Nitartha Digital Library
Tibetan
 
previousཤོག་ལྷེབ་ ༢༠༡ ནས་ ༣༠༠ བར།next

ཤོག་ལྷེབ་ ༢༠༡ ནས་ ༣༠༠ བར།


CMR057_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དུད་འགྲོ་ཕྲན་བུ་ནི༔ སྐྱེ་བ་རྣམ་པ་བཞི་ལ་སྐྱེས་པ་ནི༔ རི་དྭགས་གཅན་གཟན་གྲོག་སྦུར་སྲིན་བུ་དང་༔ རྐང་མང་རྐང་མེད་འདབ་ཆགས་སྡེར་ཆགས་དང་༔ ཀླུ་ཡི་རིགས་བྱེད་དུད་འགྲོ་ཕྲ་སྦོམ་སོགས༔ ས་ཡི་སྟེང་ན་བསམ་གྱིས་མི་ཁྱབ་སྟེ༔ གཅིག་གིས་གཅིག་ལ་ཟ་བའི་སྡུག་བསྔལ་ཡོད༔ རྔོན་པས་རྒྱ་དང་འགགས་སྙི་བཙུགས་པ་ཡི༔ རྒྱུ་ཤད་སྐྱེར་ཚད་ལོག་པར་འགྲོ་བ་དང་༔ འགའ་ཞིག་ཞོར་ལ་འགགས་ནས་འཆི་བ་ཡོད༔ བཞི་པ་དུད་འགྲོ་ཁ་འཐོར་སྡུག་བསྔལ་ནི༔ མི་ལ་བསྟེན་པའི་དུད། འགྲོ་འདི་དག་ནི༔ ལས་སུ་ཁལ་འགེལ་རྨོ་རྨོ་ཞོ་བཞོ་དང་༔ སྤུ་འབྲེག་ཤ་འབྱིན་ཁྲག་འདོན་བཙོག་པ་དང་༔ ཞོ་ཤ་མི་སྲི་རྒལ་པ་རྡོལ་རྡོལ་ཁུལ༔ ཁོ་ལེ་མ་ལུས་རྭ་ཅོ་ཟད་ཟད་འབྲད༔ ལྤགས་པ་བཤུ་བར་འདུག་ཀྱང་ཚ་བསྲན་ནས༔ ལུས་པོ་འགས་པར་མཆིས་ཀྱང་སྙིང་རུས་བྱེད༔ བཀྲོད་གཟིར་གསོད་པའི་སྡུག་བསྔལ་དཔག་མེད་ཡོད༔ དེ་དག་སེམས་ཅན་དུད་འགྲོའི་སྡུག་བསྔལ་ཡིན༔ ཞེས་གསུངས་པ་དང་༔ རྒྱལ་པོ་སྲོང་བཙན་སྒམ་པོའི་ཞལ་ནས༔ བྱོལ་སོང་དུ་སྐྱེ་བ་ནི༔ ཤིན་ཏུ་གཏི་མུག་ཆེ་ལ་ཆོས་མ་ཐོས་པར་


CMR057_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་སྟེ༔ གླིང་བར་ན་ཉི་ཟླའི་འོད་མེད་པ༔ རང་གི་གཟུགས་མི་མཐོང་བ༔ ཉིང་ཤ་ཉིང་གིས་ཟ་བ༔ གཡང་རྦབ་ཏུ་ལྟུང་བ་དང་༔ ལྟུང་གི་དོགས་པ་ལ་སོགས་པའི་སྡུག་བསྔལ་མང་པོ་ཡོད་དོ༔ དེ་དག་ཚེ་ཚད་རིང་བས་བར་གྱི་བསྐལ་པ་གཅིག་ཐུབ་བོ༔ བྱིང་ན་གནས་པའི་དུད་འགྲོ་བྱ་བ་ཕྱིའི་རྒྱ་མཚོ་ན༔ ཆང་འགགས་ཀྱི་སྦང་མ་བཞིན་གནས་ཏེ༔ ཆེན་པོས་ཆུང་དུ་ཟ་སྟེ་ཉིང་ཤ་ཉིང་གིས་ཟ་བ་ལ་སོགས་པ་དཔག་ཏུ་མེད་པ་ཡོད་དེ༔ ས་སྟེང་གི་དུད་འགྲོ་ཕྲའུ་ནི༔ རྐང་མང་རྐང་མེད་རྐང་གཉིས༔ འདབ་ཆགས་སྡེར་ཆགས་བསམ་གྱིས་མི་ཁྱབ་པ་ཡོད་དོ༔ བྱོལ་སོང་ཁ་འཐོར་བ་རྐང་བཞི་པ༔ གཅན་གཟན་དང་རི་དྭགས་ཀྱི་རིགས་གྲངས་མེད་དོ༔ དེ་རྣམས་ནི་གཅིག་གིས་གཅིག་མ་ཤི་བར་ཟ་བ་ལ་སོགས་པའི་སྡུག་བསྔལ་བསམ་གྱིས་མི་ཁྱབ་བོ༔ དེ་དག་གི་ནང་ནས་སྡུག་བསྔལ་ཆུང་ཤོས༔ རྟ་གནག་བ་ལང་ར་ལུག་ལ་སོགས་པ་མི་ནོར་མཐའ་དག་གི་བྱོལ་སོང་རྣམས་ནི༔ སྦྱིན་པ་སྣ་རེ་བཏང་ལ་ཚུལ་ཁྲིམས་མ་བསྲུང་བས་དུད་འགྲོར་སྐྱེས་པའོ༔ དེ་དག་ཀྱང་ཚེ་ཚད་ངེས་པ་མེད་ཚེ་ཐུང་༔ བཀོལ་སྤྱད་བསད་བཅད་ཀྱི་སྡུག་བསྔལ་ལས་མ་འདས་


CMR057_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

སོ༔ ཚུལ་ཁྲིམས་ཉམས་པས་བྱོལ་སོང་ཀླུའི་རིགས་དང་༔ ཀླུའི་དུད་འགྲོར་སྐྱེས་ཏེ༔ སྡུག་བསྔལ་ནི་རྒྱལ་པོའི་ཆད་པས་འཇིགས་པ་དང་༔ བྱེ་ཚན་གྱི་ཆར་པས་འཇིགས་པ་དང་༔ ནམ་མཁའ་ལྡིང་གི་འཇིགས་པ་ལ་སོགས་པ་སྡུག་བསྔལ་ཚད་མེད་པ་ཡོད་དོ༔ ཚེ་ནི་རིང་སྟེ་བར་གྱི་བསྐལ་པ་ཐུབ་པ་ཡང་ཡོད་དོ༔ ཞེས་དང་༔ གུ་རུ་པདྨ་འབྱུང་གནས་ཀྱི་ཞལ་ནས༔ ཡང་དུད་འགྲོའི་རིགས་འདི་དག་མ་རིག་པས་གཏི་མུག༔ སྨྲས་པའི་གཏམ་མི་གོ༔ དཀོན་མཆོག་གསུམ་གྱི་སྒྲ་མི་གྲགསུ༔ རྨོས་རྨོ་སྤུ་བྲེག་རྒས་འཁོག་ཀྱང་༔ མི་ཐེག་པའི་ཁལ་འགེལ༔ འཕོང་ཤ་བཙོག་རུས་བཙོག་པུ་བརྡུང་༔ རྐེད་པ་ཉག་ཉག༔ འཕོང་ཀྱོག་ཀྱོག༔ འུ་ཐུག་འགྱེལ༔ ཉལ་རུང་རང་དབང་མེད་རྡུང་བ༔ ཅེས་དང་༔ ཡང་རིགས་གཅིག་ནི་ནད་ཅུང་ཟད་ཙམ་མེད་ཀྱང་ཧྲིལ་གྱིས་བསྒྲིལ༔ སྟེང་དུ་ཞོན་སྙིང་ལ་གྲི་བརྒྱབ་སུག་བཞི་ཡོབ་ཡོབ༔ ཁ་ཏང་ཏང་མིག་སྐྱ་ལོག་ལོག༔ བྲེད་བསྔངས་ན་ཚ་ནི་ཆེ༔ བྱ་ཐབས་ནི་མེད༔ སྐྱེ་ཁུག་ཁུག་འཆི་དགོས་པ་ཞེས་དང་༔ ཡང་རི་དྭགས་རྣམས་ནི་མི་ཁྱི་མང་པོས་རི་མེད་ཀླུང་མེད་དུ་དེད་ཤ་ཆད་སྤུ་ཆད་


CMR057_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

བྲེད་བསྔངས༔ སྙིང་གས་པར་བྲོས་ཀྱང་གསོད༔ ཡང་འགའ་ཞིག་ནི་གཞོན་ནས་མ་རྒས་བར་རྨོ་རྨོས༔ སྤུ་དང་ཞོ་བྱིན་གཟའ་ཁྱིམ་གང་དཀར་མེར་རེ་སྣུམ་ཧྲུག་གེར་བསྐྱངས་བའི་ལན་དུ་རྒས་པ་དང་འཚོངས༔ རང་ཡུལ་གྱི་འདུ་ཤེས་སྐྱེས་ནས་བྲོས་འོང་ཡང་རློག༔ ཡང་ན་རྒས་པས་ཁས་ཟ་བདེ་མེད་ཟེར་ནས་དྲིན་མ་དང་མཉམ་ཡང་གསོད༔ དེ་ནས་བྱིང་ན་གནས་པའི་དུད་འགྲོ་རིའི་ཟོམ་དང་ཕྱིའི་རྒྱ་མཚོ་རྣམས་ན་ཆེ་བས་ཆུང་བ་ཐམས་ཅད་ཧབ་རེ་ལ་བྲ༔ ཆུང་བ་ཐམས་ཅད་ཀྱིས་ཆེ་བ་ཐམས་ཅད་ལ་རུབ་ནས་བྲཱ༔ གཏི་མུག་ཉིན་མཚན་ངོ་མི་ཤེས་སྨྲ་མི་ཤེས་དོན་མི་གོ༔ སླར་ཡང་སྡུག་བསྔལ་མཐའ་མེད་དུ་འཁྱམས༔ ཞེས་གསུངས་པ་ལྟ་བུའོ༔ དེ་ལྟར་དུད་འགྲོར་སྐྱེ་བའི་རྒྱུ་གཏི་མུག་ཤས་ཆེ་ཞིང་༔ མི་དགེ་ཆུང་དུ་བསགས་པ་སྟེ༔ དྲན་པ་ཉེར་བཞག་ལས༔ དུད་འགྲོ་འདྲ་སོགས་ངན་སྨྲ་དང་༔ དུས་གསུམ་གཡེལ་བའི་ལས་བྱས་དང་༔ མི་རིགས་སྟེར་དང་བྱོལ་སོང་ཁྲོ། ཕྱུགས་འདྲ་སོགས་ཀྱི་ངན་དུ་སྨ༔ འདི་བཅུ་དུད་འགྲོར་སྐྱེ་བར་འགྱུར༔ ཞེས་གསུངས་ཏེ༔ དུད་འགྲོའི་རིགས་མི་གཅིག་པ་བྱེ་བ་སུམ་ཅུ་རྩ་བཞི་ཡོད་པར་གསུངས་སོ༔ དེ་


CMR057_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

ནས་རྡོ་རྗེའི་ཚིག་རྐང་ལས༔ དམྱལ་བ་ཚ་གྲང་༔ ཞེས་དང་དེའི་འགྲེལ་པ་ཐུགས་རྗེ་ཆེན་པོ་ཉིད་ཀྱིས་གསུངས་པ་ལས༔ དམྱལ་བ་ནི་ཚ་གྲང་གི་སྡུག་བསྔལ་དང་༔ ཞེས་གསུངས་པའི་དོན་རྒྱས་པར་འཆད་ན༔ མདོ་དྲན་ཉེ་ལས༔ སེམས་ཅནདམྱལ་བ་དམྱལ་མེས་ཉམས༔ ཞེས་དང་༔ སྣོད་ཀྱི་འཇིག་རྟེན་བསྟན་པ་ལས༔ འདི་འོག་སྟོང་ཕྲག་ཉི་ཤུ་ན༔ མནར་མེད་པ་ཡང་དེ་ཙམ་མོ༔ དེ་ཡི་སྟེང་ན་དམྱལ་བ་བདུན༔ བརྒྱད་པོ་ཀུན་ལས་ལྷག་བཅུ་དྲུག༔ དེ་དག་གི་ནི་ཕྱོགས་བཞི་ན༔ མེ་མ་མུར་དང་ཚིག་རོ་མྱག་འདམ༔ སྤུ་གྲི་ལམ་སོགས་ཆུ་བོ་ཡིན༔ ཆུ་བུར་ཅན་སོགས་གྲང་བརྒྱད་གཞན༔ ཡང་སོས་ལ་སོགས་དྲུག་རིམ་བཞིན༔ འདོད་པའི་ལྷ་དང་ཉིན་ཞག་མཉམ༔ དེས་ན་དེ་དག་རྣམས་ཀྱི་ཚེ༔ འདོད་པའི་ལྷ་དང་མཉམ་པ་ཡིན༔ ཏིལ་སྦྱངས་ཁལ་ནི་བརྒྱད་ཅུ་གཅིག༔ ལོ་བརྒྱ་འདས་ཤིང་ཏིལ་གཅིག་ཕྱུང་༔ ཏིལ་ཟད་ཆུ་བུར་ཅན་གྱི་ཚེ༔ འོག་མ་འོག་མ་ཉི་ཤུ་འགྱུར༔ ཞེས་དང་༔ འཇིག་རྟེན་བཞག་པ་ལས༔ ཡང་སོས་དང་ནི་ཐིག་ནག་དང་༔ བསྡུས་འཇོམས་དང་ནི་ངུ་འབོད་གཉིས༔ ཚ་བ་དང་ནི་རབ་ཏུ་ཚ༔


CMR057_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

ཐར་བར་དཀའ་བར་བསྟན་པ་སྟེ༔ ཉིན་མཚན་དུ་ནི་ཆོ་ངེས་འདེབས༔ ཉ་ནི་སྐམ་ལ་བོར་བཞིན་ནམ༔ འཕང་མདུང་གིས་ཕོག་གླང་ཆེན་བཞིན༔ འཇིག་རྟེན་དེ་ནི་དམྱལ་བ་ཡི༔ སེམས་ཅན་དུ་མ་སྐྱབས་མེད་པ༔ མེ་སྐྱེ་རྒྱ་མཚོའི་ནང་ན་འབར༔ ཞེས་དང་༔ མདོ་ལས༔ ལུས་ནི་ཤིན་ཏུ་ཆེ་ལ་ཚོར་བ་རགས༔ ཁ་ཅིག་རང་ལུས་མེ་དཔུང་བཞིན་དུ་འབར༔ ཁ་ཅིག་ལྕགས་ཁང་འབར་བའི་ནང་དུ་འཇུག༔ ཁ་ཅིག་ཀུན་ནས་བསྔངས་ཞིང་འདྲེ་ལྡོག་བྱེད༔ ཁ་ཅིག་ལྕགས་ལས་བྱས་པའི་སྣོད་ཆེན་དུ༔ སྤྱི་ཚུགས་འབྲས་ཀྱི་པུས་སྤེ་བཞིན་དུ་འཚོད༔ ཁ་ཅིག་ཐིག་ནག་བཏབ་ནས་སོག་ལེས་འདྲལ༔ སྟ་རེ་མི་བཟད་སོ་རྣོན་རྣམས་ཀྱིས་གཤགས༔ ཞེས་དང་༔ བཤེས་སྤྲིང་ལས༔ སེམས་ཅན་ཉེས་པ་སྤྱད་པ་སྤྱོད་པ་རྣམས༔ ཡང་སོས་ཐིག་ནག་རབ་ཏུ་ཚ་བ་དང་༔ བསྡུས་འཇོམས་ངུ་འབོད་མནར་མེད་ལ་སོགས་པ༔ དམྱལ་བ་རྣམས་སུ་རབ་ཏུ་སྡུག་བསྔལ་འགྱུར༔ འདི་ནི་མི་གཅིག་མདུང་ཐུང་ལྔ་བརྒྱ་ཡིས༔ རབ་ཏུ་དྲག་བཏབ་སྡུག་བསྔལ་གང་ལགས་ལ༔ དེ་ནི་དམྱལ་བའི་སྡུག་བསྔལ་ཆུང་ངུ་སྟེ༔ འོལ་ཡང་མ་ཡིན་ཆར་ཡང་མི་ཕོད་དོ༔


CMR057_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

དམྱལ་བ་བྲིས་པ་མཐོང་དང་ཐོས་པ་དང་༔ དྲན་ནམ་བཀླག་གམ་གཟུགས་སུ་བགྱིས་པས་ཀྱང་༔ སྡུག་བསྔལ་སྐྱེ་བར་འགྱུར་ན་མི་བཟད་པའི༔ རྣམ་སྨིན་ཉམས་སུ་མྱོང་ན་སྨོས་ཅི་དགོས༔ ཞེས་དང་༔ མདོ་གཞན་ལས༔ ཚ་བའི་དམྱལ་བ་ཤིན་ཏུ་བཟོད་གླག་མེད༔ འཇིག་རྟེན་འདི་ཡི་མེ་ནི་ལན་གཅིག་མེའོ་ཙམ༔ དེ་བས་དམྱལ་བའི་མེ་ནི་དགུ་འགྱུར་ཙམ་གྱིས་ཚ༔ སྲ་བརྟན་ལྕགས་ཀྱི་ཐོ་ལུམ་བསྒྱུར་བ་ཡང་༔ སྐད་ཅིག་ཉིད་ལ་མར་ཁུ་བཞིན་དུ་ཞུ༔ གྲང་བའི་དམྱལ་བ་ཤིན་ཏུ་བཟོད་གླག་མེད༔ འཇིག་རྟེན་འདི་ཡི་རླུང་ནི་ལན་གཅིག་རླུང་ངོ་ཙམ༔ དེ་བས་དམྱལ་བའི་རླུང་ནི་དགུ་འགྱུར་ཙམ་གྱིས་གྲང་༔ སྲ་བརྟན་གསེར་གྱི་གོང་བུ་བསྒྱུར་བ་ཡང་༔ སྐད་ཅིག་ཉིད་ལ་ཨུཏྤལ་བཞིན་དུ་གས༔ ཞེས་དང་༔ རིག་འཛིན་ནཱ་ག་ཛུ་ནས༔ དེ་ལྟར་སྡུག་བསྔལ་ཤིན་ཏུ་མི་བཟད་ལོ༔ བྱེ་བ་ཕྲག་བརྒྱ་ཉམས་སུ་མྱོང་ཡང་ནི༔ ཇི་སྲིད་མི་དགེ་དེ་ཟད་མ་གྱུར་བར༔ དེ་སྲིད་སྲོག་དང་བྲལ་བར་མི་འགྱུར་རོ༔ ཞེས་དང་༔ ཨོ་རྒྱན་རིན་པོ་ཆེའི་ཞལ་ནས༔ དམྱལ་བའི་གནས་ནི་འཛམ་གླིང་ས་ཡི་འོག༔ ཏི་སེའི་ཐད་ནས་དཔག་


CMR057_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་ཉི་ཁྲི་ན༔ སེམས་ཅན་དམྱལ་བ་ཆེན་པོའི་གནས་ཡོད་དོ༔ ལྕགས་ཀྱི་ཁང་པ་དཔང་དང་རྒྱ་རུ་ནི༔ དཔག་ཚད་ཉི་ཁྲི་ཉི་ཁྲི་ཡོད་པ་ལ༔ དེ་སྟེང་ཚ་དམྱལ་བརྒྱད་ཀྱི་ས་གཞི་ཡོད༔ རབ་ཏུ་ཚ་བ་དང་ནི་ཚ་བ་དང་༔ ངུ་འབོད་ཆེན་པོ་ངུ་འབོད་ཆུང་ངུ་དང་༔ བསྡུས་འཇོམས་ཐིག་ནག་ཡང་སོས་མནར་མེད་རྣམས༔ རིམ་པར་བར་བར་དཔག་ཚད་བཞི་སྟོང་ཡོད༔ རབ་ཏུ་ཚ་ན་གནོད་པའི་སྡུག་བསྔལ་གསུམ༔ གསལ་ཤིང་གནོད་པའི་གླང་རྗེ་རྫ་བུམ་ཡོད༔ ཚ་བ་ན་ནི་གནོད་པའི་སྡུག་བསྔལ་བཞི༔ དོང་དང་ལྕགས་དང་དབུག་དང་འཚོད་པ་དང་༔ ངུ་འབོད་ཆེན་པོར་གནོད་པའི་སྡུག་བསྔལ་གསུམ༔ ཤལ་མ་རི་དང་ཐག་རྒྱང་ཨ་ཆུ་དང་༔ ངུ་འབོད་ཆུང་ངུར་གནོད་པའི་སྡུག་བསྔལ་ལྔ༔ ཕུར་རྒྱང་ཤིང་རྟ་ཁྲབ་དང་ཁྲབ་རི་དང་༔ བསྡུས་འཇོམས་ན་ནི་གནོད་པའི་སྡུག་བསྔལ་བརྒྱད༔ ས་གཞི་མཐོ་བ་གཞང་ཁུ་ནགས་ཚལ་དང་༔ རི་སུལ་དབང་དང་འཛིན་འཆང་བྱེད་དང་རི༔ ཐིག་ནག་ན་ནི་གནོད་པའི་སྡུག་བསྔལ་དགུ༔ རལ་གྲི་ཤང་ལང་སྤུ་གྲི་སེན་མོ་དང་༔ མདུང་ཐུང་སྟེའུ་སྟ་རེ་སོག་ལེའི་འཇིབ༔ ཡང་སོས་ན་ནི་གནོད་པའི་སྡུག་བསྔལ་ལ༔ མནན་


CMR057_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

བཙེར་དང་ནི་ཡང་ཤི་ཡང་སོས་དང་༔ མནར་མེད་ན་ནི་གནོད་པའི་སྡུག་བསྔལ་གསུམ༔ ལྤགས་ཤུ་སྣ་མ་གཅན་གཟན་ལྡད་པ་དང་༔ གློ་སྙིང་དག་ལ་མེ་ཆེན་འབར་བ་ཡོད༔ གྲང་དམྱལ་བརྒྱད་ནི་དམྱལ་བ་ཡང་སོས་ནས༔ བྱང་དུ་དཔག་ཚད་ཉི་ཤུ་གཞལ་བ་ན༔ ཆུ་བུར་ཅན་དང་ཆུ་བུར་རྡོལ་བ་དང་༔ སོ་ཐམ་པ་དང་ཀྱི་ཧུད་ཟེར་བ་དང་༔ ཨ་ཆུ་བ་དང་ཨུཏྤལ་ལྟར་གས་དང་༔ ཆེར་གས་པ་དང་པདྨ་ལྟར་ཆེར་གས༔ རིམ་པར་བར་བར་དཔག་ཚད་ཉིས་བརྒྱ་ཡོད༔ ཆུ་བུར་ཅན་ན་གནོད་པའི་སྡུག་བསྔལ་གསུམ༔ འཁྱག་དང་ཆུ་བུར་ཐག་ཐུགས་གསུམ༔ ཆུ་བུར་རྡོལ་ན་གནོད་པའི་སྡུག་བསྔལ་བཞི༔ གས་དང་ཆུ་སེར་རྨ་དང་ཆུ་སེར་རོ༔ སོ་ཐམ་པ་ན་གནོད་པའི་སྡུག་བསྔལ་ལྔ༔ སྐད་མི་ཐོན་དང་སོ་སྒྲ་བཏོན་པ་དང་༔ འཁྲིགས་དང་རེངས་དང་ཡན་ལག་འདར་བའོ༔ ཀྱི་ཧུད་ཟེར་ན་གནོད་པའི་སྡུག་བསྔལ་གསུམ༔ ལུས་འཁྱག་སེམས་དུབ་ངག་ཏུ་སྨྲེ་སྔགས་འདོན༔ ཨ་ཆུ་བ་ལ་གནོད་པའི་སྡུག་བསྔལ་གཉིས༔ ལུས་སྐམ་དབང་པོ་ལྔ་ནས་ཆུ་སེར་འཛག༔ ཨུཏྤལ་ལྟར་གས་གནོད་པའི་སྡུག་བསྔལ་བཞི༔ ལུས་ནི་ཚལ་པ་


CMR057_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་རུ་གས་པའོ༔ ཆེར་གས་པ་ན་གནོད་པའི་སྡུག་བསྔལ་བརྒྱད༔ ལུས་ནི་ཚལ་པ་བརྒྱད་དུ་གས་པའོ༔ པདྨ་ལྟར་གས་སྡུག་བསྔལ་བཅུ་དྲུག་སྟེ༔ ལུས་ནི་ཚལ་པ་བཅུ་དྲུག་གས་པའོ༔ ཉི་ཚེ་བ་ནི་ཉིན་རེ་ལན་རེ་འཆི༔ ཉིན་འཁོར་བ་ནི་ཉིན་བརྒྱ་མཚན་བརྒྱ་སྐྱེ༔ སྐྱེ་དང་འཆི་དང་སྡུག་བསྔལ་ཡུན་དུ་སྤྱོད༔ དམྱལ་ཁམས་བཅོ་བརྒྱད་བར་མཚམས་རེ་རེ་ན༔ འདོད་ཆགས་ཚ་མྱོང་དམྱལ་བ་ཞེས་བྱ་དང་༔ སྤྲིན་བཀྲ་མེ་འཁོར་ཅན་གྱི་དམྱལ་བ་ཞེས༔ མེ་འབར་འོབ་ལ་པུས་ནུབ་འགྲོ་བ་དང་༔ རོ་མྱག་འདམ་ལ་རྗེས་ནུབ་འགྲོ་བ་དང་༔ སྤུ་གྲིའི་ལམ་གྱིས་ཤ་རུས་གཅོད་པ་དང་༔ རལ་གྲིའི་ཆར་བབ་ལྕགས་ཤལ་རི་ལ་བཤལ༔ ཐལ་ཚན་ཆུ་བོ་རབ་མེད་ནང་དུ་ནི༔ ཤ་རུས་ཚིག་ཅིང་ཁར་འགྲོ་ས༔ གཏིང་འགྲོ་བྱེད༔ ཁྲོ་ཆུ་ཁོལ་མ་བྷ་གའི་ནང་དུ་བླུག༔ ཕོ་མཚན་ལྕགས་སྲེག་དམར་པོའི་བར་དུ་འཆིར༔ དེ་དག་ཐུན་མོང་སྤྱི་ཡི་དམྱལ་ཁམས་བརྒྱད༔ དེ་ལས་སྡུག་བསྔལ་བདུན་འགྱུར་ཆེ་བ་ནི༔ ཁྱད་པར་སྒོས་ཀྱི་རྡོ་རྗེ་དམྱལ་བ་ཞེས༔ པདྨ་ལྟར་དུ་གས་པའི་ལྷོ་ནུབ་ཏུ༔ དཔག་ཚད་བརྒྱ་འཇལ་ལྕགས་སྲེག་ས་གཞི་ཡོད༔ མི་ཤིགས་རྡོ་རྗེ་ཚ་བའི་


CMR057_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

དམྱལ་ཁམས་བརྒྱད༔ ཚ་དམྱལ་བརྒྱད་ལས་བདུན་འགྱུར་ཚ་བ་ཡོད༔ རིམ་པར་བར་བར་དཔག་ཚད་ལྔ་སྟོང་ཡོད༔ ཤར་ལྷོ་མཚམས་ན་རྡོ་རྗེའི་གྲང་དམྱལ་བརྒྱད༔ གྲང་དམྱལ་བརྒྱད་ནི་བདུན་འགྱུར་གྲང་བ་ཡོད༔ རིམ་པར་བར་བར་དཔག་ཚད་བཞི་སྟོང་ཡོད༔ ནུབ་བྱང་མཚམས་ན་ཉི་ཚེ་ཉེ་འཁོར་བ༔ དམྱལ་བ་གོང་ལས་བདུན་འགྱུར་མང་བ་ཡོད༔ རིམ་པར་བར་བར་དཔག་ཚད་སུམ་སྟོང་ཡོད༔ བྱང་ཤར་དམྱལ་བ་ཤམྦྷ་ལ་ཞེས་པ༔ དམྱལ་བ་གཞན་གྱི་བདུན་འགྱུར་གནོད་པ་ལ༔ སྤྲུལ་པའི་དམྱལ་བ་ཚ་གྲང་འཐབ་པ་ཡོད༔ ཇི་སྲིད་ནམ་མཁའ་མ་ཞིག་བར་དུ་ནི༔ མི་འཇིག་པས་ན་རྡོ་རྗེ་དམྱལ་བའོ༔ དེ་དག་སེམས་ཅན་དམྱལ་བའི་སྡུག་བསྔལ་ཡིན༔ ཞེས་དང་༔ ཡང་གུ་རུ་རིན་པོ་ཆེ་པདྨ་འབྱུང་གནས་ཉིད་ཀྱིས་གསུངས་པ༔ ཀྱི་མ་ཚ་བའི་དམྱལ་བ་ལ་ལྕགས་ཁང་སུམ་རིམ་གྱི་ནང་དུ༔ ཕྱོགས་བཞི་ནས་མེ་ཆེན་པོ་བཞི་འབུད་ཅིང་༔ ལོ་གྲངས་མེད་བསྐལ་པར་བསྲེགས་ཤིང་༔ ལུས་ནག་རུལ་རུལ་དམར་ཁོག་ཁོག་སོང་རུང་ལས་ཀྱི་འཆི་རྒྱུ་མེད་པར༔ ཕ་འབོད་མ་འབོད་བཟའ་རོག་བུ་ཚ་ཉེ་རིང་ལ་འབོད༔ ཨ་ཚ་མ་རིང་


CMR057_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

རིང་བྱེད་ཀྱང་ཕན་པ་མེད༔ ཅེས་དང་༔ ཡང་གྲང་བའི་དམྱལ་བ་ནི༔ གངས་སྟོང་རི་བྲག་འཁྱག་ཁྲོད་ཆུ་གླིང་རྣམས་ན་ལུས་འཁྱག་ཚལ་པར་གས༔ ནང་ཁྲོལ་ཕྱིར་ཐོན༔ འཁྱག་རུམ་ཚིང་ཚིང་༔ དོན་སྙིང་རྣམས་ཚལ་པ་ཤིག་ཤིག༔ ཁ་ཐམ་སོ་འཁྲིགས་ཁྲུ་གང་ཙམ་པ་ནས་འཕར་ཞིང་འདར༔ མིག་སྐྱ་ལོག་ལོག་པ་ལ༔ སྐབས་སུ་ཨ་ཤུ་ཨ་ཙ་མ་ཙིར་ཙིར་ལ༔ ལོ་དང་ཁུངས་མེད་བསྐལ་པར་སྡོད་དགོས༔ ཞེས་དང་༔ དེ་ལ་སོགས་པ་ཤལ་མ་རིའི་སྡོང་པོ༔ ཐལ་ཚན་རབ་མེད༔ རལ་གྲིའི་ནགས་ཚལ༔ ཡང་ཤི་ཡང་སོས་ལ་སོགས༔ ཞེས་གསུངས་པ་དང་༔ ཡང་དེ་དག་གིས་དོན་རྒྱས་པར་སྤྲུལ་པའི་རྒྱལ་པོ་སྲོང་བཙན་སྒམ་པོས་རྒྱ་ཆེར་གསུངས་པའི་དོན་ཉུང་ངུར་བསྡུས་ཏེ་བཤད་ན་འཛམ་གླིང་འདི་འོག་དཔག་ཚད་སྟོང་ཕྲག་ཉི་ཤུ་ན་ལྕགས་ཀྱི་ཁང་པ་ལོགས་རེ་རེར་དཔག་ཚད་བཅུ་གཉིས་རེ་ཡོད་པའི་ནང་སེང་གེའི་ཁྲི་ལ་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་བཞུགས་པའི་དྲུང་དུ༔ མི་ཤི་བ་རྣམས་ལྷན་ཅིག་སྐྱེས་པའི་ལྷ་དང་འདྲེས་ཁྲིད་དེ༔ དགེ་སྡིག་མེ་ལོང་ལ་ལྟ་བ་དང་༔ རྒྱ་མ་ལ་འཇོག་པ་དང་༔ ཡིག་ཆུང་ལྟ་བ་སོགས་བྱས་པས་རྫུན་མི་ཚུད༔


