Nitartha Digital Library
Tibetan
 
previousཤོག་ལྷེབ་ ༣༠༡ ནས་ ༤༠༠ བར།next

ཤོག་ལྷེབ་ ༣༠༡ ནས་ ༤༠༠ བར།


CMR057_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་པ༔ ཞུམ་པ་མེད་པར་བྱས་ཏེ་འབུལ༔ ཞེས་སོགས་རྒྱལ་སྲིད་བདུན་ལ་འགྲེས་སུ་གསུངས་པ་དང་༔ སློབ་དཔོན་བྱང་ཆུབ་སེམས་དཔའ་དགྲ་ལས་རྒྱལ་བ་གསང་བའི་ཞལ་སྔ་ནས་མཛད་པའི་མཎྜལ་གྱི་རྒྱ་གཞུང་ལས༔ ཐུབ་པའི་མཎྜལ་བྱས་པ་ཡི༔ ཕ་རོལ་ཕྱིན་པ་འདི་དྲུག་ཐོབ༔ གསེར་གྱི་མདོག་ཏུ་འགྱུར་བ་འདི་དག་སྟེ༔ ནད་རྣམས་ཀུན་དང་བྲལ་བར་འགྱུར༔ ཟླ་བ་ལྟར་མཛེས་གསལ་བ་ཡི༔ ལྷ་དང་མི་ནི་དམ་པར་སྐྱེ༔ ནོར་དང་གསེར་ནི་འབྱོར་པ་ཡི༔ རྒྱལ་པོའི་རིགས་སུ་སྐྱེ་བར་འགྱུར༔ བདེ་བར་གཤེགས་པའི་ཕོ་བྲང་མཆོག༔ མཎྜལ་གང་ཞིག་བྱེད་པ་དང་༔ ཞེས་སོགས་དང་༔ པཎྜི་ཏ་གྲུབ་པ་བརྙེས་པ་རིན་ཆེན་འབྱུང་གནས་སྦས་པའི་མཎྜལ་གྱི་ཆོ་ག་ལས༔ གླིང་བཞི་གླིང་ཕྲན་བརྒྱད་རིན་པོ་ཆེ་སྣ་བདུན་གཏེར་ཆེན་པོ་བརྒྱད༔ རི་རབ་ཉི་ཟླ་དང་བཅས་པ་རིན་པོ་ཆེ་སྣ་ཚོགས་ཀྱིས་བཀང་བར་དམིགས་ཏེ༔ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འམ༔ ཆོས་སམ་བླ་མའམ་གང་ཡང་རུང་བ་ལ་དབུལ་བར་བསམ་མོ༔ ཕན་ཡོན་དཔག་ཏུ་མེད་པ་ཡོད་དེ་གཞུང་ནས་ཤེས་པར་བྱའོ༔ ཞེས་དང་རྙོག་མེད་རྡོ་རྗེའི་


CMR057_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

མཎྜལ་ཆོ་གར༔ མཉམ་པར་བཞག་པར་རྟག་ཏུ་ཡང་བླ་མའི་མཎྜལ་བྱས་ནས་ནི༔ ཡི་དམ་ལྷ་ཡི་མཎྜལ་དང་༔ ཀློག་པའི་མཎྜལ་མཆོག་སོགས་བྱ༔ ཞེས་དང་༔ ཨོ་རྒྱན་རིན་པོ་ཆེས༔ ཕྱི་མཎྜལ་ལ་བརྟེན་ནས་བསོད་ནམས་ཀྱི་ཚོགས་བསགས༔ ཞེས་དང་༔ ཨོཾ་ཨཱཿཧཱུྃ༔ ཕྱི་སྣོད་འཇིག་རྟེན་སྟོང་གསུམ་གཞལ་ཡས་ཁང་༔ རི་རབ་གླིང་བཞི་རྡུལ་རྙེད་མཆོད་སྤྲིན་གཏིབས༔ ལྷ་མིའི་མཆོད་པ་ཇི་སྙེད་དཔག་མེད་ཀུན༔ བླ་མ་དཀོན་མཆོག་སྤྲུལ་སྐུའི་ཞིང་དུ་འབུལ༔ ཞེས་སོགས་དང་༔ ཞེས་ཕུལ་བས་དངོས་པོ་ཀུན་ལ་ཞེན་པ་ལྡོག་ཅིང་༔ གནས་སྐབས་ལོངས་སྤྱོད་འཕེལ༔ མཐར་ཐུག་ཞིང་དག་པར་སྐྱེ༔ རྒྱུ་བསོད་ནམས་ལ་བརྟེན་ནས་འབྲས་བུ་ཡེ་ཤེས་ཀྱི་ཚོགས་སུ་འགྱུར་རོ༔ ཞེས་དང་༔ དགོངས་པ་འདུས་པ་ལས༔ ཆོས་རྣམས་མི་ཤེས་མ་རྟོགས་ཀྱང་༔ དམ་པ་མཆོག་གི་བླ་མ་ལ༔ བཀུར་སྟི་རིམ་གྲོ་ཆེར་བྱས་ན༔ འཁོར་བའི་རྒྱ་མཚོ་ལས་སྒྲོལ་འགྱུར༔ ཞེས་དང་༔ དམ་ཆོས་དཀོན་མཆོག་བརྩེགས་པ་ལས༔ མཆོད་པའི་ཡོ་བྱད་མཆོག་དམ་པས༔ འཕགས་པའི་ཚོགས་ནི་མཆོད་བྱས་ན༔ བསོད་ནམས་དེ་ཡི་རྐྱེན་


