི་དགེ་སྦྱོར་གཙོ་བོར་མི་འདོན་པར་སྤྲོས་བྲལ་གྱི་ཏིང་ངེ་འཛིན་ཉིད་སྐྱོང་བ་ཁོ་ནས་ཀྱང་ཆོག་པར་བཤད་པས་དེ་ལྟར་བྱོས་ཤིག༔ མི་གཡོའི་ཏིང་ངེ་འཛིན་སྐྱེས་པའི་རྟགས་ནི༔ དགའ་རབ་རྡོ་རྗེའི་སྤུ་ཁྲིད་ལས༔ དེ་ཚེ་ཟས་དང་གོས་ཀྱི་འདུ་ཤེས་ཆུང་༔ ཉོན་མོངས་ལ་སོགས་ཆགས་སྡང་ཆུང་༔ སྙིང་རྗེ་ཕན་སེམས་རབ་ཏུ་ཆེ༔ རྨི་ལམ་རྟགས་བཟང་རབ་ཏུ་འབྱུང་༔ ཞེས་དང་༔ མི་གཡོ་ཐོབ་པའི་རྟགས་བརྟན་པ༔ ཟས་དང་སྐོམ་ནི་ཉུང་བས་མཉེས༔ འདོད་ཆགས་ལ་སོགས་ཤིན་ཏུ་ཕྲ༔ སེམས་ཅན་ཀུན་ལ་སྙིང་རྗེ་སྐྱེ༔ ཡོ་བྱད་ལ་སོགས་ཆགས་པ་མེད༔ ཕ་རོལ་ཕྱིན་སོགས་རྒྱ་ཆེ་ཞིང་༔ སེམས་ཅན་རྣམས་ལ་ཕན་འདོགས་དང་༔ རྨི་ལམ་ཆོས་རྣམས་ཐམས་ཅད་ཀུན༔ སྒྱུ་མའི་དཔེ་ལྟར་གཟིགས་པ་སངས་རྒྱས་ཉག་ཅིག་རྫོ་གས་ཆེན་ཆོས་ཉན་དང་༔ ཡིད་དུ་འོང་བའི་འབྲེལ་པ་དང་༔ བདག་ལ་མེ་ཏོག་འཐོར་བ་དང་༔


CMR057_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་སྲིན་སྡེ་བརྒྱད་བྲན་བཞིན་བཀོལ༔ ཞེས་གསུངས་སོ༔ དེ་ལྟར་སྤྲོས་བྲལ་རྟོགས་པའི་རྣལ་འབྱོར་པ་དེ་འཆི་བའི་ཚེ་ཐུགས་དམ་འོད་གསལ་ཟིན་ནས་ཞེ་དགུ་སོགས་གནས་ན་བར་དོ་དང་མི་བགྲོད་དེ་འཆི་བ་ཆོས་སྐུར་སངས་རྒྱའོ༔ གལ་ཏེ་འཆི་རྐྱེན་སོགས་ཀྱིས་འོད་གསལ་མ་ཟིན་ནའམ༔ ཟིན་ཀྱང་ཡུན་རིང་གནས་མ་ཐུབ་ན༔ སྐྱེ་བ་ལ་དབང་ཐོབ་པས་གར་སྐྱེ་འདོད་པ་དེར་སྐྱེ་ལ༔ གང་དུ་ཡང་སྐྱེ་འདོད་པའི་འཕེན་པ་མ་བཏང་ན་ཡང་༔ ལུས་གདོས་བཅས་མི་ལེན་པར་འཇའ་ལུས་ཀྱི་རིག་འཛིན་དུ་སྐྱེས་ཏེ་ལུས་རྟེན་དེ་ཉིད་ལ་སངས་རྒྱ་བ་ཡིན་ཏེ༔ རྫོགས་ཆེན་སྤྲ་ཁྲིད་ལས༔ དེ་ལྟ་བུ་ཡི་རྣལ་འབྱོར་པ༔ འབྱུང་བ་ལྔ་པོ་ཞིག་པའི་ཚེ༔ ལྷ་ཡི་རིག་འཛིན་ཆེན་པོ་ཐོབ༔ དེ་ཚེ་ཉིད་ལ་མངོན་སངས་རྒྱས༔ ཞེས་གསུངས་སོ༔ གསུམ་པ་རོ་གཅིག་གི་རྟོགས་པ་དང་༔ སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་དང་༔ མཉམ་པ་ཉིད་ཀྱི་ཏིང་ངེ་འཛིན་རྣམས་དོན་གཅིག་སྟེ༔ གསང་བ་བསམ་གྱིས་མི་ཁྱབ་པའི་རྒྱུད་ལས༔ གསུམ་པ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས༔ དུ་མ་རོ་གཅིག་ས་བཅུའི་རྟོགས་པ་འཆར༔ དུས་གསུམ་རྒྱལ་བའི་སྲས་པོས་གཞན་


CMR057_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

དོན་མཛད༔ རྩེ་མོར་ཕྱིན་ནས་འཕེལ་བ་རྒྱུན་མི་ཆད༔ ཞེས་དང་༔ རྫོགས་ཆེན་སྤྲ་ཁྲིད་ལས༔ གསུམ་པ་མཉམ་པ་ཉིད་དུ་སྦྱོར༔ འཁོར་བ་མྱ་ངན་འདས་པའི་ཆོས༔ ཅི་ལྟ་བུར་ཡང་མ་གཟིགས་ཏེ༔ ཐམས་ཅད་མཉམ་པ་ཉིད་དུ་གསལ༔ ལོ་ཟླ་འདས་ཀྱང་དེ་བཞིན་གནས༔ ཞེས་དང་༔ ཡེ་ཤེས་མྱུ་གུ་སེམས་ལ་ཤར༔ སེམས་ཀྱི་མྱུ་གུ་མ་སྐྱེས་ན༔ ཡེ་ཤེས་མྱུ་གུ་ག་ལ་འབྱུང་༔ ཡེ་ཤེས་མྱུ་གུ་མ་སྐྱེས་པར༔ སངས་རྒྱས་མྱུ་གུ་ག་ལ་འབྱུང་༔ ལོ་ཟླ་འདས་ཀྱང་དེ་བཞིན་གནས༔ ཞེས་དང་༔ ཨོ་རྒྱན་ཆེས༔ གཞན་ཅི་ཡོད་སྙམ་པ་དང་གང་བལྟས་གཅིག་ཏུ་འདུག་པས་སྤང་བྱ་དང་བསྒྲུབ་བྱ་མི་འདུག་པ་རོ་གཅིག་བྱ་བ་འདི་རང་ཡིན་མོད༔ ཅེས་དང་༔ ཉམས་སྔར་ནས་སྐྱེས་པ་དེ་ཚོ་བློ་ཡིས་སྤྱན་པར་སོང་ནས་ཏུགས་ཀྱིས་ཟད་ནས་ཐ་མལ་གྱི་ཤེས་པ་སྐྱོན་དང་ཡོན་ཏན་གང་གིས་ཀྱང་མ་སྒྲིབ་པ་ཞིག་རྟོགས༔ དེ་ལ་བསྒོམ་རྒྱུ་དང་འཁྲུལ་རྒྱུ་གཉིས་ཀ་གཏིང་ནས་རྩ་བ་བྲལ༔ བསྒོམ་ཀྱང་ཅི་ཡང་སྐྱེ་རྒྱུ་མེད་པ་ལ༔ མ་བསྒོམ་ཀྱང་གར་ཡང་འཁྲུལ་རྒྱུ་མེད་པར་རྟོགས༔ ཐ་མལ་གྱི་ཤེས་པ་རྐྱེན་དང་བྲལ་ནས་གཅེར་བུ་ལྡེང་བ་ཞིག་རྟོགས་ནས་ཨ་


CMR057_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱམ་མེ་རྗེན་ནེ་ཁྲིས་སེ་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་དྲི་མས་མ་གོས་པ་ཞིག་རྟོགས༔ ཞེས་གསུངས་ཤིང་འདི་ཡན་རྫོགས་ཆེན་བདེ་བ་ཆེན་པོའི་དུས་ཡིན་པར་མངོན་ལ༔ འཁོར་འདས་ཀྱི་ཆོས་ཐམས་ཅད་རོ་གཅིག་ཏུ་འཆར་བས་རོ་གཅིག་ཅེས་བྱ༔ དེ་ཡང་རྩལ་རྫོགས་མ་རྫོགས་ལ་ཆུང་འབྲིང་ཆེ་གསུམ་དུ་དབྱེ༔ རོ་གཅིག་ནི་སྒོམ་ལམ་དུ་བཤད་དོ༔ འདི་སྐབས་ཤྲཱི་སེང་ཧས་གེགས་སེལ་དང་ངོ་སྤྲོད་གསུངས་ཏེ༔ ཡེ་གནས་ཀྱི་གནས་ལུགས་འདུས་མ་བྱས༔ ཆོས་ཀྱི་སྐུ་བྱ་བ་དེ༔ བསྒོམ་རྒྱུ་དང་འཁྲུལ་རྒྱུ་གཉིས་ཀ་མེད་པར་གཅེར་བུ་གདིང་བ་དེ་རང་ཡིན་ནོ༔ ད་འདོད་པས་མ་སྒྲིབ༔ འདོད་འདོད་པ་ཞིག་གིས་མི་འདོད་པའི་གནས་སུ་སྐྱེལ་ལོ༔ སྒོམ་མ་མྱོང་དང་འབྲལ་མ་མྱོང་༔ མི་སྒོམ་དོན་དང་མི་འབྲལ་ཏེ༔ སྐྱོང་བས་མཆོག་ཐུན་མོང་གི་དངོས་གྲུབ་ཐོབ༔ ཅེས་དང་རེ་དོགས་དགའ་སྡུག་གི་འཛིན་པ་མེད་པར་ཉམས་སུ་ལེན་དགོས་པར་གསུངས༔ འདི་སྐབས་ཙམ་ན་ཕྱིན་ན་བདེ་བའི་བོགས་འདོན་དུ་བུད་མེད་མཁའ་འགྲོའི་མཚན་རྟགས་ཅན་བརྟེན་པ་དང་༔ དུར་ཁྲོད་དང་ཚོང་འདུས་སོགས་སུ་བརྟུལ་ཞུགས་ཀྱི་སྤྱོད་པ་བྱ་བར་


CMR057_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་ཏེ༔ ཏེ་ལོ་པས་ཕྱག་ཆེན་གང་ག་མ་ལས༔ ལས་ཀྱི་ཕྱག་རྒྱ་བསྟེན་ན་བདེ་སྟོང་ཡེ་ཤེས་འཆར༔ ཐབས་དང་བྱིན་རླབས་སྙོམས་པར་ཞགས༔ དལ་བར་དབབ་ཅིང་བསྐྱིལ་བཟློག་དགྲམ་པ་དང་༔ གནས་སུ་བསྐྱལ་ལ་ལུས་ལ་ཁྱབ་པར་བྱེད༔ དེ་ལ་ཆགས་ཞེན་མེད་ན་བདེ་སྟོང་ཡེ་ཤེས་འཆར༔ ཚེ་རིང་སྐུ་དཀར་མེད་ཅིང་ཟླ་ལྟར་རྒྱས་པར་འགྱུར༔ བཀྲག་མདངས་གསལ་ལ་སྟོབས་ཀྱང་སེང་གེ་འདྲ༔ ཐུན་མོང་དངོས་གྲུབ་མྱུར་ཐོབ་མཆོག་ལ་གཞོལ༔ ཞེས་དང་༔ ཨུ་རྒྱན་རིན་པོ་ཆེས༔ ཡབ་ཡུམ་མཆོད་པས་བསྔོ་བ་འབུལ༔ དེ་ཡི་བསོད་ནམས་བརྗོད་མི་ལོང་༔ བདེ་ཆེན་རྣམ་དག་ཡེ་ཤེས་སྐུ༔ ཚེ་འདི་ཉིད་ལ་ཐོབ་པར་འགྱུར༔ ཞེས་དང་༔ ས་ར་ཧས༔ གཡུང་མོ་ཚོས་མ་སྨད་འཚོང་གོས་རས་ཀྱིས་འཚོ་བ༔ སྔོ་སངས་མ་དང་དཀར་འཇམ་སྨུག་ནག་མ༔ སྨེ་ཤ་ཅན་ལ་རྒྱུད་སྦྱང་མའི་ཕྱག་རྒྱ་ནི༔ བཅུ་དྲུག་ལོ་ལོན་རབ་ཏུ་མཛེས་ཤིང་སྐྲ་སེར་ལི༔ ས་ལིའི་དྲིས་ཁྱབ་ནུ་མ་སྲ་མཁྲེགས་རྐེད་པ་ཕྲ༔ ཞེས་སོགས་རྒྱ་ཆེར་གསུངས་སོ༔ དེ་ལྟར་རོ་གཅིག་མཉམ་པ་ཉིད་ཀྱི་ཏིང་ངེ་འཛིན་གྱི་དཔེ་ནི་རྫོགས་ཆེན་སྤྲ་ཁྲིད་ལས༔ མཉམ་ཉིད་