CMR057_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བ་མང་བ་ཁྲམ་ཤིང་དཀར་པོ་ལ་བཏབ་ནས་མཐོ་རིས་དང་༔ སྡིག་པ་མང་བ་ཁྲམ་ཤིང་ནག་པོ་ལ་བཏབ་ནས་ངན་སོང་དུ་གཏོང་༔ ལྕགས་ཁང་དེའི་ཕྱོགས་མཚམས་བརྒྱད་དུ་ལས་མཁན་སེང་གེ་དང་སྟག་དང་སྦྲུལ་དང་གླང་དང་དྲེད་དང་དོམ་དང་ཕག་དང་ཁྱུང་གི་མགོ་ཅན་རྣམས་ཡོད་དེ༔ བྲག་ལུག་ཐུག་གི་གདོང་པ་འདྲ་བའི་བར་དུ་བཅིར་བ་དང་༔ ལྕགས་ཀྱུས་འདྲེན་པ་དང་༔ ཐོ་བས་བརྡུང་བ་དང་༔ ཤ་སྦྲང་བྱེའུ་ཙམ་གྱིས་ཤ་ཟད་རུས་ཟད་དུ་ཟ་བ་དང་༔ ལྕགས་ཀྱི་སོག་ལེས་དྲ་བ་དང་༔ ཁྲོ་ཆུ་ཁོལ་མའི་ནང་དུ་ཤ་རུས་ཕྱེ་བ་དང་༔ རྐང་ལག་ཕུར་པས་བརྒྱངས་ནས་ཕྱོགས་བཞི་ནས་མེ་སྦར་ཏེ་སྦྱ་བ་ཚི་རི་རི་ཚིགས་པ་དང་༔ མུན་པའི་གླིང་དུ་བཀྱིག་ནས་ཀླད་པ་བྱ་ཁྲུས་བྲུ་བ་དང་༔ མིག་དང་དབང་པོ་བྲུ་བ་དང་༔ ལྕགས་ཀྱི་ཚེར་མའི་གསེབ་ཏུ་ལྕགས་ཀྱི་ཐོ་བས་བརྡུང་བ་དང་༔ ལུས་ལ་ཐིག་ནག་བཏབ་ནས་སྟ་རེ་དང་སོག་ལེས་དྲ་བ་དང་༔ ཁྲོ་ཆུ་ཁོལ་མ་ཁར་བླུག་ནས་ནང་གྲོལ་བསྲེགས་པ་དང་༔ ཤལ་མ་རིའི་སྡོང་པོ་ལྕགས་ཀྱི་ཚེར་མ་ཅན་ལ་འཛེག་འབབ་བྱེད་པ་དང་༔ ལྕགས་ཀྱི་ཕ་བོང་གིས་མནན་པའི་སྨད་ཕག་རྒོད་


CMR057_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཟ་བ་དང་༔ ལྕགས་ཀྱི་གདན་སའི་སྟེང་དུ་མགོ་བཞག་ནས་ལྕགས་ཀྱི་ཕ་ཝང་གིས་བཅར་བ་དང་༔ ལྕགས་ཟངས་ཀྱི་ནང་དུ་བཙོ་བ་རྣམས་ཡོད་པར་གསུངས༔ ཚ་དམྱལ་བརྒྱད་ཀྱི་བར་བར་དུ་གྲང་བའི་དམྱལ་བ་རེ་རེ་ཡོད་དོ༔ ཡུངས་འཁྱག་པ་ལྟར་ཆུ་བུར་ཐུག་ཐུག་དང་༔ ཆུ་བུར་རྡོལ་བ་དང་༔ ཨ་ཆུའི་སྐད་འདོན་པདང་༔ ཀྱི་ཧུད་ཀྱི་སྐད་ལས་མི་ཐོན་པ་དང་༔ སོ་ཐམ་ཐམ་པ་དང་༔ ལུས་ཚལ་པ་བཞི་དང་བརྒྱད་དང་བཅུ་དྲུག་ཏུ་གས་པ་དང་༔ ཡང་ན་ཕྱོགས་བཞི་ན་མེ་མ་མུར་གྱི་འོབས་ལ་འབོག་པ་དང་༔ སྲིན་བུ་ལྕགས་མཆུས་ཤ་རུས་ཕུག་པ་དང་༔ སྤུ་གྲིའི་ལམ་ལ་འགྲོ་བ་དང་༔ རལ་གྲིའི་ནགས་ཚལ་གྱིས་གཤགས་པ་དང་༔ ཤུལ་མ་རིའི་ལྕགས་ཀྱི་ཚེར་མ་སོར་བཅུ་དྲག་པ་ལ་འཛེགས་པས་ལུས་ཐམས་ཅད་སྣད་པ་དང་༔ སྤྱི་བོ་ནས་ལྕགས་ཀྱི་བྱ་ཁྲས་ཀླད་པ་བཏོན་ཅིང་འོག་ནས་ཁྱི་སྲེ་བོས་ནང་གྲོལ་ཟ་བ་དང་༔ ཐལ་ཚན་གྱི་ཆུ་བོ་རབ་མེད་འབོག་པ་དང་༔ དཔག་ཚད་ལྔ་བརྒྱའི་ལྕེ་ལ་ལྕགས་ཀྱི་ཐོང་བཤོལ་གྱིས་རྨོ་བ་དང་༔ ལྕེ་ལ་ལྕགས་ཀྱི་ཕུར་པ་འདོམ་གང་པས་འདེབས་པ་དང་༔ ལྕགས་ཀྱི་བྲེ་བོ་ཆེར་ལུས་གཏུབ་ཅིང་འགེངས་པ་


CMR057_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

དང་༔ ལྕགས་ཀྱི་སྲང་ལ་ལུས་གཏུབ་ཅིང་འཇལ་བ་དང་༔ ཉིན་རེ་ཐང་རེའམ་ཞག་རེ་ཐེབ་རེ་འཆི་ཞིང་སོས་པ་སོགས་སྡུག་བསྔལ་དཔག་ཏུ་མེད་པ་ཡོད་ཚུལ་རྒྱས་པར་གསུངས་ཤིང་༔ ཁྱད་པར་མདོ་སྡེ་འཇིག་རྟེན་བཞག་པ་ལས་ཤིན་ཏུ་རྒྱས་པར་གསུངས་སོ༔ ཚ་དམྱལ་གྱི་ཚེ་ཐུང་ཤོས་ཡང་སོས་ཏེ༔ མི་ལོ་བྱེ་བ་ཕྲག་འབུམ་དང་དྲུག་ཁྲི་ཉིས་སྟོང་ཐུབ་ཅིང་༔ འོག་མ་རྣམས་དེ་བས་ཚེ་དང་སྡུག་བསྔལ་ཉི་ཤུ་ཉི་ཤུའི་འགྱུར་ཡིན་ནོ༔ གྲང་དམྱལ་གྱི་ཚེ་ཚད་ནི་དཔག་ཏུ་མེད་དོ༔ དེ་དག་སོ་སོར་སྐྱེ་བའི་ལས་མང་དུ་བཤད་ཀྱང་དོན་བསྡུས་ན༔ ཞེ་སྡང་གི་སྒོ་ནས་མི་དགེ་བ་ཆེར་བྱས་པས་སྐྱེའོ༔ དེར་ཡང་ཚབས་ཆེ་ཆུང་དང་ཚེ་རིང་ཐུང་རྣམས་ཀྱང་རང་གི་སྡིག་ལས་ཀྱི་ཆེ་ཆུང་ལས་བྱུང་བའོ༔ དམ་ཚིག་ཉམས་པ་ནི་རྡོ་རྗེ་དམྱལ་བར་ལྟུང་སྟེ༔ འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ལས༔ ཕྱི་ཡི་རྒྱ་མཚོ་ཆེན་པོ་ཡི༔ ཆུ་དེ་སྐུ་ཡིས་འདོར་ནུས་པ༔ དེ་ཡི་ཚད་དུ་སྡུག་བསྔལ་མྱོང་༔ རྡོ་རྗེ་དམྱལ་བར་གྲགས་པ་ཡིན༔ ཞེས་གསུངས་སོ༔ ཡང་གོས་སྔོན་པོ་ཅན་གྱི་རྒྱུད་ལས་ནི༔ གསང་སྔགས་ཀྱི་དམ་ཚིག་ཉམས་པ་རྡོ་རྗེ་དམྱལ་བར་སྐྱེ་སྟེ་ཚེ་ཚད་ནམ་


CMR057_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་ཇིསྲིད་གནས་ཀྱི་བར་མི་ཐར་བར་གསུངས་ཏེ༔ དེ་ནི་བཤགས་པ་གཏན་ནས་མ་བྱས་པའོ༔ དེ་དག་གི་དོན་མདོར་བསྡུས་ན༔ ཨུ་རྒྱན་རིན་པོ་ཆེའི་ཞལ་ནས༔ དེ་ཡང་དམྱལ་བར་སྐྱེས་ན་ནི༔ བསྐལ་པ་མང་པོར་ཐར་དུས་ནི་མེད༔ དམྱལ་ཁམས་སུ་མི་འགྲོ་བའི་གདེང་ཚད་ཡང་བདག་ལ་ཅི་ཡོད༔ སྔར་ཡང་ཆོས་ཚུལ་བཞིན་མ་བྱས་པས་ད་རེས་ཀྱང་འཁྱེར་ཀ་འདི་ལས་མེད༔ སྔར་བསོད་ནམས་ཀྱི་ཚོགས་ཅུང་ཟད་བསགས་པའི་འབྲས་བུ་ནི་ད་རེས་ཀྱི་མི་ལུས་འདིས་ཟད༔ ད་ཚེ་འདིར་ཆོས་གཅིག་མེད་ན་འགྲོ་ས་ངན་སོང་ལས་འོས་མི་འདུག་པས་ད་ལྟ་རང་ནས༔ ཚད་ནད་སྐོམ་གྱིས་གདུང་བ་ལྟར་བརྩོན་འགྲུས་ལ་གཡེལ་བ་མེད་པར་དགེ་སྦྱོར་ལ་འབད་པར་བྱའོ༔ ཞེས་གསུངས་པ་ལྟར་ཉམས་སུ་ལོངས་ཤིག༔ སྡུག་བསྔལ་གྱི་སྡུག་བསྔལ་བཤད་པའི་སྐབས་ཏེ་ཆོས་ཐུན་བདུན་པའོ༔ དེ་ནས་འགྱུར་བའི་སྡུག་བསྔལ་བཤད་པ་ནི༔ རྡོ་རྗེའི་ཚིག་རྐང་ལས་མི་སྐྱེ་རྒ་ན་འཆི༔ ཞེས་སོགས་ཚིག་རྐང་ཕྱེད་དང་གཉིས་ཀྱིས་སྟོན་ཏེ༔ དེའི་འགྲེལ་པ་ཐུགས་རྗེ་ཆེན་པོ་ཉིད་ཀྱིས་གསུངས་པ་ལས༔ མིར་སྐྱེས་ན་ཡང་སྐྱེ་བ་


CMR057_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

དང་རྒས་པ་དང་ན་བ་དང་འཆི་བའི་སྡུག་བསྔལ་བསམ་གྱིས་མི་ཁྱབ་སྟེ༔ ཞེས་གསུངས་པའི་དོན་རྒྱས་པར་བཤད་ན༔ མདོ་དྲན་པ་ཉེར་བཞག་ལས༔ མི་རྣམས་འཚོ་བ་ཐུང་བས་ཉམས༔ ཞེས་དང་༔ ཚོགས་ཀྱི་གཏམ་ལས༔ ངན་འགྲོའི་སྡུག་བསྔལ་མ་ལུས་པ༔ མི་རྣམས་ལ་ཡང་ཡོད་པར་སྣང་༔ སྡུག་བསྔལ་གཟིར་བ་དམྱལ་བ་ཉིད༔ དབུལ་བས་གཤིན་རྗེའི་འཇིག་རྟེན་པ༔ འདི་ཡི་དུད་འགྲོའི་སྡུག་བསྔལ་ཡང་༔ མཐུ་ལྡན་སྟོབས་ཀྱིས་མཐུ་མེད་པ༔ རྣམ་པར་གནོན་ཅིང་འཚེ་བ་དག༔ ཆུ་བོ་ལྟ་བུ་ཉིད་ཡིན་ནོ༔ ཁ་ཅིག་དབུལ་བ་ལས་གྱུར་དང་༔ གཞན་དག་ཆོག་མི་ཤེས་པ་འབྱུང་༔ ཡང་ཚོལ་སྡུག་བསྔལ་མི་བཟོད་པ༔ ཐམས་ཅད་འཁུ་ཞིང་གསོད་པ་ཡིན༔ ཞེས་གསུངས་པ་དང་༔ མངལ་འཇུག་གི་མདོ་ལས༔ དེ་བཞིན་ཏུ་སྐྱེ་བ་ཡང་སྡུག་བསྔལ་བ་ཡིན་ནོ༔ རྒས་པ་ཡང་སྡུག་བསྔལ་བ་ཡིན་ནོ༔ ན་བ་ཡང་སྡུག་བསྔལ་བ་ཡིན་ནོ༔ འཆི་བ་ཡང་སྡུག་བསྔལ་བ་ཡིན་ནོ༔ མི་སྡུག་པ་དང་འཕྲད་པ་ཡང་སྡུག་བསྔལ་བ་ཡིན་ནོ༔ གང་འདོད་པ་བཙལ་ཏེ་མ་རྙེད་པ་ཡང་སྡུག་བསྔལ་བ་ཡིན་ནོ༔ ཡོད་པ་བསྲུང་དཀའ་


CMR057_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཡང་སྡུག་བསྔལ་བ་ཡིན་ནོ༔ ཞེས་དང་༔ ས་སྡེ་ལས༔ མི་རྣམས་ལ་འདུ་བྱེད་ཀྱི་སྡུག་བསྔལ་བརྒྱད་ཡོད་དེ༔ གང་ཞེ་ན་སྐྱེ་བའི་སྡུག་བསྔལ་དང་༔ རྒས་པའི་སྡུག་བསྔལ་དང་༔ ན་བའི་སྡུག་བསྔལ་དང་༔ འཆི་བའི་སྡུག་བསྔལ་དང་༔ མི་སྡུག་པ་དང་ཕྲད་པའི་སྡུག་བསྔལ་དང་༔ སྡིག་པ་དང་བྲལ་བའི་སྡུག་བསྔལ་དང་༔ ཡོད་པ་བསྲུང་བའི་སྡུག་བསྔལ་དང་༔ མེད་པ་ཚོལ་ཞིང་འདོད་པས་འཕངས་པའི་སྡུག་བསྔལ་ལོ༔ ཞེས་དང་༔ སྐྱེ་བའི་སྡུག་བསྔལ་ནི༔ སློབ་སྤྲིང་ལས༔ ཤིན་ཏུ་མི་གཙང་དྲི་ང་གཅེར་བས་འགགས༔ རབ་ཏུ་དོག་པ་མུན་ནག་འཐིབ་པོར་འདུག་པ་ཡི༔ མངལ་གནས་དམྱལ་བ་ལྟ་བུའི་ནང་དུ་དེ་ཞུགས་ནས༔ ལུས་ཀྱང་བསྐུམ་ལ་སྡུག་བསྔལ་ཆེན་པོ་མནག་དགོས་སོ༔ དེ་ནས་རིམ་གྱིས་ཏིལ་མར་བཙིར་སྤྱད་སྲ་བ་ཡིས༔ བཙིར་བ་ལྟར་བྱས་དེ་ནས་ཅི་ཞིག་ལྟར་ཏེ་བཙས༔ འོན་ཀྱང་མོད་ལ་དེ་སྲོག་མི་འདོར་གང་ཡིན་པ༔ སྡུག་བསྔལ་ཉེ་བར་སྤྱོད་པའི་རྣམ་པར་མཐོ་བརྩམ་མོད༔ མི་གཙང་དེ་ནས་གནས་བཅས་འགྲོ་བའི་ལུས་དེ་ནི༔ མངལ་གནས་རློན་པས་དཀྲིས་ཤིང་དྲི་ངད་མི་བཟད་ལྡན༔ གཟིར་བས་གནོད་


CMR057_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

པ་བརྡ་སྟེ་རྨ་སྨིན་ཞིག་པ་བཞིན༔ སྐུགས་ལ་ཐུག་པ་བཞིན་དུ་སྔོན་གྱི་དྲན་པ་སྤངས༔ ཞེས་གསུངས་སོ༔ ཨོ་རྒྱན་ཆེན་པོའི་ཞལ་ནས་སྐྱེ་བའི་སྡུག་བསྔལ་གསུངས་པ་ནི༔ མི་ཡི་གནས་འདི་སྐྱིད་ཤོས་ཡིན་གྱུར་ཀྱང་༔ བརྒྱད་དང་འགྱུར་བའི་སྡུག་བསྔལ་དཔག་མེད་ཡོད༔ དང་པོ་ཕོ་མོ་རྒྱུ་རྐྱེན་སྤྲད་པའི་ཚེ༔ ཕ་མའི་ས་བོན་ཁུ་ཁྲག་འདྲེས་པ་སྟེ༔ རུལ་སུབ་མི་སྡོད་སྟོབས་ལྡན་འཕེལ་བར་བྱེད༔ རིམ་པར་ཆགས་ནས་ལྟེ་བའི་རྩ་མདུད་ནི༔ གྲུ་གསུམ་མ་རྩ་རྒྱལ་པོ་བ་གླང་མིག༔ སྦལ་པའི་སྒོ་ང་ཙམ་ཞིག་ཆགས་པའི་དུས༔ མ་ལ་ལྟོ་ནད་མིག་སོའི་ན་ཚ་ནི༔ སྙིང་རླུང་ཅན་ལ་སྦྱང་སྨོན་བླུད་པ་འདྲ༔ མགོ་བོ་ཟི་ལངས་ལུས་ལ་རྩེ་ཤུམ་བྱེད༔ ཡར་སྐྱུག་མར་འཇམ་སྐད་འགགས་སྡོད་སྙིང་འདོད༔ ཟླ་བ་དགུ་ན་ལུས་ཟུངས་བདུན་རྫོགས་ཏེ༔ མ་ཉིད་རྟོགས་དུས་གཡང་ལ་བཏང་བ་ལྟར༔ ལུས་འདར་ཕྱང་ཕྱོང་ལང་ལིང་སྔངས་སྐག་ཡོད༔ འགྲང་བའི་དུས་ན་བྲག་ལ་བཅར་བ་ལྟར༔ བསྒུལ་སྤྱོད་མི་ཤེས་ལུས་པོ་ཆ་ཆ་བསྡམ༔ ཕོ་མོ་འཁྲིག་དུས་མེ་མྱང་བཙོས་པ་འདྲ༔ ལུས་པོ་ཚ་ཡལ་བརྩེ་རུམ་ཚ་ཙག་བྱེད༔ མ་ཡི་ཕྱིན་དུས་རླུང་གིས་


CMR057_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པ་ལྟར༔ མཐོ་ལིང་དམའ་ལིང་སྒོར་སྒོར་ཐམ་ཐམ་བྱེད༔ མ་ཡི་ཉལ་དུས་རི་གསེབ་མནན་པ་ལྟར༔ ཁུ་ལུས་མ་ལུས་གང་ན་འདི་ན་མེད༔ མ་ཡི་ཕག་སེབ་ཕིབ་འོག་ཚུད་པ་ལྟར༔ ནག་ཐོམ་བྱེད་ཅིང་དབང་པོ་ལུས་སྐྱོན་འོང་༔ མ་ཡི་དྲག་ཤུལ་ལྡང་དུབ་བྱེད་ཙ་ན༔ ལུས་འགས་སྙིང་བཏོན་རྦབ་སྒྱུར་བྱེད་པ་ལྟར༔ མ་ལ་བཟའ་མེད་ལྷད་ཟས་འབག་འབོག་ཟོས༔ གོས་མེད་མལ་གྲང་སྡུག་བསྔལ་དམྱལ་བ་འདྲ༔ ཟླ་ངོ་བཅུ་སོང་ལུས་ཟུངས་རྫོགས་གྱུར་ཏེ༔ མགོ་ཞབས་ལོག་ནས་སྐྱེ་བར་འགྱུར་བའི་ཚེ༔ རྩ་སྒོ་ཡང་དོག་བྱེ་བྲག་ཐ་དད་ཀྱི༔ མ་དང་བུ་གཉིས་གཤིན་ཡུལ་གོམ་ཕྱེད་བོར༔ མ་བུ་གཉིས་ཀ་ན་ཚའི་སྡུག་བསྔལ་ཆེ༔ མ་ཡི་ཁ་རུས་མ་གཏོགས་རུས་མཚམས་བྱེ༔ ལུས་ནི་ཚལ་པ་སྟོང་དུ་གས་སྙམ་བྱེད༔ བུ་ཆུང་སུབ་ལ་ཁོང་ལྤགས་བཤུ་བ་ཙམ༔ ནུས་པ་ཡོད་ཚད་ཕྱི་རུ་བསྐྱེད་པ་ཡི༔ སེམས་ཀྱི་ལུས་སྡུག་གཏུན་ཁུང་བརྡུངས་པ་འདྲ༔ སྟན་ཁར་བྲུལ་དུས་ཆེར་ཕུང་གསེབ་སྐྱུར་ལྟར༔ གོས་སུ་དྲོ་འཇམ་ལྤགས་པ་བཀོན་གྱུར་ཀྱང་༔ མ་ཡི་མངལ་ནས་དྲོད་འཇམ་མ་ལས་ཏེ༔ ལུས་ལ་བྲེད་དང་ཟུག་དང་ན་ཚ་འོང་༔ མ་ཡི་དཔང་བླང་


CMR057_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

བྱིའུ་ཕྲུག་ཁྲས་ཁྱེར་ལྟར༔ ལྟེ་བ་འབྲེག་པ་སྙིང་ལ་ཚེར་ཟུག་འདྲ༔ དེ་ནས་ཞག་སྐྱེད་ཟླ་སྐྱེད་ཆེར་གྱུར་ཀྱང་༔ འོག་ནས་དྲི་ཆུ་འབྱིན་དང་ལྟབ་མ་བདེ༔ ཁ་སྐོམ་ལུས་འཁྱགས་ལྟོ་ལྟོགས་ཡན་ལག་སྦྲིད༔ དབང་པོ་ལྔ་རུ་སྡུག་བསྔལ་སྔངས་སེམས་ཞུགས༔ བུ་རྫི་ཉ་ར་མ་བྱས་ཉེན་གྱུར་རྣམས༔ ཅི་བྱུང་འཆད་པར་མ་ཤེས་དུ་བ་ལས༔ མ་དེ་བརྩེ་ཞིང་བུ་ལ་བྱམས་ན་ཡང་༔ ནུ་ལྐོག་དེ་ཉིད་ཁར་བརྫ་ང་ཨ་འོ་ལས༔ ཁོ་ཡི་རེ་བ་བཀང་བར་མི་འགྱུར་རོ༔ ཞེས་གསུངས་སོ༔ དེ་ནས་རྒས་པའི་སྡུག་བསྔལ་ནི༔ རྒྱ་ཆེ་རོལ་པ་ལས༔ རྒ་བས་རྒ་བྱས་ན་ཚོད་ཡོལ་གྱུར་ན༔ སྡོང་པོ་གནམ་ལྕགས་ཀྱིས་ནི་བཅོམ་པ་བཞིན༔ རྒ་བས་འཁོག་ན་འཇིག་བཅས་ཁོང་རུལ་འདྲ༔ རྒ་ལས་འབྱུང་བ་ཐུབ་པ་ལྟར་དུ་སྨོས༔ བུད་མེད་སྐྱེས་པའི་ཚོགས་རྣམས་རྒ་བས་སྐེམ༔ འཁྲི་ཤིང་ས་ལའི་ཚོགས་ལ་རླུང་དམར་བཞིན༔ རྒ་བས་བརྩོན་འགྲུས་རྩལ་དང་ཤུགས་འཕྲོག་སྟེ༔ དཔེར་ན་སྐྱེས་བུ་འདམ་དུ་བྱིང་བ་བཞིན༔ རྒ་བས་གཟུགས་སྡུག་གཟུགས་ནི་མི་སྡུག་བྱེད༔ རྒ་བས་གཟི་བརྗིད་འཕྲོག་ཅིང་མཐུ་སྟོབས་འཕྲོགས༔ རྒ་བས་བདེ་བ་འཕྲོག་ཅིང་


CMR057_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

བརྙས་པར་བྱེད༔ རྒ་བས་འཆི་བྱེད་རྒ་བས་མདངས་ཀྱང་འཕྲོག༔ ཅེས་དང་༔ ཨུ་རྒྱན་རིན་པོ་ཆེའི་ཞལ་ནས༔ གཉིས་པ་རྒས་པའི་སྡུག་བསྔལ་བསྟན་པ་ཡང་༔ ལོ་མང་ལོན་པས་འབྱུང་བ་རྙིང་སྟེ་རྒས༔ མཛེས་པའི་བཀྲག་ཉམས་སྡུག་པའི་མདངས་ཡལ་ཉམས༔ དྲང་པོར་སྐྱེས་པའི་ལུས་ནི་རྒུར་པོར་སོང་༔ ཡ་ཆ་ལག་སྐྱོགས་རྩ་དང་ཆུ་རྒྱུས་གསལ༔ ལུས་ཀྱི་སྟོབས་ཤོར་སེམས་ཀྱི་དཔའ་ཞི་བྱིང་༔ བསོད་ནམས་འཕེན་པ་ཟད་པས་མི་མི་བྱམས༔ ལེགས་པའི་ལང་ཚོ་རྒུད་པས་སྐྱུག་བྲོ་ལྟ༔ གཟིར་བའི་ནུས་པ་མེད་པས་རྔན་ཆད་བྱེད༔ མཐོང་བྱེད་ཀྱིས་མ་འཁྱངས་ལ་མིག་མི་གསལ༔ འབྱུང་བའི་དྭངས་མ་རུལ་བས་རྣ་བ་འོན༔ ཤ་བྲོས་མཁུར་ཚོས་ཁྲག་གི་མེ་ཏོག་ཡལ༔ རྩ་ཞར་འབུར་བ་འབུར་དོད་ཁུང་པར་ཁུང་༔ འགྲིགས་པོར་སྐྱེས་པའི་སོ་དོན་ཁ་ལྕེ་ལྡིབ༔ མགོ་བོ་དཀར་མདངས་སྟོན་པས་གདོངས་སྤུ་སྐྱེས༔ ཁ་ཚུལ་བཞིན་ཞིག་སྤོས་རྒྱའི་རི་མོ་ཤར༔ བྲང་ལ་སྡོང་སྐས་བྱུང་བས་སྐེ་རྩ་འཁྲེང་༔ རྐང་ལག་འཐེང་ཞིང་བཞིན་དུ་སྦོམ་ཕྲ་བྱེ༔ ལུས་ལ་གང་བལྟས་ཧེལ་གེ་གཅུས་བཞིན་སོང་༔ མནམ་ཞིང་ཁ་མི་བརྩེ་བས་ངོ་ཚ་བྱེད༔


CMR057_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

ལངས་པ་མི་ཐེག་སྡོད་ན་ལུས་ནི་རྡེབ༔ སྤྲུགས་འདེབས་འུས་འདེབས་ཡ་ཡ་ཕ་མ་འབོད༔ མཚན་མོ་གཉིད་ཡལ་ནམ་ལ་ལངས་དུས་མེད༔ ཉིན་པར་བྱིང་རྨུགས་ཚ་གྲང་རྐྱེན་མི་ཐེག༔ བདེ་སར་བཞག་ཀྱང་ལྷུ་ཚིགས་ཁོལ་བུར་ན༔ དྲི་ཆུ་འདོར་དུ་མི་སྐྱེལ་གདན་ཁར་འཆོར༔ མི་སྙིང་མི་སྡུག་གཞོན་པས་བརྙས་བཅོས་བྱེད༔ གོས་བུད་གོན་པ་མི་ནུས་འཁྱགས་པ་བསྲན༔ ངོ་ཚའི་གནས་རྣམས་སྦེད་པར་མི་ཤེས་སྟོན༔ གཞོན་ནུ་ཀུན་གྱི་ལྟད་མོར་ཆེ་ཞིང་རྒོད༔ བསགས་པའི་ཟས་ནོར་མནའ་མའི་དབང་དུ་བྱས༔ སྐོམ་ལྟོགས་འོ་དོད་བོས་ཀྱང་གཅོས་མ་ཟེར༔ གཅེས་ཀྱང་སྡུག་རྒན་ཕུང་རྒན་གཅོས་མིང་འདོགས༔ འཆི་དུས་མི་འདུག་ཟེར་ཞིང་བློས་མི་ལོང་༔ བརྩེ་བ་རྣམས་ཀྱང་སུན་ནས་འཆི་རན་ཟེར༔ རྒན་རྒོག་ཡི་མུག་ག་ཆད་ལྕེབས་སྙིང་འདོད༔ སེམས་ལ་མ་ཡིན་པ་རྣམས་མི་ལ་འཆད༔ ངུ་ཞིང་ཡི་མུག་ལྟོ་དང་གོས་ཀྱིས་བཀྲེན༔ མེ་ཆུ་མི་འདུས་ལྟོ་གོས་གཡོག་མི་འོང་༔ རྒས་པའི་སྡུག་བསྔལ་སྨོན་ནེ་འཆི་བར་འདེབས༔ ཞེས་གསུངས་སོ༔ གསུམ་པ་ན་བའི་སྡུག་བསྔལ་ནི༔ བཅོམ་ལྡན་འདས་ཀྱིས༔ ན་བའི་སྡུག་


CMR057_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

བསྔལ་ལུས་ནི་ནད་ཀྱིས་གདུང་༔ ཁ་ནི་སྐམ་བཞིན་ནི་འགྱུར་རྐང་ལག་ནི་གཡོབ༔ ཁ་ཆུ་དང་སྣབས་དང་གཅིན་དང་ངན་སྐྱུག་གིས་ལུས་ལ་གོས༔ སྨན་དང་ཁ་ཟས་ཐམས་ཅད་ནི་བོ༔ མལ་གྱི་ཐ་མལ་དུ་ནི་ཉལ༔ ཞེས་དང་༔ རྒྱ་ཆེ་རོལ་པ་ལས༔ ནད་བརྒྱ་མང་དང་ན་འཐིབ་སྡུག་བསྔལ་གྱིས༔ འགྲོ་བ་གཙེས་ཏེ་མི་ཡི་ཡི་དྭགས་བཞིན༔ རྒ་དང་ན་བས་བཅོམ་པའི་འགྲོ་ལྟོས་ལ༔ སྡུག་བསྔལ་ལས་ལ་བྱུང་བ་མྱུར་ཤོད་ཅིག༔ དཔེར་ན་དགུན་སྨད་རླུང་དང་ཁ་བ་ཆེ༔ རྩྭ་ཤིང་གེལ་པ་ནགས་སྨན་མདངས་ཡང་འཕྲོག་དེ་ལྟར་ནད་འདིས་འགྲོ་བའི་མདངས་འཕྲོག་ཅིང་༔ དབང་པོ་གཟུགས་དང་སྟོབས་ནི་ཉམས་པར་བྱེད༔ ནོར་བུ་ནོར་ཆེན་ཐ་མར་ཟད་པར་བྱེད༔ ནད་ནི་རྟག་ཏུ་འགྲོ་བ་བརྙས་པར་བྱེད༔ གནོད་པ་བྱེད་ཅིང་སྡུག་ལ་སྡང་བར་བྱེད༔ ཡོངས་སུ་གདུང་བྱེད་མཁའ་ལ་ཉི་མ་བཞིན༔ ཞེས་དང་༔ ཨོ་རྒྱན་རིན་པོ་ཆེས༔ གསུམ་པ་ན་བའི་སྡུག་བསྔལ་བསྟན་པ་ནི༔ ལུས་ཀྱི་འབྱུང་བཞི་ཆ་མ་སྙོམས་པ་ཡི༔ རླུང་དང་མཁྲིས་པ་བད་ཀན་འདུས་པ་ཡི༔ མ་རིག་པས་ནི་རྒྱུ་བྱས་ཡི་དྭགས་རྐྱེན༔ འབྲུམ་པ་རིམས་དང་རྒྱུ་གཟེར་གག་