CMR057_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ནི༔ སྐྱེ་བ་ཀུན་ཏུ་ལོངས་སྤྱོད་ལྡན༔ ཞེས་དང་༔ སངས་རྒྱས་ཀྱི་ཡོན་ཏན་བསྔགས་པའི་མདོ་ལས༔ གང་དག་སྟོན་པ་བདེ་གཤེགས་ལ༔ མཆོད་པ་ཆུང་དུ་བྱེད་པ་ཡང་༔ ལྷ་མིའི་བདེ་བ་ཀུན་བགྲོད་ནས༔ འཆི་མེད་དམ་པ་ཐོབ་པར་འགྱུར༔ ཞེས་དང་༔ འཕགས་པ་རྒྱལ་བའི་བློ་གྲོས་ཀྱི་མདོ་ལས༔ རིགས་ཀྱི་བུ་བསོད་ནམས་འདོད་པས་དེ་བཞིན་གཤེགས་པ་ལ་མཆོད་པར་བྱའོ༔ ཞེས་དང་༔ ཡོན་ཏན་ཐམས་ཅད་འདོད་པས་དཀོན་མཆོག་གསུམ་ལ་མཆོད་པ་བྱའོ༔ ཞེས་གསུངས་སོ༔ དེ་ལ་འབྱོར་ན་སྒྲུབ་པའི་མཎྜལ་དང་མཆོད་པའི་མཎྜལ་གཉིས་བྱས་ཏེ༔ སྒྲུབ་པའི་མཎྜལ་ལ་མཆོད་ཡུལ་གྱི་ལྷ་བསྐྱེད༔ མཆོད་པའི་མཎྜལ་མཆོད་པར་བསྐྱེད་ནས་དངོས་སུ་ཕུལ་ཏེ༔ དེ་ཡང་གསེར་དངུལ་སོགས་རིན་པོ་ཆེ་ལས་བྱས་པའི་མཎྜལ་བསོད་ནམས་ཆེ་ཞིང་༔ མ་རྙེད་ན་ས་དང་ཤིང་སོགས་ལ་རུང་བར་བཤད་ཀྱང་༔ དེ་ལྟར་དངོས་སུ་མཎྜལ་མ་འཛོམ་ན༔ སྒྲུབ་པའི་མཎྜལ་ནམ་མཁར་བསྐྱེད་དེ༔ མཆོད་པའི་མཎྜལ་ལག་པའི་སོར་མོ་ལ་བཅས་པ་ཡང་རུང་བ་ལ༔ གཉིས་ཀ་ཡིད་ཀྱིས་བསྒོམས་པས་ཀྱང་འཐུས་ཏེ༔