CMR057_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

མི་གཡོ་ཆོས་ཉིད་སྐུ༔ བཟུང་བས་མི་ཟིན་ཆུ་ཟླ་འདྲ༔ རྟོག་མེད་མཉམ་ཉིད་དེ་ཉིད་ནི༔ ཁྱུང་ཆེན་མཁའ་ལ་ལྡིང་དང་མཚུངས༔ ཞེས་དང་༔ ཏིང་འཛིན་དེ་ཡི་དཔེ་བསྟན་པ༔ ཕྱི་ནང་ཆོས་རྣམས་མཉམ་ཉིད་དུ༔ སྣང་ལ་རང་བཞིན་མེད་པ་ནི༔ ཆུ་ཟླ་དང་མཚུངས་བྱ་རྩོལ་བྲལ༔ རྟོག་མེད་རྡུལ་བྲལ་ཁྱུང་དང་འདྲ༔ ཁྱུང་གི་ནམ་མཁའ་སྲག་བཅད་དེ༔ གཡས་བསྐོར་བཅད་ནས་ནམ་མཁའི་མཐོང་སུ་ཕྱིན་ཙམ་ན༔ གཤོག་པ་ནར་གྱིས་བརྐྱངས་ནས་བཞག་པའི་ཚེ༔ གྲང་བ་དང་གཡང་ཟ་བའི་རྟོགས་པའང་མེད༔ ཕུང་པོ་ཕན་ཚུན་བཙལ་བའི་འདུ་ཤེས་ཀྱང་མེད༔ དེ་ན་ཡང་མི་གནས་ཏེ་གང་དུ་འདོད་པར་ཕྱིན་ནོ༔ དེ་བཞིན་མཉམ་པ་ཉིད་ཀྱི་ཏིང་འཛིན་ཀྱང་༔ བྱ་བཙལ་དང་བྲལ་ཏེ་རང་གར་བཞག་པས༔ བགྲོད་པ་མེད་པའི་ས་ལ་གཤེགས་པར་འགྱུར་རོ༔ ཞེས་གསུངས་ཤིང་༔ རྟོགས་པ་དེའི་ངོ་བོ་ཅི་ལྟར་ཞེ་ན༔ མཉམ་ཉིད་ངོ་བོ་ཐོབ་པ་ནི༔ འཁོར་དང་མྱ་ངན་འདས་པའི་ཆོས༔ ཅི་ཡང་ངོ་བོ་མི་སྣང་བ༔ ཐམས་ཅད་བྱང་ཆུབ་སེམས་ཉིད་ཆོས་ཉིད་བདེ༔ བདེ་ཆེན་རང་བྱུང་ཡེ་ཤེས་སྣང་༔ ཚིག་དང་ཡི་གེ་ལས་འདས་


CMR057_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་༔ ཐམས་ཅད་མཉམ་པ་ཉིད་དུ་གསལ༔ དེ་ཡི་ངང་ལ་གསལ་བ་ནི༔ ལོ་ཟླ་འདས་ཀྱང་སེམས་ལ་སྐྱོན་མེད་སྣང་༔ ཞེས་གསུངས་སོ༔ རྟོགས་པ་དེ་ཐོབ་པའི་རྟགས་ནི༔ པྲ་ཁྲིད་ལས༔ ཡོ་བྱད་འདུ་ཤེས་ཐམས་ཅད་འགོག༔ དགེ་དང་མི་དགེའི་རྣམ་རྟོག་མེད༔ ཉོན་མོངས་སྒྲིབ་པ་རྣམ་པར་དག༔ ཉམས་ཀྱི་རྨི་ལྟས་སྣ་ཚོགས་འབྱུང་༔ ཞེས་དང་༔ མཉམ་པ་ཉིད་ཀྱི་ཏིང་ངེ་འཛིན་ཐོབ་པའི་རྟགས་ནི༔ ཟས་དང་སྐོམ་གྱི་འདུ་ཤེས་ཆུང་བར་འགྱུར་རོ༔ ཏིང་ངེ་འཛིན་གྱི་ཟས་སྐོམ་ལ་གནས་སོ༔ བདག་ལ་སྡང་བ་རྣམས་ཀྱིས་ནོར་དང་ལོངས་སྤྱོད་འཕྲོག་སྟེ༔ མི་དགེ་བ་སྣ་ཚོགས་སྨྲས་ཀྱང་སེམས་མི་དགའ་བ་མེད་དོ༔ བདག་ལ་བྱམས་པ་རྣམས་ཀྱིས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་སྣ་ཚོགས་ཕུལ་ནས༔ དགེ་ཚིག་སྨྲས་ཀྱང་དགའ་བའི་འདུ་ཤེས་མེད་དོ༔ འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཐམས་ཅད་རང་བྱུང་ཡེ་ཤེས་སུ་སྣང་བས་རྣམ་པར་དག་གོ༔ གཞན་ཡང་རྨི་ལམ་དུ་ལྷའི་བུ་རྣམས་ཀྱིས་ནམ་མཁའ་ནས་མེ་ཏོག་གི་ཆར་འབེབས་པ་དང་༔ རིན་པོ་ཆེའི་རྫིང་བདུད་རྩིས་བཀང་ནས་རྩེ་བ་དང་༔ དེ་བཞིན་གཤེགས་


CMR057_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་ཀྱིས་བདག་ལ་མཉམ་པ་ཉིད་ཀྱི་ཆོས་སྟོན་པ་དང་༔ བདག་ལ་ལྷའི་བུ་རྣམས་ཀྱིས་རིན་པོ་ཆེའི་འོད་གུས་བྱུག་པ་རྨིང་ངོ་༔ གཞན་ཡང་སྤྱན་ལྔ་དང་མངོན་ཤེས་ལྔ་དང་རྗེས་དྲན་དྲུག་འབྱུང་ངོ་༔ ཞེས་གསུངས་ཏེ༔ རོ་གཅིག་ཆུང་འབྲིང་ཙམ་རྟོགས་ཀྱང་རྩལ་མ་རྫོགས་ཡོན་ཏན་མ་སྐྱེས་པས་རྟགས་མི་སྣང་བ་ཡང་ཡོད་ཅིང་རྩལ་རྫོགས་བརྟན་པ་ཐོབ་ན་ངེས་པར་རྟགས་དེ་རྣམས་འབྱུང་བའོ༔ རྟོགས་པ་དེ་ཐོབ་པ་ལ་འབྲས་བུ་ཇི་ལྟར་ཐོབ་ལུགས་ནི༔ དགའ་རབ་རྡོ་རྗེའི་པྲ་ཁྲིད་ལས༔ མཉམ་པ་ཉིད་ཀྱི་ངོ་བོ་ལས༔ ལམ་དང་ས་ཡི་རིག་འཛིན་ཐོབ༔ དེ་ཡང་བགྲོད་དུ་མེད་པ་སྟེ༔ ཚེ་དེ་ཉིད་ལ་མངོན་སངས་རྒྱས༔ ཞེས་དང་༔ མཐོང་ལམ་ཞེའམ་མ་ཧཱ་དེ་ཝ་ཀུ་ན་སེའི་སའམ་ཨ་ནུ་ཡོ་ག་ཀུན་བཟང་དབྱེ་བ་མེད་པའི་ཚུལ་རྣམས་སྐད་ཅིག་མའི་ཚུལ་གྱིས་ཐོབ་ནས༔ སྐད་ཅིག་མ་དེ་ཉིད་ལ་སངས་རྒྱས་སོ༔ ཞེས་གསུངས་ཏེ༔ སྒྱུ་མ་ལྟ་བུའམ་མཉམ་པ་ཉིད་དམ་རོ་གཅིག་གི་རྟོགས་པ་ཆུང་ངུ་སྐྱེས་པ་དེ་འཆི་བའི་ཚེ་འོད་གསལ་ཞག་བདུན་ཙམ་གནས་ནས་སངས་རྒྱས་ཏེ༔ དེ་བས་རིང་དུ་མི་གནས༔ རོ་གཅིག་འབྲིང་རྟོགས་


CMR057_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་ཞག་གསུམ་ཙམ་འོད་གསལ་ལ་གནས་ནས་འཚང་རྒྱ༔ དེ་བས་རིང་དུ་མི་གནས༔ རོ་གཅིག་ཆེན་པོ་ནི་རླུང་རྣམ་ཤེས་ལ་ཐིམ་ཕྱི་དབུགས་ཆད་མ་ཐག་འཚང་རྒྱ་སྟེ༔ དེ་ནི་ཐུགས་དམ་ལ་མི་བཞུགས་ཏེ་སླར་འོད་གསལ་བཟུང་རྒྱུ་དང་སྒྲིབ་པ་སྦྱང་རྒྱུ་དང་ལམ་གོང་དུ་འཕེལ་རྒྱུ་མེད་དོ༔ ཚེའི་མཇུག་དེ་ཉིད་དུ་སྐད་ཅིག་ལ་སངས་རྒྱས་པས་ཚེ་འདིར་སངས་རྒྱས་པའི་གྲངས་སུ་འགྲོའོ༔ གསང་བ་བསམ་གྱིས་མི་ཁྱབ་པ་ལས༔ རྩེ་མོར་ཕྱིན་ནས་འཕེལ་བ་རྒྱུན་མི་ཆད་ཅེས་པས་ཚེ་འདིར་ས་བཅུའི་རྟོགས་པ་སྐྱེས་པ་དེ༔ འཆི་བ་འོད་གསལ་གྱི་སྐད་ཅིག་དེ་ལ་ས་བཅུའི་རྩེ་མོ་སངས་རྒྱས་ཀྱི་སར་ཕྱིན་ནས༔ དག་པ་དང་མ་དག་པའི་ཞིང་བྱེ་བ་ཕྲག་བརྒྱར་གང་འདུལ་གྱི་སྤྲུལ་པ་དུ་མ་འཕེལ་ཞིང་རྒྱུན་མི་ཆད་པའོ༔ དེ་ལྟར་ལམ་བགྲོད་ཚུལ་ཞོར་ལ་གེགས་སེལ་བོགས་འདོན་ཐོར་བུ་དང་བཅས་པའི་ཆོས་ཐུན་ཞུས་པའི་དགེ་བས་སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་ལམ་བགྲོད་པའི་ཕྱིར་བསྔོ་བའི་རྗེས་ཟློས་མཛོད་ཅིག༔ དགེ་བ་མ་རྒན་འགྲོ་དྲུག་ཀུན་ལ་བསྔོ༔ གསུམ༔ ལམ་བགྲོད་ཚུལ་གྱི་ཆོས་ཐུན་ཏེ་ཉི་ཤུ་པའོ༔ ༈ དེ་ནས་སྒོམ་མེད་ཅེས་ཀྱང་