CMR057_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

ལྷོག་དང་༔ མཚོན་གྱིས་གཙེས་དང་གཅོང་ནད་སྡེ་བཞི་སོགས༔ བརྗོད་ཀྱིས་མི་ལོངས་ན་ཚའི་རིགས་བྱེད་ཀྱིས༔ ཚབས་ཆེན་བཏབ་སྟེ་ཉམ་ཐག་ནད་པ་དེ༔ ན་ཚའི་ཟུག་གཟེར་བསྲན་ཐབས་མ་ཚུགས་པས༔ སོ་དྲག་མཆུ་དྲག་རྐང་དྲག་ལག་དྲག་ཆགས༔ མིག་ཕུག་ཇིབ་ཅིང་བ་སྤུ་གྱེན་ལ་གཟེངས༔ ཁུང་རྒྱང་སྐད་ངན་འདོན་ཅིང་མལ་ཚིག་ཟ༔ མཛེས་པའི་བཞིན་མདངས་ཉམས་པས་ཡི་དྭགས་འདྲ༔ རྒྱུ་མ་རྣལ་འབྱར་ཤ་ཁྲག་རུས་མིག་དིམ༔ ཟས་སྐོམ་ཁར་བཅུག་ལྕེ་ལ་བྲོ་བ་མེད༔ ལུས་ཀྱི་ཟུངས་ཟད་སེམས་ཀྱི་དྲན་པ་གཏོར༔ ལྡང་དང་བསྐྱར་བར་མི་ནུས་གདན་ལ་འབྱར༔ འབོལ་བར་བཏིང་བའི་གདན་ནི་རྡོ་ལས་མཁྲེག༔ བདེ་མོར་བཅུག་པའི་སྔས་ནི་ཤིང་ལས་རེངས༔ འཇམ་པོར་གཡོག་པའི་གོས་ནི་ཚེར་ལས་རྩུབ༔ བསྲུང་ན་སྙོལ་ཟེར་ཉལ་ན་ཡར་བསླང་ཟེར༔ ནད་དབང་སོང་ནས་ངོ་ཚ་ཁྲེལ་འཛེམ་ཤོར༔ སྐྲ་ཉག་རེ་ལ་རྡུལ་ནི་ཐིག་རེ་འཛག༔ ཉིན་མོ་ཉིན་རིང་མཚན་མོ་མཚན་ཡང་རིང་༔ ཉི་མ་རྒས་དུས་ནམ་ལ་ལངས་དུས་མེད༔ ཟས་སྐོམ་མ་བྱིན་མཐོང་བ་ཙམ་གྱིས་སྐྱུགས༔ ཟས་དང་བྲལ་བས་


CMR057_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

མནམ་ཞིང་ཡིད་མི་འོང་༔ སྨན་དཔྱད་མི་འཛུགས་ཅི་བྱས་གནོད་པར་འགྱུར༔ འདྲེ་ཆོས་རིམ་གྲོ་བྱས་ཀྱང་ནད་མ་སོལ༔ སྐོམ་ཡང་ཟ་ཚོད་འཐུང་ཚོད་སྨན་པས་འཛིན། གཉིད་བསྲུང་མལ་བསྲུང་འགྲུལ་འཁྲུལ་རེ་མོས་ཤོར༔ རྒན་པས་གཡོག་བྱས་གཞོན་པས་འདྲེ་བརྡུང་གཟིར༔ ནད་ཉམས་ཅན་གྱིས་ནད་ཀྱི་མཚང་བཤད་ནས༔ བྱ་ཐབས་འདུག་ཆད་མལ་ན་མི་འགྱོད་བསྐྱལ༔ ཆོས་ཀྱི་མཐུན་བཟུང་བན་ཆོག་བོན་ཆོག་གྱེར༔ སྔས་སྲུང་སྨན་པ་མོ་མ་མགྲོན་དུ་བསགས༔ གཉེན་བཤེས་མང་པོས་ན་ཚ་དེ༔ འགོགས་དང་བགོ་རུ་མ་བཏུབ་སྟེ༔ སུས་ཀྱང་མི་གཏོང་སྡུག་བསྔལ་གཅིག་པུས་མྱོང་༔ གཏར་སྲེག་དཔྱད་བྱས་ལྕི་ཡང་ན་ཚ་སྲེན༔ སེམས་ཅན་ན་བའི་སྡུག་བསྔལ་བསམ་མི་ཁྱབ༔ ཅེས་གསུངས་སོ༔ དེ་ནས་འཆི་བའི་སྡུག་བསྔལ་ནི༔ རྒྱ་ཆེ་རོལ་པ་ལས༔ འཆི་དང་འཕོ་དང་འཆི་འཕོའི་དུས་བྱེད་པ༔ འཕངས་ཤིང་སྡུག་པའི་སྐྱེ་བོ་རྟག་ཏུ་འབྲལ༔ ཕྱིར་མི་འོང་ཞིང་འཕྲད་པར་འགྱུར་མ་ཡིན༔ ཤིང་ལས་ལོ་འབྲུལ་འདྲ་ཞིང་རླུང་རྒྱུན་མཚུངས༔ འཆི་བ་དབང་ཡོད་པ་དག་དབང་མེད་བྱེད༔ འཆི་བ་འཕྲོག་བྱེད་ཆུ་བོས་ཤིང་དེ་བཞིན༔


CMR057_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

མི་ནི་གཉིས་མིན་གྲོགས་མེད་གཅིག་པུར་འགྲོ༔ རང་ལ་འབྲས་བུ་ལྡན་པས་དབང་ཡང་མེད༔ འཆི་བས་སྲོག་ཆགས་མང་པོ་འཛིན་བྱེད་ཅིང་༔ འབྱུང་པོའི་ཚོགས་ལ་རྒྱ་མཚོའི་ཆུ་སྲིན་བཞིན༔ ཀླུ་ལ་མཁའ་ལྡིང་གླང་ཆེན་སེང་གེ་འདྲ༔ རྩྭ་ཤིང་འབྱུང་པོའི་ཚོགས་ལ་མེ་དང་མཚུངས༔ ཞེས་དང་༔ གསལ་རྒྱལ་ལ་གདམས་པ་ལས༔ རྒྱལ་པོ་ཆེན་པོ་འཆི་བདག་གི་གསལ་ཤིང་གིས་ཟུག་སྟེ༔ རྒྱགས་པ་དང་ནི་བྲལ༔ གཤིས་ནི་ཞིག༔ ཚིགས་ཐམས་ཅད་ནི་བྱེ་བྲལ༔ ཤ་དང་ཁྲག་ནི་སྐམ༔ ཞེས་དང་༔ ཨུ་རྒྱན་རིན་པོ་ཆེས་འཆི་བའི་སྡུག་བསྔལ་གསུང་པ་ནི༔ གཅེས་པར་བྱས་པའི་ལུས་པོ་འབོར་བའི་རྟགས༔ བྱད་ཀྱི་མདངས་ཡལ་ཧཾ་པ་རེངས་ཏེ་འགྲོ༔ སོ་དྲག་ནག་པོ་ཆགས་ཏེ་ལྕེ་གཞུང་ནག༔ ལུས་ལྕི་ཤེས་པ་གཏིང་བྱིང་གྲང་ཤུམ་བྱེད༔ ཁ་ཆུ་སྣ་ཆུ་འཛག་ཅིང་ཡར་འཐེན་ཟེར༔ མལ་ཚུགས་མ་ཐུབ་ཡར་སླང་མར་སྙོལ་ཟེར༔ ས་ཆུ་མེ་རླུང་འབྱུང་བ་ཐིམ་པའི་རྟགས༔ ཤེས་པ་བྱིང་ནས་མར་ཐིམ་ཡར་ཁྱོག་ཟེར༔ རིག་པ་འཁྲུལ་ནས་ཁ་འཆལ་གླག་གཅོལ་སྨྲ༔ དབུགས་ནི་ཁར་འཚངས་ཕྱི་ནང་ཕུལ་མི་ནུས༔ རྩ་ཞིག་འབྱུང་བ་


CMR057_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

ཐིམ་པ་རྐན་ལྕེ་ལྡིག༔ བཞིན་མདངས་ཉམས་ཤིང་ཁ་སྣ་གྲེ་ཕུག་སྐམ༔ སྣ་ཞོམ་ནག་ཧཾ་བལ་ལུད་ཚང་གིས་འགྲོ༔ རྣམ་ཤེས་སྙིང་ཐུམ་མི་ངོ་མི་ཤེས་ཤིང་༔ དབུགས་སྡུད་མི་ཤེས་བོས་ཀྱང་ལན་མི་ཐོན༔ ཕྱི་རྒྱུ་ནང་རྒྱུ་ངར་ངར་ཁག་ཁག་ཟེར༔ ལྕེ་སྐམ་ཕུག་བྲོས་སེམས་ནི་ཚིག་པ་ཟ༔ སྣ་སྒོ་ཕྱི་ནང་དབུགས་ཀྱི་རྒྱུ་འགྲུལ་ཆད༔ ནད་པ་ཤོར་ཟེར་བྲང་བརྡུང་འོ་དོད་འབོད༔ ལུས་ལ་འཇུས་ནས་བརྩེ་བས་ཁ་གཏུགས་ཀྱང་༔ ཁོ་ལ་ཉན་དང་ལྟ་བའི་དབང་མེད་པར༔ རྣམ་པར་ཤེས་པ་སྙིང་གི་དཀྱིལ་དུ་བརྒྱལ༔ གློ་བས་སྙིང་གཡོག་དབུགས་ནི་ཕྱིར་ཤོག་སོང་༔ ཞག་གསུམ་ནག་ཐུམ་དྲན་མེད་བྱ་བཞིན་བརྒྱལ༔ མཆན་འོག་གཉིས་ན་དྲོད་ནི་ཨེན་ཙམ་ཞིག༔ གཞན་རྣམས་གྲང་ཐག་ཆོད་དེ་ས་རྡོ་བཞིན༔ ནད་གཡོག་ཉེ་འཁོར་སྡུག་བསྔལ་རོས་ནོན་ནས༔ ཤི་བར་བྱེད་ཅིང་གྲོས་འདུན་བློ་བསྡུར་བྱེད༔ རོ་དེ་མ་མཁོ་ཅི་བྱེད་ལ་དོར་ནས༔ བླ་སློབ་ཟབ་མོ་གཏམ་གླེང་མི་ཡི་མཐའ༔ རྗེ་འབངས་དཀའ་བའི་མཐུན་འཇུག་མི་ཡི་མཐའ༔ ཁྱོ་ཆུན་མཐུན་པོར་འགྲོགས་པ་མི་ཡི་མཐའ༔ ཞེས་སོགས་གསུངས་སོ༔ ས་སྡེ་ལས༔ སྤྱིར་ལུས་ཅན་ཐམས་


CMR057_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་དང་༔ ཁྱད་པར་མི་རྣམས་ལ་སྡུག་བསྔལ་རྣམ་གྲངས་བརྒྱད་ཅུ་ཡོད་པར་གསུངས་སོ༔ དེ་དག་གི་དོན་ཨོ་རྒྱན་ཆེན་པོས་བསྡུས་ཏེ་གསུངས་པ་ནི༔ དེ་ནས་ཆེར་ལོང་ལང་ཚོ་དར་ལ་བབ༔ ཡོད་པ་སྣ་ལེན་མེལ་ཚེ་བྱེད་བྱེད་ནས༔ བྲེལ་ལ་ཁ་སྐོམ་ལུས་སེམས་གཉིས་ཀ་རྡུགས༔ དགོས་ཆུང་ཚེ་སྦྱར་བསྲུང་གིས་མི་ལོང་སྟེ༔ ཞེ་སོགས་ཡོད་པ་ཚོལ་སྐྱོང་དང་མེད་པ་ཚོལ་ཁྲོའི་སྡུག་བསྔལ་དཔག་ཏུ་མེད་པ་གསུངས་ཏེ༔ ཀུན་གྱི་ཤེས་ལྟར་ཡིན་པས་བཤད་མི་དགོས་སོ༔ དེར་སྐྱེ་བའི་རྒྱུ་ནི་དྲན་ཉེ་ལས༔ འཆི་ཁར་བདེན་པའི་ཆོས་བསྟན་དང་༔ མགུ་ཞིང་དཀོན་མཆོག་མཐོང་བ་དང་༔ ཆོས་ཐོས་ཆོས་རྟོགས་གྱུར་ཅིག་ཅེས་སྨོན་ལམ་འདེབས་པས་མིར་སྐྱེའོ༔ ཞེས་གསུངས་སོ༔ དེ་ནས་རྡོ་རྗེའི་ཚིག་རྐང་ལས༔ ལྷ་མིན་འཐབ་རྩོད༔ ཅེས་དང་དེའི་འགྲེལ་པ་ཐུགས་རྗེ་ཆེན་པོས་གསུངས་པ་ལས༔ ལྷ་མིན་དུ་སྐྱེས་ན་ཡང་འཐབ་རྩོད་ཀྱི་སྡུག་བསྔལ་ཞེས་གསུངས་པའི་དོན་དྲན་པ་ཉེར་བཞག་ལས༔ ལྷ་མིན་འཐབ་ཅིང་རྩོད་པས་ཉམ༔ ཞེས་དང་༔ བཤེས་སྤྲིང་ལས༔ ལྷ་མིན་གནས་ནའང་རང་བཞིན་གྱིས་ལྷ་ཡི༔


CMR057_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལ་སྣང་ཕྱིར་ཡིད་ཀྱི་སྡུག་བསྔལ་ཆེ༔ དེ་དག་བློ་དང་ལྡན་ཡང་འགྲོ་བ་ཡི༔ སྒྲིབ་པས་བདེན་པ་མཐོང་བ་མ་མཆིས་སོ༔ ཞེས་དང་༔ ཨུ་རྒྱན་རིན་པོ་ཆེས༔ ལྷ་མ་ཡིན་གྱི་གནས་སུ་སྐྱེས་ན་ཡང་༔ འཐབ་རྩོད་སྡུག་བསྔལ་བརྗོད་ཀྱིས་མི་ལོང་སྟེ༔ ཕྲག་དོག་ཀུན་བསླང་མི་དགེ་བཅུ་སྤྱད་པས༔ ལྷ་མ་ཡིན་དུ་མཚམས་སྦྱོར་སྐྱེ་བ་ལེན༔ ལྷ་རྣམས་བསོད་ནམས་ལོངས་སྤྱོད་ཆེ་བ་ལ༔ ལྷ་མ་ཡིན་རྣམས་ཕྲག་དོག་སྐྱེས་ནས་འཐབ༔ ལྷ་དང་ལྷ་མིན་གཡུལ་བཤམས་འཁྲུག་པའི་དུས༔ ཕན་ཚུན་འཐབ་རྩོད་ལས་སུ་གོ་མཚོན་ཏེ༔ མཚོན་ཆའི་འཁོར་ལོ་གནོད་པ་འབའ་ཞིག་སྐྱེལ༔ ལུས་ནི་སྨྲས་ནས་འགྲད་དང་ཤི་བ་དང་༔ ངག་ཏུ་མི་སྙན་རྒྱོབ་སོད་སྒྲ་ཡང་སྒྲོག༔ མ་ཤི་བ་ལ་མེར་བསྲེགས་ཆུ་ལ་བསྐྱལ༔ མགོ་འབྲེག་སྙིང་འདོན་ནང་ལྟོ་བླུག་པར་བྱེད༔ ཉིན་འཁྲུག་མཚན་འཁྲུག་ལས་ཀ་དམག་ལ་བྱེད༔ འཐབ་རྩོད་སྡུག་བསྔལ་མི་བཟོད་དཔག་མེད་ཡོད༔ ཅེས་གསུངས་པ་དང་༔ དྲན་པ་ཉེར་བཞག་ལས༔ རྟག་པར་གཡོ་དང་སྒྱུ་སྤྱོད་ཅིང་༔ སྡིག་པ་ཆེན་པོ་མ་བྱས་ལ༔ འཐབ་ལ་དགའ་ཞིང་སྦྱིན་བྱེད་པ༔ དེ་ནི་ལྷ་མིན་དབང་ཕྱུག་


CMR057_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར༔ ཞེས་གསུངས་སོ༔ དེ་ནས་ལྷ་ཕམ་ལྟུང་སྡུག་བསྔལ་བཤད་པ་ནི༔ རྡོ་རྗེའི་ཚིག་རྐང་ལས༔ ལྷ་ཡི་སྡུག་བསྔལ་ཡོད༔ ཅེས་དང་༔ དེའི་འགྲེལ་པ་ཐུགས་རྗེ་ཆེན་པོས་གསུངས་པ་ལས༔ ལྷ་ཡི་ཕམ་ལྟུང་གི་སྡུག་བསྔལ་དཔག་ཏུ་མེད་པ་ཡོད་དོ༔ ཞེས་གསུངས་པའི་དོན་ནི༔ མདོ་དྲན་པ་ཉེར་བཞག་ལས༔ ལྷ་རྣམས་བག་མེད་པ་ཡིས་ཉམས༔ ཞེས་དང་༔ བཤེས་སྤྲིང་ལས༔ ལུས་ཀྱི་ཁ་དོག་མི་སྡུག་འགྱུར་བ་དང་༔ སྟན་ལ་མི་དགའ་མེ་ཏོག་ཕྲེང་རྙིང་དང་༔ གོས་ལ་དྲི་མ་ཆགས་དང་ལུས་ལ་ནི༔ སྔོན་ཆད་མེད་པའི་རྔུལ་འབྱུང་ཞེས་བྱ་ནི༔ མཐོ་རིས་འཆི་འཕོ་སྦོན་བྱེད་སྔ་ལྟས་ལྡ༔ ལྷ་ཡུལ་གནས་པའི་ལྷ་རྣམས་ལ་འབྱུང་སྟེ༔ དགེ་བའི་བློ་དང་ལྡན་ཀྱང་འགྲོ་བ་ཡི༔ སྒྲིབ་པས་བདེན་པ་མཐོང་བ་མ་ཡིན་ནོ༔ ལྷ་ཡི་འཇིག་རྟེན་དག་ནས་འཕོས་པ་ཡང་༔ གལ་ཏེ་དགེ་བའི་ལྷག་མ་འགའ་མེད་ན༔ དེ་ནས་བཟུང་སྟེ་དམྱལ་བ་ཡི་དྭགས་དང་༔ དུད་འགྲོར་གནས་པ་གང་ཡང་རུང་བ་ཡིན༔ ཞེས་དང་༔ ཨུ་རྒྱན་རིན་པོ་ཆེས༔ མཐོ་རིས་གནས་གསུམ་བདེ་བ་བཀོད་དེ་ཡང་༔ དངོས་ན་མཐོ་རིས་ན་ཡང་


CMR057_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བ་མེད༔ དགེ་བཅུ་སྤྱད་པས་ལྷ་ཡི་ལུས་ལེན་ཡང་༔ སྔ་ལྟས་ལོག་པ་བཅུ་གསུམ་སྡུག་བསྔལ་ཡོད༔ གཞལ་ཡས་ཁང་གི་འོད་ཤོར་ཁ་དོག་ཉམས༔ དཔག་བསམ་ཤིང་འགྱེལ་ཁྲུས་ཀྱི་རྫིང་བུ་སྐམ༔ མེ་ཏོག་སད་ཁྱེར་མ་རྨོས་ལོ་ཏོག་མེད༔ ཅང་ཤེས་རྟ་ཤི་འདོད་འཇོའི་བ་ཡང་ཤི༔ ལུས་ཀྱི་འོད་ཉམས་དྲི་མི་ཞིམ་པ་ལང་༔ རྒྱན་ཆ་མེ་ཏོག་ཕྲེང་བ་རྣམས་ཀྱང་རྙིང་༔ མཆན་ཁུང་གཉིས་རུལ་ཆུང་མས་སླས་ལ་བོར༔ ལྷ་གྲོགས་མི་ཉེ་རིང་དུ་གནས་པ་དང་༔ འཆི་བར་ཤེས་ནས་སྡུག་བསྔལ་དཔག་ཏུ་མེད༔ མི་ལོ་ལྔ་བཅུ་ཕྲག་གཅིག་ལྟས་འབྱུང་འཆི༔ ཕྱི་མ་གར་སྐྱེ་ལྷ་ཡི་མིག་གིས་མཐོང་༔ བསགས་པའི་བསོད་ཟད་སྡིག་འཕེལ་ངན་སོང་སྐྱེ༔ སྡུག་བསྔལ་སྔ་མ་མ་སང་ཕྱི་མས་མནན༔ གར་སྐྱེ་ལུས་ཀྱི་སྡུག་བསྔལ་མངོན་ཤེས་ཡོད༔ ཅེས་གསུངས་སོ༔ དེར་སྐྱེ་བའི་རྒྱུ་ཡང་མདོ་དྲན་པ་ཉེར་བཞག་ལས༔ སྦྱིན་དང་ཚུལ་ཁྲིམས་རྣམ་པར་དག༔ ཆོས་ཉན་ལ་སྤྲོ་དགེ་བཅུ་སྤྱོད༔ འཆི་ཁར་སྐུ་གཟུགས་མཐོང་བ་ནི༔ ལྷ་ཡི་ནང་དུ་སྐྱེ་བར་འགྱུར༔ ཞེས་གསུངས་སོ༔ དེ་ལྟར་བདེ་འགྲོ་ལྷ་རྣམས་ལ་གནས་སྐབས་བདེ་སྐྱིད་ལོངས་སྤྱོད་དཔག་ཏུ་མེད་


CMR057_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡོད་ཀྱང་མཐར་ལྟུང་༔ ལྷ་མ་ཡིན་ལ་ཡང་ལོངས་སྤྱོད་བདེ་སྐྱིད་ལྷ་དང་འདྲ་བ་ཡོད་ཀྱང་༔ ལོ་རེ་ལན་གཉིས་འཁྲུག་པ་ཆེན་པོས་སྡུག་བསྔལ་ཆེ༔ སེམས་ནི་རྟག་ཏུ་མི་བདེ༔ མི་རྣམས་ལ་ཡང་གནས་སྐབས་བདེ་སྐྱིད་ཡོད་ཀྱང་༔ སྐྱེ་རྒ་ན་འཆི་བཞིའི་འཕྲང་ལ་འགྲིམས༔ མིའི་ནང་ནས་འཁོར་ལོས་སྒྱུར་རྒྱལ༔ འདོད་ཁམས་ཀྱི་ལྷ་ལ་བརྒྱ་བྱིན༔ གཟུགས་ཁམས་ཀྱི་ལྷ་ལ་ཚངས་པ་སྟེ༔ དེ་གསུམ་ལས་ལྷག་པ་མེད་དེ༔ དེ་ཡང་མཐར་ལྟུང་༔ གཟུགས་ཁམས་ཀྱི་ལྷ་ལ་སྡུག་བསྔལ་མེད་ཀྱང་༔ མཐར་ཡང་ལྟུང་བར་འགྱུར་ཏེ༔ བཤེས་སྤྲིང་ལས༔ བསམ་གཏན་བཞི་པ་རབ་ཀྱི་མཐར་སོན་ཡང་༔ མནར་མེད་མེ་ཡི་བུད་ཤིང་བྱེད་པ་མཐོང་༔ ཚངས་ཉིད་ཆགས་བྲལ་བདེ་བ་ཐོབ་སླར༔ མནར་མེད་མེ་ཡི་བུད་ཤིང་འགྱུར་བ་ཡི༔ སྡུག་བསྔལ་རྒྱུན་མི་ཆད་པ་བསྟན་འཚལ་ལོ༔ འཁོར་ལོས་སྒྱུར་རྒྱལ་ཉིད་དུ་གྱུར་ན་ཡང་༔ སླར་ཡང་འཁོར་བའི་ཡང་བྲན་ཉིད་དུ་འགྱུར༔ བརྒྱ་བྱིན་མཆོད་འོས་ཉིད་དུ་གྱུར་ན་ཡང་༔ ལས་ཀྱི་དབང་གིས་སླར་ཡང་ས་སྟེང་ལྟུང་༔ ཞེས་གསུངས་སོ༔ དེ་ལྟར་འགྱུར་བའི་སྡུག་བསྔལ་བཤད་


CMR057_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

ནས༔ སྤྱིར་འཁོར་བའི་ཉེས་དམིགས་བཤད་པ་ནི༔ རྡོ་རྗེའི་ཚིག་རྐང་རྩ་འགྲེལ་གྱི་ཚིག་ཟུར་ལས༔ རིགས་དྲུག་འཁྱམས་ཞེས་དང་༔ སྡུག་བསྔལ་ཡོད༔ ཅེས་དང་༔ སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་ཡོད་དོ༔ ཞེས་པའི་དོན་ཏེ༔ རྒྱ་ཆེ་རོལ་པ་ལས༔ འཇིག་རྟེན་མ་རིག་དབང་གི་སྐྱེ་བོ་རྣམས༔ མི་དང་ལྷ་དང་ལྷ་མིན་ངན་སོང་གསུམ༔ འགྲོ་བ་དྲུག་པོ་དག་ཏུ་རྟག་ཏུ་འཁོར༔ དཔེར་ན་རྫ་མཁན་འཕང་ལོ་འཁོར་བ་བཞིན༔ ཞེས་དང་༔ སྲིད་གསུམ་སྐྱེ་རྒ་ནད་ཀྱིས་སྡུག་བསྔལ་དང་༔ འཆི་མེད་རབ་འབར་འདི་ནི་གཞོམ་མེད་པར༔ སྲིད་ལས་འབྱུང་འགྱུར་འགྲོ་ལ་རྟག་ཏུ་རྨོངས༔ བུམ་པར་ཆུད་པའི་བུང་བ་འཁོར་བ་བཞིན༔ ཞེས་དང་༔ མདོ་ལས༔ འདོད་པའི་ཁམས་ནི་སྐྱོན་དང་བཅས་པ་སྟེ༔ གཟུགས་ཀྱི་ཁམས་ཀྱང་སྐྱོན་དང་བཅས་པའོ༔ དེ་བཞིན་གཟུགས་མེད་ཁམས་ཀྱང་སྐྱོན་དང་བཅས༔ མྱ་ངན་འདས་པ་འབའ་ཞིག་སྐྱོན་མེད་མཐོང་༔ ཞེས་དང་༔ དྲན་པ་ཉེར་བཞག་ལས༔ འཁོར་བ་ཁབ་ཀྱི་རྩེ་ཙམ་ལ༔ བདེ་བ་ནམ་ཡང་ཡོད་མ་ཡིན༔ ཞེས་གསུངས་སོ༔ འཁོར་བའི་གནས་ཀྱི་བདེ་བ་ལ་སྙིང་པོ་མེད་དེ༔


CMR057_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

བཤེས་སྤྲིང་ལས༔ མཐོ་རིས་བུ་མོའི་ནུ་མ་རྐེད་པ་ལ༔ རེག་པའི་བདེ་བ་ཡུན་རིང་མྱོང་ནས་སླར༔ དམྱལ་བར་ཐག་གཅོད་བྱེད་པའི་འཁྲུལ་འཁོར་གྱི་རེག་པ་ཤིན་ཏུ་མི་བཟད་བསྟེན་འཚལ་ལོ༔ རྐང་པའི་རེག་པ་ནེམ་པའི་བདེ་བཟོད་པའི༔ ལྷུན་པོའི་སྤོ་ལ་ཡུན་རིང་གནས་ནས་ནི༔ སླར་ཡང་མེ་མུར་རོ་མྱགས་རྒྱུ་བ་ཡི༔ སྡུག་བསྔལ་མི་བཟད་ཕོག་སྙམ་བགྱིད་འཚལ་ལོ༔ མཐོ་རིས་བུ་མོ་འབྲང་ཞིང་དགའ་བ་དང་༔ རྣམ་པར་མཛེས་ཚལ་སོང་ཞིང་བརྗེས་ནས་སླར༔ འདབ་མ་རལ་གྲི་འདྲ་ཚལ་ནགས་རྣམས་ཀྱིས༔ རྐང་ལག་རྣ་བ་རྣམས་གཅོད་ཐོབ་པར་འགྱུར༔ དལ་གྱིས་འབབ་པ་ལྷ་ཡི་བུ་མོ་ནི༔ གདོང་མཛེས་གསེར་གྱི་པདྨའི་གདན་བཞུགས་ནས༔ སླར་ཡང་དམྱལ་བའི་ཆུ་བོ་རབ་མེད་ལས༔ ཚྭ་སྒོ་བཟོད་གླགས་ཆུ་ཚན་འཇུག་འཚལ་ལོ༔ ཞེས་གསུངས་སོ༔ ལྷའི་བུ་ཉི་མ་དང་ཟླ་བའི་ལུས་ཐོབ་ཀྱང་སྙིང་པོ་མེད་དེ༔ བཤེས་སྤྲིང་ལས༔ ཉི་མ་ཟླ་བ་ཉིད་ཐོབ་རང་ལུས་ཀྱི༔ འོད་ཀྱིས་འཇིག་རྟེན་མཐའ་དག་སྣང་བྱས་ཏེ༔ སླར་ཡང་མུན་པ་སྨག་ཏུ་ཕྱིན་གྱུར་ནས༔ རང་གི་ལག་པ་བརྐྱང་ཡང་མཐོང་མི་འགྱུར༔ ཅེས་


CMR057_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་སོ༔ འཁོར་བར་དགྲ་གཉེན་ངེས་པ་མེད་དེ༔ ནཱ་ག་ཛུ་ནས༔ ཕ་ནི་བུ་ཉིད་དགྲ་ནི་ཆུང་མ་ཉིད༔ སྐྱེ་བོ་དགྲར་གྱུར་པ་ཡང་བཤེས་ཉིད་ལ༔ བཟློག་པ་ཉིད་དུ་མཆི་བས་དེ་སྐད་དུ༔ འཁོར་བ་དག་ན་ངེས་པ་འགའ་མ་མཆིས༔ ཞེས་དང་༔ བྲམ་ཟེའི་རྟོགས་བརྗོད་སྡེ་ལས༔ བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ༔ ཕ་མ་དེ་བཞིན་ཕུ་ནུ་དང་༔ དེ་བཞིན་ཉེ་དུ་མཛའ་བཤེས་བུ༔ ངེས་མེད་བདག་གིར་འཛིན་བྱེད་པ༔ དེ་ནི་འཇིག་རྟེན་ཕྱིན་ཅི་ལོག༔ མར་གྱུར་པ་ཡང་ཆུང་མར་འགྱུར༔ ཆུང་མར་གྱུར་པ་མནའ་མར་འགྱུར༔ མནའ་མར་གྱུར་པ་བྲན་མོར་འགྱུར༔ དགྲ་ཡང་ཁྱིམ་གྱི་བདག་པོར་འགྱུར༔ ཕར་གྱུར་པ་ཡང་བུ་ཕོར་འགྱུར༔ བུ་ཕོར་གྱུར་པ་དགྲ་བོར་འགྱུར༔ དགྲར་གྱུར་པ་ནི་བྲན་འགྱུར་ཏེ༔ མངག་གཞུག་ལས་མི་གྱུར་དེ་བཞིན༔ རྒྱལ་པོར་གྱུར་པ་ཚལ་ཟར་འགྱུར༔ ཚལ་ཟར་གྱུར་པ་བཀྲེན་པ་དང་༔ གྲོང་མི་ངན་པ་དམན་པ་དང་༔ འཇིག་རྟེན་རྣམས་ཀྱིས་སྨད་པར་འགྱུར༔ བྲམ་ཟེར་གྱུར་པ་རྒྱལ་རིགས་འགྱུར༔ རྒྱལ་རིགས་རྗེ་རིགས་ཉིད་དུ་སྟེ༔ རྗེ་རིགས་གྱུར་པ་དམངས་རིགས་དང་༔ དེ་བཞིན་གདོལ་པ་