CMR057_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་ཆེན་ཀཾ་པ་ལའི་མཎྜལ་གྱི་རྒྱ་གཞུང་ལས༔ མཎྜལ་བསྡུ་ན་རྣམ་གཉིས་ཏེ༔ ཡིད་ཀྱིས་བསམ་དང་དངོས་བྱེད་པའོ༔ ཡིད་ཀྱིས་འབུལ་ན་ཡིད་ཀྱི་ཡིན༔ དངོས་བྱེད་ཡན་ལག་དགུ་རྫོགས་དབུལ༔ རྒྱུ་རྐྱེན་སྔོན་འགྲོ་མཚམས་དང་ཚད༔ དབྱིབས་དང་ཁ་དོག་བྱིན་རླབས་བརྒྱན༔ ཞེས་གསུངས་པས་དངོས་སུ་འབུལ་ན་དེ་ལྟར་ཚད་དང་ཁ་དོག་ལ་སོགས་ལེགས་པར་བྱ་དགོས་མོད་ཀྱི༔ འདིར་སྤྲོས་མེད་གཙོ་བོ་ཡིན་ཞིང་ཁྲོམ་པ་སོགས་མཎྜལ་རྙེད་དཀའ་བས་ཡིད་ཀྱིས་འབུལ་བའི་ལུགས་ཡིན་ནོ༔ གཞུང་དེ་ལས་ཕན་ཡོན་གསུངས་པ་ཡང་༔ དེ་ལྟར་ཕུལ་བའི་ཡོན་ཏན་ནི༔ ཕ་རོལ་ཕྱིན་བཅུ་རྫོགས་ལྡན་ཞིང་༔ སྒྲིབ་པ་གཉིས་བྱང་ཚོགས་རྫོགས་ཏེ༔ ཏིང་འཛིན་དཀྱིལ་འཁོར་གསལ་གྱུར་ནས༔ རང་བཞིན་དཀྱིལ་འཁོར་མཐོང་བར་འགྱུར༔ ཞེས་དང་༔ མཎྜལ་མ་ཕུལ་བའི་ཉེས་དམིགས་རྫོགས་རིམ་ལ་བརྟན་པ་མི་ཐོབ་པ་དང་༔ མཎྜལ་མ་ཕུལ་བར་གསང་སྔགས་ཟབ་མོ་ཞུ་བ་དང་བསྒོམ་པར་བྱས་ན་མཁའ་འགྲོའི་བཀའ་ཆད་ཀྱང་འབྱུང་སྟེ༔ གཞུང་དེ་ཉིད་ལས༔ དེ་ལྟར་མ་བྱས་ཉེས་དམིགས་ནི༔ རྫོགས་ལ་བརྟན་པ་མ་ཐོབ་པར༔ མཎྜལ་


CMR057_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

འཇོག་ན་མཁའ་འགྲོས་གསོད༔ དེ་བས་ནན་ཏན་གུས་པར་བྱ༔ ཞེས་གསུངས་སོ༔ དེ་ཡང་མཆོད་པའི་ཡུལ་དངོས་སུ་བཞུགས་པ་ལ་མཆོད་པ་དང་༔ དངོས་སུ་མི་བཞུགས་པ་ལ་ཡིད་ཀྱིས་དམིགས་ཏེ་མཆོད་པ་གཉིས་བསོད་ནམས་མཉམ་སྟེ༔ མདོ་སྡེ་རྒྱན་ལས༔ སངས་རྒྱས་རྣམས་ལ་གོས་ལ་སོགས༔ མངོན་སུམ་མངོན་སུམ་མིན་པར་མཆོད༔ ཅེས་གསུངས་སོ༔ མཆོད་རྫས་དངོས་སུ་མ་འབྱོར་ན་ཡིད་ཀྱིས་སྤྲུལ་པ་དང་༔ འཇིག་རྟེན་གྱི་ཁམས་ན་བདག་པོས་བཟུང་བ་དང་མ་བཟུང་བ་ཐམས་ཅད་བློ་ཡིས་བླངས་ཏེ་ཕུལ་བས་བསོད་ནམས་རྒྱ་ཆེན་ཐོབ་པ་ཡིན་ཏེ༔ འཕགས་པ་དཀོན་མཆོག་སྤྲིན་གྱི་མདོ་ལས༔ རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་གང་འདི་དག་མེ་ཏོག་གི་རྣམ་པའམ༔ འབྲས་བུའི་རྣམ་པ་ངའི་བྱ་བ་མེད་པ་ཡོངས་སུ་བཟུང་བ་མེད་པ་དེ་རྣམས༔ ཉིན་ལན་གསུམ་མཚན་ལན་གསུམ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་འབུལ་ལོ༔ ཞེས་དང་༔ གང་འདི་དག་བདུག་པའི་ཤིང་ངམ༔ སྤོས་ཀྱི་ཤིང་ངམ༔ དཔག་བསམ་གྱི་ཤིང་ངམ༔ མེ་ཏོག་གི་ཤིང་ངམ༔ འབྲས་བུའི་ཤིང་ངམ༔ ངའི་བྱ་