CMR057_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

བྱ༔ རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཞེས་ཀྱང་བྱ༔ ལྷུན་གྱིས་གྲུབ་པའི་ཏིང་ངེ་འཛིན་ཞེས་ཀྱང་བྱ་བ་དེ་བཤད་པ་ནི༔ གསང་བ་བསམ་གྱིས་མི་ཁྱབ་པའི་རྒྱུད་ལས༔ བཞི་པ་རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས༔ བསྒོམ་དུ་མེད་པའི་མཉམ་གཞག་ཆེན་པོ་ལ༔ མཁྱེན་པའི་ཡེ་ཤེས་སངས་རྒྱས་ཞིང་ཁམས་མཐོང་༔ མ་བཅོས་ལྷུན་གྲུབ་ཆོས་མཆོག་ཆེན་པོའི་ངང་༔ ཞེས་དང་༔ པྲ་ཁྲིད་ལས༔ མཉམ་པ་ཉིད་ཀྱི་ངོ་བོ་ལས༔ ལམ་དང་ས་ཡི་རིག་འཛིན་ཐོབ༔ དེ་ཡང་བགྲོད་དུ་མེད་པ་སྟེ༔ དེ་ཚེ་ཉིད་ལ་མངོན་སངས་རྒྱས༔ རང་གི་ངོ་བོ་ཆོས་ཀྱི་སྐུ༔ དཔེ་ནི་དཔེ་མེད་ནམ་མཁའ་འདྲ༔ རྟགས་ནི་སངས་རྒྱས་ཆོ་འཕྲུལ་འབྱུང་༔ འབྲས་བུ་སངས་རྒྱས་དེ་ཉིད་དོ༔ ཞེས་དང་༔ ཨུ་རྒྱན་རིན་པོ་ཆེས༔ གདམས་པ་ཞུ་བ་དང་༔ ཉམས་འབུལ་བ་དང་༔ དགེ་བ་དང་མི་དགེ་བ་དང་ལེགས་པ་དང་ཉེས་པའི་ཤེས་པ་ཅུང་ཟད་ཀྱང་མ་སྐྱེས་རང་སོ་ན་ཅི་ལྟར་འདུག་ན་རོ་ལྟ་བུར་གྱུར་ཏོ༔ ཞེས་དང་༔ རྟོགས་པ་འབུལ་རྒྱུ་སྐ་རྩེ་གཅིག་ཀྱང་མེད༔ ནམ་མཁའ་ལ་བྱ་འཕུར་བའི་རྗེས་བཞིན་སོང་༔ ཞེས་གསུངས་པ་དང་༔ བསྒོམ་མེད་ནི་བསྒོམ་


CMR057_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་སྒོམ་བྱེད་ཀུན་དང་བྲལ་བའོ༔ དེ་ཡང་ཆུང་འབྲིང་ཆེ་གསུམ་དུ་ཕྱེ་སྟེ་བསྒོམ་མེད་ཆེན་པོ་ནི་རྫོགས་པའི་སངས་རྒྱས་ཀྱི་ས་ཡིན་པར་བཞེད་དོ༔ དེ་ལྟར་རིམ་པར་བཤད་པ་ནི་གསང་སྔགས་ལུགས་ལ་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་མི་དགོས་པར༔ ཚེ་གཅིག་ལ་སྐལ་ལྡན་གྱི་སྐྱེས་བུ་འཚང་རྒྱ་བའི་ལམ་རིམ་བཤད་པ་ནི་རིམ་སྐྱེས་པ་ཞེས་བྱའོ༔ ཐོད་རྒལ་བ་ནི་ཚེ་སྔོན་ཚོགས་བསགས་པ་དང་ལས་འཕྲོ་བཟང་པོ་ཡང་མང་དུ་ཡོད༔ སྡིག་ལྟུང་དང་ཉམས་ཆག་ལས་འཕྲོ་ངན་པ་ཡང་མང་དུ་ཡོད་པས་གསང་སྔགས་ཀྱི་ཁྲིད་ཞུས་ཤིང་བསྒོམས་པས༔ ལས་བཟང་ངན་གཉིས་ཀ་རྡོལ་ཏེ་རེས་འགའ་ཉམས་རྟོགས་བཟང་པོ་སྐྱེ༔ རེས་འགའ་གེགས་དང་གོལ་ས་དང་ཉོན་མོངས་པ་ཆེར་འབར་ཏེ༔ བླ་མ་བསྟེན་གཉུག་ཐུང་ངམ་ཆོས་གྲོགས་བཟང་པོ་མེད་ན༔ དང་པོ་སྒོམ་ཆེན་བཟང་པོར་གྱུར་པ་ལ་ཕྱིས་ཐ་མལ་སྐྱེ་བོར་གྱུར་པ་སོགས་འབྱུང་ཉེན་ཆེའོ༔ བར་ཆད་ལ་མ་ཤོར་ན་ཉམས་རྟོགས་བོགས་ཆེ་སྟེ་མྱུར་དུ་འབྲས་བུ་ཐོབ་བོ༔ གཅིག་ཆར་བ་ནི་ཚེ་སྔོན་ཚོགས་བསགས་སྒྲིབ་སྦྱང་མང་དུ་སོང་༔ ཏིང་ངེ་འཛིན་སྐྱེ་བ་དུ་མར་བསྒོམ་པའི་འཕྲོ་ཡོད་པས་ཁྲིད་དང་ངོ་


CMR057_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་བཏབ་པ་ཙམ་གྱིས་རྟོགས་པ་གཅིག་ཆར་དུ་འཁྲུངས་ཏེ༔ དེས་ཀྱང་ལམ་འོག་མ་མ་བགྲོད་པ་ནི་མིན་ཏེ༔ སྐད་ཅིག་ལ་དཔེར་ན་ཤོག་གུ་མང་པོ་མདས་དུས་གཅིག་ཕུག་པ་ལྟར་རོ༔ དེ་དག་གི་དོན་ནི་ཀུན་ཏུ་ཁ་སྦྱོར་གྱི་རབ་བྱེད་དང་པོར༔ མདོར་བསྡུས་ནས་ནི་སངས་རྒྱས་ཉིད༔ བསྐལ་པ་བྱེ་བ་གྲངས་མེད་པས༔ ཇི་སྲིད་སངས་རྒྱས་གང་ཐོབ་པ༔ གང་གི་དམ་པའི་བདེ་བ་ཁྱོད༔ སྐྱེ་བ་འདིར་ནི་ཐོབ་པར་འགྱུར༔ ཡང་ན་རྡོ་རྗེ་འཛིན་པ་ཉིད༔ ཅེས་དང་༔ དེ་ཁོ་ན་ཉིད་གྲུབ་པ་ལས༔ དཔལ་བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའ་ལམ་གཞན་དག་གིས་བསྐལ་པ་དུ་མ་གྲངས་མེད་པར་རྟོགས་པར་བྱའོ༔ རྡོ་རྗེ་ཐེག་པའི་ཐབས་དང་ལྡན་པ་རྣམས་ཀྱིས༔ ཚེ་འདི་ཉིད་ལ་དཀའ་བ་མེད་པར་འགྲུབ་པར་བྱ་བ༔ ཞེས་དང་༔ ཨ་བྷི་དྷ་ནའི་རྒྱུད་ལས༔ ཕྱག་རྒྱ་ཆེ་ལ་ངེས་པར་རོལ༔ བསྒོམ་པ་མངོན་དུ་གྱུར་པ་ནི༔ རྣམ་གྲོལ་སངས་རྒྱས་ཐམས་ཅད་ཀྱང་སྐྱེ་བ་འདི་ལ་མངོན་དུ་འགྱུར༔ ཞེས་གསུངས་སོ༔ ཚེ་གཅིག་ལ་སངས་རྒྱས་འགྲུབ་ཟེར་བ་དེ་བྱང་ཆུབ་སེམས་དཔའ་ལྟ་བུ་སྔོན་ནས་སྦྱངས་པ་ཆེ་བ་དགོས་སམ་སྙམ་ན༔ རྡོ་རྗེ་


CMR057_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

མོ་ལས༔ གལ་ཏེ་རྣལ་འབྱོར་པ་དེ་བརྩོན༔ ཚེ་འདི་ཉིད་ལ་མྱ་ངན་འདས༔ སོ་སོ་སྐྱེ་བོ་སངས་རྒྱས་ཉིད༔ འགྲུབ་པར་འགྱུར་གྱི་གཞན་དུ་མིན༔ ཞེས་གསུངས་སོ༔ སྦྱངས་པ་སྔོན་སོང་གཅིག་ཆར་བ་དབང་པོ་ཡང་རབ་ཐོས་ཙམ་ནས་གྲོལ་ལོ༔ དེ་འོག་ཟླ་བ་དྲུག་ལོ་གསུམ་ཕྱོགས་གསུམ༔ ལོ་བཅུ་གཉིས་སོགས་ནས་འབྲས་བུ་སངས་རྒྱས་ཐོབ་པར་གསུངས་ཏེ༔ སྒྱུ་འཕྲུལ་དྲྭ་བ་ལས༔ སྐད་ཅིག་གཅིག་ལ་རྫོགས་སངས་རྒྱས༔ ཞེས་དང་༔ དུས་འཁོར་ལས༔ དེ་ལས་དག་པའི་ཏིང་འཛིན་གྱིས༔ ལོ་གསུམ་ཟླ་ཕྱེད་གསུམ་གྱིས་ནི༔ ཡེ་ཤེས་སྐུ་ཉིད་འགྲུབ་པར་འགྱུར༔ ཞེས་དང་༔ ཉི་ཟླ་གྲུབ་པ་ལས༔ རྣལ་འབྱོར་དབང་རབ་རྣམས་ཀྱིས་ནི༔ དོན་དམ་ཕྱག་རྒྱ་ཆེ་བསྟེན་ནས༔ མི་གཡོ་བསམ་གཏན་སྦྱོར་བ་ཡི༔ རྒྱུ་མཐུན་བདེ་སྟོང་ཏིང་འཛིན་བསྒོམ༔ ལོ་གསུམ་ཟླ་ཕྱེད་གསུམ་གྱིས་ནི༔ མཆོག་གི་དངོས་གྲུབ་ཐོབ་པར་འགྱུར༔ ཞེས་སོགས་རྒྱ་ཆེར་གསུངས་སོ༔ རྒྱ་གར་གྱི་གྲུབ་ཆེན་ཕལ་ཆེར་ནི་ལོ་བཅུ་གཉིས་བསྒོམས་པས་གྲུབ་པ་ཐོབ་པ་ཁོ་ན་མང་བ་ཡིན་ནོ༔ གྲུབ་པ་ཆེན་པོ་ནི་སངས་རྒྱས་ཀྱི་ས་ཡིན་པར་བཤད་དོ༔ དེ་


CMR057_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་རྒྱུ་མཚན་ཉིད་ཐེག་པར་ས་བཅུ་གཅིག་ཀུན་ཏུ་འོད་སངས་རྒྱས་ཀྱི་ས་ཡིན༔ དེ་ཡན་ལ་ས་ཡི་རྣམ་བཞག་མ་གསུངས་ཀྱང་༔ གསང་སྔགས་ལུགས་ལ་བཅུ་གཉིས་མ་ཆགས་པདྨ་སྤྱན༔ བཅུ་གསུམ་རྡོ་རྗེ་འཆང་གི་ས་སྟེ་སངས་རྒྱས་ཀྱི་སར་བཞེད་དེ༔ རྫོགས་ཆེན་ལུགས་ལ་བཅུ་བཞི་ཡི་གེ་འཁོར་ལོ་ཚོགས་ཆེན༔ བཅོ་ལྔ་ཡེ་ཤེས་བླ་མ་འོད་ཀྱི་ས༔ བཅུ་དྲུག་དབྱེ་བ་མེད་པའི་སར་བཤད་ལ༔ རྫོགས་པ་ཆེན་པོ་སྤྱི་ཏི་ཡང་ཏི་ལ་སོགས་པའི་དགོངས་པ་ལྟར་ན༔ ཐེག་པ་ཐུན་མོང་བའི་ས་བཅུ་པོ་གཅིག་ཆར་དུ་བགྲོད་ནས༔ ས་བཅུ་ཁྱད་པར་གྱི་རྩེ་མོ་དང་༔ ཀུན་ཏུ་འོད་དང་༔ རྡོ་རྗེ་འཛིན་པའི་མིང་འཛིན་ས༔ པདྨ་ཅན་གྱི་ས༔ འཁོར་ལོ་ཚོགས་ཆེན་ས༔ བཀོད་པ་རབ་རྫོགས་ས་དྷེ་ཝ་ཀོ་ཤའི་ས༔ ཐར་པ་ཆེན་པོའི་གྲོང་ཁྱེར་གྱི་ས༔ རྡོ་རྗེ་འཛིན་པའི་ས༔ ལྕང་ལོ་ཅན་གྱི་ས༔ རྫོགས་པ་བླ་མེད་ས༔ སྲིད་གསུམ་ཡོངས་རྫོགས་ས༔ བྱ་རྩོལ་གཉིས་ཀྱི་ས་སྟེ་ཉི་ཤུ་རྩ་གཉིས་བགྲོད་དུ་མེད་པའི་ཚུལ་གྱིས་ཚེ་གཅིག་ལ་བགྲོད་ནས༔ ཀུན་ཏུ་བཟང་པོ་གདོད་མའི་གནས་སུ་བྱང་ཆུབ་པར་གསུངས་ལ༔ འདི་སྐབས་སུ་མཁས་གྲུབ་སོ་སོའི་