CMR057_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

གཡུང་པོར་འགྱུར༔ གང་དག་ཁྱོད་ཀྱི་བུར་སྐྱེས་པ༔ སྟོང་གི་ཕྲག་དང་བརྒྱ་ཕྲག་དང་༔ ཁྲག་ཁྲིག་ཕྲག་ནི་དུ་མ་དང་༔ དུས་གཞན་དུ་ནི་དགྲ་བོར་འགྱུར༔ ཞེས་གསུངས་པས་སྐྱེ་བ་འདིར་དགྲ་ཡིན་པ་སྐྱེ་བ་གཞན་དུ་བུར་སྐྱེ་བ་སོགས་མ་ངེས་སོ༔ ཚེ་འདིར་ཡང་དགྲ་གཉེན་ངེས་པ་མེད་དེ༔ དཔུང་བཟང་གིས་ཞུས་མདོར༔ རེ་ཞིག་གཅིག་ན་དགྲ་ཡང་མཛའ་བོར་འགྱུར༔ མཛའ་བོ་ཡང་ནི་དེ་བཞིན་དགྲ་རུ་འགྱུར༔ དེ་བཞིན་ཁ་ཅིག་ཀྱང་ནི་བར་མར་འགྱུར༔ བར་མ་དེ་ཉིད་ཀྱང་ནི་དགྲ་བོར་འགྱུར༔ དེ་བཞིན་མཛའ་བཤེས་འགྱུར་བར་རིག་ནས་ནི༔ བློ་གྲོས་ལྡན་པས་ནམ་ཡང་ཆགས་མི་བྱ༔ གཉེན་ལ་དགའ་བའི་སེམས་ཀྱི་རྣམ་རྟོག་དག༔ བཟློག་ནས་དགེ་ལ་ཅི་བདེར་བཞག་པར་བྱ༔ ཞེས་གསུངས་སོ༔ འཁོར་བར་དགྲ་འདུལ་གཉེན་བསྐྱང་བྱས་པ་ལ་སྙིང་པོ་མེད་དེ༔ མྱ་ངན་བསལ་བ་ལས༔ ཡང་དང་ཡང་དུ་དམྱལ་བ་ན༔ ཟངས་ཞུན་བཀོལ་བ་གང་འཐུང་བ༔ རྒྱ་མཚོ་ནང་གི་ཆུ་ལ་ཡང་༔ དེ་ཡི་ཚད་ཙམ་ཡོད་མ་ཡིན༔ ཁྱི་དང་ཕག་ཏུ་གྱུར་པ་ན༔ མི་གཙང་པ་ནི་གང་ཟོས་པ༔ རི་ཡི་རྒྱལ་པོ་ལྷུན་པོ་ཡི༔


CMR057_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་ལས་ཤིན་ཏུ་ལྷག་པར་འགྱུར༔ མཛའ་བཤེས་རབ་ཏུ་བྲལ་བ་ཡི༔ འཁོར་བའི་གནས་སུ་གང་ངུས་པ༔ མིག་གི་མཆི་མའི་ཐིགས་པ་ཡི༔ སྣོད་དུ་རྒྱ་མཚོ་རུང་མ་ཡིན༔ ཕན་ཚུན་དག་ཏུ་རྩོད་པའི་ཕྱིར༔ མགོ་བོ་བཅད་པ་གང་ཡིན་པ༔ སྤུངས་ན་དེ་ལྟར་མཐོ་བ་ཡི༔ ཚངས་པའི་འཇིག་རྟེན་ལས་ཀྱང་ཐལ༔ སྲིན་བུར་གྱུར་ཅིང་རབ་བཀྲེས་པས༔ ས་ལུད་ཟོས་པ་གང་ཡིན་པ༔ འོ་མའི་རྒྱ་མཚོ་ཆེ་ནང་དུ༔ དེ་ཡིས་བཀང་ན་ཤིན་ཏུ་འགང་༔ ཞེས་གསུངས་སོ༔ རང་ཅག་རྣམས་འགྲོ་བ་རིགས་དྲུག་ལ་མ་སྐྱེས་པ་གཅིག་ཀྱང་མེད་དེ༔ སློབ་སྤྲིང་ལས༔ འགྲོ་བ་ལན་བརྒྱར་མ་སོང་འགྲོ་འདི་གང་ཞིག་ཡོད༔ སྔོན་ཆད་ལན་མང་མ་མྱོང་བདེ་གང་ཞིག༔ རྔ་ཡབ་དཀར་མཛེས་ལྟ་བུའི་དཔལ་གང་མ་ཐོབ་པ༔ དེ་ཡང་གང་ཞིག་ཡོད་ན་འོན་ཀྱང་འདོད་ཆགས་འཕེལ༔ སྔོན་ཆད་ལན་མང་མ་མྱོང་སྡུག་བསྔལ་དེ་ཡོད་མིན༔ འགྲོ་བ་གང་གིས་ཚིམ་གྱུར་འདོད་པ་དེ་ཡང་མེད༔ གང་ཞིག་ལྟོར་མ་ཉལ་བའི་སེམས་ཅན་དེ་མེད་ན༔ འོན་ཀྱང་ཅི་ལྟར་འཁོར་བ་པ་ལ་ཆགས་བྲལ་མེད༔ ཅེས་གསུངས་སོ༔ ཚེ་རབས་དེ་དང་དེ་དག་ཏུ་བདེ་སྐྱིད་ལོངས་


CMR057_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་བསྒྲུབ་པའི་ཆེད་དུ་ཤི་བ་ཡང་གྲངས་མེད་དེ༔ འདོད་པ་ལ་གདམས་པའི་མདོ་ལས༔ འདོད་པ་ཚོལ་ཞིང་སྤྱོད་པ་ན་ཡུན་རིང་པོར་སེང་གེ་རྣམས་ཀྱི་ཁར་ཆུད་ནས་ཤི་བའི་མཐའ་ཡང་མི་མངོན་ནོ༔ བ་ལང་གསོད་ཅིང་བ་ལང་གི་ཤ་ཟ་བའི་ཁར་ཆུད་པའི་མཐའ་ཡང་མི་མངོན་ནོ༔ སྦལ་པར་གྱུར་ནས་སྦྲུལ་རྒྱགས་ཀྱི་ཁར་ཆུད་པའི་མཐའ་ཡང་མི་མངོན་ནོ༔ ཆུ་གནས་སུ་སྐྱེས་ཏེ་ཆུ་སྲིན་གྱི་ཁར་ཆུད་ནས་ཤི་བའི་མཐའ་ཡང་མི་མངོན་ནོ༔ སྡུག་བསྔལ་དྲག་ལ་རྩུབ་པ་མི་བཟོད་པ་ཉམས་སུ་མྱོང་ནས་ཤི་བའི་ཁྲག་བསགས་པ་ནི༔ རྒྱ་མཚོ་ཆེན་པོའི་ཆུ་བས་ཀྱང་མང་ངོ་༔ རུས་པ་སྤངས་པ་ནི་རིའི་རྒྱལ་པོ་རི་རབ་བས་ཀྱང་མཐོའོ༔ ཞེས་གསུངས་སོ༔ དེ་ལྟར་འཁོར་བར་འཁོར་ཚེ་ལྷ་དང་མིའི་རྒྱལ་སྲིད་ཐོབ་ཅིང་བདེ་སྐྱིད་དཔག་མེད་ཐོབ་དུས་ཀྱང་བྱུང་སྟེ༔ བདེ་སྐྱིད་ལོངས་སྤྱོད་དེས་ཚིམ་པ་དང་ཆོག་ཤེས་པ་མེད་དེ༔ རྒྱ་ཆེ་རོལ་པ་ལས༔ རྒྱལ་པོ་ལྷ་ཡི་འདོད་པ་གང་ཡིན་པ་དང་༔ མིའི་འདོད་པ་གང་ཡིན་པ་དང་༔ འདོད་པ་ཐམས་ཅད་མི་གཅིག་གིས་ཐོབ་ཀྱང་༔ དེ་ལ་ཆོག་པ་མེད་དེ་ཡང་ཚོལ་ལོ༔ ཞེས་དང་༔ བཅོམ་ལྡན་འདས་ཀྱིས༔ ས་


CMR057_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

འདི་རི་དང་བཅས་ཤིང་རྒྱ་མཚོར་བཅས༔ རིན་ཆེན་ཀུན་དང་བཅས་པ་སྐྱང་གྱུར་ཀྱང་༔ མི་ནི་ནམ་ཡང་ངོམ་པར་མི་འགྱུར་ཏེ༔ སོས་ཀ་ཚ་དུས་ཤིང་ལ་མེ་བཞིན་ནོ༔ ཞེས་གསུངས་སོ༔ དེ་ལྟར་བསྐལ་པ་དཔག་ཏུ་མེད་པ་ནས་རང་རེ་རྣམས་འཁོར་བ་འདིར་འཁྱམས་པ་ལ༔ སྔོན་སངས་རྒྱས་གྲངས་མེད་པ་བྱོན་ཡང་རང་རེ་རྣམས་གྲོལ་མ་ཐུབ་པ་འདི་ལ་སྐྱོ་བ་བསྐྱེད་དེ༔ སྤྱོད་འཇུག་ལས༔ སེམས་ཅན་རྣམས་ལ་ཕན་མཛད་པའི༔ སངས་རྒྱས་གྲངས་མེད་བྱོན་གྱུར་ཀྱང་༔ བདག་ནི་རང་གི་ཉེས་པ་དེས༔ གསོ་བའི་སྤྱོད་ཡུལ་མ་གྱུར་ཏོ༔ ད་དུང་དེ་བཞིན་བདག་བྱེད་ན༔ ངན་འགྲོར་ན་དང་འཆི་བ་དང་༔ བཅད་དང་གཤེགས་སོགས་མྱོང་བར་འགྱུར༔ བདག་གི་སྤྱོད་པ་འདི་འདྲས་ནི༔ མི་ཡི་ལུས་ཀྱང་ཐོབ་མི་འགྱུར༔ མི་ཡི་ལུས་ཐོབ་མ་གྱུར་ན༔ སྡིག་པ་འབའ་ཞིག་དགེ་བ་མེད༔ དེས་ན་ངན་སོང་མུ་མཐའ་མེད༔ འོག་ནས་འོག་ཏུ་ལྟུང་བར་འགྱུར༔ ཞེས་གསུངས་དེ་ལྟར་འཁོར་བའི་ཉེས་དམིགས་བསྒོམ་པ་གལ་ཆེ་སྟེ༔ རིག་འཛིན་ནཱ་ག་ཛུ་ནས༔ རབ་ཏུ་ཚ་ཞིང་གྲང་བ་ཡི༔ དམྱལ་བ་ཉི་མ་གཅིག་བཞིན་དྲན༔ བཀྲེས་སྐོམ་དག་


CMR057_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

གིས་རིད་པ་ཡི༔ ཡི་དྭགས་དག་ཀྱང་དྲན་པར་བྱ༔ རྨོངས་པའི་སྡུག་བསྔལ་རབ་མང་བའི༔ བྱོལ་སོང་དག་ཀྱང་དྲན་པར་བྱ༔ དེ་རྒྱུ་རྣམས་སྤངས་བདེ་རྒྱུ་སྤྱད༔ ཐོབ་དཀའ་འཛམ་གླིང་མི་ཡི་ལུས༔ དེ་ཐོབ་དུས་སུ་ངན་སོང་རྒྱུ༔ རིབ་ཏུ་སྒྲིམ་སྟེ་བཅད་པར་བྱ༔ ཞེས་གསུངས་ཤིང་༔ བདེ་འགྲོ་འགྱུར་བའི་སྡུག་བསྔལ་ཡང་བསྒོམ་སྟེ༔ བཞི་བརྒྱ་པར༔ མཁས་པ་རྣམས་ལ་མཐོ་རིས་ཀྱང་༔ དམྱལ་བ་དང་མཚུངས་འཇིགས་བསྐྱེད་འགྱུར༔ རྣམ་པ་ཀུན་ཏུ་དེ་རྣམས་ལ༔ སྲིད་གང་འཇིགས་པ་མི་སྐྱེད་མེད༔ ཅེས་གསུངས་སོ༔ དེས་ན་འཁོར་བ་འདི་ནི་སྡུག་བསྔལ་རྒྱ་ཆེ་ཞིང་གཏིང་ཟབ་པ༔ རྒྱ་མཚོ་ཆེན་པོ་དང་འདྲ་སྟེ༔ བཞི་བརྒྱ་པར༔ སྡུག་བསྔལ་རྒྱ་མཚོ་འདི་ལ་མཐའ༔ རྣམ་པ་ཀུན་ཏུ་ཡོད་མིན་ན༔ བྱིས་ཁྱོད་འདིར་ནི་བྱིང་བ་ལ༔ འཇིགས་པ་ཅི་ནས་སྐྱེ་མི་འགྱུར༔ ཞེས་གསུངས་སོ༔ ཡབ་སྲས་མཇལ་མདོ་ལས༔ འཁོར་བའི་ཉེས་དམིགས་མཐོང་བ་ན༔ སྐྱོ་བའི་སེམས་ནི་རབ་ཏུ་སྐྱེ༔ ཁམས་གསུམ་བརྩོན་རར་འཇིགས་པས་ན༔ བརྩོན་པའི་སེམས་ཀྱིས་སྤང་བར་བྱ༔ ཞེས་གསུངས་པ་དང་༔ ནཱ་


CMR057_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

ག་ཛུ་ནས༔ འཁོར་བ་དེ་འདྲ་ལགས་པས་ལྷ་མིན་དང་༔ དམྱལ་བ་ཡི་དྭགས་དུད་འགྲོ་རྣམས་དག་ཏུ༔ སྐྱེ་བ་བཟང་པོ་མ་ལགས་སྐྱེ་བ་ནི༔ གནོད་པ་དུ་མའི་གནོད་པ་ལགས་མཁྱེན་མཛོད༔ ཅེས་དང་རྒྱ་ཆེ་རོལ་པ་ལས༔ བྱིས་པ་རྣམས་འཁོར་བ་འདི་ལ་ཆགས་ཤིང་དགའ་བ་ནི༔ ཕག་མི་གཙང་བ་ལ་ཆགས་པ་ལྟ་བུའོ༔ འདི་ན་སེམས་ཅན་རྣམས་བྱིང་བ་ནི༔ གླང་པོ་ཆེ་འདམ་དུ་བྱིང་བ་ལྟ་བུའོ༔ འདི་ན་སེམས་ཅན་རྣམས་ཆགས་པ་ནི༔ ཁྱི་ཀེང་རུས་ལ་ཆགས་པ་ལྟ་བུའོ༔ འདི་ན་སེམས་ཅན་རྣམས་བཅིང་བ་ནི་བཙོན་ར་ལྟ་བུའོ༔ འདི་ན་སེམས་ཅན་རྣམས་ལྟུང་བ་ནི་ཕྱེ་མ་ལེབ་མར་མེར་ལྟུང་བ་ལྟ་བུའོ༔ འདི་ན་སེམས་ཅན་རྣམས་བསྟམ་པ་ནི་ཉ་རྒྱ་ཡིས་བསྟུམ་པ་ལྟ་བུའོ༔ འདི་ན་སེམས་ཅན་རྣམས་འཁོར་བ་ནི་རྫ་མཁན་གྱི་འཁོར་ལོ་ལྟ་བུའོ༔ འདི་ན་སེམས་ཅན་རྣམས་བསླུས་པ་ནི་གཡོ་ཅན་གྱིས་བྱིས་པ་ཁྲིད་པ་ལྟ་བུའོ༔ ཞེས་གསུངས་ཤིང་༔ དེ་རྣམས་ཀྱི་དོན་ཨུ་རྒྱན་ཆེན་པོས་གསུངས་པ༔ ཐར་མེད་ལས་ཀྱི་གྲོང་ཁྱེར་དྲུག་པོ་འདིར༔ གཅིག་ནས་གཅིག་ཏུ་ཟོ་ཆུའི་འཁྱུད་མོ་བཞིན༔ མཐའ་མེད་འཁོར་བའི་འགྲོ་རྣམས་སྙིང་རེ་རྗེ༔


CMR057_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་དང་༔ དེ་ལྟར་འགྲོ་བ་རིགས་དྲུག་སེམས་ཅན་རྣམས༔ སྡུག་བསྔལ་རང་བཞིན་ལས་ནི་མ་འདས་པས༔ ཅིས་ཀྱང་དགོས་མེད་བླ་མའི་རྣལ་འབྱོར་ཐོསྒོམས༔ ཞེས་གསུངས་སོ༔ དེས་ན་བསྒོམ་བྱའི་གཙོ་བོ་ནི༔ འཁོར་བའི་གནས་མཐོ་དམན་གར་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་ཡིན་པར་གདའ་བས༔ ད་རེས་འཁོར་།བའི་སྡུག་བསྔལ་འདི་ལས་ཐར་བའི་ཐབས་ཤིག་ཅིས་ཀྱང་བྱ་དགོས་སྙམ་པའི་བློ་ཐག་ཆོད་པ་གལ་ཆེའོ༔ དེས་འགྱུར་བའི་སྡུག་བསྔལ་དང་༔ སྤྱིར་འཁོར་བའི་ཉེས་དམིགས་བཤད་པའི་སྐབས་ཏེ༔ དེས་ཐུན་མོང་གི་སྔོན་འགྲོ་བཞི་སོང་བ་སྟེ༔ ཆོས་ཐུན་བརྒྱད་པའོ༔ དེ་ནས་ཁྱད་པར་གྱི་སྔོན་འགྲོ་བཞི་ནི༔ བྱང་ཆུབ་ཀྱི་ལམ་དུ་འགྲོ་བ་སྐྱབས་འགྲོ་སེམས་བསྐྱེད་ཀྱི་ཁྲིད༔ ཚོགས་གཉིས་མྱུར་དུ་རྫོགས་པ་མཎྜལ་གྱི་ཁྲིད༔ སྡིག་སྒྲིབ་དག་པ་རྡོ་རྗེ་སེམས་དཔའི་སྒོམ་བཟླས༔ བྱིན་རླབས་འཇུག་པ་བླ་མའི་རྣལ་འབྱོར་དང་བཞིའོ༔ དང་པོ་ལ་ཡང་སྐྱབས་འགྲོ་སེམས་བསྐྱེད་གཉིས་ལས༔ དང་པོ་སྐྱབས་འགྲོའི་ཞོར་ལ་བསྔོ་བ་བཤད་པ་ནི༔ དགེ་བ་ཐམས་ཅད་ཆུད་


CMR057_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཟ་བའི་གདམས་པའོ༔ དེ་ལ་གོང་དུ་བཤད་པའི་འཁོར་བའི་སྡུག་བསྔལ་དེ་སུ་ཞིག་གིས་སྐྱབས་ཐུབ་སྙམ་ན༔ དེ་ནི་བྱམས་ཤིང་བརྩེ་བའི་ཕ་མ་དང་༔ འཇིག་རྟེན་ན་དྲག་རྩ་ལ་ཆེ་བའི་ལྷ་འདྲེ་མཐུ་བོ་ཆེ་དང་༔ འདོད་ཁམས་དང་གཟུགས་ཁམས་ཀྱི་ལྷ་ཚེ་རིང་པོ་དང་༔ ཀླུ་ཆེན་པོ་ལ་སོགས་གང་གིས་ཀྱང་སྐྱབས་མི་ཐུབ་སྟེ༔ ཁོང་རང་རྣམས་ཀྱང་འཁོར་བའི་སྡུག་བསྔལ་ལས་མ་ཐར་བའི་ཕྱིར་རོ༔ དེ་ལྟར་ཡང་མདོ་རྒྱལ་མཚན་དམ་པ་ལས༔ འཇིགས་པས་ཉན་པའི་མི་རྣམས་ནི༔ ཕལ་ཆེར་རི་དང་ནགས་ཚལ་དང་༔ ལྗོན་ཤིང་སོགས་ལ་སྐྱབས་འགྲོ་སྟེ༔ སྐྱབས་དེ་མཆོག་གྱུར་མ་ཡིན་པས༔ སྐྱབས་དེ་དག་ལ་བརྟེན་ནས་ནི༔ འཇིགས་པ་ཀུན་ལས་གྲོལ་མི་འགྱུར༔ ཞེས་དང་༔ མདོ་ལས། འཇིག་རྟེན་རྣམས་ནི་རི་དང་ནི༔ ནགས་ཚལ་དང་ནི་མཆོད་གནས་ཀྱི༔ ཀུན་དགའ་དང་ནི་རྡོ་བ་དང་༔ ལྗོན་ཤིང་ལྷ་ལ་སྐྱབས་འགྲོ་བ༔ སྐྱབས་དེ་གཙོ་བོ་མ་ཡིན་ཞིང་༔ ཞེས་དང་༔ འཇམ་དཔལ་རྣམ་པར་རོལ་པའི་མདོ་ལས༔ ཕ་མ་ཁྱོད་ཀྱི་སྐྱབས་མ་ཡིན༔ མཛའ་བཤེས་རྩ་ལག་རྣམས་ཀྱང་མིན༔ དེ་དག་གིས་ནི་ཁྱོད་བོར་ནས༔ ཅི་ལྟར་


CMR057_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པ་བཞིན་དུ་འགྲོ༔ ཞེས་གསུངས་སོ༔ འོ་ན་སུ་ཞིག་གིས་སྐྱབས་ནུས་སྙམ་ན༔ མདོ་དེ་ཉིད་ལས༔ སངས་རྒྱས་ཆོས་དང་དགེ་འདུན་ཏེ༔ ཐར་པ་འདོད་པ་རྣམས་ཀྱི་སྐྱབས༔ ཞེས་དང་༔ འཇམ་དཔལ་རྣམ་པར་རོལ་པ་ལས༔ འཇིགས་འགྱུར་འཇིགས་པ་སེལ་མཛད་ཕྱིར༔ སྐྱབས་མེད་སྐྱོབ་པའི་སངས་རྒྱས་དང་༔། ཆོས་དང་ཚོགས་མཆོག་དགེ་འདུན་ལ༔ རྟག་པར་སྐྱབས་སུ་འགྲོ་བར་གྱིས༔ གང་དག་དེ་ལ་སྐྱབས་སོང་བ༔ འཇིགས་པ་ཀུན་ལས་ཐར་བར་འགྱུར༔ ཞེས་དང་༔ ལེགས་པར་གྲུབ་པའི་རྒྱུད་ལས༔ སྲིད་གསུམ་འདི་ན་དཀོན་མཆོག་གསུམ་པོ་གཙོ༔ འདི་གསུམ་བསོད་ནམས་འཕེལ་བའི་རྒྱུ་ཡིན་ཅིང་༔ ཡོན་ཏན་བླ་མེད་བསྐྱེད་པའི་རྟེན་ཡིན་པས༔ དངོས་གྲུབ་འདོད་པས་གསང་སྔགས་མགོ་ལ་ཐོན༔ ཞེས་གསུངས་སོ༔ དེ་ལྟར་དཀོན་མཆོག་གསུམ་སྐྱབས་གནས་ཡིན་པ་ཅིའི་ཕྱིར་ཞེ་ན༔ དཀོན་མཆོག་དྲི་མ་མེད་པའི་མདོ་ལས༔ རྐང་གཉིས་གཙོ་བོ་མ་གཏོགས་པ༔ འཇིག་རྟེན་དག་ན་སྐྱབས་གཞན་མེད༔ སྐྱོན་མེད་ཡོན་ཏན་རབ་རྫོགས་ཕྱིར༔ ཐུབ་པ་སྐྱབས་མེད་རྣམས་ཀྱི་སྐྱབས༔ ཞེས་


CMR057_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་སོ༔ སྐྱབས་གསུམ་ཡོད་པའི་རྒྱུ་མཚན་ནི་རྒྱུད་བླ་མ་ལས༔ སྟོན་པ་བསྟན་པ་སློབ་དོན་གྱིས༔ ཐེག་པ་གསུམ་དང་བྱེད་གསུམ་ལ༔ མོས་པ་རྣམས་ཀྱི་དབང་བྱས་ནས༔ སྐྱབས་གསུམ་རྣམ་པར་བཞག་པ་ཡིན༔ ཞེས་གསུངས་སོ༔ དེ་ལྟར་སྐྱབས་གསུམ་དཀོན་མཆོག་གསུམ་ལ་མ་གུས་པའི་ཉེས་དམིགས་ཀྱང་༔ ཡུལ་འཁོར་སྐྱོང་གི་མདོ་ལས༔ སངས་རྒྱས་ལ་ཡང་མོས་པ་ཡོད་མིན་ལ༔ ཆོས་དང་ཚོགས་ལའང་དེ་ནི་མོས་པ་མེད༔ བསླབ་པ་སྦྱང་བ་དག་ལ་དེ་མི་མོས༔ སྡིག་པའི་བློ་ཅན་ངན་སོང་གསུམ་ཕྱོགས་པ༔ དེ་ནི་མི་ཡི་ནང་ནས་ཤི་འཕོས་ནས༔ ལས་ཀྱི་དབང་གིས་མི་མཁས་རྣམ་པར་རྨོངས༔ དམྱལ་བའམ་འོན་ཏེ་དུད་འགྲོའི་འགྲོ་རྣམས་སམ༔ ཡི་དྭགས་འགྲོ་བ་རྣམས་སུ་སྡུག་བསྔལ་རྙེད༔ ཅེས་དང་༔ དཀོན་མཆོག་དྲི་མ་མེད་པའི་མདོ་ལས༔ གང་ཞིག་སངས་རྒྱས་ཆོས་དང་ནི༔ དགེ་འདུན་བསྟན་ལ་མི་བརྟེན་པ༔ དེ་དག་འཇིག་རྟེན་ཕྱི་རོལ་ཞེས༔ ལྷ་དང་བཅས་པ་ཀུན་གྱིས་སྨད༔ ཅེས་དང་༔ དྲན་པ་ཉེར་བཞག་ལས༔ སངས་རྒྱས་དང་ནི་བྲལ་བ་ཡི༔ གསོན་པ་གསོན་པ་མིན་པར་འདོད༔ ཆོས་དང་རྣམ་


CMR057_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྲལ་བ་ཡི༔ གསོན་པ་གསོན་པ་མིན་པར་འདོད༔ དགེ་འདུན་རྣམ་པར་སྤངས་པ་ཡི༔ གསོན་པ་གསོན་པ་མིན་པར་འདོད༔ ཅེས་གསུངས་སོ༔ སྐྱོན་དག་ཡོན་ཏན་ཐམས་ཅད་རྫོགས་ཕྱིར་སངས་རྒྱས་ནི་གཏན་གྱི་སྐྱབས༔ དེར་འགྲོ་བའི་ལམ་ཡིན་པས་ཆོས་དང་༔ ཆོས་སྒྲུབ་པའི་གྲོགས་དགེ་འདུན་ཡིན་པས་གཉིས་པོ་གནས་སྐབས་ཀྱི་སྐྱབས་ཡིན་ཏེ༔ རྒྱལ་བ་བྱམས་པས༔ སྤངས་ཕྱིར་བསླུ་བའི་ཆོས་ཅན་ཕྱིར༔ མེད་ཕྱིར་འཇིགས་དང་བཅས་པའི་ཕྱིར༔ ཆོས་རྣམ་གཉིས་དང་འཕགས་པའི་ཚོགས༔ གཏན་གྱི་སྐྱབས་མཆོག་མ་ཡིན་ནོ༔ དམ་པའི་དོན་དུ་འགྲོ་བ་ཡི༔ སྐྱབས་ནི་སངས་རྒྱས་ཉག་གཅིག་ཡིན༔ ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར༔ ཚོགས་ཀྱང་དེ་ཡི་མཐར་ཐུག་ཕྱིར༔ འབྱུང་བ་དཀོན་ཕྱིར་དྲི་མེད་ཕྱིར༔ མཐུ་ལྡན་ཕྱིར་དང་འཇིག་རྟེན་གྱི༔ རྒྱན་གྱུར་ཕྱིར་དང་མཆོག་ཉིད་ཕྱིར༔ འགྱུར་བ་མེད་ཕྱིར་དཀོན་མཆོག་ཉིད༔ ཅེས་འོ་ན་སྐྱབས་གནས་དཀོན་མཆོག་གསུམ་པོ་དེ་ཡི་རང་བཞིན་ཅི་ལྟར་ཡིན་ཞེ་ན༔ རྒྱལ་བ་བྱམས་པས༔ འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ༔ གཞན་གྱི་རྐྱེན་གྱིས་


CMR057_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་མིན་པ༔ མཁྱེན་དང་བརྩེ་དང་ནུས་པར་ལྡན༔ དོན་གཉིས་ལྡན་པའི་སངས་རྒྱས་ཉིད༔ ཅེས་དང་༔ བསམ་མེད་གཉིས་མེད་རྟོག་མེད་པ༔ དག་གསལ་གཉེན་པོའི་ཕྱོགས་ཉིད་ཀྱི༔ གང་ཞིག་གང་གིས་ཆགས་བྲལ་བ༔ བདེན་གཉིས་མཚན་ཉིད་ཅན་དེ་ཆོས༔ ཞེས་དང་༔ ཇི་ལྟ་ཇི་སྙེད་ནང་གི་ནི༔ ཡེ་ཤེས་གཟིགས་པ་དག་པའི་ཕྱིར་བླ་མེད་ཡོན་ཏན་དང་ལྡན་ཉིད༔ བློ་ལྡན་ཕྱིར་མི་ལྡོག་པའི་ཚོགས༔ ཞེས་གསུངས་སོ༔ དེ་ནི་ཕྱིའི་སྐྱབས་གནས་དཀོན་མཆོག་གསུམ་ཡིན་ལ༔ ནང་གི་སྐྱབས་གནས་བླ་མ་ཡི་དམ་མཁའ་འགྲོ་གསུམ་ཡིན་ལ༔ གསང་བའི་སྐྱབས་ཡུལ་རང་སེམས་སྐྱེ་བ་མེད་པ་ཆོས་ཀྱི་སྐུ་ཡིན་ཚུལ་རྒྱས་པར་ཨོ་རྒྱན་རིན་པོ་ཆེས་གསུངས་ཤིང་༔ དེ་དག་གི་དོན་ནི༔ དོན་ཏྲིག་འགྲོ་བ་ཀུན་གྲོལ་གྱི་རྒྱུད་ལས༔ བླ་མ་དཀོན་མཆོག་སྐྱབས་གནས་ལ༔ བྱང་ཆུབ་བར་དུ་སྐྱབས་སོང་ནས༔ ཞེས་དང་༔ སམྦུ་ཊི་ལས༔ སྟོང་ཉིད་སྙིང་རྗེ་དབྱེར་མེད་པའི༔ གང་དུ་སེམས་ནི་རྣམ་བསྒོམ་པ༔ དེ་ནི་སངས་རྒྱས་དང་ཡང་ཆོས༔ དགེ་འདུན་ཞེས་སུ་བསྟན་པ་ཡིན༔ ཞེས་དང་༔ རྣམ་སྣང་མངོན་བྱང་ལས༔ དང་པོའི་སེམས་


CMR057_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

ནི་སངས་རྒྱས་ཏེ༔ གཉིས་པ་ཡང་ནི་ཆོས་ཤེས་བྱ༔ དེ་དང་ལྷན་ཅིག་འབྱུང་བའི་སེམས༔ དགེ་འདུན་ཞེས་སུ་བསྟན་པ་ཡིན༔ ཞེས་གསུངས་སོ༔ དེ་ལྟར་དོན་གྱི་དཀོན་མཆོག་གསུམ་འགྲོ་བ་ཡོངས་ལ་གནས་ཀྱང་༔ ལས་ཀྱི་བསྒྲིབས་པས་མངོན་དུ་མ་གྱུར་པས༔ མོས་པའི་སྣང་ངོར་ཕྱི་དང་ནང་གི་དཀོན་མཆོག་གསུམ་ལ་སྐྱབས་འཆ་སུ་འགྲོ༔ དགོས་པར་ཨུ་རྒྱན་རིན་པོ་ཆེས་གསུངས་སོ༔ ཁྱད་པར་བཀའ་རྫོགས་པ་ཆེན་པོ་ལ་སོགས་པ་གསང་སྔགས་བླ་ན་མེད་པའི་ལུགས་འདི་ལ༔ སྐྱབས་གནས་དཀོན་མཆོག་རྣམས་གཞན་དུ་མི་བལྟ་སྟེ༔ མཚན་ཉིད་དང་ལྡན་པའི་རང་གི་རྩ་བའི་བླ་མ་དེའི་ཐུགས་སངས་རྒྱས་གསུང་དམ་ཆོས་སྐུ་དགེ་འདུན༔ བླ་མ་དཀོན་མཆོག་ཀུན་འདུས་སུ་ཤེས་པར་བྱའོ༔ དེ་ལ་སྐྱབས་སུ་འགྲོ་བ་དངོས་བཤད་པ་ནི༔ རྡོ་རྗེའི་ཚིག་རྐང་ལས༔ མདུན་གྱི་ནམ་མཁར་ཀུན་ཏུ་བཟང་པོ་ལ༔ སངས་རྒྱས་བྱང་སེམས་དཔག་ཏུ་མེད་པས་བསྐོར༔ ཀུན་བཟང་རྒྱལ་བ་སྲས་བཅས་ཐམས་ཅད་ལ༔ བདག་ནི་རྩེ་གཅིག་ཡིད་ཀྱིས་སྐྱབས་སུ་མཆི༔ ཞེས་དང་༔ དེའི་འགྲེལ་པ་ཐུགས་རྗེ་ཆེན་པོས་དངོས་སུ་གསུངས་པ་