CMR057_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

བ་མེད་པ་ཡོངས་སུ་བཟུང་བ་མེད་པ་དེ་དག་ཀྱང་ཉིན་ལན་གསུམ་མཚན་ལན་གསུམ༔ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་འབུལ་ལོ༔ ཞེས་དང་༔ དམ་ཚིག་གསུམ་བཀོད་པའི་རྒྱལ་པོ་ལས་ཀྱང་༔ ཐང་ལས་སྐྱེས་པའི་རིན་པོ་ཆེའི་རི་རྣམས་དང་༔ ཆུ་ལས་སྐྱེས་པའི་རིན་པོ་ཆེའི་རི་རྣམས་དང་༔ ཐང་ལས་སྐྱེས་པའི་རིན་པོ་ཆེ་ལ་སོགས་པ༔ ཕྱོགས་བཅུ་ན་རྣམ་པར་གནས་པ༔ ངའི་བྱར་མེད་པ་ཡོངས་སུ་བཟུང་བ་མེད་པ་རྣམས་འབུལ་ལོ༔ ཞེས་དང་༔ སྤྱོད་འཇུག་ལས༔ ལྷ་སོགས་འཇིག་རྟེན་ན་ཡང་དྲི་དང་ནི༔ སྤོས་དང་དཔག་བསམ་ཤིང་དང་རིན་ཆེན་ཤིང་༔ མ་རྨོས་འཁྲུངས་པའི་ལོ་ཏོག་རྣམ་པ་དང་༔ གཞན་ཡང་མཆོད་པར་འོས་པའི་རྒྱན་རྣམས་ནི༔ མཚོ་དང་རྫིང་བུ་པདྨས་བརྒྱན་པ་དང་༔ ངང་པ་ཤིན་ཏུ་སྐད་སྙན་ཡིད་འོང་ལྡན༔ ནམ་མཁའ་རབ་འབྱམས་ཁམས་ཀྱི་མཐས་གཏུགས་པ༔ ཡོངས་སུ་བཟུང་བ་མེད་པ་དེ་དག་ཀུན༔ བློ་ཡིས་བླངས་ཏེ་ཐུབ་པ་སྐྱེས་ཀྱི་མཆོག༔ སྲས་དང་བཅས་པ་རྣམས་ལ་ལེགས་འབུལ་ན༔ ཡོན་གནས་དམ་པ་ཐུགས་རྗེ་ཆེ་རྣམས་ཀྱིས༔ བདག་ལ་བརྩེར་དགོངས་བདག་གི་འདི་དག་བཞེས༔


CMR057_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ནི་བསོད་ནམས་མི་ལྡན་བཀྲེན་ཆེན་ཏེ༔ མཆོད་པའི་ནོར་གཞན་བདག་ལ་ཅང་མ་མཆིས༔ དེས་ན་གཞན་དོན་དགོངས་པའི་མགོན་གྱིས་ནི༔ བདག་གི་དོན་སླད་ཉིད་ཀྱི་མཐུས་བཞེས་ཤིག༔ ཞེས་གསུངས་པས་ཡིད་ཀྱིས་དམིགས་ཏེ་ཕུལ་བས་བསོད་ནམས་རྒྱ་ཆེར་ཐོབ་པ་ཡིན་པའི་ཕྱིར༔ འདིར་མཎྜལ་ཡིད་ཀྱིས་སྤྲུལ་ཏེ་འབུལ་བ་དང་༔ གླིང་བཞི་ལྷ་མིའི་དཔལ་འབྱོར་བློས་བླངས་ཏེ་འབུལ་བའོ༔ དེ་ཡང་རྡོ་རྗེའི་ཚིག་རྐང་ལས༔ རང་གི་མདུན་གྱི་ནམ་མཁར་ཀུན་བཟང་ལ༔ སངས་རྒྱས་བྱང་སེམས་དཔག་ཏུ་མེད་པས་བསྐོར༔ གླིང་བཞིའི་དགེ་ཀུན་བསྡུས་ཏེ་མཎྜལ་འབུལ༔ ཞེས་དང་༔ དེའི་འགྲེལ་པ་ཐུགས་རྗེ་ཆེན་པོས་དངོས་སུ་གསུངས་པ་ལས༔ རང་གི་མདུན་གྱི་ཐད་ཀར་ནམ་མཁར་དཔལ་ཀུན་ཏུ་བཟང་པོ་ལ༔ འཁོར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པས་བསྐོར་ཏེ་བཞུགས་པ་ལ༔ རི་རབ་གླིང་བཞི་གླིང་ཕྲན་བརྒྱད་ཀྱི་བསོད་ནམས་དགེ་ཚོགས་ཀུན༔ ཐམས་ཅད་བསྡུས་ཏེ་མདུན་གྱི་ཀུན་ཏུ་བཟང་པོ་འཁོར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པས་བསྐོར་བ་དེ་ལ་མཎྜལ་དུ་ཕུལ་བར་