CMR057_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

བཞེད་པས༔ མདོ་སྔགས་གཉིས་ལམ་སོ་སོ་ཡིན་ཀྱང་སངས་རྒྱས་ནས་འབྲས་བུ་སངས་རྒྱས་ལ་མཆོག་དམན་མེད་དེ་དོན་གཅིག་ཟེར༔ ལ་ལས་མདོ་ལུགས་ཀྱི་སངས་རྒྱས་པས་སྔགས་ལུགས་ཀྱི་སངས་རྒྱས་གོ་མི་ཆོད༔ ད་རུང་སྔགས་ལུགས་ཀྱི་ས་རྣམས་བགྲོད་པར་བཞེད༔ ལ་ལས་མདོ་ལུགས་ཁོ་ནས་སངས་རྒྱས་ཐོབ་པ་མེད༔ ས་བརྒྱད་ཡན་ནས་སྔགས་ལ་འཇུག་དགོས་པར་བཞེད༔ དེ་བཞིན་དུ་སྔགས་གསར་མའི་བཅུ་གསུམ་རྡོ་རྗེ་འཆང་ཐོབ་དང་རྫོགས་ཆེན་གྱི་སངས་རྒྱས་དོན་གཅིག་པར་འདོད་པ་དང་༔ གསང་སྔགས་གསར་མའི་རྡོ་རྗེ་འཆང་ཐོབ་ཀྱང་༔ ད་རུང་རྫོགས་ཆེན་ནས་གསུངས་པའི་ས་ལམ་བགྲོད་དགོས་པར་བཞེད་པ་དང་༔ སངས་རྒྱས་ལ་ཡེ་ཤེས་ཡོད་མེད་དང་༔ སྐུ་གཉིས་དང་གསུམ་དང་བཞི་དང་ལྔ་དྲུག་ཏུ་དབྱེ་བ་སོགས་བཤད་པ་མང་ན་ཡང་༔ རྒྱལ་བ་འོད་མཚན་དབང་པོས༔ འབྲས་བུ་ལ་མི་རྩི་རྒྱུ་ལ་རྩིས༔ ཞེས་གསུངས་པ་ལྟར་ལམ་འཁྲུལ་མེད་དུ་ཉམས་སུ་བླངས་ན་འབྲས་བུ་འཁྲུལ་མེད་ཐོབ་ངེས་པས༔ ད་ལྟ་རྩོད་པ་དང་བཤད་པ་མང་པོ་གལ་ཆུང་བའོ༔ སྔོན་བཀའ་བརྒྱུད་གོང་མ་ཞིག་ལ་སངས་རྒྱས་ས་ན་ཡེ་ཤེས་ཡོད་དམ་


CMR057_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཞུས་པས༔ ང་སངས་རྒྱས་མ་མྱོང་གསུངས་ཟེར་བའི་དཔེ་བཞིན་དུ༔ རྒྱུད་གཞུང་ཕྱོགས་རེའི་གོ་བ་སྐམ་པོས་ཤེས་དཀའ་བར་སྣང་བ་ལས༔ ཕྱག་རྫོགས་དབྱེར་མེད་ཀྱི་སྒོ་ནས་ཚེ་གཅིག་ལ་སངས་རྒྱས་པར་ཞལ་གྱིས་བཞེས་པའི་གྲུབ་ཆེན་པཀཱིས་གསུངས་པ་ནི༔ གནས་ལུགས་ཀུན་བཟང་ཆོས་ཀྱི་དབྱིངས༔ རྫོགས་ཆེན་ཨ་ཏི་ཡོ་ག་ནི༔ ཐེག་པ་ཀུན་ལས་འདས་པ་སྟེ༔ ས་ལམ་རིམ་པ་བཅུ་དྲུག་ཀྱང་༔ ཡང་དག་དོན་གྱི་འོག་མིན་དུ༔ གདོད་ནས་ཐམས་ཅད་རང་བཞིན་རྫོགས༔ ཞེས་དང་༔ གནས་ལུགས་རྫོགས་པ་ཆེན་པོ་ལ༔ མ་རིག་རང་རིག་ཡེ་ཤེས་སུ༔ རྟོགས་ཐོབ་མཚན་ཉིད་རྫོགས་ཙམ་གྱི༔ ཡོན་ཏན་ཀུན་ཏུ་བཟང་དང་མཉམ༔ ཞེས་དང་༔ དབང་པོ་ཡང་རབ་གཅིག་ཆར་བ༔ རང་རིག་ཀུན་རིག་མངོན་སངས་རྒྱས༔ ཐམས་ཅད་མཁྱེན་ཅིང་ཐམས་ཅད་གཟིགས༔ རང་བཞིན་དབྱིངས་ལ་རྩོལ་སྒྲུབ་མེད༔ གཟུགས་སྐུ་གདུལ་བྱའི་གྲངས་དང་མཉམ༔ ཞེས་དང་༔ རང་བྱུང་ཡེ་ཤེས་མ་ལགས་པ༔ གཞི་ལམ་འབྲས་བུ་གྲུབ་མ་མྱོང་༔ རང་བཞིན་རྫོགས་པ་སྤྱི་གཅིག་དབྱུང་༔ ཡང་དག་དོན་གྱི་འོག་


CMR057_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

མིན་ན༔ ཀུན་བདག་སངས་རྒྱས་རང་ཉིད་བཞུགས༔ ཐམས་ཅད་མཁྱེན་པའི་ཡེ་ཤེས་མཚོ༔ འཁྲུལ་མ་མྱོང་བའི་སངས་རྒྱས་ཡིན༔ ཞེས་དང་༔ གཅིག་ཆར་བ་ཡི་གང་ཟག་རྣམས༔ རྟོགས་ཐོབ་དུས་མཚུངས་ཀུན་ཏུ་བཟང་༔ ས་ལམ་བགྲོད་དང་མི་བགྲོད་པའི༔ འཁོར་འདས་ཀུན་ལ་ཁྱབ་པར་ཡང་༔ ས་ལམ་རིམ་པ་ཉི་ཤུ་གཅིག༔ ཡང་དག་དོན་གྱི་འོག་མིན་དུ༔ ཐམས་ཅད་རྫོགས་པ་སྤྱི་གཅིག་ས༔ ཞེས་གསུངས་པས་གསལ་ལ༔ དེ་དག་གི་དོན་ཀློང་གསལ་ལས༔ ཡོན་ཏན་འབྲས་བུ་འདི་ལྟར་ཐོབ༔ རྒྱ་རུ་མེད་པའི་སངས་རྒྱས་དང་༔ འདས་སུ་མེད་པའི་མྱ་ངན་འདས༔ ཡང་དག་སངས་རྒྱས་མངོན་སངས་རྒྱས༔ མངོན་སངས་རྒྱས་པ་དེར་སངས་རྒྱས༔ སྤྲུལ་པ་པོ་རྣམས་ཡང་རྒྱས༔ རིག་རྩལ་ཡེ་ཤེས་ངང་ལ་ཐིམ༔ འོད་ལྔ་སྟོང་གསལ་ངང་ལ་ཐིམ༔ སྟོང་གསལ་མ་འགགས་རང་རང་རྫོ་གས༔ ཞེས་དང་༔ པདྨ་ཟབ་པའི་རྒྱུད་ལས༔ རང་བཞིན་སྟོང་པའི་ཡེ་ཤེས་ཀྱི༔ དྲི་མ་ཕྲ་བ་ལུས་པ་མེད༔ ཆོས་སྐུ་ཞེས་བྱ་དྲི་མ་བྲལ༔ བོ་དྷི་སཏཱ་ལོངས་སྐུར་སྣང་༔ འགྲོ་བའི་བསམ་པ་དང་བསྟུན་ནས༔ ཀུན་ལ་སྣང་བ་


CMR057_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་པའི་སྐུ༔ སྐུ་གསུམ་དབྱེར་མེད་བདེ་ཆེན་སྐུ༔ ཞེས་དང་༔ པདྨ་རྒྱལ་པོའི་རྒྱུད་ལས༔ བདེ་དང་སྟོང་པ་གཅིག་ཏུ་སྣང་༔ འབྲས་བུ་ཞེས་བྱ་ཟུང་འཇུག་ཡིན༔ ཞེས་དང་༔ ཡང་སྙིང་འདུས་པའི་རྒྱུད་ལས༔ ཐུགས་རྗེ་ཆེན་པོའི་འབྲས་བུ་ནི༔ རེ་དོགས་བཙལ་མེད་རང་གནས་སེམས༔ སྐྱེ་འགག་གཉིས་མེད་ཆོས་ཀྱི་སྐུ༔ ལྷུན་གྲུབ་འགྱུར་མེད་ཐག་ཆོད་ཡིན༔ ཞེས་དང་༔ ལྟ་བ་ཡང་ཐོག་གི་རྒྱུད་ལས༔ འབྲས་བུ་བསྒྲུབ་བྱ་མི་སྒྲུབ་སྟེ༔ ཡེངས་མེད་ཀྱི་ངང་དུ་མཉམ་མཉམ་ཀྲིལ་ཀྲིལ་ཞེས་དང་༔ གསེར་འོད་དམ་པ་ལས༔ ཆོས་ཀྱི་སྐུ་ནི་ཡང་དག་པའི་ཡེ་ཤེས་ཉིད་ལ་བྱའོ༔ སྐུ་གཉིས་ནི་བཏགས་པོ་ཙམ་མོ༔ ཆོས་ཀྱི་སྐུ་ནི་ཡང་དག་པ་སྟེ༔ སྐུ་གཉིས་ཀྱི་གཞི་བྱེད་དོ༔ དེ་ཅིའི་ཕྱིར་ཞེ་ན༔ ཆོས་ཀྱི་དེ་བཞིན་ཉིད་དང་༔ རྣམ་པར་མི་རྟོག་པའི་ཡེ་ཤེས་ལས་གུད་ན་སངས་རྒྱས་གང་ཡང་མེད་པའི་ཕྱིར་རོ༔ ཞེས་དང་༔ དཔེར་ན་ཉི་།མ་དང་ཟླ་བ་དང་ཆུ་དང་མེ་ལོང་ལ་གཟུགས་བརྙན་འབྱུང་བ་བཞིན་དུ་དེ་བཞིན་ཉིད་ཀྱི་ཡེ་ཤེས་ལ་རྟོག་པ་མེད་ཀྱང་སྨོན་ལམ་གྱི་དབང་གིས་སེམས་ཅན་སྐལ་བ་ཅན་ལ་གཟུགས་སྐུ་