CMR057_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

ལས༔ ད་རང་གི་མདུན་གྱི་ནམ་མཁར་ཆོས་སྐུ་ཀུན་ཏུ་བཟང་པོ་བཞུགས་པ་ལ༔ འཁོར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པས་ཁྲོམ་ལྟར་བསྐོར་བར་བསྐྱེད་དོ༔ ཀུན་ཏུ་བཟང་པོ་རྒྱལ་བ་སྲས་དང་བཅས་པ་བཞུགས་པ་ཐམས་ཅད་ལ༔ བདག་ནི་རྩེ་གཅིག་ཡིད་ཀྱི་སྐྱབས་སུ་མཆིའོ༔ ཞེས་གསུངས་པའི་དོན་ནི༔ ཁྱེད་རང་རྣམས་ཀྱི་དམིགས་པ་འདི་བཞིན་དུ་མཛོད་ཅིག༔ མདུན་གྱི་གཞི་འདིར་ཡན་ལག་བརྒྱད་དང་ལྡན་པའི་བདུད་རྩིའི་རྒྱ་མཚོ་ཆེན་པོ༔ མཐའ་མ་ནེའུ་སིང་དང་གསེར་གྱི་བྱེ་མ་བརྡལ་བ༔ ཆུ་བྱ་སྣ་ཚོགས་ཀྱི་སྐད་སྙན་པར་སྒྲོག་ཅིང་རིན་པོ་ཆེ་དང་མེ་ཏོག་སྣ་ཚོགས་གཅལ་དུ་བཀྲམ་པ༔ མཚོའི་དབུས་སུ་པཾ་ལས་པདྨའི་སྡོང་པོ་ཡལ་འདབ་ཕྱོགས་བཅུར་རྒྱས་ཤིང་འབྲས་བུ་ལ་བཀྲ་ཤིས་པའི་རྟགས་བརྒྱད་སོགས་རིན་ཆེན་སྣ་ཚོགས་སུ་འཁྲུངས་པའི་རྩེར༔ རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱུ་ལས་གྲུབ་པའི་མེ་ཏོག་པདྨ་འདབ་མ་བཞི་པ་རྒྱ་ཁྱོན་སྟོང་གསུམ་དང་མཉམ་པ་ཞིག་བསྒོམ༔ དེའི་ཟེའུ་འབྲུ་དང་འདབ་མ་བཞི་ལ་རིན་པོ་ཆེའི་ཁྲི་རེ་རེ་བསྒོམ་པའི་ཁྲི་དབུས་མར༔ པདྨ་དང་ཟླ་བའི་གདན་ལ་རྩ་བའི་བླ་མ་དང་དབྱེར་མེད་པའི་ཆོས་སྐུ་ཀུན་ཏུ་


CMR057_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་པོ་སྐུ་མདོག་མཐིང་ཁ་མཉམ་གཞག་གི་ཕྱག་རྒྱ་ཅན༔ རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་ཤིང་༔ ཡུམ་ཀུན་ཏུ་བཟང་མོ་དང་གཉིས་སུ་མེད་པར་འཁྲིལ་བ༔ དེ་ལ་རྒྱལ་བ་རིགས་ལྔ་ཡབ་ཡུམ༔ དྲུག་པ་རྡོ་རྗེ་འཆང་ལ་སོགས་པ་ལོངས་སྤྱོད་རྫོགས་སྐུའི་སངས་རྒྱས་གྲངས་མེད་པས་བསྐོར་བ་ཐམས་ཅད་ཡབ་ཡུམ་འཁྲིལ་སྦྱོར་དུ་བཞུགས་པ༔ དེའི་སྟེང་གི་ཆ་ལ་རྒྱལ་བ་དགོངས་བརྒྱུད་རིག་འཛིན་བརྡའ་བརྒྱུད་གང་ཟག་སྙན་བརྒྱུད་ཀྱི་བླ་མ་ཐམས་ཅད་དང་༔ རྒྱ་གར་གྱི་རིག་འཛིན་བརྒྱད༔ བོད་ཀྱི་རྗེ་འབངས་ཉེར་ལ༔ རིག་འཛིན་གཏེར་སྟོན་བརྒྱ་རྩ་ལ་སོགས་པ་ཐམས་ཅད༔ སྐུ་གཅེར་བུ་རུས་པའི་རྒྱན་དྲུག་གིས་བརྒྱན་ཅིང་༔ ཕྱག་ཌ་མ་རུ་དང་དྲིལ་བུ་འཛིན་ཅིང་སྟག་ལྤགས་ཀྱི་ཤམ་ཐབས་དང་༔ གླང་ཆེན་གྱི་ལྤགས་པའི་བླ་གོས་ཅན༔ བྲོ་ཁྲིག་ཁྲིག་གར་ཁྱུག་ཁྱུག་མཛད་ནས་སྐལ་ལྡན་བྱིན་གྱིས་བརླབས་པའི་དགོངས་པ་ལ་བཞུགས་པ༔ གཡས་ཀྱི་ཁྲི་ལ་སྟོན་པ་ཤཱཀྱ་ཐུབ་པ་ལ༔ འཁོར་སངས་རྒྱས་རབ་བདུན་བསྐལ་བཟང་གི་སངས་རྒྱས་སྟོང་རྩ་གཉིས་ཐམས་ཅད་སྤྲུལ་སྐུའི་ཆ་ལུགས་ཆོས་གོས་གསུམ་གྱིས་བཀླུབས་ཤིང་ས་གནོན་


CMR057_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་གཞག་ཅན༔ མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་ཅིང་འོད་དང་འོད་ཟེར་འབར་བ༔ རྒྱབ་ཀྱི་ཁྲི་ལ་སྡེ་སྣོད་གསུམ་དང་རྒྱུད་སྡེ་དྲུག་གི་མདོ་རྒྱུད་ཐམས་ཅད་དང་ཁྱད་པར་བཀའ་རྫོགས་པ་ཆེན་པོའི་རྒྱུད་སྡེ་འབུམ་ཕྲག་དྲུག་ཅུ་རྩ་བཞི་ཐམས་ཅད་བཀའ་པོ་ཏི་གླེགས་བམ་གྱི་ཚུལ་དུ་གསེར་གདོང་ཁྲ་ཆེམ་མེ་བཞུགས་པ༔ གཡོན་གྱི་ཁྲི་ལ་གུ་རུ་པདྨ་སཾ་བྷ་དགེ་སློང་གི་ཆ་ལུགས་སྐྱབས་སྦྱིན་པད་ཕོར་འཛིན་པ༔ ཉེ་སྲས་བརྒྱད་དང་སེམས་དཔའ་བཅུ་དྲུག་ལ་སོགས་པ་དང་༔ ལམ་ལ་བཞུགས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་༔ ཉན་ཐོས་མཆོག་བརྒྱད་རང་རྒྱལ་བཅུ་གཉིས་འཕགས་པ་གནས་བརྟན་བཅུ་དྲུག་དགྲ་བཅོམ་ཁྲི་དྲུག་སྟོང་བཞི་བརྒྱ་ལ་སོགས་པ་ཐེག་པ་ཆེ་ཆུང་གི་དགེ་འདུན་ཐམས་ཅད་དེ༔ བྱང་ཆུབ་སེམས་དཔའ་ཐམས་ཅད་ནི་ལྷ་བུ་གཞོན་ནུའི་ཚུལ་ཅན་དར་དང་རིན་པོ་ཆེའི་བརྒྱན་པ༔ ཉན་ཐོས་ཐམས་ཅད་དབུ་རེག་ཞབས་རྗེན་ཆོས་གོས་རྣམ་གསུམ་གསོལ་བའོ༔ མདུན་གྱི་ཁྲི་ལ་རང་རེ་བོད་ཀྱི་ལྷ་སྐལ་ཡི་དམ་ཐུགས་རྗེ་ཆེན་པོ་ལ༔ འཁོར་བཀའ་དགོངས་ཕུར་གསུམ་ལ་སོགས་པ་རྒྱུད་སྡེ་ཆེན་པོ་དྲུག་གི་ལྷ་


CMR057_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཐམས་ཅད་དང་༔ དེ་དག་གི་བར་མཚམས་རྣམས་སུ་ཡུལ་ཉི་ཤུ་རྩ་བཞིའི་དཔའ་བོ་དང་དྷཱ་ཀི༔ ཡེ་ཤེས་ཀྱི་མགོན་པོ་མ་ནིང་སྡེ་ལྔ་ལ་སོགས་མགོན་ཆེན་བཞི་བཅུ་རྩ་ལྔ༔ དཔལ་ལྡན་ལྷ་མོ་དཔོན་གཡོག་སྤྲུལ་པ་སྟོང་རྩ་བརྒྱད་དང་བཅས་པ་ཐམས་ཅད་སྤྲིན་གྱི་ཕུང་པོ་གཏིབས་པ་ལྟར་མངོན་སུམ་དུ་བཞུགས་པར་སྒོམས་ཤིག༔ དེ་ཡང་ཐེག་པ་ཆུང་ངུའི་ལུགས་ལ་དུས་དེང་ནས་ཇི་སྲིད་འཚོའི་བར་དུ་སྐྱབས་སུ་འགྲོ་བ་ཡིན་ཀྱང་༔ འདིར་ཐེག་ཆེན་ལུགས་ལ་ཇི་སྲིད་སངས་རྒྱས་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་བ་ཡིན༔ ཐེག་དམན་ལུགས་ལ་རང་ཉིད་གཅིག་པུ་སྐྱབས་སུ་འགྲོ་བ་ཡིན་ཡང་༔ འདིར་ཐེག་ཆེན་ལུགས་ལ་བདག་དང་སེམས་ཅན་ཐམས་ཅད་སྐྱབས་སུ་འགྲོ་བ་ཡིན༔ ཐེག་དམན་ལུགས་ལ་འཁོར་བའི་འཇིགས་པ་ལ་སྐྲག་ནས་དེ་སྐྱོབ་ཕྱིར་སྐྱབས་སུ་འགྲོ་བ་ཡིན་ཀྱང་༔ འདིར་ནི་འཁོར་བའི་འཇིགས་པ་དང་རང་ཞི་བདེ་འདོད་པ་དང་ཐེག་པ་དམན་པ་དང་༔ རྩ་རླུང་ཐིག་ལེ་ལྟ་སྒོམ་སྤྱོད་པའི་གེགས་དང་གོལ་ས་ཐམས་ཅད་ལས་སྐྱོབ་ཕྱིར་སྐྱབས་སུ་འགྲོ་བ་ཡིན་པས༔ ཨུ་རྒྱན་རིན་པོ་ཆེའི་ཞལ་ནས༔ མོས་པའི་སྣང་ངོར་མདུན་གྱི་ནམ་


CMR057_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

མཁར་སྐྱབས་གནས་ཐམས་ཅད་སྤྲིན་ཕུང་བཞིན་གཏིབས་པར་བསམ་ལ༔ རང་དང་ཕ་མས་གཙོ་བྱས་སེམས་ཅན་ཐམས་ཅད་དགྲ་མི་ཤ་བ་བཙོན་དོང་ནས་ཐར་བར་འདོད་པ་ལྟ་བུའི་གདུང་བས༔ ཁ་ཙམ་མ་ཡིན་པར་བྱེད་པ་ཡིན་ནོ༔ ཞེས་གསུངས་པ་ལྟར་སྐྱབས་འགྲོ་རང་གིས་གང་ཤེས་རྒྱས་བསྡུས་གང་ཡང་རུང་མོད་ཀྱི༔ ད་རེས་བྱིན་རླབས་ཆེ་བའི་དབང་དུ་བྱས་ནས་རྡོ་རྗེའི་ཚིག་རྐང་ལས་བྱུང་བའི་སྐྱབས་འགྲོ་ཤོ་ལོ་ཀ་འདིའི༔ ཚིག་དང་པོ་གཉིས་ཀྱིས་སྐྱབས་ཡུལ་གསལ་ཐོབ༔ རྗེས་མ་གཉིས་སྐྱབས་སུ་འགྲོ་བ་དངོས་ཡིན་པས་འདིའི་རྗེས་ཟློས་ལན་གསུམ་མཛོད༔ མདུན་གྱི་ནམ་མཁར་ཀུན་ཏུ་བཟང་པོ་ལ༔ སངས་རྒྱས་བྱང་སེམས་དཔག་ཏུ་མེད་པས་བསྐོར༔ ཀུན་བཟང་རྒྱལ་བ་སྲས་བཅས་ཐམས་ཅད་ལ༔ བདག་ནི་རྩེ་གཅིག་ཡིད་ཀྱིས་སྐྱབས་སུ་མཆི༔ གསུམ༔ འོ་དེས་ཁྱེད་རང་རྣམས་ཀྱི་རྒྱུད་ལ་སྐྱབས་འགྲོའི་སྡོམ་པ་སྔར་མ་ཐོབ་ན་ཡང་སྐྱེ༔ ཐོབ་པ་ཡིན་ཡང་འཕེལ༔ ཉམས་པ་ཡང་སོར་ཆུད་པར་འགྱུར་བ་ཡིན་ནོ༔ དེ་ལྟར་ཐེག་ཆེན་སྐྱབས་འགྲོའི་སྡོམ་པ་ཐོབ་ནས༔ དེའི་སྡོམ་པ་བསྲུང་དགོས་ཏེ༔ སྐྱབས་གསུམ་བདུན་ཅུ་པ་ལས༔ གསུམ་


CMR057_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྐྱབས་འགྲོའི་དགེ་བསྙེན་ནམ༔ དེ་ནི་སྡོམ་བརྒྱད་རྩ་བ་ཡིན༔ ཞེས་དང་༔ མྱ་ངན་འདས་ཆེན་ལས༔ གང་ཞིག་སངས་རྒྱས་སྐྱབས་འགྲོ་བ༔ དེ་ནི་ཡང་དག་དགེ་བསྙེན་ཏེ༔ ནམ་དུའང་ལྷ་ནི་གཞན་དག་ལ༔ སྐྱབས་སུ་འགྲོ་བ་མ་ཡིན་ནོ༔ དམ་པའི་ཆོས་ལ་སྐྱབས་སོང་བ༔ འཚེ་ཞིང་གསོད་པའི་སེམས་དང་བྲལ༔ དགེ་འདུན་དག་ལ་སྐྱབས་སོང་བ༔ མུ་སྟེགས་ཅན་ལ་ཕྱག་མི་བྱ༔ ཞེས་དང་༔ མདོ་རྩ་བར༔ ལྷ་གཞན་ལ་ཕྱག་མི་འཚལ༔ མཆོད་པ་མི་བྱ་བཀུར་སྟི་མི་བྱའོ༔ གནས་སུ་ཕྱིན་ན་མངོན་སུམ་དུ་འགྲེང་སྟེ་གཙུག་ལག་གི་ཚིགས་སུ་བཅད་པ་འདོན་པས་དེ་ལ་ཕན་གདགས་པར་བྱའོ༔ ཞེས་དང་༔ སྐྱབས་གསུམ་བདུན་ཅུ་པར༔ གང་ཞིག་གསུམ་ལ་སྐྱབས་འགྲོ་བའི༔ དགེ་བསྙེན་དུ་ནི་དམ་བཅས་པས༔ སྐྱབས་ནི་གསུམ་པོ་བསྲུང་བར་བྱ༔ མུ་སྟེགས་ཀུན་ལ་གུས་པ་ཡིས༔ མཆོད་དང་ཕྱག་འཚལ་མི་བྱའོ༔ ཞེས་དང་༔ སྐྱབས་འགྲོ་ཡན་ལག་དྲུག་པར༔ སྐུ་གཟུགས་ཚིགས་སུ་བཅད་པ་དང་༔ ལྷན་པ་སེར་པོ་བཏབ་པ་ལ༔ དད་མོས་སྒོ་ནས་སྟོན་པར་བར༔ ཞལ་ནས་གསུང་པ་མཐའ་དག་


CMR057_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

ལ༔ སྐུར་པ་མི་གདབ་སྤྱི་བོར་བླང་༔ གང་ཟག་དག་དང་མ་དག་ལ༔ དམ་པར་ལྟ་བར་བྱ་བ་ཡིན༔ ཅེས་དང་༔ བཤེས་སྤྲིང་ལས༔ ཅི་ལྟར་བདེ་གཤེགས་སྐུ་གཟུགས་ཤིང་ལས་ཀྱང་༔ བགྱིས་པ་ཅི་འདྲ་ཡང་རུང་མཁས་པས་མཆོད༔ ཅེས་དང་༔ ལྷའི་དབང་པོས་ཞུས་མདོར༔ ཁེ་ཕྱིར་ཚོང་དང་གྲོགས་ཕྱིར་བསླས༔ དེ་ཡི་གཅོད་སྦྱང་བྱེད་པ་རྣམས༔ མནར་མེད་ལ་སོགས་དམྱལ་བར་ནི༔ སྐྱེས་བུས་མདའ་འཕང་བཞིན་དུ་འགྲོ༔ ཞེས་གསུངས་པས་སྐུ་གསུང་ཐུགས་རྟེན་བཤིགས་པ་དང་ཉོ་ཚོང་བྱས་ན་ཉེས་པ་ཆེ་ཞིང་སྐབས་སྡོམ་ཉམ༔ ཆེད་དུ་བརྗོད་པའི་ཚོམས་ལས༔ ཐུབ་པའི་དུར་སྨྲིག་རྒྱལ་མཚན་ནི༔ ཚངས་དང་བརྒྱ་བྱིན་ལ་སོགས་པ༔ འཇིག་རྟེན་ཆེན་པོ་རྣམས་ཀྱིས་ཀྱང་༔ བོའི་ཅོད་པན་རྩེར་བླངས་པར༔ མཆོད་པའི་གནས་སུ་བཞག་པ་ཡིན༔ ཅེས་དང་༔ བཅོམ་ལྡན་འདས་ཀྱི་ཞལ་ནས༔ མེ་ཏོག་ཙམ་པ་ཀ་ནི་རྙིང་གྱུར་ཀྱང་༔ མེ་ཏོག་ཕལ་པ་རྣམས་ཀྱིས་དོ་ཟླ་མིན༔ ང་ཡི་དགེ་སློང་ཚུལ་ཁྲིམས་འཆལ་གྱུར་ཀྱང་༔ མུ་སྟེགས་ཕལ་པ་རྣམས་ཀྱིས་དོ་ཟླ་མིན༔ ཅེས་དང་༔ སྔོན་མི་ཞིག་རྒྱལ་པོའི་ཁྲིམས་ལ་འགལ་ནས་


CMR057_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

དུར་ཁྲོད་དུ་བསྐྱལ་བའི་མགུལ་དུ་གོས་ངུར་སྨྲིག་གི་ཚལ་པ་ཞིག་ཡོད་པས༔ སྲིན་པོས་མ་ཟོས་ཤིང་ཕྱག་འཚལ་བ་དང་༔ ཡང་རྔོན་པས་གོས་ངུར་སྨིག་གྱོན་པ་གླང་པོ་ཆེས་རྒྱལ་པོས་གནོད་པ་ལས་སྐྱབས་ཤིང་གུས་པར་བྱས་པ་སོགས་ལོ་རྒྱུས་དུ་མ་འབྱུང་བས་གོས་སེར་མོ་གྱོན་ཙམ་ལ་ཡང་གུས་པར་བྱ་དགོས༔ སངས་རྒྱས་ཀྱི་སྐུ་གཟུགས་བྱོན་ལེགས་མ་ལེགས་གང་ལ་ཡང་གུས་པར་བྱ༔ ཆོས་ཡི་གེ་འབྲུ་གཅིག་ཡན་ཆད་ལ་གུས་པར་བྱ༔ ཕྱི་རོལ་པའི་ལྷ་ལ་ཕྱག་མི་འཚལ༔ གྲོགས་མུ་སྟེགས་ཅན་དང་མི་འགྲོགས༔ སེམས་ཅན་ལ་གནོད་པ་སྤངས༔ ནངས་ནུབ་སྐྱབས་འགྲོ་ལ་བརྩོན་པར་བྱ༔ བཟའ་བཏུང་ཕུད་ཀྱིས་དཀོན་མཆོག་གསུམ་མཆོད༔ ན་ཚ་སྡུག་བསྔལ་ཅི་བྱུང་ཡང་དཀོན་མཆོག་ལས་གཞན་པའི་སྐྱབས་མི་ཚོལ་བ་དང་བསླབ་བྱ་དགུ་པོ་དེ་མ་ཉམས་པར་བསྲུང་བ་གལ་ཆེ༔ དེ་ལྟར་བསྲུངས་ན་ཕན་ཡོན་དཔག་ཏུ་མེད་དེ༔ མདོ་སྡེ་རྒྱན་ལས༔ སྐྱབས་སུ་འགྲོ་བ་འདིར་སོང་དོན་ཆེ་སྟེ༔ དེ་ནི་ཚད་མེད་ཡོན་ཏན་ཚོགས་འཕེལ་འགྱུར༔ འགྲོ་བ་འདི་ལ་སྙིང་རྗེའི་བསམ་པས་ཁྱབ༔ མཚུངས་མེད་འཕགས་ཆེན་ཆོས་ཀྱང་རྒྱས་


CMR057_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད༔ ཅེས་དང་༔ རྟག་ཏུ་ཉོན་མོངས་ཚོགས་ཀུན་དང་༔ ཉེས་པར་སྤྱོད་པ་ཐམས་ཅད་དང་༔ རྒ་དང་འཆི་བ་དག་ལས་ཀྱང་༔ སངས་རྒྱས་ཉིད་ནི་ཡོངས་སུ་སྐྱོབ་འཚེ་བ་དག་ནི་ཐམས་ཅད་དང་༔ ངན་སོང་དང་ནི་ཐབས་ཡིན་དང་༔ འཇིགས་ཚོགས་ཐེག་པ་དམན་དག་ལས༔ སྐྱོབ་ཕྱིར་སྐྱབས་ཀྱི་དམ་པའོ༔ ཞེས་དང་༔ འཇིག་རྟེན་ཇི་སྲིད་སེམས་ཅན་གྱི༔ གནོད་དང་ཕུན་སུམ་ཚོགས་པ་ཀུན༔ བཟློག་ཅིང་འབྱོར་པར་བྱ་བའི་ཕྱིར༔ སངས་རྒྱས་སྐྱབས་ཆེན་ཉིད་དུ་འདོད༔ ཅེས་དང་༔ སངས་རྒྱས་ཉིད་དེ་སྐྱབས་ནི་དཔེ་མེད་མཆོག་ཏུ་འདོད༔ སྦྱོར་བས་འཇིགས་འགྱུར་འཇིགས་ཚོགས་ཀུན་དང་ཐེག་པ་དང་༔ ངན་སོང་རྣམ་མང་སྡུག་བསྔལ་ཐབས་མིན་སོང་བ་རྣམས༔ སྐྱེ་དང་འཆི་དང་ཉོན་མོངས་ལས་རྣམས་ཀུན་ལས་སྲུང་༔ ཞེས་དང་༔ མདོ་ལས༔ གང་ཞིག་སངས་རྒྱས་ཆོས་དང་ནི༔ དགེ་འདུན་དག་ལ་སྐྱབས་སོང་ན༔ ལྷ་དང་དྲི་ཟ་ལྷ་མ་ཡིན༔ ཀླུ་དང་གནོད་སྦྱིན་ལ་སོགས་པ༔ འཇིགས་པ་ཀུན་ལས་ཐར་བར་འགྱུར༔ ཞེས་དང་༔ མདོ་ཉི་མའི་སྙིང་པོ་ལས༔ སངས་རྒྱས་སྐྱབས་སུ་སེམས་ཅན་སུ་འགྲོ་བ༔


CMR057_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྣམས་བྱེ་བས་བསད་པར་མི་ནུས་ཏེ༔ ཚུལ་ཁྲིམས་ཉམས་ཤིང་བློ་ནི་འཁྲུགས་ཟིན་ཀྱང་༔ དེ་ནི་ངེས་པར་སྐྱེ་བའི་ཕ་རོལ་འགྲོ༔ ཞེས་དང་༔ དྲན་པའི་ཚོམས་ལས༔ གང་ཞིག་ཉིན་དང་མཚན་རྣམས་སུ༔ སངས་རྒྱས་རྗེས་སུ་དྲན་བྱེད་ཅིང་༔ གང་དག་སངས་རྒྱས་སྐྱབས་སོང་བ༔ དེ་དག་མི་ཡི་རྙེད་པ་ཡིན༔ ཆོས་དང་དགེ་འདུན་ལ་ཡང་དེ་བཞིན་དུ་གསུངས་སོ༔ པཎྜི་ཏ་དཔའ་བོའི་ཕར་ཕྱིན་བསྡུས་པར༔ སྐྱབས་སོང་བསོད་ནམས་གཟུགས་མཆིས་ན༔ སྟོང་གསུམ་འདི་ཡང་སྣོད་དུ་ཆུང་༔ རྒྱ་མཚོ་ཆེན་པོ་ཆུ་ཡི་གཏེར༔ ཕུལ་ལ་གཞལ་ཡང་ལངས་མི་འགྱུར༔ ཅེས་དང་༔ ཕག་མོའི་རྟོགས་བརྗོད་ལས༔ གང་ཞིག་སངས་རྒྱས་སྐྱབས་འགྲོ་བ༔ དེ་ནི་ངན་འགྲོར་མི་འགྲོ་སྟེ༔ ལྷ་ཡི་ལུས་ནི་སྤང་ནས་ཀྱང་༔ ལྷ་ཡི་ལུས་སུ་སྐྱེ་བར་འགྱུར༔ ཆོས་དང་དགེ་འདུན་ལ་ཡང་དེ་བཞིན་སྦྱར་ནས་གསུངས་སོ༔ ཉེས་ལྟུང་བཤགས་པ་ཡང་སྐྱབས་འགྲོ་ཟབ་སྟེ༔ སྡུད་པ་ལས༔ གལ་ཏེ་བྱང་ཆུབ་སེམས་དཔའ་འདོད་ཡོན་ལྔ་སྤྱོད་ཀྱང་༔ སངས་རྒྱས་ཆོས་དང་འཕགས་པའི་དགེ་འདུན་སྐྱབས་སོང་སྟེ༔ སངས་རྒྱས་བསྒྲུབ་བྱ་སྙམ་


CMR057_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཀུན་མཁྱེན་ཡིད་བྱེད་ན༔ མཁས་པས་ཚུལ་ཁྲིམས་ཕ་རོལ་ཕྱིན་གནས་རིག་པར་བྱ༔ ཞེས་གསུངས་སོ༔ སྐྱབས་འགྲོ་བྱས་པས་སྡིག་པ་ཡང་དག་སྟེ༔ བཅོམ་ལྡན་འདས་ཀྱི་ཞལ་ནས༔ རྩྭ་སྐམ་ཕུང་པོ་རི་རབ་ཙམ༔ མེ་སྟག་ཆུང་ངུས་བསྲེགས་པ་ལྟར༔ དཀོན་མཆོག་གསུམ་ལ་སྐྱབས་སོང་ན༔ སྡིག་པ་རི་རབ་ཙམ་ཡང་བྱང་༔ ཞེས་གསུངས་སོ༔ སྡོམ་པ་ཐམས་ཅད་ཀྱི་གཞི་རྟེན་ཡང་སྐྱབས་འགྲོ་ཡིན་ཏེ༔ མཛོད་ལས༔ བསྙེན་གནས་གཞན་ལ་ཡོད་མོད་ཀྱི༔ སྐྱབས་སུ་མ་སོང་བ་ལ་མེད༔ ཅེས་གསུངས་སོ༔ མདོ་རྒྱུད་ཐམས་ཅད་ནས་སྐྱབས་འགྲོའི་ཕན་ཡོན་མཐའ་ཡས་པར་གསུངས་པ་རྣམས་བསྡུས་ན་བརྒྱད་དུ་འདུས་ཏེ༔ ནང་པ་སངས་རྒྱས་པར་ཚུད་པའི་ཕན་ཡོན་དང་༔ སྡོམ་པ་ཐམས་ཅད་ཀྱི་རྟེན་དུ་འགྱུར་བ་དང་༔ མི་དང་མི་མ་ཡིན་པའི་གནོད་པས་མི་ཚུགས་པ་དང་༔ སྡིག་པ་དང་སྒྲིབ་པ་ཐམས་ཅད་བྱང་ཞིང་སྲབ་པར་འགྱུར་བ་དང་༔ རྒྱུད་ལ་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་གསོག་ཅིང་འཕེལ་བ་དང་༔ ཤི་ནས་ངན་སོང་ངན་འགྲོ་ལོག་པར་མི་ལྟུང་བ་དང་༔ ལམ་ཁྱད་པར་འཕགས་པ་རྒྱུད་ལ་སྐྱེ་བ་དང་༔ མཐར་བླ་ན་མེད་


CMR057_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བྱང་ཆུབ་འཐོབ་པའི་ཕན་ཡོན་དང་བརྒྱད་ཡོད་པར་གསུངས་སོ༔ དེ་ཡང་སྔོན་ལྷ་ཡི་བུ་ཞིག་ཚེ་ཟད་ནས་ཕག་ཅིག་ཏུ་སྐྱེ་བ་མཐོང་ནས་འཇིགས་ཤིང་སྐྲག་པ་ལ༔ བརྒྱ་བྱིན་གྱིས་སྐྱབས་འགྲོ་ཕོག་པས་དགའ་ལྡན་གྱི་ལྷར་སྐྱེས་པ་དང་༔ སྔོན་གནོད་སྦྱིན་ཞིག་སྟག་ཅིག་ཏུ་སྤྲུལ་ནས་མི་རྣམས་རེས་མོས་སུ་ཟ་བ་ལ༔ རྒན་མོ་མ་སྨད་གཉིས་ཀྱིས་སྐྱབས་འགྲོ་བྱས་པས༔ མེ་དཔུང་དུ་མཐོང་སྟེ་གནོད་སྦྱིན་གྱིས་ཟ་མ་ནུས་པ་དང་༔ དགེ་བསྙེན་མ་ཟླ་བ་བཟང་མོས༔ སྐྱབས་འགྲོ་བྱེད་ཅིང་དུར་ཁྲོད་འཇིགས་སུ་རུང་བ་གཅིག་ཏུ་མཚན་མོ་སོང་བ་ལ༔ གཅན་གཟན་དང་མི་མ་ཡིན་རྣམས་ཀྱིས་མེ་དཔུང་དུ་མཐོང་ནས་མ་ཟོས་པ་དང་༔ བུ་མོ་རྡོ་རྗེ་བྱ་བས་སྐྱབས་འགྲོ་བྱས་པས་གཟུགས་ངན་པའི་ལས་སྒྲིབ་དག་ནས༔ མཚན་དང་ལྡན་པའི་ལུས་སུ་གྱུར་པ་དང་༔ སྔོན་ལྷས་སྦྱིན་ངན་སོང་གི་གནས་སུ་སྡུག་བསྔལ་བར་གྱུར་པ་ལ༔ བཅོམ་ལྡན་འདས་ཀྱི་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བཅུག་པས༔ སངས་རྒྱས་དང་ཆོས་ལ་སྐྱབས་སུ་སོང་བས་བསྐལ་པ་གྲངས་མེད་པ་གཉིས་ཀྱི་སྡུག་བསྔལ་ལས་ཐར༔ ཕྲག་དོག་གི་དབང་གིས་དགེ་འདུན་ལ་སྐྱབས་