CMR057_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་མོ༔ ཞེས་གསུངས་པའི་དོན་ཏེ༔ འདིར་སྒྲུབ་པའི་མཎྜལ་མི་དགོས་པར་རང་གི་མདུན་གྱི་ནམ་མཁར་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་རྒྱན་རྟ་བབས་ཆོས་འཁོར་དང་བཅས་པ༔ གྲུ་བཞི་སྒོ་བཞི་ལ་སོགས་པ་མཚན་ཉིད་ཡོངས་སུ་རྫོགས་པ༔ རྒྱ་ཁྱོན་སྟོང་གསུམ་དང་མཉམ་པའི་དབུས་སུ༔ རིན་པོ་ཆེའི་ཁྲི་ལྔ་ཚོམ་གྱི་དབུས་མར་བླ་མ་དང་དབྱེར་མེད་པའི་ཆོས་སྐུ་ཀུན་ཏུ་བཟང་པོ་ལ་རིགས་ལྔ་ཡབ་ཡུམ་དང་༔ རིགས་དྲུག་པ་རྡོ་རྗེ་འཆང་ལ་སོགས་པ་ལོངས་སྐུའི་སངས་རྒྱས་ཐམས་ཅད་དང་༔ དེའི་སྟེང་དུ་རིག་འཛིན་གྲུབ་ཐོབ་ཐམས་ཅད་སྤྲིན་འཁྲིགས་པ་ལྟ་བུ༔ གཡས་ཀྱི་ཁྲི་ལ་སྟོན་པ་ཤཱཀྱ་ཐུབ་པ་ལ་བསྐལ་བཟང་གི་སངས་རྒྱས་སྟོང་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་སྤྲུལ་སྐུའི་ཆ་ལུགས༔ རྒྱབ་ཏུ་སྡེ་སྣོད་གསུམ་དང་རྒྱུད་སྡེ་དྲུག་གི་དམ་ཆོས་ཐམས་ཅད་གླེགས་བམ་གྱི་ཚུལ༔ གཡོན་དུ་གུ་རུ་པདྨ་སམ་བྷ་ཝ་ཉེ་སྲས་བརྒྱད་སོགས་བྱང་ཆུབ་སེམས་དཔའི་དགེ་འདུན་དང་༔ ཉན་ཐོས་མཆོག་བརྒྱད་རང་རྒྱལ་བཅུ་གཉིས༔ གནས་བརྟན་བཅུ་དྲུག་སོགས་ཉན་ཐོས་ཀྱི་དགེ་འདུན༔ བར་མཚམས་རྣམས་སུ་གནས་དང་ཡུལ་གྱི་དཔའ་བོ་