CMR057_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀྱིས་དོན་བྱེད་དོ༔ ཞེས་དང་༔ དྲི་མེད་འོད་ལས༔ མི་རྟག་པ་མིན་རྟག་པའང་མིན༔ གཅིག་མིན་དུ་མའི་མཚན་ཉིད་མིན༔ དངོས་མེད་དངོས་པོ་མེད་པའང་མིན། འདི་ནི་རྟེན་འབྲེལ་ཆོས་སྐུའོ༔ གང་ཞིག་སེམས་ཅན་ཀུན་གྱི་སྒྲ༔ རྫུ་འཕྲུལ་བདག་ཉིད་རབ་གསལ་བྱེད༔ སེམས་ཅན་བསམ་པའི་དབང་གིས་ནི༔ ལོངས་སྤྱོད་རྫོགས་པའི་མཚན་ཉིད་དོ༔ ཞེས་དང་༔ སྒྲུབ་ལེར༔ རྣམ་པ་ཀུན་གྱི་མཆོག་ལྡན་སྐུ༔ མོས་པ་བྱེད་པ་སྣ་ཚོགས་ལས༔ རང་རང་བསམ་པ་སེམས་ཅན་གྱིས༔ མཐོང་བ་སྤྲུལ་པའི་མཚན་ཉིད་དོ༔ ཞེས་དང་༔ དུས་འཁོར་ལས༔ སྟོང་ཉིད་སྙིང་རྗེ་དབྱེར་མེད་ཅིང་༔ ཆགས་དང་ཆགས་བྲལ་རྣམ་པར་སྤང་༔ ཤེས་རབ་མ་ཡིན་ཐབས་ཀྱང་མིན༔ འདི་ནི་ངོ་བོ་ཉིད་སྐུ་གཞན༔ དུས་ཀྱི་འཁོར་ལོ་ཞེས་གྲགས་པ༔ སྐུ་བཞིའི་བདག་ཉིད་ཞི་བ་ལ༔ ཞེས་དང་༔ ཕལ་པོ་ཆེ་ལས༔ ཆོས་ཀྱི་རྒྱལ་པོ་ཆོས་ཉིད་ནི༔ འཇམ་དཔལ་རྟག་ཏུ་གཅིག་པ་ནི༔ སྒྲིབ་པ་མེད་པར་གཟིགས་པ་སྟེ༔ འབྱུང་བ་དེ་ཡང་གཅིག་པའོ༔ སངས་རྒྱས་ཐམས་ཅད་སྐུ་གཅིག་སྟེ༔ དེ་བཞིན་གཤེགས་པ་ཆོས་ཀྱི་སྐུ༔ ཤེས་རབ་


CMR057_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀྱང་གཅིག་པ་སྟེ༔ མི་འཇིགས་སྟོབས་ཀྱང་དེ་བཞིན་ནོ༔ ཞེས་དང་༔ སཾ་བྷུ་ཊི་ལས༔ གང་ཕྱིར་ཆུ་ནི་དུ་མ་ཡི༔ ཆུ་ཡི་རྒྱུན་ནི་རྒྱ་མཚོ་ལྟར༔ ཐར་པ་ཉིད་ནི་གཅིག་པུ་ནི༔ མང་པོ་དམིགས་པར་མི་འགྱུར་རོ༔ ཞེས་དང་༔ རྡོ་རྗེ་གཅོད་པ་ལས༔ གང་དག་ང་ལ་གཟུགས་སུ་མཐོང་༔ གང་དག་ང་ལ་སྒྲར་ཤེས་པ༔ ལོག་པའི་ལམ་དུ་ཞུགས་པ་སྟེ༔ སྐྱེ་བོ་དེ་དག་ང་མི་མཐོང་༔ སངས་རྒྱས་རྣམས་ནི་ཆོས་ཉིད་ལ༔ འདྲེན་པ་རྣམས་ནི་ཆོས་ཀྱི་སྐུ༔ ཞེས་དང་༔ རྒྱུད་བླ་མར༔ འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ༔ གཞན་གྱི་རྐྱེན་གྱིས་རྟོགས་མིན་པ༔ ཞེས་དང་༔ ཨོ་རྒྱན་རིན་པོ་ཆེས་འབྲས་བུ་ལ་ཡང་ལྔ་སྟེ༔ ངོ་བོ་ངེས་ཚིག་མཚན་ཉིད་དབྱེ་བ་བསྡུ་དོན་ནོ༔ འབྲས་བུའི་ངོ་བོ་མྱ་ངན་ལས་འདས་པའོ༔ ངེས་ཚིག་ནི་རེ་དོགས་མེད་པའོ༔ མཚན་ཉིད་ནི་སྐུ་གསུམ་རང་ལ་གནས་པའོ༔ དབྱེ་བ་ནི་མཚན་ཉིད་ཟད་པའི་མཐར་ཕྱིན་པའོ༔ བསྡུ་དོན་ནི་ཡེ་གདོད་མ་ནས་ཡིན་པ་དེ་ཉིད་ཡིན་པ་ཐོབ་པའོ༔ ཞེས་དང་༔ དེ་ཡང་ཐུན་མོང་གི་འབྲས་བུ་དང་༔ མཆོག་གི་འབྲས་བུ་གཉིས་སོ༔ དེ་ལ་ཐུན་མོང་གི་འབྲས་བུ་ནི༔


CMR057_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟར་རང་གིས་བསྒྲུབ་པ་བཞིན་གྱིས༔ ཚེ་དང་བསོད་ནམས་འཁོར་དང་ལོངས་སྤྱོད་གདུལ་བྱ་དང་སྙན་གྲགས༔ མཐུ་དང་རྫུ་འཕྲུལ་མངོན་ཤེས་དང་ནུས་པ་ལ་སོགས་གང་ལ་གང་འདུལ་དུ་རེ་བ་ཡིད་བཞིན་དུ་འགྲུབ་པ་རྣམས་སོ༔ མཆོག་གི་འབྲས་བུ་ནི༔ བསྙེན་སྒྲུབ་བསྐྱེད་རྫོགས་ཐབས་ཤེས་གང་གི་སྒོ་ནས་བསྒྲུབ་ཀྱང་རུང་སྟེ༔ རང་ཉིད་གདོད་མའི་ངོ་བོ་མངོན་དུ་གྱུར་ཏེ༔ ཡེ་ཐོག་དང་པོའི་སར་ཕྱིན༔ དོན་གྱི་ངོ་བོ་འཁྲུལ་མེད་ལ་བརྟན་པ་ཐོབ་ཅིང་༔ སྤང་བླང་གི་མཐའ་ཟད༔ ཆོས་ཟད་སར་སྐྱོལ༔ འབྲས་བུ་སྨིན་ཏེ་རྒྱུར་མི་ལྡོག་ཅིང་༔ མདོར་ན་སྤང་བླང་རྩིས་གདབ་ཀྱི་མཐའ་ལས་གྲོལ་ཏེ༔ ཆོས་སྐུ་ཙམ་དུ་འཛིན་པའི་མཐའ་ལས་འདས་པའོ༔ ཞེས་གསུངས་པ་དང་༔ ཨོ་རྒྱན་ཆེན་པོས་ལང་གྲོ་ལོ་ཙཱ་ལ་གདམས་པ་ལས༔ འབྲས་བུ་བྱ་བ་ལོག་ནས་ཁ་མིག་རྣ་བ་ཅན་འོང་རྒྱུ་མེད༔ རང་གི་སེམས་ཉིད་ཆོས་སྐུ་དག་པ་གདོད་མའི་གཞི་རང་སེམས་ཀུན་ཏུ་བཟང་པོ་འདི་ཉིད༔ ངོ་བོ་མ་གཡོས་བཞིན་དུ་རང་རྩལ་འགག་མེད་ཀྱི་ཆོ་འཕྲུལ་རང་སྣང་དེ་ལ་དེར་འཛིན་དུ་བཟུང་བས་འཁོར་བ་རིགས་དྲུག་ཏུ་འཁོར་ཞིང་འཁྱམས༔ ཇི་ལྟར་སྡུག་བསྔལ་ལ་


CMR057_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་ཀྱང་རང་བཞིན་ཆོས་སྐུ་ལས་མ་འདས་པས༔ དེ་ལ་འབྲས་བུ་ཐོབ་བྱ་ཐོབ་བྱེད་མེད་ཀྱང་༔ ཐོབ་རྐྱེན་ཙམ་དུ་དཔེའི་མཚོན་ན༔ གསེར་གྱི་ངོ་བོ་ཆ་མ་འགྱུར་ཡང་བཟོ་བོའི་རྐྱེན་གྱིས་གཟུགས་སྣ་ཚོགས་སུ་སྣང་བ་ལྟར་དུ༔ གདོད་ནས་རང་ལ་གནས་པའི་ཆོས་སྐུ་དེ་ཉིད་ཆ་མ་འགྱུར་བཞིན་དུ༔ རྐྱེན་བླ་མ་དམ་པའི་མན་ངག་གིས་ཐབས་ཁྱད་པར་ཅན་ལམ་ཟབ་མོའི་སྒོ་ནས༔ མ་བཅོས་ལྷུན་གྲུབ་ཀྱི་ངོ་བོ༔ མ་བཅོས་ལྷུན་གྲུབ་ཏུ་ཉམས་སུ་བླངས་པས༔ གཉིས་འཛིན་གྱི་རེ་དོགས་ཟད༔ རང་བཞིན་རྣམ་དག་ལ་རང་དབང་ཐོབ་པས༔ ངོ་བོ་བློ་འདས་ཆོས་སྐུར་སངས་རྒྱས༔ རང་བཞིན་འགག་མེད་ལོངས་སྤྱོད་རྫོགས་པའི་སྐུ་རུ་རང་གསལ༔ ཐུགས་རྗེ་མཛད་པའི་ཕྲིན་ལས་རྒྱས་ཏེ་ནམ་མཁའ་མ་གཡོས་བཞིན་ཉི་ཟླ་དང་ཆར་ལ་སོགས་པས་འགྲོ་བ་རྣམས་བདེ་སྐྱིད་ལ་འགོད་པ་ལྟར༔ ཆོས་སྐུ་ལས་མ་གཡོས་བཞིན་རྟོག་མེད་ཀྱི་ངང་ནས་ཐུགས་རྗེ་དང་སྨོན་ལམ་གྱི་མཐུས་འཁོར་བ་མ་སྟོང་གི་བར་གཟུགས་སྐུ་རྣམ་གཉིས་ཀྱིས་འགྲོ་བའི་དོན་གང་འདུལ་དུ་མཛད་པ་དེ་ནི༔ མཐར་ཐུག་གི་འབྲས་བུ་ཐོབ་ཚུལ་ལོ༔ འབྲས་བུ་གདོད་ནས་རྣམ་པར་


CMR057_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

དག༔ ངོ་བོ་རང་བཞིན་ཐུགས་རྗེ་གསུམ༔ ཐོག་མའི་ས་རུ་ཕྱིན་པའི་ཚེ༔ སྐུ་གསུམ་མངོན་དུ་གྱུར་པ་ཡིན༔ ཞེས་གསུངས་སོ༔ དེ་དང་མཚུངས་པར་རྟ་མགྲིན་གསང་འདུས་རྒྱུད་ལས༔ རང་བཞིན་མེད་པར་ལྷུན་གྲུབ་པས༔ རིག་པའི་ཡེ་ཤེས་ཆོས་ཀྱི་སྐུ༔ མ་བཙལ་རང་ལ་ཡེ་ནས་གནས༔ འདི་ཡང་ང་ཡི་འབྲས་བུ་ཡིན༔ སེམས་ཉིད་སྣ་ཚོགས་རང་བྱུང་བས༔ ལོངས་སྤྱོད་རྫོགས་པ་སྐུ་ཡི་ངང་༔ རང་ལ་བྱུང་ཞིང་རང་ལ་ཐིམ༔ འདི་ཡང་ང་ཡི་འབྲས་བུ་ཡིན༔ འདི་ལྟར་སྣང་བ་ཐམས་ཅད་ཀུན༔ སྣ་ཚོགས་རང་ཤར་སྤྲུལ་པའི་སྐུ༔ གང་ལྟར་བརྟགས་པ་དེ་ལྟར་སྣང་༔ འདི་ཡང་ང་ཡི་འབྲས་བུ་ཡིན༔ སྐུ་གསུམ་རང་ལ་ཡེ་ནས་རྫོགས༔ མ་བཙལ་རང་བཞིན་ལྷུན་གྲུབ་པ༔ མ་བསྒྲུབ་རང་ལ་བྱུང་ཞིང་གནས༔ འདི་ཡང་ང་ཡི་འབྲས་བུ་ཡིན༔ ཞེས་གསུངས་ཏེ༔ དོན་ལ་སྒོམ་མེད་ཆེན་པོ་ཞེས་ཀྱང་བྱ༔ ལྷུན་གྱིས་གྲུབ་པའི་ཏིང་ངེ་འཛིན་ཞེས་ཀྱང་བྱ༔ རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཞེས་ཀྱང་བྱ༔ རྫོགས་པ་ཆེན་པོའི་དུས་ཞེས་ཀྱང་བྱ་བ་དེ་ལ་ཡང་ཏིང་ངེ་འཛིན་གྱི་ཤུན་པ་འགའ་དང་འགའི་བྱེ་བྲག་ལ་ས་བཅུ་གཅིག་ནས་ཉི་ཤུ་རྩ་གཉིས་བར་དུ་