CMR057_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

སུ་འགྲོ་མ་འདོད་པས༔ བསྐལ་པ་གྲངས་མེད་པ་གཅིག་གི་བར་དུ་སྡུག་བསྔལ་མྱོང་དགོས་པར་གསུངས་སོ༔ དེ་ལྟར་ཆོས་ཉན་པའི་བསོད་ནམས་དང་༔ ཆོས་ཐོས་པའི་བསོད་ནམས་དང་༔ སྐྱབས་སུ་སོང་བའི་ཕན་ཡོན་བསམ་གྱིས་མི་ཁྱབ་ཀྱང་༔ བསོད་ནམས་དེ་མི་ཉམས་པའི་གདམས་ངག་མེད་ན་ཁོང་ཁྲོ་གཅིག་སྐྱེས་ན་བསོད་ནམས་ཐམས་ཅད་འཇོམས་ཏེ༔ བྱང་ཆུབ་སེམས་པའི་སྡེ་སྣོད་ལས༔ ཁོང་ཁྲོ་བ་ཞེས་བྱ་བ་ནི་བསྐལ་པ་སྟོང་དུ་བསགས་པའི་དགེ་བའི་རྩ་བ་འཇོམས་པ་སྟེ༔ ཞེས་དང་༔ སྤྱོད་འཇུག་ལས༔ བསྐལ་པ་སྟོང་དུ་བསགས་པ་ཡི༔ སྦྱིན་དང་བདེར་གཤེགས་མཆོད་ལ་སོགས༔ ལེགས་སྤྱད་གང་ཡིན་དེ་ཀུན་ཡང་༔ ཁོང་ཁྲོ་གཅིག་གིས་འཇོམས་པར་བྱེད༔ ཅེས་གསུངས་སོ༔ དེའི་གནད་ཀྱིས་སྐྱབས་འགྲོ་ནས་བཟུང་སྟེ་དགེ་སྦྱོར་ཐམས་ཅད་དེ་མ་ཐག་ཏུ་བསྔོ་བས་རྒྱས་བཏབ་ན་བྱང་ཆུབ་མ་ཐོབ་ཀྱི་བར་དུ་དགེ་རྩ་དེ་མི་ཟད་པ་དང་༔ དགེ་བ་ཆུང་དུ་ཞིག་ཡིན་ཀྱང་བསྔོ་བས་རྒྱས་བཏབ་ན་ཞག་རེ་ལ་སྐྱེད་རེ་འཕེལ་ཏེ་དགེ་བ་རྒྱ་ཆེན་པོར་འགྱུར་བ་ཡིན་པའི་ཕྱིར༔ རྡོ་རྗེའི་ཚིག་རྐང་ལས་བསྔོ་བ་ཚིག་རྐང་གཅིག་གསུངས་ནས་དེའི་


CMR057_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

འགྲེལ་པ་ཐུགས་རྗེ་ཆེན་པོས་གསུངས་པ་ལས༔ དེ་ལྟར་སྐྱབས་སུ་སོང་བའི་དགེ་བ་དེ་བདག་གིས་མ་རྒན་འགྲོ་དྲུག་སེམས་ཅན་ཀུན་ལ་བསྔོ༔ ཞེས་གསུངས་སོ༔ དེའི་དོན་རྒྱས་པར་འཆད་ན༔ བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས༔ ཇི་ལྟར་རྒྱ་མཚོ་ཆེ་ནང་ཆུ་ཐིགས་ལྟུང་༔ རྒྱ་མཚོ་མ་ཟད་བར་དུ་དེ་མི་ཟད༔ དེ་བཞིན་བྱང་ཆུབ་ཡོངས་བསྔོས་དགེ་བ་ཡང་༔ བྱང་ཆུབ་མ་ཐོབ་བར་དུ་དེ་མི་ཟད༔ ཅེས་དང་༔ འཇམ་དཔལ་ཞིང་བཀོད་ལས༔ ཆོས་རྣམས་ཐམས་ཅད་རྐྱེན་བཞིན་དུ༔ འདུན་པའི་རྩེ་ལ་རབ་ཏུ་གནས༔ གང་གིས་སྨོན་ལམ་ཅི་བཏབ་པ༔ འབྲས་བུའང་དེ་འདྲ་ཉིད་དུ་འབྱུང་༔ ཞེས་དང་༔ རྡོ་རྗེ་རྒྱལ་མཚན་གྱི་མདོ་ལས༔ འགྲོ་ཀུན་དགེ་བ་ཇི་སྙེད་ཡོད་པ་དང་༔ ཕྱོགས་བཅུའི་འཇིག་རྟེན་ཁམས་གང་ཡོད་པ་ཡི༔ དགེ་བའི་རྩ་བ་ཡང་དག་བསྒྲུབས་པས་ན༔ འགྲོ་བ་ཀུན་ལ་ཕན་དང་བདེ་སེམས་ཀྱི༔ ཡེ་ཤེས་མཁས་པ་དེ་དག་ཡོངས་སུ་བསྔོ༔ ཞེས་དང་༔ བཟང་པོ་སྤྱོད་པ་སྨོན་ལམ་གྱི་མདོ་ལས་ཀྱང་༔ རྒྱལ་བ་ཀུན་གྱི་སྲས་ཀྱི་ཐུ་བོ་པ༔ གང་གི་མིང་ནི་ཀུན་ཏུ་བཟང་ཞེས་བྱ༔ མཁས་པ་དེ་དང་


CMR057_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

མཚུངས་པར་སྤྱད་པའི་ཕྱིར༔ དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ༔ ཞེས་པ་ནས༔ བཟང་པོ་སྤྱོད་ཕྱིར་རབ་ཏུ་བསྔོ་བར་བགྱི༔ ཞེས་པའི་བར་དུ་གསུངས་སོ༔ ཤེར་ཕྱིན་སྟོང་ཕྲག་ཉེར་ལྔ་པ་ལས་བསྔོ་བའི་ཕན་ཡོན་མཐའ་ཡས་པ་ཞིག་གསུངས་པའི་དོན་བསྡུས་ཏེ་བཤད་ན༔ སྟོང་གསུམ་གྱི་འཇིག་རྟེན་ཁམས་ཀྱི་སེམས་ཅན་ཐམས་ཅད་དགེ་བ་བཅུ་དང་བསམ་གཏན་བཞི་དང་༔ ཚད་མེད་པ་བཞི་དང་མངོན་ཤེས་ལྔ་ཐོབ་པའི་བསོད་ནམས་ལས༔ དགེ་བ་བྱང་ཆུབ་ཏུ་བསྔོས་ན་བསོད་ནམས་ཆེ་བ་དང་༔ སྟོང་གསུམ་ཁམས་ཀྱི་སེམས་ཅན་ཐམས་ཅད་རྒྱུན་ཏུ་ཞུགས་པ་དང་༔ ལན་གཅིག་ཕྱིར་འོང་བའི་འབྲས་བུ་དང་ཕྱིར་མི་འོང་བ་དང་དགྲ་བཅོམ་པ་ཐོབ་པ་ལ་བསྙེན་བཀུར་རྒྱ་ཆེན་པོ་བྱས་པའི་བསོད་ནམས་ལས་ཀྱང་༔ དགེ་བ་བྱང་ཆུབ་ཏུ་བསྔོས་ན་བསོད་ནམས་ཆེ་བ་དང་༔ སྟོང་གསུམ་གྱི་སེམས་ཅན་ཐམས་ཅད་རང་སངས་རྒྱས་སུ་གྱུར་པ་ལ་བསྙེན་བཀུར་རྒྱ་ཆེན་པོ་བྱས་པ་བས་ཀྱང་དགེ་བ་བྱང་ཆུབ་ཏུ་བསྔོས་ན་བསོད་ནམས་ཆེ་བ་དང་༔ སྟོང་གསུམ་གྱི་སེམས་ཅན་ཐམས་ཅད་བྱང་ཆུབ་སེམས་དཔར་གྱུར་པ་ལ༔ ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གངྒཱ་ཀླུང་གི་


CMR057_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

བྱེ་མ་སྙེད་རེ་རེས་ཀྱང་བྱང་ཆུབ་སེམས་དཔའ་དེ་དག་ལ་མཆོད་པ་དང་བསྙེན་བཀུར་ཕུན་སུམ་ཚོགས་པ་བྱས་པ་བས་ཀྱང་༔ དགེ་རྩ་བྱང་ཆུབ་ཏུ་བསྔོ་བས་རྒྱས་བཏབ་ན་བསོད་ནམས་ཆེ་བར་གསུངས་སོ༔ དེ་ལྟ་བུའི་ཕན་ཡོན་རྒྱ་ཆེ་བའི་བསྔོ་བ་ནི་འཁོར་གསུམ་མི་དམིགས་པར་བསྔོ་བ་ཡིན་ཏེ༔ མངོན་རྟོགས་རྒྱན་ལས༔ ཡོངས་སུ་བསྔོ་བ་ཁྱད་པར་ཅན༔ དེ་ཡི་བྱེད་པ་མཆོག་ཡིན་ནོ༔ དེ་ནི་མི་དམིགས་རྣམ་པ་ཅན༔ ཕྱིན་ཅི་མ་ལོག་མཚན་ཉིད་དོ༔ ཞེས་གསུངས་པ་དང་༔ སྡུད་པ་ལས༔ གང་དུ་ཡོངས་སུ་བསྔོ་བ་དེ་ཡང་ཟད་པ་དང་༔ གང་གིས་ཡོངས་སུ་བསྔོ་བ་དེ་ཡང་ཟད་པ་དང་༔ ཆོས་ཀྱི་ཆོས་ལ་ནམ་ཡང་མི་བསྔོ་ཤེས་གྱུར་ན༔ དེ་ལྟར་ཡོངས་སུ་བསྔོ་བས་བྱང་ཆུབ་བསྔོ་བ་ཡིན༔ ཞེས་དང་༔ བློ་གྲོས་རྒྱ་མཚོས་ཞུས་པར༔ བྱང་ཆུབ་སེམས་དཔའ་དགེ་བ་མང་དུ་བསགས་པ་ཡང་༔ ཐམས་ཅད་མཁྱེན་པ་ཉིད་དུ་མ་བསྔོས་ན༔ ཕ་རོལ་ཏུ་ཕྱིན་པའི་མིང་ཡང་མི་ཐོབ་ཀྱི༔ དགེ་བའི་རྩ་བ་ཉིད་ཀྱི་གྲངས་སུ་འགྲོའོ༔ གང་གི་ཚེ་ཐམས་ཅད་མཁྱེན་པ་ཉིད་དུ་བསྔོས་པ་དེ་ཚེ་ཕ་རོལ་ཏུ་ཕྱིན་པའི་མིང་འཐོབ་བོ༔ དེས་ན་དགེ་བ་ཅི་


CMR057_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་ཅི་བསགས་ཐམས་ཅད་མཁྱེན་པ་ཉིད་དུ་བསྔོའོ༔ ཞེས་དང་༔ ནམ་མཁའ་མཛོད་ལས༔ ཐ་དད་ཕྱོགས་ནི་ཆུ་ཀླུང་མང་པོ་དག༔ རྒྱ་མཚོ་ཆེར་འབབ་རོ་གཅིག་གྱུར་པ་ལྟར༔ ཐ་དད་ཕྱོགས་ནས་དགེ་བ་བསགས་བྱས་པ༔ བྱང་ཆུབ་བསྔོས་པ་རྣམས་ཀྱང་རོ་གཅིག་འགྱུར༔ ཞེས་དང་༔ སྤྱོད་འཇུག་ལས༔ དངོས་སམ་ཡང་ན་རྒྱུད་ཀྱང་རུང་༔ སེམས་ཅན་དོན་ལས་གཞན་མི་སྤྱད༔ སེམས་ཅན་ཁོ་ནའི་དོན་གྱི་ཕྱིར༔ ཐམས་ཅད་བྱང་ཆུབ་ཕྱིར་བསྔོའོ༔ ཞེས་གསུངས་སོ༔ འདི་ལྟར་བསྔོ་བའི་གདམས་པ་འདི༔ བཅོམ་ལྡན་འདས་ཀྱིས་བསྟན་པ་འདིའི་མན་ངག་ཟབ་མོ༔ འཇིག་རྟེན་གྱི་བསྟན་བཅོས་ལས་མ་གྲགས་པ་ཡིན་ཏེ༔ སློབ་དཔོན་དཔའ་བོས༔ བསོད་ནམས་བྱས་པའི་དངོས་པོ་ནི༔ སེམས་ཅན་རྣམས་ལ་ཡོངས་བསྔོ་བ༔ བཅོམ་ལྡན་ཁྱོད་ཀྱིས་གང་གསུངས་པ༔ དེ་གཞན་བསྟན་བཅོས་ལས་མ་བཤད༔ ཅེས་གསུངས་སོ༔ འོ་ན་བྱང་ཆུབ་ཏུ་བསྔོ་བ་དེ་ཅི་ལྟར་ཡིན་ཞེ་ན༔ འཕགས་པ་སྡུད་པ་ལས༔ བྱང་ཆུབ་སེམས་དཔའ་ཤེས་རབ་མཆོག་བསྒོམ་སྟེ༔ དེ་ལས་ལངས་ནས་གོས་པ་མེད་པའི་ཆོས་བརྗོད་ཅིང་༔ དེ་ཡང་


CMR057_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བའི་དོན་དུ་བྱང་ཆུབ་རྒྱུར་བསྔོ་ན༔ དགེ་བ་དེ་དང་མཉམ་པ་འཇིག་རྟེན་གསུམ་ན་མེད༔ སྦྱིན་དང་ཚུལ་ཁྲིམས་བཟོད་དང་བརྩོན་འགྲུས་དང་༔ བསམ་གཏན་ཤེས་རབ་བྱང་ཆུབ་ཡོངས་སུ་བསྔོ་བར་གྱིས༔ གལ་ཏེ་མཚན་མར་བྱེད་ན་བྱང་ཆུབ་བསྔོ་བ་མིན༔ ཅི་སྟེ་མཚན་མ་མེད་ན་བྱང་ཆུབ་བསྔོ་བ་ཡིན༔ ཞེས་དང་༔ རྡོ་རྗེ་རྒྱལ་མཚན་མདོ་ལས༔ དེ་བཞིན་ཉིད་ཀྱི་ངང་ཚུལ་ཅི་འདྲ་དང་༔ དེ་བཞིན་ཉིད་ཀྱི་རང་བཞིན་ཅི་འདྲ་དང་༔ དེ་བཞིན་ཉིད་ཀྱི་མཚན་ཉིད་ཅི་འདྲ་བར༔ དེ་འདྲར་ལས་རྣམས་ཀུན་ཀྱང་ཡོངས་སུ་བསྔོ༔ ཞེས་དང་༔ རྒྱན་སྟུག་པོ་བཀོད་པའི་མདོ་ལས༔ ནོར་བུ་ཆུ་དང་མེ་ཤེལ་དག༔ ཉི་ཟླའི་འོད་ཀྱིས་ཕོག་པ་ན༔ འདི་དག་སོ་སོའི་ཡོན་ཏན་འབྱིན༔ དེ་བཞིན་ཀུན་གཞིའི་རྣམ་ཤེས་འདི༔ བདེ་གཤེགས་སྙིང་པོའི་ཁམས་དགེ་བ༔ བསྔོས་པར་འགྱུར་ན་འབྲས་བུ་འབྱིན༔ ཞེས་གསུངས་པས་རབ་སྟོང་ཉིད་ཉམས་ལེན་གྱི་ངང་ནས་བསྔོ་བ་བྱ༔ འབྲིང་ཡང་སྒྱུ་མ་རྨི་ལམ་ལྟ་བུ་དངོས་པོར་མ་གྲུབ་པའི་ཉམས་ལེན་ངང་ནས་བསྔོ༔ དེ་ལྟ་བུ་མི་ཤེས་ནའང་ས་ཆེན་པོ་ལ་བཞུགས་པའི་བྱང་ཆུབ་སེམས་དཔའ་དང་༔


CMR057_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

དུས་གསུམ་གྱི་རྒྱལ་བ་རྣམས་ཀྱིས་ཇི་ལྟར་བསྔོས་པ་ལྟར༔ དགེ་བ་འདི་ཡང་དེ་ལྟར་བསྔོ་སྙམ་པའི་འདུན་པ་རྩེ་གཅིག་པས་བསྔོ་བ་ཡིན་ཏེ༔ ཕུང་པོ་གསུམ་པའི་མདོ་ལས༔ འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཡོངས་སུ་བསྔོས་པ་དང་༔ ཞེས་སོགས་གསུངས་སོ༔ གསང་སྔགས་བསྐྱེད་རྫོགས་སྒོམ་བཟླས་དང་ཚོགས་ཀྱི་མཆོད་པ་སོགས་ཀྱང་བསྔོ་བས་རྒྱས་འདེབས་པ་གལ་ཆེ་སྟེ༔ སྡོམ་པ་འབྱུང་བའི་རྒྱུད་ལས༔ དེ་ནས་དཀྱིལ་འཁོར་མདུན་ཉིད་དུ༔ སྙིང་གར་ཐལ་མོ་རབ་སྦྱར་ཏེ༔ སྦྱིན་བདག་གིས་ནི་སྨོན་ལམ་གདབ༔ ཡོངས་སུ་བསྔོ་བ་ཉིད་དུ་བྱས༔ ཞེས་དང་༔ གསང་བ་ཁ་སྦྱོར་ཐིག་ལེའི་རྒྱུད་ལས༔ རྡོ་རྗེ་ཐལ་མོ་སྦྱར་བྱས་ནས༔ རང་གི་སྙིང་གར་བཞག་ནས་སུ༔ སེམས་ཅན་ཐམས་ཅད་ལ་དམིགས་ཏེ༔ སྨོན་ལམ་དག་ནི་གདབ་པར་བྱ༔ ཞེས་དང་༔ ཨོ་རྒྱན་རིན་པོ་ཆེས༔ བསོད་ནམས་བསགས་དང་དེ་ཡི་འབྲས༔ བསྔོ་དང་བསྔོ་བ་ལ་སོགས་རྣམས༔ རང་བཞིན་མེད་པར་ཡོངས་ཤེས་ནས༔ བླ་མེད་མཆོག་གི་བསྔོ་བའོ༔ ཞེས་དང་༔ ལྷའམ་བླ་མ་ལ་སོགས་པ༔ དཀོན་མཆོག་གསུམ་དང་རྟེན་དྲུང་དུ༔


CMR057_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་འདུན་དད་པས་ཚོགས་བསགས་ཤིང་༔ སྨོན་ལམ་རྒྱ་ཆེན་གདབ་པར་བྱ༔ དེ་ཡི་ཡོན་ཏན་བརྗོད་ལས་འདས༔ ཞེས་དང་༔ ཉ་སྟོང་བརྒྱད་གསུམ་ལ་སོགས་དུས༔ དགེ་རྩ་དཀོན་མཆོག་དྲུང་དུ་བསྔོ༔ ཞེས་གསུངས་པའི་དོན་ཡིན་པས༔ མདུན་གྱི་ནམ་མཁར་སྐྱབས་ཡུལ་སྔར་སྨོས་པ་དེ་དག་གསལ་ཐོབ༔ དེ་དག་དུ༔ ཆོས་ཉན་པའི་བསོད་ནམས་དང་༔ སྐྱབས་སུ་འགྲོ་བའི་སྡོམ་པ་ཞུས་པའི་བསོད་ནམས་དང་༔ ད་ལྟ་ཡང་སྐྱབས་སུ་འགྲོ་བའི་དགེ་བའི་རྩ་བ་དེ་ཐམས་ཅད༔ ཕ་མས་ཐོག་དྲངས་སེམས་ཅན་ཐམས་ཅད་ལ་བསྔོའོ༔ དེའི་དགེ་བས་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རིན་པོ་ཆེ་མྱུར་དུ་ཐོབ་པར་གྱུར་ཅིག་བསམ་པ་གྱིས་རྡོ་རྗེའི་ཚིག་རྐང་ལས་གསུངས་པའི་བསྔོ་བ་ཚིག་གཅིག་པོ་འདིའི་རྗེས་ཟློས་ལན་གསུམ་མཛོད༔ དགེ་བ་མ་རྒན་འགྲོ་དྲུག་ཀུན་ལ་བསྔོ༔ གསུམ༔ དེ་ནས་ནམ་མཁར་བསྒོམས་པའི་སྐྱབས་ཡུལ་ཐམས་ཅད་འོད་དུ་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ་པས༔ འཕགས་པ་དཀོན་མཆོག་གསུམ་གྱི་སྐྱབས་འོག་དམ་པར་ཚུད་ངེས་སྙམ་པའི་ངེས་ཤེས་མཛོད་


CMR057_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

ལ༔ སེམས་མ་བཅོས་པར་མཉམ་པར་ཞོག༔ དེ་ནི་དོན་དམ་པའི་སྐྱབས་འགྲོ་ཡང་ཡིན་ཏེ༔ མ་དྲོས་པས་ཞུས་པའི་མདོ་ལས༔ བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་བདག་མེད་པ་སེམས་ཅན་མེད་པ་སྲོག་མེད་པ་གང་ཟག་མེད་པར་ཤེས༔ གཟུགས་སུ་མ་ཡིན་མཚན་དུ་མ་ཡིན༔ ཆོས་སུ་མ་ཡིན་པར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྗེས་སུ་མཐོང་བ་དེ་ལྟ་བུ་ནི༔ ཟང་ཟིང་མེད་པའི་སེམས་ཀྱིས་སངས་རྒྱས་ལ་སྐྱབས་སུ་སོང་བ་ཡིན་ནོ༔ དེ་བཞིན་གཤེགས་པའི་ཆོས་ཉིད་གང་ཡིན་པ་དེ་ནི་ཆོས་ཀྱི་དབྱིངས་སོ༔ ཆོས་ཀྱི་དབྱིངས་གང་ཡིན་པ་དེ་ནི་ཆོས་ཐམས་ཅད་ཀྱི་རྗེས་སུ་སོང་བ་ཞེས་བྱ་སྟེ༔ དེ་ལྟར་ཆོས་ཐམས་ཅད་ཀྱི་དབྱིངས་སུ་སོང་བ་མཐོང་སྟེ༔ དེ་ལྟར་མཐོང་བ་དེ་ལྟ་བུ་ནི་ཟང་ཟིང་མེད་པའི་སེམས་ཀྱི་ཆོས་ལ་སྐྱབས་སུ་སོང་བ་ཡིན་ནོ༔ གང་ཆོས་ཀྱི་འདུས་མ་བྱས་པར་བསྒོམ་པ་དང་༔ ཉན་ཐོས་ཀྱི་ཐེག་པ་འདུས་མ་བྱས་པར་བསྟན་པ་དང་༔ འདུས་བྱས་དང་འདུས་མ་བྱས་པ་གཉིས་སུ་མེད་པ་འདི་ལྟ་བུ་ནི་ཟང་ཟིང་མེད་པའི་སེམས་ཀྱིས་དགེ་འདུན་ལ་སྐྱབས་སུ་སོང་བ་ཡིན་ནོ༔ ཞེས་དང་༔ ཨོརྒྱན་རིན་པོ་ཆེའི་ཞལ་ནས༔ ཡེ་


CMR057_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སྟོང་ཉིད་སྤྲོས་དང་བྲལ་བ་ལ༔ སྤྲོས་མེད་སྤྲོས་བྲལ་འདུས་མ་བྱས་པའི་སྐུ༔ འཛིན་མེད་བློ་འདས་ངང་དུ་སྐྱབས་སུ་མཆི༔ ངོ་བོ་རང་བཞིན་ཐུགས་རྗེ་ཀ་ནས་དག༔ མཉམ་རྫོགས་ཀློང་ཡངས་ཆེན་པོའི་རང་བཞིན་ལ༔ རྟོག་མེད་རང་གསལ་རྗེན་པར་སྐྱབས་སུ་མཆི༔ ཞེས་གསུངས་སོ༔ དེས་ན་དུས་རྒྱུན་དུའམ༔ ནངས་ནུབ་སྐྱབས་ཡུལ་གསལ་ཐོབ་ལ༔ སྐྱབས་འགྲོ་གང་ཤེས་མཛོད་ལ༔ མཐར་སྐྱབས་ཡུལ་རང་ལ་བསྟིམ་ནས་སེམས་མ་བཅོས་པར་རང་ལུགས་སུ་ཀློད་ལ་ཞོག་ཅིག༔ དེས་ཁྱད་པར་གྱི་སྔོན་འགྲོ་བཞིའི་དང་པོའི་དང་པོ་སྐྱབས་འགྲོའི་ཁྲིད་དེ༔ ཆོས་ཐུན་དགུ་པའོ༔ ༈ དེ་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི་རྡོ་རྗེའི་ཚིག་རྐང་ལས༔ སེམས་ཅན་དོན་དུ་བྱང་ཆུབ་སེམས་བསྐྱེད་དོ༔ ཞེས་དང་༔ དེའི་འགྲེལ་པ་ཐུགས་རྗེ་ཆེན་པོ་ཉིད་ཀྱི་རང་འགྲེལ་ལས༔ སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་གིས་བྱང་ཆུབ་ཆེན་པོར་མཆོག་ཏུ་སེམས་བསྐྱེད་པར་བྱེད་དེ༔ ཞེས་གསུངས་པའི་དོན་རྒྱས་པར་འཆད་ན༔ ཕལ་པོ་ཆེ་ལས༔ གང་གིས་ཕྱོགས་བཅུའི་རྒྱལ་བ་བལྟ་བར་འདོད་པ་


CMR057_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

དང་༔ གང་ཞིག་སྦྱིན་གཏོང་བསོད་ནམས་མི་ཟད་མཛོད་འདོད་དང་༔ འགྲོ་བ་ཀུན་གྱི་སྡུག་བསྔལ་མི་ཟད་རྟོགས་འདོད་ན༔ དེས་ནི་ཡོན་ཏན་མཐའ་ཡས་བྱང་ཆུབ་སེམས་བསྐྱེད་བྱ༔ ཞེས་དང་༔ བསླབ་བཏུས་ལས༔ སྡུག་བསྔལ་མཐར་ཕྱིན་འདོད་པ་དང་༔ བདེ་བའི་མཐར་ཡང་འགྲོ་འདོད་པས༔ དད་པའི་རྩ་བ་བརྟན་བྱས་ཏེ༔ བྱང་ཆུབ་ཏུ་ནི་བློ་བརྟན་བྱ༔ ཞེས་དང་༔ ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པའི་མདོ་ལས༔ འོད་སྲུང་ལྷག་པའི་བསམ་པ་ལ་ཞུགས་པ་ལ་བྱང་ཆུབ་འགྲུབ་པ་དཀའ་བ་མ་མཆིས་སོ༔ དེ་ཅིའི་ཕྱིར་ཞེ་ན༔ བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི༔ སེམས་བསྐྱེད་པ་ལ་རགས་ལས་ཏེ༔ བྱང་ཆུབ་ཏུ་སེམས་བསྐྱེད་མ་ཐག་ཏུ༔ སངས་རྒྱས་དང་སངས་རྒྱས་ཀྱི་ཆོས་རྣམས་བཟུང་བར་འགྱུར་རོ༔ ཞེས་དང་༔ བསོད་ནམས་ཐམས་ཅད་བསྡུས་པའི་མདོར༔ སྲེད་མེད་ཀྱི་བུ་དཔེར་ན༔ ཆུ་ཀླུང་དང་ཆུ་མིག་དང་ཆུ་བྲན་དང་འབབ་ཆུ་ཐམས་ཅད་ནི༔ རྒྱ་མཚོ་ཆེན་པོའི་ཁོངས་སུ་འདུ་ཞིང་རྗེས་སུ་ཞུགས་པར་རིག་པར་བྱའོ༔ དེ་བཞིན་དུ་བསོད་ནམས་བྱ་བའི་དངོས་པོ་གང་ཅི་ཡང་རུང་བ༔ སྦྱིན་པ་ལས་བྱུང་བ་དང་༔


CMR057_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་ཁྲིམས་དང་བསྒོམ་པ་ལས་བྱུང་བ་དང་༔ ཟག་པ་དང་བཅས་པ་དང་ཟག་པ་མེད་པ་དང་༔ འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བསོད་ནམས་ཇི་སྙེད་པ་དེ་དག་ཐམས་ཅད་བྱང་ཆུབ་ཀྱི་སེམས་ཀྱི་ཁོངས་སུ་འདུ་ཞིང་རྗེས་སུ་ཞུགས་པ་དག་གོ༔ སྲེད་མེད་ཀྱི་བུ་དེའི་ཕྱིར་བསོད་ནམས་ཐམས་ཅད་ཡོངས་སུ་བཟུང་བར་འདོད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་བླ་ན་མེད་པ་ཡང་དག་པར་རྫོ་གས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ༔ ཞེས་དང་༔ ངེས་པ་དང་མ་ངེས་པའི་ཕྱག་རྒྱ་ལ་འཇུག་པའི་མདོར༔ འཇམ་དཔལ་གང་དང་གང་གིས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེའི་ཕྱིར༔ སེམས་དེ་ལ་མི་དགེ་བའི་ལས་རྣམས་ལ་མ་སྤངས་པ་ཅི་ཡང་མེད་ལ༔ དེ་ཡང་སངས་རྒྱས་ཀྱི་ཆོས་རྣམས་ལ་མ་བཟུང་པ་གང་ཡང་མེད་པའི་ཕྱིར༔ འཇམ་དཔལ་བྱང་ཆུབ་སེམས་དཔའ་རྣམས་ནི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་ཡིན་ནོ༔ ཞེས་དང་༔ དཀོན་མཆོག་ཏཱ་ལའི་མདོར༔ རྒྱལ་དང་རྒྱལ་བའི་ཆོས་ལ་དད་གྱུར་ཅིང་༔ སངས་རྒྱས་སྲས་ཀྱི་ཆོས་ལ་དད་བྱེད་པ༔ བྱང་ཆུབ་བླ་ན་མེད་ལ་ཡིད་ཆེས་ན༔ སྐྱེས་བུ་དམ་པ་རྣམས་ཀྱི་


CMR057_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་སྐྱེའོ༔ རྒྱལ་བ་ཀུན་དང་ཆོས་དང་དགེ་འདུན་དང་དེ་བཞིན་བླ་མར་གྱུར་པ་ཐམས་ཅད་ལ༔ དད་དང་མོས་དང་དགའ་བ་བསྐྱེད་བྱས་ཏེ༔ སྲིད་ཞུའི་མཆོད་བྱ་བྱང་ཆུབ་སེམས་ཀྱང་སྐྱེ༔ རྒྱལ་དང་བདེ་གཤེགས་ཆོས་ལ་ཡིད་ཆེས་ན༔ རྒྱལ་སྲས་སྤྱོད་པ་རྣམས་ལ་ཡིད་ཆེས་ན༔ བྱང་ཆུབ་བླ་ན་མེད་ལ་ཡིད་ཆེས་ན༔ སྐྱེས་བུ་དམ་པ་རྣམས་ཀྱི་སེམས་སྐྱེའོ༔ ཞེས་དང་༔ བྱམས་པས་ཞུས་པའི་མདོ་ལས༔ བྱང་ཆུབ་སེམས་དཔའ་ཆོས་གཅིག་དང་ལྡན་ན༔ ངན་སོང་ཐམས་ཅད་སྤངས་ཤིང་༔ སྡིག་པའི་གྲོགས་པོའི་ལག་ཏུ་མི་འགྲོ་ལ༔ མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཏེ༔ ཆོས་གཅིག་པོ་དེ་གང་ཞེ་ན་འདི་ལྟ་སྟེ༔ ལྷག་པའི་བསམ་པ་ཕུན་སུམ་ཚོགས་པའི་བྱང་ཆུབ་ཀྱི་སེམས་སོ༔ ཞེས་དང་༔ རྣམ་སྣང་མངོན་བྱང་ལས་ཀྱང་ཐམས་ཅད་མཁྱེན་པའི་རྒྱུ་དང་རྩ་བ་བཤད་པའི་སྐབས་སུ༔ རྒྱུ་ནི་བྱང་ཆུབ་ཀྱི་སེམས་སོ༔ ཞེས་གསུངས་སོ༔ བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་བྱང་ཆུབ་སེམས་དཔའ་ཆོས་གཅིག་དང་ལྡན་ན་སངས་རྒྱས་ཀྱི་ཆོས་འདི་དག་དང་གཞན་ཡང་དཔག་ཏུ་མེད་པ་