CMR057_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

དང་༔ ཌཱཀི་ཆོས་སྐྱོང་ཞིང་སྐྱོང་ཐམས་ཅད་ཁྲོམ་ཚོགས་པ་ལྟར་བསྒོམ༔ དེ་ཐམས་ཅད་ཀྱི་དཔྲལ་བར་ཨོཾ་དཀར་པོ༔ མགྲིན་པར་ཨཱཿདམར་པོ༔ ཐུགས་ལ་ཀར་ཧཱུྃ་མཐིང་ཁ༔ ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་བསྒོམས་པ་ལྟ་བུའི་ཡེ་ཤེས་པ་དཔག་ཏུ་མེད་པ་སྤྱན་དྲངས་པར་བསྒོམ་ལ༔ རྒྱས་པར་སྤྲོ་ན་གནམ་ཆོས་ཉིད་ནས་འབྱུང་བའི་རྩ་གསུམ་སྤྱིའི་ལས་བྱང་ནས༔ ཧཱུྃ༔ སྐུ་གསུམ་བཀའ་བརྒྱུད་བླ་མ་སྤྱན་འདྲེན་ནོ༔ ཞེས་པ་ནས་ཏིཥྛ་ལྷན་གྱི་བར་གྱི་སྤྱན་འདྲེན་བཞུགས་གསོལ་གཉིས་དང་༔ ཧཱུྃ༔ རྒྱལ་བའི་ཞབས་དྲི་དག་བྱའི་ཕྱིར༔ ཞེས་སོགས་ནས༔ བཤགས་བགྱི་བཛྲ་སཏྭ་ཧཱུྃ༔ གི་བར་མཆོད་བསྟོད་རྒྱས་པར་བྱ་ཞིང་༔ བསྡུ་ན༔ བཛྲ་ས་མཱ་ཛ༔ ལྷཞེས་པ་ཙམ་མམ༔ ཡིད་ཀྱི་སྤྱན་དྲངས་ལ་བསྟིམ་ནས་དམ་ཚིག་ཡེ་ཤེས་དབྱེར་མེད་དུ་བཞུགས་པར་མོས་ལ༔ དེའི་དྲུང་དུ་ཡོད་ན་མཎྜལ་དག་པར་ཕྱིས་སྟེང་འབྲུའི་ཚོམ་བུ་བཀོད་པའམ༔ མེད་ན་ལག་པ་གཉིས་སམ་གཡས་མཎྜལ་གྱི་ཕྱག་རྒྱ་བྱ་བའམ༔ ཡིད་ཀྱི་དམིགས་པ་ཁོ་ནས་ཀྱང་ཆོག་སྟེ༔ དབང་ཆེན་གསེར་གྱི་ས་གཞི༔ གླིང་བཞི་གླིང་ཕྲན་བརྒྱད་


CMR057_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་ཟླ་རི་རབ་རྩེར་སུམ་རྩེན་རྣམ་པར་རྒྱལ་བའི་ཁང་བཟང་༔ བརྒྱ་བྱིན་ལྷའི་ལོངས་སྤྱོད༔ གླིང་བཞིར་འཁོར་ལོས་སྒྱུར་རྒྱལ་མིའི་དཔལ་འབྱོར་དང་། གཞན་ཡང་རང་གི་བསོད་ནམས་དགེ་ཚོགས་ཅི་ཡོད་པའི་དངོས་པོ་དེ་ཐམས་ཅད་མཆོད་པའི་སྤྲིན་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་ལྟ་བུས་བཀང་བ༔ དེ་ལྟ་བུ་བྱེ་བ་འབུམ་ཕྲག་ཏུ་ཡིད་ཀྱིས་སྤྲུལ་པ་དང་༔ དངོས་སུ་ཡང་འཇིག་རྟེན་གྱི་ཁམས་སུ་བདག་པོས་བཟུང་བ་དང་མ་བཟུང་བའི་རིན་པོ་ཆེའི་རི་བོ་དང་༔ ལྷའི་བདུད་རྩི་ལ་སོགས་པ་ཐམས་ཅད་དཔལ་ཀུན་ཏུ་བཟང་པོ་རྒྱལ་བ་སྲས་དང་སློབ་མར་བཅས་པ་ལ་འབུལ་སྙམ་པའི་མོས་འདུན་དམིགས་པ་རྩེ་གཅིག་ཏུ་མཛོད་ལ༔ རྡོ་རྗེའི་ཚིག་རྐང་ལས་གསུངས་པའི་ཚིག་དང་པོ་གཉིས་ཀྱིས་མཆོད་ཡུལ་གསལ་ཐོབ༔ ཚིག་རྗེས་མས་མཆོད་པ་གསལ་ཐོབ་ལ་རྗེས་ཟློས་ལན་གསུམ་མཛོད༔ རང་གི་མདུན་གྱི་ནམ་མཁར་ཀུན་བཟང་ལ༔ སངས་རྒྱས་བྱང་སེམས་དཔག་ཏུ་མེད་པས་བསྐོར༔ གླིང་བཞིའི་དགེ་ཀུན་བསྡུས་ཏེ་མཎྜལ་འབུལ༔ གསུམ༔ དེ་ནི་ཕྱི་སྤྲོས་བཅས་ཀྱི་མཎྜལ་མདོ་སྔགས་ཐུན་མོང་བ་ཡིན་ལ༔ ནང་ཐུན་མོང་མ་ཡིན་པ་སྤྲོས་