CMR057_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེ་བ་མཛད་ཀྱང་༔ ཏིང་ངེ་འཛིན་དེ་མཐར་ཕྱིན་ན་ནི་རྫོགས་པའི་སངས་རྒྱས་ཡིན་ནོ༔ དེ་ལྟར་ཡང་རིག་པ་རང་ཤར་གྱི་རྒྱུད་ལས༔ ས་ཞེས་བྱ་བ་གུད་ན་ཡོད་པ་མ་ཡིན་ཏེ༔ བདེན་པ་མཐོང་བའི་གང་ཟག་གཅིག་ལ་ས་རྣམས་རྫོགས་ནས་ཡོད་དོ༔ ཞེས་གསུངས་ཏེ༔ དེ་ཡང་ཀློང་གསལ་ལས༔ གདེང་ཆེན་བཞི་ཡི་མཐར་ཐུག་ནི༔ ཡང་དག་རྫོགས་པའི་སངས་རྒྱས་དང་༔ མངོན་པར་རྫོགས་པའི་སངས་རྒྱས་གཉིས༔ ཡང་དག་རྫོགས་པའི་སངས་རྒྱས་ནི༔ ཕུང་པོ་ལྷག་མ་མེད་པར་རྒྱས༔ ཞེས་གསུངས་ཏེ༔ རིགས་ལྔ་དང་རིགས་གསུམ་མགོན་པོ་དང་༔ གུ་རུ་པདྨ་ཡབ་ཡུམ་དང་པཎ་ཆེན་བི་མ་ལ་ལྟར་འཇའ་ལུས་རྡོ་རྗེའི་སྐུ་ཐོབ་པའམ༔ རྒྱ་གར་ན་དགའ་རབ་རྡོ་རྗེ་དང་འཇམ་དཔལ་བཤེས་གཉེན༔ རྒྱལ་པོ་ཛ་འཁོར་འབུམ་ཕྲག་དང་བཅས་ཕུང་པོ་ལྷག་མེད་དུ་གཤེགས་པ་དང་༔ རྒྱ་ནག་ཏུ་ཤྲི་སེང་ཧ༔ བོད་དུ་སྔར་ཡེ་ཤེས་དབྱངས་དང་གྲུབ་ཐོབ་གཙང་པ་མི་བདུན༔ ཕྱིས་ཀྱང་ལྕེ་བཙུན་སེང་གེ་དབང་ཕྱུག་ཅོག་རོ་སྒོམ་པ་ཆེ་ཆུང་སོགས་ཕུང་པོ་ལྷག་མེད་དུ་སངས་རྒྱས་པ་ལྟ་བུ་ཡིན་ལ༔ མངོན་པར་སངས་རྒྱས་པ་ནི་གསོན་ཚེ་


CMR057_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམ་མེད་ཆུང་འབྲིང་ཙམ་རྟོགས་ཀྱང་སངས་རྒྱས་སར་མ་སླེབ་པ་དེ་འཆི་བའི་འབྱུང་བཞི་གཅིག་ལ་གཅིག་ཐིམ་ཕྱི་དབུགས་ཆད༔ རླུང་རྣམ་ཤེས་ལ་ཐིམ་པས་ནང་དབུགས་ཆད། རྣམ་པར་ཤེས་པ་ནམ་མཁའ་ལ་ཐིམ་པའི་དུས༔ བར་དོ་དང་པོ་འོད་གསལ་ཆོས་ཀྱི་སྐུ་ཞེས་བྱ་སྟེ༔ རང་བཞིན་ཡེ་གདོད་མ་ནས་གནས་པའི་འོད་གསལ་མ་དང་༔ རྣལ་འབྱོར་ལམ་སྒོམ་པའི་འོད་གསལ་བུ་གཉིས་འདྲེས་ཏེ༔ སྐད་ཅིག་མ་དང་པོ་ལ་ངོ་ཤེས༔ གཉིས་པ་ལ་རང་བཞིན་གསལ༔ གསུམ་པ་ལ་གྲོལ་ཏེ༔ ངོ་བོ་སྟོང་པ་རང་བཞིན་གསལ་བ༔ ཐུགས་རྗེ་ལ་སོགས་ཆོས་སྐུའི་མཁྱེན་པ་གསུམ་དང་༔ ཡེ་ཤེས་ལྔ་ལ་སོགས་པ་ལོངས་སྐུའི་ལྔ་དང་༔ ཇི་ལྟ་ཇི་སྙེད་མཁྱེན་པ་ལ་སོགས་ཏེ་སྤྲུལ་སྐུའི་ཡོན་ཏན་རྣམས་སྐད་ཅིག་གསུམ་ལ་རིམ་གྱིས་རྫོགས་ཏེ་བར་དོ་མེད་པར་སངས་རྒྱས་སོ༔ དབང་པོ་འབྲིང་བླ་མའི་གདམས་པ་ཉམས་སུ་བླངས་པས་སྐད་ཅིག་དང་པོ་ལ་གནས་པར་མ་ནུས་ཀྱང་༔ གཉིས་པ་ལ་འོད་གསལ་གྱི་རང་ངོ་ཤེས་ཤིང་གང་སྣང་སྐྱེ་མེད་ཀྱི་རང་བཞིན་ཉོན་མོངས་པ་ཆོས་ཉིད་རོ་གཅིག་པར་རང་གྲོལ་ཏེ༔ སྐད་ཅིག་གསུམ་གྱི་ཐ་མ་ལ་སྐུ་གསུམ་གྱི་ཡོན་ཏན་


CMR057_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་རིམ་གྱིས་རྫོགས་ཏེ་ས་དང་ལམ་མནན་ནས་སངས་རྒྱས་པར་འགྱུར་རོ༔ གསུམ་པ་དབང་པོ་ཐ་མ་ནི་སྔར་བླ་མའི་གདམས་པ་རྟོགས་པ་མཐར་མ་ཕྱིན་ཀྱང་༔ མྱོང་བས་འཁྲུལ་པ་རང་ཐོག་ཏུ་ཆོད་པའི་གནད་ཀྱིས༔ སྐད་ཅིག་མ་དང་པོ་ལ་མ་བུ་ངོ་མ་འཕྲོད་ཀྱང་༔ གཉིས་པ་ལ་རང་ངོ་ཤེས་ཀྱང་རང་ཐོག་ཏུ་གནས་པར་མ་ནུས་ཀྱང་༔ ཆོས་ཉིད་བར་དོའི་སྣང་བ་ལ་སླེབས་ཙམ་ཉིད་ལ༔ རང་རིག་རང་སྣང་དུ་ངོ་ཤེས༔ དེ་གའི་སྟེང་དུ་རང་གསལ་རྟོག་མེད་དུ་གནས༔ དེའི་ངང་ལ་འོད་གསལ་རྒྱ་ཆེན་དུ་ཀླུ་མཆེད་དེ༔ འཁྲུལ་པས་བར་མ་ཆོད་པར་ཐོག་མའི་གཞི་ལ་སངས་རྒྱས་པར་འགྱུར་རོ༔ ཞེས་ཨུ་རྒྱན་ཆེན་པོས་གསུངས་ཏེ༔ དུས་འཁོར་ལས༔ འོད་གསལ་བ་ལ་རྒྱུན་པར་གནས༔ བར་དོའི་གྲོང་ཁྱེར་དེས་མི་མཐོང་༔ ཞེས་གསུངས་སོ༔ ཉི་ཟླ་ཁ་སྦྱོར་ལས་ཀྱང་༔ རབ་ལ་སྐྱེ་གཉིས་མི་དགོས་ཏེ༔ འབྲིང་ལ་སྐྱེ་གཉིས་མཚམས་སུའོ༔ ཐ་མ་རྣམས་ཀྱི་དབུགས་ཕྱུང་སྟེ༔ སྤྲུལ་པ་པོ་ནི་རང་རྒྱུད་གྲོལ༔ ཞེས་གསུངས་སོ༔ དེ་ལྟར་གྲོལ་བའི་རྟགས་ཀྱང་༔ རྩ་རྒྱུད་པད་སྡོང་བརྩེགས་པ་ལས༔ གདོས་བཅས་ཉིད་དང་


CMR057_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་བའི་ཚེ༔ རྡུལ་བྲལ་མཁའ་དང་འོད་ཟེར་འཇའ༔ ཡིག་འབྲུ་སྐུ་གདུང་རིང་བསྲེལ་སོགས༔ སྐུ་གསུམ་ཐོབ་རྟགས་ཡང་འབྱུང་འགྱུར༔ ཞེས་དང་༔ ཀློང་གསལ་ལས༔ མངོན་པར་རྫོགས་པའི་སངས་རྒྱས་ནི༔ འོད་དང་སྐུ་དང་སྒྲ་དང་གདུང་༔ ས་གཡོས་ལ་སོགས་ཕྱི་རྟགས་འབྱུང་༔ མངོན་པར་བསྟན་ཏེ་སངས་རྒྱས་སོ༔ ཞེས་དང་༔ གསང་ཆེན་རྒྱུད་ལས༔ རྡོ་རྗེ་རིན་ཆེན་པདྨའི་གདུང་༔ ལས་དང་དེ་བཞིན་གཤེགས་པའི་གདུང་༔ ཤ་ཁྲག་རུས་དང་ཡན་ལག་དང་༔ འབྱུང་འདུལ་ལྔ་ལས་བསྟེན་ནས་འབྱུང་༔ ཤཱ་རི་རཾ་དང་ཆུ་རི་རཾ༔ བ་རི་རཾ་དང་ཉ་རི་རཾ༔ པཉྩརཾ་དང་ལྔ་ལྡན་གདུང་༔ རིགས་ལྔའི་གདུང་སྟེ་སྐུ་ཡང་འབྱུང་༔ དེ་རྣམས་སྐུ་ཐོབ་རྟགས་ཡིན་ཏེ༔ གསུང་ཐོབ་རྟགས་སུ་མེ་འོད་སྒྲ༔ འཇའ་ཚོན་ནམ་མཁའ་དྭངས་གསལ་བ༔ ངེས་པར་ཐུགས་ཐོབ་རྟགས་ཡིན་ནོ༔ ཞེས་དང་༔ སྐུ་གདུང་འབར་བའི་རྒྱུད་ལས༔ ཤཱ་རི་རོ་ནི་སྐྱེ་མེད་ཐོབ༔ རཾ་ནི་ཡོན་ཏན་འཕེལ༔ བ་རི་རཾ་ནི་ལོངས་སྐུ་ཐོབ༔ ཉ་རི་ར་ནི་སྤྲུལ་སྐུ་ཐོབ༔ དེ་ནི་འབྲས་བུའི་ཚད་དུ་བསྟན༔ སྐུ་ལ་རྣམ་པ་གཉིས་ཡོད་དེ༔ ཞི་བ་