CMR057_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་འཛིན་ཏོ༔ ཆོས་གཅིག་པུ་གང་ཞེ་ན་འདི་ལྟ་སྟེ༔ བསམ་པ་ཕུན་སུམ་ཚོགས་པའི་བྱང་ཆུབ་ཀྱི་སེམས་སོ༔ ཞེས་དང་༔ འཕགས་པ་ནཱ་ག་ཛུ་བདག་ཉིད་དང་ནི་འཇིག་རྟེན་འདིས༔ བླ་མེད་བྱང་ཆུབ་ཐོབ་འདོད་ན༔ དེ་ཡི་རྩ་བ་བྱང་ཆུབ་སེམས༔ ཞེས་དང་༔ རྫོགས་པ་ཆེན་པོའི་རྒྱུད་རྣམས་ཀྱི་དོན་བསྡུས་པ་ཌཱ་ཀི་སྙིང་ཐིག་ལས༔ དེ་ནས་སྔོན་འགྲོ་བྱང་ཆུབ་སེམས་སྦྱོང་དགོས་པ་ནི༔ བྱམས་དང་སྙིང་རྗེ་ཆོས་སྤྱིའི་ལམ༔ ཐེག་པ་ཆེན་པོར་འཇུག་ཕྱིར་དུ༔ ཞེས་དང་༔ ཨུ་རྒྱན་རིན་པོ་ཆེའི་ཞལ་ནས༔ ཤེས་རབ་ཟབ་མོ་སྟོང་ཉིད་མངོན་དུ་གྱུར་ཀྱང་༔ ཐབས་མཁས་ཐུགས་རྗེ་སྙིང་རྗེས་སེམས་བསྐྱེད་མེད་ན༔ ཐེག་དམན་ཉན་རང་དུ་འགྲོ་བས་སྙིང་རྗེས་བྱང་མི་ཆུབ་ཏུ་སེམས་བསྐྱེད༔ ཅེས་གསུངས་སོ༔ འོ་ན་སེམས་བསྐྱེད་དེ་ཅི་ལྟ་བུ་ཞེ་ན༔ མངོན་པར་རྟོགས་པའི་རྒྱན་ལས༔ སེམས་བསྐྱེད་པ་ནི་གཞན་དོན་ཕྱིར༔ ཡང་དག་རྫོགས་པའི་བྱང་ཆུབ་འདོད༔ ཅེས་གསུངས་སོ༔ སེམས་བསྐྱེད་དེ་ལ་དཔེའི་སྒོ་ནས་དབྱེ་ན༔ ས་ལྟ་བུའི་སེམས་བསྐྱེད་ལ་སོགས་པ་དབྱེ་བ་ཉི་ཤུ་རྩ་གཉིས་ཏེ༔ མངོན་རྟོགས་


CMR057_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན་ལས༔ དེ་ཡང་ས་གསེར་ཟླ་བ་མེ༔ གཏེར་དང་རིན་ཆེན་འབྱུང་གནས་མཚོ༔ རྡོ་རྗེ་རི་སྨན་བཤེས་གཉེན་དང་༔ ཡིད་བཞིན་ནོར་བུ་ཉི་མ་ཀླུ༔ རྒྱལ་པོ་མཛོད་དང་ལམ་པོ་ཆེ༔ བཞོན་པ་བཀོད་པའི་ཆུ་དང་ནི༔ སྒྲ་སྙན་ཆུ་བོ་སྤྲིན་རྣམས་ཀྱི༔ རྣམ་པ་ཉི་ཤུ་རྩ་གཉིས་སོ༔ ཞེས་གསུངས་སོ༔ དེ་ནི་ལས་དང་པོ་ནས་སངས་རྒྱས་ཀྱི་སའི་བར་གྱི་བསྐྱེད་ཡིན་ལ༔ མཚན་ཉིད་སྒོ་ནས་དབྱེ་ན༔ དོན་དམ་དང་ཀུན་རྫོབ་གཉིས་ཏེ༔ དགོངས་པ་ངེས་འགྲེལ་ལས༔ བྱང་ཆུབ་ཀྱི་སེམས་དེ་ཡང་རྣམ་པ་གཉིས་ཏེ༔ དོན་དམ་བྱང་ཆུབ་ཀྱི་སེམས་དང་༔ ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སོ༔ ཞེས་གསུངས་སོ༔ ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ལ་ཡང་སྨོན་པ་དང་འཇུག་པ་གཉིས་ཏེ༔ སྤྱོད་འཇུག་ལས༔ བྱང་ཆུབ་སེམས་དེ་མདོར་བསྡུས་ན༔ རྣམ་པ་གཉིས་སུ་ཤེས་བྱ་སྟེ༔ བྱང་ཆུབ་སྨོན་པའི་སེམས་དང་ནི༔ བྱང་ཆུབ་འཇུག་པ་ཉིད་ཡིན་ནོ༔ ཞེས་གསུངས་སོ༔ དེ་གཉིས་ཀྱི་ཁྱད་པར་ཇི་ལྟར་ཞེ་ན༔ སྤྱོད་འཇུག་ལས༔ འགྲོ་བར་འདོད་དང་འགྲོ་བ་ཡི༔ བྱེ་བྲག་ཇི་བཞིན་ཤེས་པ་ལྟར༔ དེ་བཞིན་མཁས་པས་འདི་གཉིས་ཀྱི༔ བྱེ་བྲག་


CMR057_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་བཞིན་ཤེས་པར་བྱ༔ ཞེས་གསུངས་སོ༔ སེམས་བསྐྱེད་པའི་རྒྱུ་ནི་ཆོས་བཅུ་པའི་མདོ་དང་བྱང་ཆུབ་སེམས་དཔའི་ས་དང་༔ མདོ་སྡེ་རྒྱན་སོགས་ནས་མང་དུ་གསུངས་ཀྱང་༔ ད་ལམ་ནི་སེམས་བསྐྱེད་ཀྱི་ཕན་ཡོན་ཐོས་པ་དང་དགེ་བའི་བཤེས་གཉེན་གྱིས་བསྐུལ་བ་གཙོ་བོ་ཡིན་ནོ༔ བྱང་ཆུབ་སེམས་བསྐྱེད་བླང་བའི་ཡུལ་ནི་སློབ་དཔོན་ཡོད་པའི་ལུགས་དང་མེད་པའི་ལུགས་གཉིས་ལས༔ ད་རེས་སློབ་དཔོན་ཡོད་པའི་ལུགས་སུ་བླངས་ནས༔ རྗེས་ནས་རྒྱུན་དུ་སངས་རྒྱས་བྱང་སེམས་ཡིད་ཀྱིས་དམིགས་ཏེ་བླང་བར་བྱའོ༔ དེ་ཡང་རང་ཉིད་ངན་སོང་ལས་ཐར་ནས་མཐོ་རིས་ཀྱི་བདེ་སྐྱིད་ཐོབ་པར་འདོད་པ་ནི༔ ལེགས་སྨོན་ཙམ་སྟེ་ཆོས་པའི་གྲངས་སུ་ཡང་མི་འགྲོ་སྟེ་དམན་པ་ལྷ་མིའི་ཐེག་པ་ཞེས་རང་ཉིད་འཁོར་བའི་སྡུག་བསྔལ་ཐམས་ཅད་ལས་ཐར་ནས་བྱང་ཆུབ་ཐོབ་འདོད་པ་ནི་ཐེག་དམན་ཉན་ཐོས་ཀྱི་ལམ༔ རང་ཉིད་འཁོར་བའི་སྡུག་བསྔལ་ལས་ཐར་ནས༔ སློབ་དཔོན་གཞན་གྱི་དྲིན་ལ་མ་ལྟོས་པར་བྱང་ཆུབ་ཐོབ་པར་འདོད་པ་ནི་རང་སངས་རྒྱས་ཀྱི་ལམ་སྟེ༔ ཐེག་པ་དམན་པ་ཡིན༔ དེ་ནི་ལམ་གྱི་གོལ་ས་ཆེན་པོ་ཡིན་ནོ༔ སེམས་


CMR057_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་བྱང་ཆུབ་ཐོབ་པར་འདོད་པ་ནི་ཐེག་པ་ཆེན་པོ་ཡིན༔ དེ་ཅིའི་ཕྱིར་ཞེ་ན༔ བཤེས་སྤྲིང་ལས༔ མ་ཡི་ཐོག་མཐའ་རྒྱ་ཤུག་ཚི་གུ་ཙམ། རིལ་བུར་བགྲང་ཡང་ས་ཡིས་ལངས་མི་འགྱུར༔ ཞེས་དང་༔ གང་གི་ལྟོར་མ་ཉལ་བའི་སེམས་ཅན་གཅིག་མེད་ཅིང་༔ གང་གི་ནོར་རྫས་བྱིན་དང་བསྲུང་ལ་སོགས༔ བདག་གི་དོན་དུ་དཀའ་བ་མ་སྤྱད་སེམས་ཅན་ནི༔ གཅིག་ཀྱང་མེད་ཕྱིར་ཀུན་ལ་སྙོམས་པར་བྱ༔ ཞེས་དང་སློབ་སྤྲིང་ལས༔ བྱིས་པ་པང་ནས་བཙའ་བ་ཅི་ཡང་མི་ནུས་པ༔ གང་གི་ནུ་ཞོ་བྱམས་པའི་ཤུགས་ཀྱིས་ཟག་བཏུང་བ༔ ངལ་བ་མང་བསྟེན་བྱམས་པས་བསྟེན་པ་དེ་དག་འདིར༔ ཤིན་ཏུ་མ་རིག་ཞིག་ནའང་སྤང་བར་སུ་ཞིག་སྤྲོ༔ ཞེས་གསུངས་པས༔ སེམས་ཅན་ཐམས་ཅད་རང་གི་ཚེ་རབས་དཔག་ཏུ་མེད་པའི་ཕ་དང་མ་ཤ་སྟག་ཡིན་པས༔ དེ་ཐམས་ཅད་སྐྱོན་ཟད་ཡོན་ཏན་རྫོགས་པའི་སངས་རྒྱས་ཀྱི་སར་འགོད་དགོས༔ དེ་ད་ལྟ་རང་ཅག་གིས་མི་ཐུབ་ཀྱང་༔ རང་ཉིད་རྫོགས་པའི་བྱང་ཆུབ་དེ་སྒྲུབ་ནས་སེམས་ཅན་ཐམས་ཅད་ཀྱང་སངས་རྒྱས་ཀྱི་སར་བདག་ཁོ་ནས་འགོད་པར་བྱ་སྙམ་པའི་བསམ་པ་རྣམ་པར་


CMR057_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

དག་པ་དེ་ཡོད་ན་ཐེག་པ་ཆེན་པོ་ཡིན་ནོ༔ ཐར་པ་ཆེན་པོའི་མདོ་ལས༔ ཐེག་ཆེན་དཔེ་ཚད་རྒྱ་མཚོ་བཞིན༔ ཐེག་པ་ཆུང་ངུ་བ་ལང་རྗེས༔ ཐེག་ཆེན་དཔེ་བ་ལྷུན༔ ཐེག་པ་ཆུང་ངུ་གྲོག་མའི་མཁར༔ ཐེག་ཆེན་དཔེ་ཚད་ཉི་ཟླ་བཞིན༔ ཐེག་པ་ཆུང་དུ་མེ་སྟག་ཙམ༔ ཞེས་གསུངས་སོ༔ དེ་ལ་སེམས་བསྐྱེད་ཡུལ་ད་ལྟ་སློབ་དཔོན་ཉིད་ལས་བླང་བས་འཐུས་མོད་ཀྱང་༔ རྒྱུན་དུ་ཉམས་ལེན་གྱི་དོན་ཡང་ཡིན་པས་དམིགས་པ་འདི་བཞིན་དུ་སྒོམས་ཤིག༔ མདུན་གྱི་ནམ་མཁར་ཀུན་ཏུ་བཟང་པོ་ལ༔ སངས་རྒྱས་བྱང་སེམས་དཔག་ཏུ་མེད་པས་བསྐོར༔ ཞེས་རྡོ་རྗེའི་ཚིག་རྐང་ལས་གསུངས་པ་དང་༔ དེའི་རང་འགྲེལ་ཐུགས་རྗེ་ཆེན་པོས་གསུངས་པ་ལས༔ ད་རང་གི་མདུན་གྱི་ནམ་མཁར་ཆོས་སྐུ་ཀུན་ཏུ་བཟང་པོ་བཞུགས་པ་ལ༔ འཁོར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པས་ཁྲོམ་ལྟར་དུ་བསྐོར་བར་བསྐྱེད་དོ༔ ཞེས་གསུངས་པས༔ ཁར་སང་སྨོས་པ་ལྟར་སྐྱབས་ཡུལ་ཐམས་ཅད་སྤྲིན་འཁྲིགས་པ་ལྟ་བུར་བསྒོམ་ལ༔ སངས་རྒྱས་ཀྱི་ཞིང་ཐམས་ཅད་ནས་ཀུན་བཟང་རྒྱལ་བ་རིགས་ལྔ་ལ་སོགས་སངས་རྒྱས་བྱང་


CMR057_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔག་ཏུ་མེད་པ་ཁ་བ་བུ་ཡུག་ལྟར་བྱོན་ནས༔ མདུན་གྱི་བསྐྱེད་པ་དེ་རྣམས་ལ་ཐིམ་པར་སྒོམས་ཤིག༔ དེ་ནས་དེ་དག་ལ་ཕྱག་འཚལ་བ་དང་༔ ཡིད་ཀྱིས་སྤྲུལ་པའི་མཆོད་པ་དཔག་ཏུ་མེད་པ་འབུལ་བ་དང་༔ སྔར་བྱས་ཀྱི་སྡིག་པ་ཐམས་ཅད་བཤགས་པ་དང་༔ སོ་སོ་སྐྱེ་བོ་དང་འཕགས་པ་རྣམས་ཀྱི་དགེ་བའི་རྩ་བ་ལ་རྗེས་སུ་ཡི་རང་བ་དང་། ཆོས་ཀྱི་འཁོར་ལོ་སྐོར་བར་བསྐུལ་བ་དང་༔ སེམས་ཅན་གྱི་དོན་དུ་བསྐལ་པ་དུ་མར་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པ་དང་༔ དེ་ལྟ་བུའི་དགེ་རྩ་དེ་སེམས་ཅན་ཐམས་ཅད་ཆོས་སྐུ་ཀུན་ཏུ་བཟང་པོའི་གོ་འཕང་ཐོབ་པའི་ཕྱིར་དུ་བསྔོ་སྙམ་པ་གྱིས་ལ་འདིའི་རྗེས་ཟློས་མཛོད༔ ཧཱུྃ༔ རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་རྣམས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ པདྨ་ཉི་ཟླའི་གདན་ལ་བཞུགས༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ རྒྱལ་བ་རྒྱ་མཚོའི་ཚོགས་བཅས་ལ༔ དཀར་གསུམ་མངར་གསུམ་བདུད་རྩི་མཆོད༔ རྒྱལ་བ་རྒྱ་མཚོའི་ཚོགས་བཅས་ལ༔ སྡིག་སྒྲིབ་ཉམས་ཆག་ཐམས་ཅད་བཤགས༔ དགེ་བསོད་ཀུན་ལ་རྗེས་ཡི་རང་༔ ཆོས་ཀྱི་འཁོར་ལོ་སྐོར་བར་


CMR057_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

འཚལ༔ མྱ་ངན་མི་འདའ་བཞུགས་གསོལ་འདེབས༔ འགྲོ་བ་སེམས་ཅན་མ་ལུས་ཀུན༔ ཀུན་ཏུ་བཟང་པོའི་ས་ཐོབ་ཤོག༔ འོ་དེས་སེམས་བསྐྱེད་པའི་སྦྱོར་བའི་ཆོ་ག་དེ་སོང་བ་ཡིན་ལ༔ ཁྱད་པར་དུ་སེམས་བསྐྱེད་པའི་རྟེན་བསོད་ནམས་དགེ་བའི་དངོས་པོ་ཞིག་དགོས་ཏེ༔ དཀོན་མཆོག་ཏཱ་ལའི་མདོ་ལས༔ རྒྱལ་བ་ཀུན་དང་ཆོས་དང་བདགེ་འདུན་དང་དེ་བཞིན་བླ་མར་གྱུར་པ་ཐམས་ཅད་ལ༔ དད་དང་མོས་དང་དགའ་བ་བསྐྱེད་བྱས་ཏེ༔ སྲིད་ཞུས་མཆོད་ན་བྱང་ཆུབ་སེམས་ཀྱང་སྐྱེ༔ ཞེས་གསུངས་པས་མཎྜལ་ཞིག་འབུལ་དགོས༔ དེ་ཡང་སྔོན་བྱང་ཆུབ་སེམས་དཔའ་འབྱོར་པ་ཆེ་བ་རྣམས་ཀྱིས་གླིང་བཞི་དང་གཙུག་ལག་ཁང་བྱེ་བ་ཕུལ་ནས་སེམས་བསྐྱེད་པ་ཡང་ཡོད་དེ༔ མདོ་སྡེ་བསྐལ་བཟང་ལས༔ བདེ་གཤེགས་སྐྱེ་དབང་འཁོར་ལོས་སྒྱུར་རྒྱལ་ཚེ༔ དེ་བཞིན་གཤེགས་པ་ཀུན་ཏུ་འོད་ཟེར་ལ༔ གླིང་བཞི་དག་གི་དབུལ་བ་བྱས་ནས་ཀྱང་༔ དང་པོར་།བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ༔ ཞེས་དང་༔ བདེ་གཤེགས་གྲོགས་སྦྱིན་འཛམ་གླིང་རྒྱལ་པོའི་ཚེ༔ དེ་བཞིན་གཤེགས་པ་ཟླ་བའི་ཏོག་དེ་ལ༔ གཙུག་ལག་ཁང་ནི་བྱེ་བ་ཕུལ་


CMR057_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཀྱང་༔ དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ༔ ཞེས་གསུངས་སོ༔ འབྱོར་པ་མེད་ན་ཐབས་ཆག་པ་མ་ཡིན་ཏེ༔ སྔོན་བྱང་ཆུབ་སེམས་དཔའ་འབྱོར་པ་མེད་པ་རྣམས་ཀྱིས༔ དངོས་པོ་ཅུང་ཟད་ཕུལ་བ་དང་ཕྱག་སྐོར་བ་སོགས་ལ་བརྟེན་ནས་སེམས་བསྐྱེད་པ་ཡིན་ཏེ༔ བདེ་གཤེགས་འོད་འཕྲོ་གྲོང་ཁྱེར་བརྟེན་པའི་ཚེ༔ དེ་བཞིན་གཤེགས་པ་མཐའ་ཡས་འོད་དེ་ལ༔ རྩྭ་ཡི་སྒྲོན་མེ་དག་ནི་ཕུལ་ནས་ཀྱང་༔ དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ༔ ཞེས་དང་༔ དེ་བཞིན་གཤེགས་པ་ཡོན་ཏན་ཕྲེང་ལྡན་གྱིས༔ དེ་བཞིན་གཤེགས་པ་འགྱིང་ལྡན་བཞུད་དེ་ལ༔ སངས་རྒྱས་ཕྱག་འཚལ་ཐལ་མོ་ལན་གསུམ་སྦྱར༔ དང་པོ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ༔ ཞེས་དང་༔ བདེ་གཤེགས་ཡེ་ཤེས་གྱ་ནོམ་རྒྱལ་པོ་ནི༔ ཕོ་ཉའི་ཚེ་ན་བདེ་གཤེགས་རྒྱལ་བ་ཡི༔ བཤེས་གཉེན་དེ་ལ་ལན་གཅིག་བསྐོར་བྱས་ནས༔ དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ༔ ཞེས་སོགས་ཕྱག་འཚལ་བ་ཙམ་དང་ཐལ་མོ་ཡ་ཅིག་བསླང་བ་ཙམ་དང་༔ རས་ཀྱི་ཁ་ཚར་ཕུལ་བ་ཙམ་དང་༔ ཉིན་གཅིག་སྲོག་བཅད་སྡོམ་པ་བླང་བ་ཙམ་ལ་བརྟེན་ནས་དང་པོར་བྱང་ཆུབ་ཏུ་སེམས་


CMR057_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་པ་ཡིན་ནོ༔ དེས་ན་ད་ལམ་བླ་མ་དང་དཔལ་ཀུན་ཏུ་བཟང་པོ་སངས་རྒྱས་བྱང་སེམས་ནམ་མཁའ་གང་བའི་མདུན་དུ༔ སྟོང་གསུམ་གྱི་འཇིག་རྟེན་གླིང་བཞི་རི་རབ་དང་བཅས་པ་བྱེ་བ་ཕྲག་བརྒྱ༔ དེའི་སྟེང་དུ་བདག་དང་ཕ་མས་གཙོར་བྱས་སེམས་ཅན་ཐམས་ཅད་ཀྱི་དགེ་རྩ་ཐམས་ཅད་བསྡུས་ཏེ༔ མཆོད་པའི་སྤྲིན་འདོད་པའི་ཡོན་ཏན་སྣ་ཚོགས་པ་ཀུན་ཏུ་བཟང་པོའི་སྤྲིན་ལྟ་བུར་ཡིད་ཀྱིས་དམིགས་ནས༔ བླ་མ་དང་དབྱེར་མེད་པའི་ཆོས་སྐུ་ཀུན་ཏུ་བཟང་པོ་རྒྱལ་བ་རིགས་ལྔ་སངས་རྒྱས་བྱང་སེམས་ཐམས་ཅད་ལ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཞུ་བའི་ཡོན་དུ་འབུལ་སྙམ་པ་གྱིས༔ ལག་པ་ཐལ་མོ་སྦྱོར་ལ་རྗེས་ཟློས་མཛོད༔ བླ་མ་ཀུན་བཟང་དབྱེར་མེད་ལ༔ འཇིག་རྟེན་རིན་ཆེན་མཎྜལ་སྟེང་༔ ཕ་མས་གཙོ་བྱས་སེམས་ཅན་ཀུན༔ དུས་གསུམ་བསགས་པའི་དགེ་རྩ་རྣམས༔ ཐམས་ཅད་བསྡུས་ཏེ་བཀྲམ་པར་བྱ༔ ཀུན་བཟང་ལྷ་ཚོགས་རྣམས་ལ་འབུལ༔ ད་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐོབ་པར་བྱ༔ དེ་ཐོབ་ནས་སེམས་ཅན་ཐམས་ཅད་ཀྱང་བདག་ཁོ་ནས་བླ་ན་མེད་


CMR057_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བྱང་ཆུབ་ལ་འགོད་པར་བྱ༔ དེའི་ཆེད་དུ་དཔལ་ཀུན་ཏུ་བཟང་པོ་ལ་སངས་རྒྱས་བྱང་སེམས་ཀྱིས་བསྐོར་བ་ཡིད་ཀྱི་ཡུལ་དུ་གསལ་བཏབ་པ་དང་༔ དངོས་སུ་སློབ་དཔོན་གྱི་དྲུང་ནས་བྱང་ཆུབ་ཏུ་སེམས་བསྐྱེད་བསམ་པ་རྩེ་གཅིག་ཏུ་མཛོད་ལ་འདིའི་རྗེས་ཟློས་ལན་གསུམ་མཛོད༔ ཀུན་བཟང་རྒྱལ་བ་སྲས་བཅས་ཐམས་ཅད་ལ༔ བདག་ནི་རྩེ་གཅིག་ཡིད་ཀྱིས་སྐྱབས་སུ་མཆི༔ སེམས་ཅན་དོན་དུ་བྱང་ཆུབ་སེམས་བསྐྱེད་དོ༔ གསུམ༔ དེ་ནི་སྨོན་འཇུག་སྟབས་གཅིག་ཏུ་ལེན་པའི་ལུགས་ཡིན་ཏེ༔ རྗེ་བཙུན་འཇམ་དཔལ་སྔོན་རྒྱལ་པོ་ནམ་མཁའ་ཞེས་བྱ་བར་གྱུར་པའི་ཚེ༔ སངས་རྒྱས་འབྲུག་སྒྲ་དབྱངས་ཀྱི་རྒྱལ་པོའི་སྤྱན་སྔར་སེམས་བསྐྱེད་དང་སྡོམ་པ་སྟབས་གཅིག་ཏུ་བླངས་པ་དང་མཚུངས་པ་ཡིན་ནོ༔ དེ་ལྟར་སེམས་བསྐྱེད་ནས་དེའི་བསླབ་པ་བསྲུང་དགོས༔ དེ་མ་བསྲུངས་ན་ཉེས་པ་ཆེ་སྟེ༔ སྤྱོད་འཇུག་ལས༔ གལ་ཏེ་དེ་དག་དམ་བཅས་ནས༔ ལས་ཀྱིས་བསྒྲུབ་པ་མ་བྱས་ན༔ སེམས་ཅན་དེ་དག་ཀུན་བསླུས་པས༔ བདག་ནི་འགྲོ་བ་ཅི་འདྲར་འགྱུར༔ ཞེས་གསུངས་སོ༔ དེ་ལ་བསླབ་བྱ་ནི་དང་པོ་སྨོན་པ་སེམས་བསྐྱེད་ཀྱི་བསླབ་བྱ་ནི༔ སེམས་ཅན་


CMR057_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

བློས་མི་བཏང་བ་ནི་སེམས་ཅན་གཅིག་ཀྱང་བློས་མི་བཏང་བ་སྟེ༔ མི་གཅིག་གིས་གནོད་པ་སྣ་ཚོགས་བྱས་ནའང་༔ དེ་ལ་ད་ཕྱིན་ཆད་ཕན་འདོགས་གཅིག་ཀྱང་མི་བྱའོ་སྙམ་ན་སེམས་བསྐྱེད་འཆོར་བས༔ དེ་ལ་ཚེ་འདིར་ཕན་བཏགས་པའི་སྐབས་མེད་ཀྱང་༔ ཕྱི་མའམ་དུས་ནམ་ཞིག་ཕན་བདེ་བྱང་ཆུབ་ཀྱི་ལམ་ལ་འགོད་བསམ་པ་གལ་ཆེ༔ སེམས་བསྐྱེད་ཀྱི་ཕན་ཡོན་ཡང་ཡང་དྲན་པར་བྱ༔ བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པ་ལ་འབད༔ སེམས་བསྐྱེད་ཚིག་ཉུང་ངུ་དེ་ཉིན་རེ་ལན་གསུམ་འདོན་ཅིང་བྱམས་ང་རྗེ་བསྒོམ༔ རང་གིས་སྡོམ་པ་གང་ཞུས་དེ་གཙང་བར་བསྲུང་ཞིང་སེམས་ཅན་ལ་ཕན་པ་སྒྲུབ་བོ༔ ནག་པོའི་ཆོས་བཞི་སྤངས་ཏེ༔ བླ་མ་དང་མཆོད་འོས་མི་བསླུ་བ་དང་༔ རང་གཞན་གྱི་བསོད་ནམས་སོགས་དགེ་བ་བྱས་པ་ལ་འགྱོད་པ་མི་བསྐྱེད་པ་དང་༔ བྱང་ཆུབ་སེམས་དཔའ་ལ་ཞེ་སྡང་གི་ཚིག་ངན་མི་བརྗོད༔ སེམས་ཅན་ལ་གཡོ་སྒྱུ་མི་བྱའོ༔ དཀར་པོའི་ཆོས་བཞི་བསྒྲུབ་སྟེ༔ ཤེས་བཞིན་དུ་རྫུན་མི་སྨྲ༔ སེམས་ཅན་ཐམས་ཅད་ཐེག་པ་ཆེན་པོ་ལ་བཀོད༔ སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལ་སངས་རྒྱས་ཀྱི་འདུ་


CMR057_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་བསྐྱེད་ཅིང་ཡོན་ཏན་བརྗོད༔ སེམས་ཅན་ཐམས་ཅད་ལ་གཡོ་སྒྱུ་མེད་པར་ལྷག་པའི་བསམ་པ་ལ་གནས་པར་བྱའོ༔ སྨོན་འཇུག་སྟབས་གཅིག་ཏུ་བླང་བ་ཡིན་པས༔ འཇུག་པ་སེམས་བསྐྱེད་ཀྱི་བསླབ་བྱ་ནི་བསླབ་པ་གསུམ་ཡིན་ལ༔ དེ་ཡང་ཕར་ཕྱིན་དྲུག་ཏུ་འདུས་ཏེ༔ མདོ་སྡེ་རྒྱན་ལས༔ བསླབ་གསུམ་དབང་དུ་མཛད་ནས་ནི༔ རྒྱལ་བས་ཕ་རོལ་ཕྱིན་པ་དྲུག༔ ཡང་དག་བཤད༔ ཅེས་གསུངས་སོ༔ དེ་ལ་སྦྱིན་པ་ཚུལ་ཁྲིམས་བཟོད་པ་གསུམ་དགེ་བའི་ཕན་ཡོན་སྐབས་སུ་ཅུང་ཟད་བཤད་པས་འཐུས༔ བརྩོན་འགྲུས་གེགས་སེལ་སྐབས་སུ་དང་༔ བསམ་གཏན་ཞི་གནས་ཡིན་ལ༔ ཤེས་རབ་ལྷག་མཐོང་ཡིན་ཕྱིར་དོན་གྱིས་ཚང་བས་འདིར་བཤད་མ་དགོས་སོ༔ འདིར་སྐབས་སུ་བབ་པ་སེམས་བསྐྱེད་དེའི་ཕན་ཡོན་འཆད་པར་བྱ་སྟེ༔ སྡོང་པོ་བཀོད་པ་ལས་འཕགས་པ་བྱམས་པས་ནོར་བཟང་ལ་གསུངས་པ༔ རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་ལྟ་བུའོ༔ དཀར་པོའི་ཆོས་ཐམས་ཅད་འཕེལ་བར་བྱེད་པས་ཞིང་ས་ལྟ་བུའོ༔ འཇིག་རྟེན་ཐམས་ཅད་བརྟེན་པས་ས་ལྟ་བུའོ༔ དབུལ་བ་ཐམས་ཅད་ཡང་དག་པར་


CMR057_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

གཅོད་པས་རྣམ་ཐོས་ཀྱི་བུ་ལྟ་བུའོ༔ རེ་བ་ཐམས་ཅད་བསྐང་བས་དཔག་བསམ་གྱི་ཤིང་ལྟ་བུའོ༔ དོན་ཐམས་ཅད་འགྲུབ་པས་ཡིད་བཞིན་གྱི་ནོར་བུ་ལྟ་བུའོ༔ ཞེས་སོགས་རྒྱ་ཆེར་གསུངས་སོ༔ དྲིན་ལན་བསབ་མདོར༔ གལ་ཏེ་བྱང་ཆུབ་ཏུ་སེམས་མ་བསྐྱེད་ན༔ ནམ་དུའང་འཐོབ་པར་མི་འགྱུར་ཏེ༔ དེ་བས་ན་བྱང་ཆུབ་ཏུ་སེམས་བསྐྱེད་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་རོ༔ ཞེས་དང་༔ རྒྱལ་པོ་སེང་གེའི་ཞུས་པའི་མདོ་ལས༔ སེམས་ཅན་ཐམས་ཅད་ཐར་བྱའི་ཕྱིར། བྱང་ཆུབ་ཏུ་ནི་སེམས་བཏུད་པས༔ དེ་ནི་ཆོས་རྣམས་སྡུད་པའི་མཆོག༔ དེ་ནི་དགའ་བ་ཐོབ་པར་འགྱུར༔ ཞེས་དང་༔ དེ་བཞིན་གཤེགས་པའི་གསང་བའི་མདོ་ལས༔ བྱང་ཆུབ་སེམས་ཀྱི་བསོད་ནམས་གང་༔ དེ་ལ་གལ་ཏེ་གཟུགས་མཆིས་ན༔ ནམ་མཁའི་ཁམས་ནི་ཀུན་གང་སྟེ༔ དེ་ནི་དེ་བས་ལྷག་པར་འགྱུར༔ སེམས་ཅན་ཀུན་གྱི་བསོད་ནམས་ཀྱི༔ ཕུང་པོ་ཅི་སྙེད་ཡོངས་བཟུང་བ༔ དེ་སྙེད་བྱང་ཆུབ་སེམས་དཔའ་ཡི༔ བྱང་ཆུབ་སེམས་ལ་རབ་ཏུ་འབྱུང་༔ ཞེས་དང་༔ དཔལ་སྦྱིན་གྱིས་ཞུས་མདོར༔ གང་གཱའི་བྱེ་