CMR057_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

མེད་གསང་སྔགས་བླ་མེད་ལུགས་ཀྱི་མཎྜལ་ནི༔ ཨོ་རྒྱན་རིན་པོ་ཆེས༔ ཨོཾ་ཨཱཿཧཱུྃ༔ རང་ལུས་རྩ་ཁམས་དག་པའི་གཞལ་ཡས་སུ༔ དབང་པོ་རྣམ་ལྔ་བཀྲག་དང་མདངས་ཀྱིས་བརྒྱན༔ ཁམས་དང་སྐྱེ་མཆེད་ཡོངས་སུ་དག་པ་འདི༔ བླ་མ་དཀོན་མཆོག་ལོངས་སྐུའི་ཞིང་དུ་འབུལ༔ ཞེས་གསུངས་པ་དང་༔ རིག་འཛིན་བི་མ་ལ་དང་༔ མི་ཏྲ་ཛོ་ཀི་སོགས་ཀྱིས་ཀྱང་དེ་དང་མཐུན་པར་རྒྱ་ཆེར་གསུངས་སོ༔ དེས་ན་ཚོགས་ཞིང་ལྷ་ཚོགས་རྣམས་སྔར་ལྟར་གསལ་བཏབ་ནས༔ མཎྜལ་དངོས་ནི་རང་གི་ལུས་འདི་ཉིད་ལ་གླིང་བཞི་རི་རབ་སོགས་ཐམས་ཅད་ཚང་ནས་ཡོད་པས༔ དེ་གསལ་བཏབ་སྟེ་འབུལ་བ་ཡིན༔ དེ་ཡང་གཅོད་ལུགས་ལྟར་བེམ་རིག་ཕྲལ་ནས་འབུལ་བ་ནི་མ་ཡིན༔ ལུས་ལ་ཡེ་ནས་ཚང་ནས་ཡོད་པ་དེ་གསལ་བཏབ་ནས་འབུལ་བ་ཡིན་ཏེ༔ རང་གི་པགས་པ་གསེར་གྱི་ས་གཞི༔ རྒྱུ་མ་ལྕགས་རི་ཁོར་ཡུག༔ སྒལ་ཚིགས་རི་བོ་མཆོག་རབ༔ མགོ་བོ་རྣམ་པར་རྒྱལ་བའི་ཁང་བཟང་༔ རྐང་ལག་བཞི་གླིང་བཞི༔ མིག་ཉི་ཟླ༔ རྣ་བ་སྒྲ་གཅན་དང་དུས་མེ༔ སྣ་གཏེར་གྱི་བུམ་པ༔ ལྕེ་འདོད་འཇོའི་བ༔ རྐང་སོར་


CMR057_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་ཕྱིའི་ལྷ་མོ་བཅུ༔ ལག་སོར་ནང་གི་ལྷ་མོ་བཅུ༔ ཚིགས་ཆེན་བརྒྱད་བཀྲ་ཤིས་པའི་རྟགས་བརྒྱད༔ དོན་སྣོད་རྒྱལ་སྲིད་སྣ་བདུན༔ སྐྲ་དང་བ་སྤུ་ལྷ་མིའི་ལོངས་སྤྱོད་མ་ཚང་བ་མེད་པ་རང་བཞིན་ལྷུན་གྲུབ་ཏུ་བསྒོམ་སྟེ༔ བླ་མ་ཀུན་བཟང་རྒྱལ་བ་སྲས་བཅས་ལ་འབུལ་བར་བསྒོམ་ལ༔ ཡང་རྡོ་རྗེའི་ཚིག་རྐང་དེ་ཉིད་རྗེས་ཟློས་མཛོད༔ རང་གི་མདུན་གྱི་ནམ་མཁར་ཀུན་བཟང་ལ༔ སངས་རྒྱས་བྱང་སེམས་དཔག་ཏུ་མེད་པས་བསྐོར༔ གླིང་བཞིའི་དགེ་ཀུན་བསྡུས་ཏེ་མཎྜལ་འབུལ༔ འོ་དེ་ནང་གི་མཎྜལ་ཡིན༔ གསང་བའི་མཎྜལ་ནི་ཨོ་རྒྱན་རིན་པོ་ཆེའི་ཞལ་ནས༔ སེམས་ཉིད་ཆོས་སྐུ་དག་པའི་གཞལ་ཡས་སུ༔ སྤྲོས་བྲལ་འོད་གསལ་འཛིན་མེད་ངང་དུ་གནས༔ གདོད་ནས་དག་པ་འོད་གསལ་གཉུག་མ་འདི༔ བླ་མ་དཀོན་མཆོག་ཆོས་སྐུའི་ཞིང་དུ་འབུལ༔ ཞེས་དང་༔ ཀུན་གཞི་མཐའ་བྲལ་མཎྜལ་ལ༔ འཁོར་འདས་ཐམས་ཅད་ཚོམ་བུར་བཀོད༔ སྐུ་གསུམ་བླ་མ་རྣམས་ལ་འབུལ༔ བློ་འདས་ངང་དུ་བཞེས་སུ་གསོལ༔ ཞེས་གསུངས་པ་དང་༔ ལྷའི་བུ་བློ་གྲོས་རབ་གནས་ཀྱི་ལེའུ་ལས༔ བྱང་ཆུབ་འདོད་པའི་བྱང་ཆུབ་སེམས་དཔའ་ནི༔