CMR057_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

དང་ནི་ཁྲོ་བོར་གསུངས༔ ཕྱི་ནང་གསང་བའི་རྟགས་དེ་ཉིད༔ ཐོབ་ནས་དེ་བཞིན་གཤེགས་པར་གསུངས༔ ཐེ་ཚོམ་མེད་པར་དེ་བཞིན་གཤེགས༔ ས་གཡོ་གནམ་ལ་དེ་བཞིན་ནོ༔ སྐྱེ་མེད་འབྲས་བུ་མེད་པར་བཤད༔ ཅེས་དང་༔ རྒྱུད་དྲི་མེད་ཟླ་ཤེལ་ལས༔ སྒྲ་དང་འཇའ་འོད་དུད་པའི་རྟགས༔ སྤུར་ཁང་མཐོངས་སུ་འཇའ་འཁྱིལ་དང་༔ དུ་བ་སྔོན་པོ་གྱེན་དུ་ལོངས༔ གཡས་སུ་འཁྱིལ་ཞིང་མེ་འོད་དཀར༔ ཡོ་འགུལ་མེད་ཅིང་མེ་སྣ་རིང་༔ དྲག་པོ་མདའ་ལྟར་གཤེ་ལ་འབར༔ དེ་ནི་འོད་དང་དུད་པའི་རྟགས༔ ནམ་མཁའ་དྭངས་ཤིང་རླུང་མེད་པར༔ ཡང་ནི་དེ་ཡི་རུས་པ་ནི༔ དེ་ལ་གདུང་རིགས་ལྔའམ་གཅིག༔ གང་རུང་རིགས་ནི་འབྱུང་བར་འགྱུར༔ རྣལ་འབྱོར་ཕྱིར་མི་ལྡོག་པའི་རྟགས༔ རྡོ་རྗེ་རིན་ཆེན་པདྨའི་གདུང་༔ ཤ་ཁྲག་རུས་པ་ཡན་ལག་བཞི༔ འབྱུང་འདུས་ལྔ་ལ་འདི་ལྟར་འབྱུང་༔ ཆུ་རི་རཾ་ནི་ཁྲག་ལ་འབྱུང་༔ བ་རི་རཾ་ནི་སྒལ་ལ་འབྱུང་༔ ཞེས་སོགས་ནས༔ ཤ་རི་ཆུ་རི་བ་རི་ཡི༔ སྐྱེ་མེད་ཡོན་ཏན་ལོངས་སྐུ་ཐོབ༔་ཉ་རི་པཉྩརཾ་གྱིས་སུ༔ སྤྲུལ་པའི་སྐུ་ལྔ་ངེས་པར་ཐོབ༔ ཤ་རི་རམ་གྱི་སྐྱེ་མེད་


CMR057_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ༔ ཆུ་རི་རཾ་གྱིས་ཡོན་ཏན་འཕེལ༔ བ་རི་རཾ་གྱིས་ལོངས་སྐུ་ཐོབ༔ པཉྩ་རཾ་གྱིས་སྐུ་ལྔ་ཐོབ༔ ཅེས་གསུངས་སོ༔ དེ་ལྟར་སྒོམ་མེད་རྟོགས་པའི་རྣལ་འབྱོར་པ་དེ་ཐ་ན་ཡང་སྐད་ཅིག་གསུམ་ནས་གྲོལ་བར་བཤད་པས༔ ཐུགས་དམ་ལ་བཞུགས་པའི་ཐ་སྙད་མེད་པའི་ཕྱིར༔ ཡབ་སྲས་སོགས་མཁས་གྲུབ་ཆེན་པོ་རྣམས་ཐུགས་དམ་ལ་མི་བཞུགས་པའོ༔ རྟགས་དེ་རྣམས་ཐམས་ཅད་དམ་རེ་ཟུང་ངེས་པར་འབྱུང་བའོ༔ དེ་ནི་ཕུང་པོ་ལྷག་མ་དང་བཅས་ཏེ་སངས་རྒྱས་པ་ཡིན་ནོ༔ དེ་རྣམས་ཀྱི་དོན་རྡོ་རྗེའི་ཚིག་རྐང་ལས༔ སེམས་ཀྱི་ངོ་བོ་སྟོང་པ་ཡིན་པར་རྟོགས༔ རང་སེམས་ཆོས་སྐུ་ཡིན་པར་རྟོགས༔ རང་གི་སེམས་ངོ་བོ་སྟོང་པ་ཉིད་ཡིན་པར་རྟོགས༔ ཡང་ནི་རང་གི་སེམས་ཀྱི་ངོ་བོ་ཆོས་སྐུ་ཡིན་པར་རྟོགས་པ་ནི་འབྲས་བུ༔ ཞེས་གསུངས་སོ༔ དེ་ལྟར་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་ཉམས་སུ་བླངས་པས་བར་དོ་མེད་པར་སངས་རྒྱས་པའི་ལམ་རིམ་དངོས་གཞི་བསྟན་ཟིན་ནས༔ གལ་ཏེ་ལྟ་བ་ངོ་འཕྲོད་ཀྱང་ཉམས་ལེན་མ་འཕྲོད་པ་དང་༔ བསྐྱེད་རིམ་ལ་གོམས་པ་ཆེ་ན༔ དེ་ནས་ཆོས་ཉིད་བར་དོར་འཁྱམས་པའི་ཚེ༔ སྒྱུ་འཕྲུལ་ཞི་ཁྲོའི་ལྷ་ཚོགས་རྣམས་འཆར་བའི་


CMR057_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་ངོས་ཟིན་པར་བྱས་ལ་འཇིགས་སྐྲག་སྤངས་ཤིང་དད་གུས་བྱས་པས་ལོངས་སྐུའི་ཞིང་དུ་སྐྱེ་ལ༔ སྒྲ་འོད་ཟེར་གསུམ་ཐམས་ཅད་རང་སྣང་དུ་ངོ་ཤེས་པས་ཡི་དམ་ཐུགས་རྗེ་ཆེན་པོའི་སྐུ་ཁྱེར་སོ་གསུམ་ལྡན་དུ་བསྒོམས་པས་ལོངས་སྐུར་སངས་རྒྱས་སོ༔ དེ་ལྟར་བསྐྱེད་རིམ་ཡང་མ་ཟིན་ནམ༔ ཞི་ཁྲོའི་ལྷ་ཚོགས་ཀྱང་ངོ་མ་ཤེས་ན༔ དེ་ནས་སྲིད་པ་བར་དོར་འཁྱམ་ཞིང་༔ ཞག་བདུན་ཕྲག་རེའི་སོར་འཇིགས་པའི་སྒྲ་བཞི་དང་ཡ་ང་བའི་འཕྲང་བརྒྱུད་འགྲིམ་ཞིང་༔ ལས་ཀྱི་དབང་གིས་ལུས་ལེན་པས་ལས་བཟང་པོའི་འཕྲོ་མཐུད་ནས༔ བླ་མ་དང་ཡི་དམ་མ་བརྗེད་པར་གསོལ་བ་བཏབ་པས༔ ངན་སོང་དུ་མི་སྐྱེ་བར་མི་ལུས་གཙང་མ་ཐོབ་ནས་ཆོས་ལ་སྤྱོད་པར་བཤད་དོ༔ རྒྱས་པར་ཆོས་མཇུག་བསྲིང་འདོད་ན༔ ཐོས་གྲོལ་ངོ་སྤྲོད་ཆེན་པོའི་ལུང་སྐབས་འདིར་སྦྱར་བར་བྱའོ༔ བར་དོ་རྩ་ཚིག་གི་ལུང་ཡང་བྱའོ༔ དེ་ཅིའི་ཕྱིར་ཞེ་ན༔ རྡོ་རྗེའི་ཚིག་རྐང་ལས༔ ཆེར་སྤྲོ་འདོད་ན་རྫོགས་ཆེན་གཞན་དང་མཐུན་ནོ༔ ཞེས་གསུངས་པའི་ཕྱིར་འདིའི་རྒྱབ་ཆོས་སུ་ཐོས་གྲོལ་གྱི་རིག་པ་གཅེར་མཐོང་ངོ་སྤྲོད༔ ཀློང་གསལ་དང་མཁའ་འགྲོ་སྙིང་ཐིག་ནས་འབྱུང་བའི་ཁྲེགས་ཆོད་སྐོར་ཐམས་ཅད་


CMR057_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

དང་༔ ཁྲེགས་ཆོད་ཀྱི་ཞལ་གདམས་ཐམས་ཅད་དང་༔ ཐུགས་རྗེ་ཆེན་པོ་གསང་འདུས་ནས་འབྱུང་བའི་ཨོ་རྒྱན་རྣམ་ཐར་ཞལ་གདམས་ལ་སོགས་པ་གང་འོས་སྐབས་དང་སྦྱར་ཏེ་རྒྱབ་ཆོས་སུ་ལུང་བྱའོ༔ བསྡུ་ན་ཆོས་ཐུན་ཉེར་གཅིག་འདིས་ཚང་བའོ༔ དེ་ལྟར་ཐེག་པ་དགུའི་ཡང་རྩེ་ཨ་ཏི་བླ་མེད་རྫོགས་པ་ཆེན་པོའི་ཁྲིད་ཐོབ་ནས་དམ་ཚིག་སྲུང་བ་གལ་ཚེ། དམ་པར་བསྲུང་ན་ཚེ་འདིར་མཆོག་གི་དངོས་གྲུབ༔ མ་བསྲུངས་ན་ལུས་ངག་ཡིད་གསུམ་རྡོ་རྗེའི་དམྱལ་བའི་མེས་ཚིག་པར་འགྱུར་བས་ན་དམ་ཚིག་ཅེས་བྱ་སྟེ༔ བཤད་རྒྱུད་རིན་ཆེན་ཕྲེང་བར༔ འདའ་བར་བྱ་བ་མ་ཡིན་ལ༔ འདས་ན་ཚིག་ཕྱིར་དམ་ཚིག་གོ༔ ཞེས་དང་༔ དམ་ཚིག་དག་དང་མ་ལྡན་ན༔ ཕྱི་ནང་མདོ་སྡེ་ཀུན་ཤེས་ཀྱང་༔ འདབ་གཤོག་མེད་པའི་བྱ་བཞིན་དུ༔ དམྱལ་བའི་གནས་སུ་ཐོགས་པ་མེད༔ ཅེས་དང་༔ དམ་ཚིག་བཀོད་པ་ལས༔ དམ་ཚིག་དག་དང་མི་ལྡན་ན༔ བསྒྲུབ་ཀྱང་འབྲས་བུ་མི་འགྲུབ་སྟེ༔ རྒྱུ་མེད་པ་ཡི་འབྲས་བུ་བཞིན༔ ཚེ་ཡི་དུས་བྱས་དམྱལ་བར་འགྲོ༔ ཞེས་གསུངས་སོ༔ དམ་ཚིག་བསྲུང་བའི་ཕན་ཡོན་ནི༔ རྡོ་རྗེ་རྩེ་མོའི་རྒྱུད་ལས༔ དམ་


CMR057_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་སྡོམ་པ་ལ་གནས་པས༔ གསང་སྔགས་རྒྱལ་པོ་འགྲུབ་པར་འགྱུར༔ ཞེས་དང་༔ དམ་ཚིག་རྡོ་རྗེ་ཆེན་པོའི་རྒྱུད་ལས༔ དམ་ཚིག་ལྡན་ན་རྡོ་རྗེ་འཆང་༔ ཚེ་འདིར་ཐོབ་པར་གསུངས་པ་སྟེ༔ དུས་ནི་གཞན་མིན་རྩོད་ལྡན་དུས༔ བསྟན་པ་གཞན་མིན་རིགས་གཉིས་དུས༔ སྐྱེ་བ་གཞན་མིན་ཕ་དང་མ༔ མན་ངག་གཞན་མིན་ས་མ་ཡ༔ ཞེས་དང་༔ དྲི་མེད་པདྨོའི་རྒྱུད་ལས༔ དམ་ཚིག་ཐེག་ཆེན་ཆོས་ཀྱི་སྲོག༔ མ་ཉམས་བསྲུང་བའི་རྣལ་འབྱོར་ལ༔ ཡེ་ཤེས་ཕོ་རྒྱུད་སྤྲིན་ལྟར་འཐིབས༔ མ་མོ་མཁའ་འགྲོ་གྲིབ་བཞིན་འབྲང་༔ དམ་ཅན་སྲུང་མ་བྲན་བཞིན་འཁོལ༔ མཆོག་དང་ཐུན་མོང་དངོས་གྲུབ་འདུས༔ ཞེས་གསུངས་ཤིང་དམ་ཚིག་མ་ཉམས་ན་ཆོས་ཉམས་སུ་མ་བླངས་ན་ཡང་༔ བར་དོའམ་ཐ་ན་སྐྱེ་བ་བདུན་ཚུན་ངེས་པར་གྲོལ་བར་རྒྱུད་སྡེ་མང་པོ་ནས་གསུངས་སོ༔ དམ་ཚིག་ལ་ས་ཡ་དང་འབུམ་སྡེ་སྟེ༔ སྔགས་ཀྱི་རྩ་ལྟུང་བཅུ་བཞི་ཡན་ལག་བརྒྱད་དང་༔ ཡན་ལག་ཉི་ཤུ་རྩ་བརྒྱད་སོགས་གསུངས་ཀྱང་༔ དེ་ཐམས་ཅད་ཀྱི་རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་གལ་ཆེ་སྟེ༔ བླ་མའི་སྐུ་སངས་རྒྱས་དངོས་ཀྱི་འདུ་ཤེས་