CMR057_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

མའི་གྲངས་སྙེད་ཀྱི༔ སངས་རྒྱས་ཞིང་ཀུན་མི་གང་གིས༔ རིན་ཆེན་བདུན་གྱིས་ཡོངས་བཀང་ཞིང་༔ འཇིག་རྟེན་མགོན་ལ་ཕུལ་བ་བས༔ གང་གིས་ཐལ་མོ་སྦྱར་བྱས་ཏེ༔ བྱང་ཆུབ་སེམས་ནི་བསྐྱེད་པ་ན༔ མཆོད་པ་འདི་ནི་ཁྱད་འཕགས་ཏེ༔ དེ་ལ་མཐའ་ནི་མ་མཆིས་སོ༔ ཞེས་དང་༔ བློ་གྲོས་རྒྱ་མཚོས་ཞུས་མདོར༔ གསུམ་པོ་འདི་དག་དེ་བཞིན་གཤེགས་པ་ལ་མཆོད་པ་བླ་ན་མེད་པ་སྟེ༔ བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་༔ དམ་པའི་ཆོས་འཛིན་པ་དང་༔ སྲོག་ཆགས་རྣམས་ལ་སྙིང་བརྩེ་བའོ༔ ཞེས་དང་༔ སྤྱོད་འཇུག་ལས༔ བྱང་ཆུབ་སེམས་བསྐྱེད་གྱུར་ན་སྐད་ཅིག་ལ༔ འཁོར་བའི་བཙོན་རར་བསྡམས་པའི་ཉམ་ཐག་རྣམས༔ རྒྱལ་བ་རྣམས་ཀྱི་སྲས་ཞེས་རབ་བརྗོད་དེ༔ འཇིག་རྟེན་ལྷ་མིར་བཅས་པས་ཕྱག་བྱར་འགྱུར༔ གསེར་འགྱུར་རྩི་ཡི་རྣམ་པ་མཆོག་ལྟ་བུ༔ མི་གཙང་ལུས་འདི་བོར་ནས་རྒྱལ་བའི་སྐུ༔ རིན་ཆེན་རིན་ཐང་མེད་པར་བསྒྱུར་བས་ན༔ བྱང་ཆུབ་སེམས་ཞེས་བྱ་བ་རབ་བརྟན་བཟུང་༔ དགེ་བ་གཞན་ཀུན་ཆུ་ཤིང་བཞིན་དུ་ནི༔ འབྲས་བུ་བསྐྱེད་ནས་ཟད་པར་འགྱུར་བ་ཉིད༔ བྱང་ཆུབ་སེམས་ཀྱི་ལྗོན་ཤིང་རྟག་པར་


CMR057_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་༔ འབྲས་བུ་འབྱིན་པས་མི་ཟད་འཕེལ་བར་འགྱུར༔ སྡིག་པ་ཤིན་མི་བཟད་བྱས་ན་ཡང་༔ དཔའ་ལ་བརྟེན་ནས་འཇིགས་པ་ཆེན་པོ་ལྟར༔ གང་ལ་བརྟེན་ནས་ཡུད་ཀྱིས་སྒྲོལ་འགྱུར་བ༔ དེ་ལ་བག་ཅན་རྣམས་ཀྱིས་ཅིས་མི་བརྟེན༔ དེས་ནི་དུས་མཐའི་མེ་བཞིན་སྡིག་ཅན་རྣམས༔ སྐད་ཅིག་གཅིག་གིས་ངེས་པར་སྲེག་པར་བྱེད༔ འགྲོ་བའི་འཆི་བདག་འཇོམས་བྱེད་པའི༔ བདུད་རྩི་མཆོག་ཀྱང་འདི་ཉིད་ཡིན༔ འགྲོ་བའི་དབུལ་བ་སེལ་བྱེད་པའི༔ མི་ཟད་གཏེར་ཡང་འདི་ཉིད་ཡིན༔ འགྲོ་བའི་ཉོན་མོངས་གདུང་སེལ་བའི༔ སེམས་ཀྱི་ཟླ་བ་ཤར་བ་ཡིན༔ འགྲོ་བའི་མི་ཤེས་རབ་རིབ་དག༔ དཔྱིས་འབྱིན་ཉི་མ་ཆེན་པོ་ཡིན༔ ཞེས་དང་༔ དེང་ནས་བཟུང་སྟེ་གཉིད་ལོག་གམ༔ བག་མེད་གྱུར་ཀྱང་བསོད་ནམས་ཤུགས༔ རྒྱུན་མི་འཆད་པར་དུ་མ་ཞིག༔ ནམ་མཁའ་མཉམ་པར་རབ་ཏུ་འབྱུང་༔ རྒྱལ་སྲས་རྣམས་ལ་དོ་གལ་ཆེ་བ་སྟེ༔ སྡིག་པ་མི་འབྱུང་དགེ་བ་ངང་གིས་འཕེལ༔ དེ་ཚེ་བདག་གི་འབྲས་བུ་ཡོད༔ མི་ཡི་སྲིད་པ་ལེགས་པར་ཐོབ༔ དེ་རིང་སངས་རྒྱས་རིགས་སུ་སྐྱེས༔ རྒྱལ་བའི་སྲས་སུ་ད་གྱུར་ཏོ༔


CMR057_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནི་བྱང་ཆུབ་སེམས་སྟོབས་ཀྱི༔ སྔོན་གྱི་བསོད་ནམས་ཀུན་གྱི་གཏེར༔ དེ་ནི་རྒྱལ་སྲས་ཆགས་མེད་རབ་ཏུ་འཐོབ༔ ཅེས་གསུངས་སོ༔ དེས་ན་དེ་རིང་ཁྱེད་རང་རྣམས་ཀྱི་བྱང་ཆུབ་སེམས་བསྐྱེད་ལེགས་པར་ཐོབ་པས་དེང་ནས་བྱང་ཆུབ་སེམས་དཔའི་གྲངས་སུ་ཚུད་ཅིང་ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་ཀྱི་ཕྱག་འཚལ་བའི་གནས་སུ་གྱུར་པ་ཡིན༔ མི་ལུས་ཐོབ་པ་དོན་དང་ལྡན་རྙེད་པ་ཆེན་པོ་ཐོབ་པ་ཡིན་པས་དགའ་བ་ལེགས་པར་སྒོམས་ལ༔ མདུན་གྱི་ནམ་མཁར་བསྐྱེད་པའི་ཀུན་བཟང་རྒྱལ་བ་རིགས་ལྔ་ལ་སོགས་སེམས་ཟློབསྐྱེད་ཡུལ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་འོད་དུ་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ་པར་སྒོམས་ལ༔ སེམས་མ་བཅོས་པར་རང་བབས་སུ་ཀློད་ལ་ཞོག་ཅིག༔ དེའི་དོན་ཡང་བྱང་ཆུབ་ཏུ་སེམས་བསྐྱེད་པའི་མདོར༔ བཅོས་ལྡན་འདས་ཀྱིས་བཀའ་སྩལ་པ༔ འོད་སྲུང་ཆོས་ཐམས་ཅད་ནམ་མཁའ་ལྟར་ཚད་མེད་ཅིང་ཡེ་ནས་འོད་གསལ་བ་རྣམ་པར་དག་པ་དེ་ནི་བྱང་ཆུབ་ཅེས་བྱའོ༔ དོན་དང་མཐུན་པའི་སེམས་སྔ་མ་བསྐྱེད་པའི་སེམས་རིན་པོ་ཆེ་བསྐྱེད་པ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཞེས་བྱའོ༔ ཞེས་དང་༔ དེ་བཞིན་


CMR057_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པ་ཀ་རུ་ན་ཆེན་པོའི་མདོར༔ རིགས་ཀྱི་བུ་བྱང་ཆུབ་ཅེས་བྱ་བ་ནི་སྟོང་པའོ༔ གང་སྟོང་པ་ཞེས་བྱ་བ་དེ་ནི་མངོན་པར་ཞེན་པ་མེད་ཅིང་ཡོངས་སུ་འཛིན་པ་མེད་པའི་ཚིག་བླ་དགས་སོ༔ ཞེས་སོགས་གསུངས་ཏེ༔ དོན་དམ་སེམས་བསྐྱེད་ནི་སྟོང་པ་ཉིད་ཀྱི་དོན་རྟོགས་པ་ལ་ཟེར་བ་ཡིན་པས༔ རྒྱས་པར་ལྷག་མཐོང་ངོ་སྤྲད་དུས་འབྱུང་ངོ་༔ དེ་ལྟར་སེམས་བསྐྱེད་ནས་ཉམས་ལེན་གྱི་གཙོ་བོ་བྱམས་སྙིང་རྗེ་བསྒོམ་པ་ཡིན་པས༔ དེ་བཤད་ན་བྱམས་པ་མེད་ན་སྙིང་རྗེ་སྐྱེ་དཀའ་བས་བྱམས་པའི་ཕན་ཡོན་བཤད་ན༔ རྒྱ་ཆེ་རོལ་པ་ལས༔ བྱམས་སེམས་ལྡན་པ་དུག་དང་མཚོན་མི་ཚུགས༔ རོ་ལངས་དང་ནི་འཇིགས་པ་གཞན་མི་འབྱུང་༔ བྱམས་སེམས་ལྡན་པ་གཞན་གྱིས་གནོད་མི་འགྱུར༔ དཔུང་བཅས་བདུད་རྣམས་རྒྱལ་མཚན་སྡེར་བཅས་པའི༔ ནག་པོའི་རྩ་ལག་བྱམས་པའི་སྟོབས་ཀྱིས་འཇོམས༔ བླ་མེད་བྱང་ཆུབ་ཞི་བར་སངས་ཀྱང་རྒྱ༔ ཞེས་དང་༔ ཐར་པ་ཆེན་པོའི་མདོ་ལས༔ གང་ཞིག་འཇིག་རྟེན་རྣམ་དག་ན༔ བསྐལ་པ་གཅིག་གི་བར་དག་ཏུ༔ ཚུལ་ཁྲིམས་དམ་པ་བསྲུང་བ་བས༔ སྐྱེས་བུ་དེ་ནི་སྐད་ཅིག་


CMR057_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ༔ དེ་བས་བྱམས་པ་བསྒོམ་པ་མཆོག༔ གང་ཞིག་འཇིག་རྟེན་ས་འདི་རུ༔ ལུས་ངག་ཡིད་ཀྱིས་སྡིག་བསགས་པས༔ ངན་སོང་གསུམ་དུ་སྐྱེ་ངེས་ཀྱང་༔ བྱམས་པའི་སེམས་དེས་འཕྲལ་དུ་འབྱངས༔ ཞེས་དང་༔ ཏིང་ངེ་འཛིན་རྒྱལ་པོ་དང་དཔལ་སྦྱིན་གྱིས་ཞུས་མདོར༔ བྱེ་བ་ཁྲག་ཁྲིག་གཏམས་པའི་ཞིང་རྣམས་སུ༔ མཆོད་པ་རྣམ་མང་ཇི་སྙེད་དཔག་མེད་པས༔ སྐྱེས་མཆོག་རྣམས་ལ་ཉིན་རེ་རྟག་མཆོད་པས༔ བྱམས་པའི་སེམས་ལ་གྲངས་དང་ཆར་མི་ཕོད༔ ཅེས་དང་༔ དཀོན་མཆོག་བརྩེགས་པ་དང་རིན་ཆེན་ཕྲེང་བ་གཉིས་ཀ་ལས༔ རྗེའུ་ཚོད་སུམ་བརྒྱའི་ཁ་ཟས་དག༔ ཉིན་རེ་དུས་གསུམ་བྱིན་པ་བས༔ བྱམས་པ་ཡུད་ཙམ་ཐང་ཅིག་གི༔ བསོད་ནམས་དག་ལ་ཆར་མི་ཕོད༔ ལྷ་མི་བྱམས་པར་འགྱུར་བ་དང་༔ དེ་དག་ཀྱང་ནི་བསྲུང་བ་དང་༔ ཡིད་བདེ་བ་དང་བདེ་མང་དང་༔ དུག་དང་མཚོན་གྱིས་གནོད་མེད་དང་༔ འབད་པ་མེད་པར་དོན་ཐོབ་དང་༔ ཚངས་པའི་འཇིག་རྟེན་སྐྱེ་འགྱུར་ཏེ༔ གལ་ཏེ་གྲོལ་བར་མ་གྱུར་ཀྱང་༔ བྱམས་ཆོས་ཡོན་ཏན་བརྒྱད་ཐོབ་བོ༔ ཞེས་དང་༔ ཨོ་རྒྱན་རིན་པོ་ཆེའི་ཞལ་ནས༔ ཁྱད་པར་དུ་སྙིང་


CMR057_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བྱམས་པའི་གཙོ་བོ་ནི་ལུས་བསྐྱེད་པའི་མ་ཡིན་ལ༔ དེའི་དྲིན་ནི་འཁོར་བའི་ཚད་མེད་མུ་མེད་པས་འདི་ལ་བྱམས་སྙིང་རྗེ་ཚད་མེད་པ་བསྒོམ་ཞེས་གསུངས་པ་དང་༔ བརྒྱད་སྟོང་པ་ལས༔ མ་འདིས་ནི་བདག་ཅག་བསྐྱེད་པ༔ འདིས་ནི་དཀའ་བ་བྱེད་པ༔ བདག་ཅག་གི་སྲོག་བྱིན་པ༔ འཇིག་རྟེན་ཀུན་སྟོན་པ་ཡིན་ནོ༔ ཞེས་གསུངས་པས་མ་འདི་ལ་དྲིན་ཆེན་པོ་བཞི་དང་ལྡན་པ་ཡིན་པས༔ བདག་གི་མ་འདི་འཁོར་བ་དང་ངན་སོང་དུ་འཁྱམས་པ་འདི་བློས་མི་བཟོད་པས༔ འདི་ལ་གནས་སྐབས་དང་མཐར་ཐུག་ཏུ་བདེ་བ་དང་ལྡན་ན་ཅི་མ་རུང་༔ བདེ་བ་དང་ལྡན་པར་གྱུར་ཅིག་སྙམ་དུ་ཞེ་ཐག་པ་ནས་བསྒོམ་པར་བྱའོ༔ དེ་ནས་སེམས་ཅན་ཐམས་ཅད་ཀྱང་མར་མ་གྱུར་པ་མེད་པས༔ སེམས་ཅན་ཐམས་ཅད་ལ་དེ་ལྟར་བྱམས་པ་བསྒོམ་མོ༔ བྱམས་པ་ཁ་ཞེ་མེད་པར་མཆི་མ་འཁྲུགས་པ་བྱུང་ན་བྱམས་པ་ཆེན་པོ༔ དེ་སེམས་ཅན་ཐམས་ཅད་ལ་མཉམ་པར་གྱུར་ན་བྱམས་པ་ཚད་མེད་པ་ཡིན་ནོ༔ དེ་ནས་སྙིང་རྗེ་བསྒོམ་པ་ནི༔ དང་པོ་སྙིང་རྗེའི་ཕན་ཡོན་ནི༔ ཆོས་ཡང་དག་པར་སྡུད་པའི་མདོ་ལས༔ བཅོམ་ལྡན་འདས་འདི་ལྟ་སྟེ༔


CMR057_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོས་སྒྱུར་བའི་རྒྱལ་པོའི་འཁོར་ལོ་རིན་པོ་ཆེ་གང་དུ་མཆིས་པ་དེར་དཔུང་གི་ཚོགས་ཐམས་ཅད་མཆིས་སོ༔ བཅོམ་ལྡན་འདས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སྙིང་རྗེ་ཆེན་པོ་གང་དུ་མཆིས་པ་དེར༔ སངས་རྒྱས་ཀྱི་ཆོས་ཐམས་ཅད་མཆིའོ༔ ཞེས་དང་༔ གསང་བའི་མདོ་ལས༔ གསང་བའི་བདག་པོ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་ནི་སྙིང་རྗེའི་རྩ་བ་ལས་བྱུང་བ་ཡིན་ནོ༔ ཞེས་དང་༔ རྣམ་སྣང་མངོན་བྱང་ལས་ཀྱང་༔ ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རྩ་བ་ནི་སྙིང་རྗེ་ཆེན་པོའོ༔ ཞེས་གསུངས་སོ༔ བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས༔ ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་ཆོས་གཅིག་དང་ལྡན་ན༔ སངས་རྒྱས་ཀྱི་ཆོས་འདི་དག་དང་གཞན་ཡང་དཔག་ཏུ་མེད་པ་ཡོངས་སུ་འཛིན་ཏོ༔ ཆོས་གཅིག་པུ་གང་ཞེ་ན་འདི་ལྟ་སྟེ༔ བསམ་པ་ཕུན་སུམ་ཚོགས་པའི་བྱང་ཆུབ་ཀྱི་སེམས་སོ༔ གསོལ་བ་བཅོམ་ལྡན་འདས་བསམ་པ་ཇི་ལྟ་བུ༔ བྱང་ཆུབ་ཀྱི་སེམས་ཇི་ལྟ་བུ༔ བཀའ་སྩལ་པ༔ ཤཱ་རིའི་བུ་བསམ་པ་ཞེས་བྱ་བ་ནི་མི་ཕྱེད་པའི་སྙིང་རྗེའོ༔ མི་གཡོ་བའི་སྙིང་རྗེ་བརྟན་པའོ༔ ཞེས་དང་༔ བློ་གྲོས་མི་ཟད་པས་ཞུས་པའི་མདོར༔ བཙུན་པ་ཤ་ར་དྭ་


CMR057_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

ཏིའི་བུ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་མི་བཟད་པ་སྟེ༔ ཅིའི་ཕྱིར་ཞེ་ན་སྔོན་དུ་འགྲོ་བའི་ཕྱིར་རོ༔ འདི་ལྟ་སྟེ་དཔེར་ན་དབུགས་ཕྱིར་དབྱུང་བ་དང་རྔུབ་པ་ས་བུའི་སྲོག་གི་དབང་པོའི་སྔོན་དུ་འགྲོའོ༔ དེ་བཞིན་དུ་ཐེག་པ་ཆེན་པོ་ཡང་དག་པར་བསྒྲུབ་པའི་ཕྱིར༔ བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོས་སྔོན་དུ་འགྲོའོ༔ ཞེས་སོགས་དང་༔ བྱང་ཆུབ་ཀྱི་སེམས་ལས་བྱུང་བའི་སྙིང་རྗེ་ཆེན་པོས་ཕ་རོལ་བསྲུང་བའོ༔ བདག་གིས་སེམས་ཡོངས་སུ་དག་པ་ལས་བྱུང་བའི་སྙིང་རྗེ་ཆེན་པོས་སེམས་བསྲུང་བའོ༔ ཞེས་སོགས་རྒྱ་ཆེར་གསུངས་སོ༔ ཨུ་རྒྱན་རིན་པོ་ཆེའི་ཞལ་ནས༔ ཐར་མེད་ལས་ཀྱི་རྒྱ་མཚོ་དང་རིང་དུ༔ ལས་ཀྱིས་མནར་བའི་འགྲོ་རྣམས་སྙིང་རེ་རྗེ༔ ཞེས་དང་༔ ཡང་ཨོ་རྒྱན་རིན་པོ་ཆེས༔ སེམས་ཅན་རེ་རེས་ཕ་མ་བྱས་པ་ཡང་གྲངས་མེད་ན་བདག་གི་ཕ་མ་དྲིན་ཅན་འདི་རྣམས་ཐབས་གང་གིས་བདེ་བ་ལ་སྦྱར༔ ངན་སོང་གི་སྡུག་བསྔལ་ལ་རྟག་ཏུ་སྤྱོད་པའི་ཕ་མ་དྲིན་ཅན་རྣམས་སྙིང་རེ་རྗེ༔ སྙིང་རེ་རང་རྗེ་སྙམ་དུ་ཡང་ཡང་བསྒོམ་མོ༔ ཞེས་གསུངས་པ་ལྟར་དང་པོ་རང་གི་རྩ་བའི་མ་འདི་སྡུག་བསྔལ་ཐམས་ཅད་དང་བྲལ་ན་ཅི་


CMR057_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

མ་རུང་སྙམ་དུ་ཞེ་ཐག་པ་ནས་བསྒོམ༔ དེ་ནས་སེམས་ཅན་ཐམས་ཅད་ལ་དེ་ལྟར་བསྒོམས་པས༔ སྙིང་རྗེའི་དབང་གིས་བ་སྤུ་གཡོ་ཞིང་མཆི་མ་འཁྲུགས་ན་སྙིང་རྗེ་ཆེན་པོ་ཡིན་ལ༔ དེ་སེམས་ཅན་ཐམས་ཅད་ལ་ཕྱོགས་རིས་མེད་ན་སྙིང་རྗེ་ཚད་མེད་ཡིན་ནོ༔ དེ་ལྟར་བྱམས་སྙིང་རྗེ་གཉིས་ལ་དགའ་བ་བཏང་སྙོམས་ཡང་འདུས་མོད་ཀྱི༔ སེམས་ཅན་ཐམས་ཅད་སྡུག་བསྔལ་མེད་པའི་བདེ་བ་དམ་པ་དང་མ་བྲལ་ན་སྙམ་པ་ནི་དགའ་བ་དང་༔ དེ་ལ་ཉེ་རིང་དང་ཕྱོགས་རིས་མེད་པར་སྙམ་པ་ནི་བཏང་སྙོམས་ཏེ༔ ཚད་མེད་པ་བཞི་ནི་ཐེག་པ་ཆེན་པོའི་ལམ་གྱི་གཞུང་ཤིང་༔ གསང་སྔགས་ཀྱི་ཉམས་ལེན་ཐམས་ཅད་ཀྱི་སྔོན་འགྲོ་ཡིན་པས་གལ་ཆེ༔ དེ་ལྟར་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱིས་ཀུན་སློང་བཟང་པོ་མེད་པར་གསང་སྔགས་ཀྱི་བསྐྱེད་རྫོགས་བསྒོམས་ཀྱང་༔ ཚེ་འདིའི་རྐྱེན་སེལ་ཙམ་མ་གཏོགས་བྱང་ཆུབ་ཀྱི་ལམ་དུ་འགྲོ་དཀའོ༔ དེ་ལ་ཐེག་ཆེན་གྱི་རྩ་བ་བྱམས་སྙིང་རྗེ་གཉིས་གཅིག་ཏུ་དྲིལ་ཏེ་བསྒོམ་པ་གལ་ཆེ་བ་སྟེ༔ བློ་གྲོས་མི་ཟད་པའི་མདོ་ལས༔ བྱང་ཆུབ་སེམས་དཔའ་སྙིང་རྗེ་ཆེན་པོ་ལ་གནས་པས་བདག་གི་བདེ་བ་ལ་མི་ཆགས་པར་སེམས་ཅན་ལ་


CMR057_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

བཏང་བའོ༔ སེམས་ཅན་གྱི་སྡུག་བསྔལ་གྱི་ཚེགས་དང་དུ་ལེན་པ་ལ་དཀའ་བ་མེད་པའོ༔ ཞེས་དང་༔ སྤྱོད་འཇུག་ལས༔ འཇིག་རྟེན་བདེ་བ་ཇི་སྙེད་པ། དེ་ཀུན་གཞན་བདེ་འདོད་ལས་བྱུང་༔ འཇིག་རྟེན་སྡུག་བསྔལ་ཇི་སྙེད་པ༔ དེ་ཀུན་རང་བདེ་འདོད་ལས་བྱུང་༔ མང་དུ་སྨོས་པས་ཅི་ཞིག་དགོས༔ བྱིས་པས་རང་དོན་བྱེད་པ་དང་༔ ཐུབ་པས་གཞན་གྱི་དོན་མཛད་པ༔ འདི་གཉིས་ཀྱི་ནི་ཁྱད་པར་ལྟོས༔ བདག་བདེ་གཞན་གྱི་སྡུག་བསྔལ་དག༔ ཡང་དག་བརྗེ་བ་མ་བྱས་ན༔ སངས་རྒྱས་ཉིད་དུ་མི་འགྲུབ་ཅིང་༔ འཁོར་བ་ན་ཡང་བདེ་བ་མེད༔ དེ་ལྟར་བདག་གནོད་ཞི་བ་དང་༔ གཞན་གྱི་སྡུག་བསྔལ་ཞི་བའི་ཕྱིར༔ བདག་ཉིད་གཞན་ལ་བཏང་བར་བྱ༔ གཞན་རྣམས་བདག་བཞིན་བསྲུང་བར་བྱ༔ ཞེས་གསུངས་པས་རང་གི་བདེ་སྐྱིད་བསོད་ནམས་དགེ་རྩ་ཐམས་ཅད་སེམས་ཅན་ལ་སྦྱིན༔ སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་སྡིག་སྒྲིབ་རང་གིས་ལེན་དགོས༔ འོན་ཀྱང་དེ་ས་མ་ཐོབ་ཀྱི་བར་དུ་དངོས་སུ་མི་ནུས་པས་ཡིད་ཀྱིས་བདག་གཞན་བརྗེ་བར་བསྒོམས་པས་ཀྱང་བསོད་ནམས་རྒྱ་ཆེན་པོ་ཐོབ་སྟེ༔ སྤྱོད་འཇུག་


CMR057_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

ལས༔ གང་ཞིག་བདག་དང་གཞན་རྣམས་ནི༔ མྱུར་དུ་སྐྱབས་པར་འདོད་པ་དེས༔ བདག་དང་གཞན་དུ་བརྗེ་བ་ཡི༔ གསང་བའི་དམ་པ་སྤྱོད་པར་བྱ༔ ཞེས་དང་༔ ཨུ་རྒྱན་རིན་པོ་ཆེས༔ འགྲོ་དྲུག་ཕ་མ་རྣམས་ལ་སྙིང་རྗེ་བཟོད་གླགས་མེད་པར་བསྒོམས་ནས༔ བདག་གཞན་བརྗེ་ཕོད་པ་ཆེན་པོ་ཡིས་རྩེ་གཅིག་མ་ཡེངས་པར༔ ཞེས་གསུངས་པ་ལྟར༔ རང་གི་སྣ་བུག་ནས་རླུང་ཕར་རྒྱུ་བའི་ཚེ༔ རང་གི་བསོད་ནམས་དང་དགེ་བའི་རྩ་བ་ཅི་ཡོད་པ་དེ་ཐམས་ཅད་སེམས་ཅན་ཐམས་ཅད་ལ་སིབ་ཀྱིས་ཐིམ་པས༔ སེམས་ཅན་ཐམས་ཅད་བདེ་བ་ཚད་མེད་པ་དང་ལྡན་པར་བསྒོམ༔ རང་གི་སྣ་བུག་ནས་རླུང་ཚུར་རྔུབ་པའི་ཚེ༔ སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྡུག་བསྔལ་ཐམས་ཅད་གཅིག་ཀྱང་མ་ལུས་པ་རང་ལ་སིབ་ཀྱིས་ཐིམ་པས་སེམས་ཅན་ཐམས་ཅད་སྡུག་བསྔལ་ཐམས་ཅད་དང་བྲལ་བར་བསྒོམ་མོ༔ དེ་ལྟར་ཉིན་རེ་ཡང་ལན་ཉེར་གཅིག་གམ་ཐ་མ་བདུན་རེ་མ་ཆག་པར་བསྒོམ་ན༔ འཕྲལ་དུ་ནད་གདོན་བར་ཆད་གང་གིས་ཀྱང་མི་ཚུགས་པ་དང་མཐར་རྫོ་གས་པའི་སངས་རྒྱས་ཐོབ་པའི་ཕན་ཡོན་མཐའ་ཡས་པ་འཐོབ་བོ༔ དེ་ཡང་བྱམས་སྙིང་རྗེ་སོགས་ཚད་


CMR057_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་བཞི་པོ་ལ་ཡང་དབྱེ་ན་གསུམ་རེ་སྟེ་བློ་གྲོས་མི་ཟད་པའི་མདོ་ལས༔ སེམས་ཅན་ལ་དམིགས་པའི་བྱམས་པ་ནི༔ སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིའོ༔ ཆོས་ལ་དམིགས་པའི་བྱམས་པ་ནི༔ སྤྱོད་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིའོ༔ དམིགས་པ་མེད་པའི་བྱམས་པ་ནི༔ མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིའོ༔ ཞེས་དང་༔ བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་ཀྱང་༔ སྙིང་རྗེ་རྣམ་པ་གསུམ་གང་ཞེ་ན་འདི་ལྟ་སྟེ༔ སེམས་ཅན་ལ་དམིགས་པའི་སྙིང་རྗེ་དང་ཆོས་ལ་དམིགས་པའི་སྙིང་རྗེ་དང་དམིགས་པ་མེད་པའི་སྙིང་རྗེའོ༔ ཞེས་གསུངས་པ་ལྟར༔ ད་ལྟ་སྐབས་སུ་བབས་པ་གོང་དུ་བཤད་པའི་སེམས་ཅན་ལ་དམིགས་པའི་བྱམས་སྙིང་རྗེ་སོགས་ཚད་མེད་བཞི་བསྒོམ་པར་བྱའི༔ ཆོས་ལ་དམིགས་པ་དང་དམིགས་པ་མེད་པའི་བྱམས་སྙིང་རྗེ་ནི་བོགས་འདོན་ཀྱི་སྐབས་སུ་འཆད་པར་བྱ་བ་ཡིན་ནོ༔ དེ་ལྟར་ཁྱེད་རང་རྣམས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་༔ བྱམས་སྙིང་རྗེའི་ཁྲིད་ཞུས་པ་དང་༔ དེའི་དོན་ཉམས་སུ་ལེན་པར་འདོད་པའི་བསོད་ནམས་དེ་མི་


CMR057_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་པར་བྱ་བའི་ཕྱིར་བྱང་ཆུབ་ཏུ་བསྔོ་སྙམས་པ་གྱིས་ལ་འདིའི་རྗེས་ཟློས་མཛོད༔ དགེ་བ་མ་རྒན་འགྲོ་དྲུག་ཀུན་ལ་བསྔོ༔ ལན་གསུམ༔ དེས་ཐེག་ཆེན་སེམས་བསྐྱེད་དང་བྱམས་སྙིང་རྗེའི་ཁྲིད་དེ་ཆོས་ཐུན་བཅུ་པའོ༔ ༈ ག་དེ་ནས་ཁྱད་པར་གྱི་སྔོན་འགྲོ་གཉིས་པ་མཎྜལ་གྱི་ཁྲིད་འཆད་པ་ནི༔ ཁྲིད་གཞན་ལ་རྡོར་སེམས་སྔོན་ལ་ཡོད་ཀྱང་འདིར་མཎྜལ་སྔོན་ལ་བྱུང་བའི་རྒྱུ་མཚན་ནི༔ སྐྱབས་ཡུལ་དང་སེམས་བསྐྱེད་ཡུལ་མཎྜལ་འབུལ་ཡུལ་གསུམ་པོ་དམིགས་པ་གཅིག་དང་འདྲ་བར་ཡོད་པས༔ ལས་དང་པོ་པས་ཟིན་སླ་བ་དང་༔ རྒྱུན་ཁྱེར་དུས་དུས་གཅིག་བསྐྱེད་པས་གསུམ་ཀའི་གོ་ཆོད་དུ་འགྱུར་བས་སྟབས་བདེ་བ་ལ་དགོངས་པའོ༔ དེ་ཡང་པདྨ་ཟབ་པའི་རྒྱུད་ལས༔ མཎྜལ་འབུལ་དང་མཆོད་པ་དང་༔ ཞེས་དང་༔ མཎྜལ་སྐུ་མདོག་མི་འདྲ་བ༔ བྱེ་བ་འབུམ་ཚོ་ཞེ་དྲུག་ནི༔ སངས་རྒྱས་པདྨ་རབ་རྒྱས་དང་༔ འཕགས་པ་སྤྱན་རས་གཟིགས་ལ་ཕུལ༔ ཞེས་དང་༔ གཤིན་རྗེ་གཤེད་གདོང་དྲུག་གི་རྒྱུད་ལས༔ འཛམ་བུ་གླིང་དང་གླིང་གཞན་རྣམས༔ ནོར་བུ་རིན་ཆེན་གྱིས་བཀངས་ཏེ༔ སྟོང་གསུམ་ལ་སོགས་མ་


previousཤོག་ལྷེབ་ ༢༠༡ ནས་ ༣༠༠ བར།next