CMR057_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

དང་མི་འབྲལ་བ༔ གང་གསུངས་བཀའ་མི་བཅག་པ༔ ལོག་ལྟ་སྐད་ཅིག་ཀྱང་མི་བྱ་བ་དང་གསུམ་གལ་ཆེ༔ ཡི་དམ་གྱི་དམ་ཚིག་སྔར་ཕོག་པའི་ཐུགས་རྗེ་ཆེན་པོའི་སྒོམ་བཟླས་ཉམས་སུ་ལེན༔ མཁའ་འགྲོའི་དམ་ཚིག་སྟོང་ཉིད་ཕྱག་རྒྱ་ཆེན་པོ་བསྒོམ་པ་སྟེ༔ མི་བསྲུང་བའི་བསྲུང་བ་ཆེན་པོ་ཞེས་ཀྱང་ཟེར༔ མེད་པ་དང་ཕྱལ་པ་དང་གཅིག་པུའི་དམ་ཚིག༔ ལྷུན་རྫོགས་གྲངས་དང་ཕྱོགས་ལས་འདས་པའི་དམ་ཚིག་ཅེས་བྱ་བ་ཡིན་པས༔ སྔར་ངོ་སྤྱོད་པའི་རྫོགས་པ་ཆེན་པོའི་ཉམས་ལེན་དེ་རྒྱུན་དུ་སྐྱོང་བར་མཛོད་ཅིག༔ དེ་ལྟར་རྒྱུན་དུ་ཉམས་སུ་བླང་བའི་ཕན་ཡོན་ནི༔ ཆོས་ཉིད་ཚད་མ་བྱས་པའི་མདོ་ལས༔ ནམ་མཁའ་ལྟ་བུའི་ཆོས་རྣམས་ལ༔ ནམ་མཁའ་ལྟ་བུའི་སེམས་ཉིད་ཀྱི༔ ནམ་མཁའ་ལྟ་བུར་བསྒོམས་བྱས་ན༔ ནམ་མཁའ་ལྟ་བུར་སངས་ཡང་རྒྱ༔ ཞེས་དང་༔ ཏིང་ངེ་འཛིན་རྒྱལ་པོ་ལས༔ ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་དགེ་བ་བཅུའི་ལམ་ལ་བཙུད་པ་བས༔ ཆོས་བདག་མེད་པ་ལ་མོས་ནས་དགོན་པའི་ཕྱོགས་སུ་གོམ་པ་བདུན་བོར་བ་བསོད་ནམས་ཆེའོ༔ ཞེས་དང་༔ དེ་ཁོ་ན་ཉིད་ངེས་པར་བསྟན་པའི་མདོ་ལས༔ ཤཱ་རིའི་བུ་


CMR057_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

གང་གི་བསྐལ་པ་བཅུ་བཞིའི་བར་དུ་མཉན་པ་བས༔ གང་གིས་སེ་གོལ་གཏོགས་པ་ཙམ་དུ་དེ་ཁོ་ན་ཉིད་ཀྱི་དོན་བསྒོམ་ན༔ དེས་བསོད་ནམས་མང་དུ་འཕེལ་ལོ༔ ཞེས་དང་༔ རྟོགས་པ་ཆེན་པོའི་མདོ་ལས༔ ཐང་གཅིག་བསམ་གཏན་སྒོར་ཞུགས་ན༔ ཁམས་གསུམ་པ་ཡི་མི་རྣམས་ལ༔ སྲོག་བྱིན་པས་ནི་འདི་དོན་ཆེ༔ ཞེས་དང་༔ ཐར་ཆེན་ལས༔ གང་ཞིག་ཆོས་འདི་འཇིག་པའི་ཚེ༔ རྒྱལ་བའི་དྲིན་ལན་ལེན་འདོད་པས༔ སྐད་ཅིག་ཡུད་ཙམ་སྒོམ་བྱེད་པ༔ སྟོང་ཁམས་གང་བའི་སེམས་ཅན་སྲོག་གི་སྦྱིན་པ་བཏང་བ་བས༔ བསམ་གཏན་བསྒོམ་པ་བསོད་ནམས་ཆེ༔ ཞེས་དང་༔ དམ་པ་འཇུག་པའི་མདོ་ལས༔ སེམས་ཅན་ཐམས་ཅད་ལ་ཇི་སྲིད་འཚོ་ཡི་བར་དུ༔ འཚོ་བའི་ཡོ་བྱད་ཀྱི་ཚོགས་བསགས་པ་བས༔ སྟོང་པ་ཉིད་ཐུན་གཅིག་བསྒོམས་པས་བསོད་ནམས་ཆེའོ༔ ཞེས་གསུངས་ཤིང་༔ འདི་བསྒོམ་ན་སྲུང་བའི་མཆོག་ཀྱང་ཡིན་ཏེ༔ མདོ་ལས༔ སྟོང་པ་ཉིད་ནི་བསྒོམས་བྱས་ན༔ འཆི་བདག་གིས་ཀྱང་མི་ཚུགས་ཏེ༔ བདུད་རྣམས་བྱེ་བ་བརྒྱ་ཡིས་ཀྱང་༔ གནོད་པར་འགྱུར་བ་ག་ལ་སྲིད༔ ཅེས་


CMR057_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་སོ༔ འདི་ལྟ་བུ་བཀའ་རྫོགས་པ་ཆེན་པོ་སྟོང་ཉིད་ཀྱི་དོན་འདི་ལ་ནི༔ སེམས་ཅན་སྐལ་བ་དམན་པ་བསོད་ནམས་མ་བསགས་པ་རྣམས་ཀྱིས་ནི་ཅུང་ཟད་ཡིད་མི་ཆེས་ཚིག་གཅིག་ཙམ་ཡང་མི་གོ་ལ༔ གལ་ཏེ་ངེས་ཤེས་མ་སྐྱེས་ཀྱང་༔ ཕྱོགས་མགོ་ཙམ་ཡིད་མི་ཆེས་ཙམ་ཞིག་གོ་ན་ཡང་༔ འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་རྒྱལ་པོར་བྱ་ནས་པ་སྟེ་དཀོན་མཆོག་བརྩེགས་པ་ལས༔ སྐལ་པ་དམན་པས་ཆོས་འདི་ལ༔ ཐེ་ཚོམ་ཙམ་ཡང་སྐྱེ་མི་འགྱུར༔ ཐེ་ཚོམ་ཙམ་ཞིག་གང་སྐྱེས་པ༔ སྲིད་པ་ཧྲུལ་པོར་བྱེད་པ་ཉིད༔ ཅེས་གསུངས་སོ༔ དེ་ལྟར་ཕན་ཡོན་བསམ་གྱིས་མི་ཁྱབ་པའི་ཕྱིར༔ ཁྱབ་པའི་ཕྱིར༔ ཁྱེད་སེམས་ངོ་འཕྲོད་པ་རྣམས་ཀྱིས་མི་སྐྱར་བར་ཁྱེད་སེམས་ངོ་འཕྲོད་པ་རྣམས་ཀྱིས་མི་སྐྱུར་བར་རྒྱུན་དུ་བསྒོམ་པ་གལ་ཆེ༔ ཁྱེད་ཐེ་ཚོམ་ཡོད་པ་རྣམས་ཀྱིས་ཀྱང་ཨོ་རྒྱན་ལ་གསོལ་བ་ཐོབ་ཅིང་སྒོམས་ཤིག་དང་༔ ཐེ་ཚོམ་ནང་ནས་ཆོད་པར་འོང་༔ སེམས་ངོ་མ་འཕྲོད་པ་རྣམས་ཀྱིས་ཀྱང་༔ སྤྱི་བོར་ཨུ་རྒྱན་རིན་པོ་ཆེ་བསྒོམ་ལ་གསོལ་འདེབས་དང་བཛྲ་གུ་རུ་ཐོན༔ མཐར་ཨུ་རྒྱན་རང་ལ་ཐིམས་པར་བསྒོམ༔ དེ་ནས་རང་གི་སེམས་ལ་སེམས་ཀྱིས་ལྟོས་དང་༔ ཉམས་རྟོགས་པ་མུས་ཀྱི་སྐྱེ་ནས་འོང་༔ ཆོས་འདི་


CMR057_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོའི་ཁ་རླངས་ཐུ་ལེ་བ་ཡིན༔ ཐུགས་རྗེ་ཆེན་པོའི་གསུང་དྲོན་མོ་ཡིན༔ ཁྱེད་རྣམས་སྐལ་པ་བཟང་པོ་ཡིན་ནོ༔ དེ་ལྟར་ཉམས་ལེན་ལ་འབད༔ དམ་ཚིག་སྲུངས༔ གཏང་རག་གི་མཎྜལ་འབུལ་སྙམ་པས་རྗེས་ཟློས་མཛོད༔ ཅི་གསུང་བཀའ་བསྒྲུབ་སྣང་སྲིད་ཀྱི༔ དགེ་ཚོགས་བསྡུས་ཏེ་མཎྜལ་འབུལ༔ གསུམ༔ འོ་དེ་ལྟར་གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས༔ བཀའ་རྫོགས་པ་ཆེན་པོའི་ཁྲིད་སངས་རྒྱས་ལག་བཅང་ཞེས་བྱ་བ་ལ༔ ཕྱག་རྫོགས་ཐུན་མོང་བ་ཁྲེགས་ཆོད་ཀྱི་ཁྲིད་དང་༔ ཐུན་མོང་མ་ཡིན་པ་ཐོད་རྒལ་གྱི་ཁྲིད་གཉིས་སུ་ཕྱེ་བའི༔ ཕྱག་རྫོགས་དབྱེར་མེད་ཁྲེགས་ཆོད་ཀྱི་ཁྲིད་ཆེན་མོ་ཡོངས་སུ་གྲུབ་པ་ཡིན་པས༔ དེ་ལྟར་ཟབ་ཁྲིད་ཞུས་པའི་དགེ་བས༔ སེམས་ཅན་ཐམས་ཅད་ཚེ་གཅིག་ལུས་གཅིག་ལ་ཆོས་སྐུ་ཀུན་ཏུ་བཟང་པོའི་གོ་འཕང་ཐོབ་པའི་ཕྱིར་དུ་བསྔོ་བ་འདིའི་རྗེས་ཟློས་མཛོད༔ དགེ་བ་མ་རྒན་འགྲོ་དྲུག་ཀུན་ལ་བསྔོ༔ གསུམ༔ དེ་ནས་མེ་ཏོག་འཐོར་ཞིང་བཀྲ་ཤིས་རྒྱས་པར་བརྗོད་དོ༔ ཆོས་སྐྱོང་ལ་བསྐང་གསོལ་བྱའོ༔ སརྦ་མངྒ་ལཾ།། ༧ བཟོ་རིག་གནས་མདོ་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཤོག་ལྷེབ་ ༥༠༡ ནས་ ༦༠༦ བར།next