CMR057_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

བསྐལ་པ་བྱེ་བ་གངྒའི་བྱེ་སྙེད་དུ༔ མེ་ཏོག་སྤོས་དང་དེ་བཞིན་ཟས་སྐོམ་དང་༔ ཕུལ་ནས་མི་མཆོག་སངས་རྒྱས་མཆོད་པ་བས༔ གང་གིས་གང་ལ་བདག་དང་སྲོག་དང་ནི༔ གང་ཟག་མ་མཆིས་དེ་འདྲའི་ཆོས་འདི་དག༔ ཐོས་ནས་དེ་ལ་འོད་གསལ་བཟོད་ཐོབ་པ༔ དེ་ཡིས་མི་མཆོག་དམ་པ་མཆོད་པ་ལགས༔ ཞེས་དང་༔ སེང་གེ་སྒྲ་གཅན་གྱི་མདོ་ལས༔ གང་འདུ་ཤེས་དང་མཚན་མ་བསྐྱེད་པར་མི་བྱེད་པ་དེ་ནི༔ དེ་བཞིན་གཤེགས་པ་མཆོད་པ་ཡིན་ནོ༔ བླང་དོར་མེད་པ་དང་གཉིས་སུ་མེད་པར་འཇུག་པ་དེ་ནི༔ དེ་བཞིན་གཤེགས་པ་མཆོད་པ་ཡིན་ནོ༔ གྲོགས་པོ་དག་དེ་བཞིན་གཤེགས་པའི་སྐུ་ནི་དངོས་པོ་མེད་པའི་མཚན་ཉིད་ཡིན་པས༔ དེ་ནི་དངོས་པོའི་འདུ་ཤེས་ཀྱི་མཆོད་པར་སླ་བ་མ་ཡིན་ནོ༔ ཞེས་དང་༔ ཡབ་སྲས་མཇལ་བའི་མདོ་ལས༔ སྟོང་ཉིད་ཆོས་ལ་བསྟེན་བགྱིད་ཅིང་༔ སངས་རྒྱས་སྤྱོད་ཡུལ་གང་མོས་པ༔ དེ་དག་སྟོན་པ་མཆོད་པ་སྟེ༔ མཆོད་པ་འདི་ནི་བླ་ན་མེད༔ ཅེས་དང་༔ བདུད་རྩི་གསང་བའི་རྒྱུད་ལས༔ མཉེས་པའི་དོན་གྱི་མཆོད་པ་སྟེ༔ སྤོས་སོགས་ཕུལ་བས་མཉེས་པ་མེད༔ རང་སེམས་


CMR057_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སུ་རུང་བ་དག༔ མཉེས་པའི་མཆོད་པ་ཆེན་པོའོ༔ ཞེས་གསུངས་པས༔ མདུན་གྱི་ནམ་མཁར་བཞུགས་པའི་ལྷ་ཚོགས་ཕོ་བྲང་གདན་དང་བཅས་པ་འོད་དུ་ལྟེམ་གྱིས་ཞུ་ནས་རང་ཉིད་ལ་ཐིམ་པར་བསྒོམ༔ དེ་ནས་སེམས་རང་བབས་སུ་ཀློད་ལ་མཉམ་པར་ཞོག་ཅིག༔ དེ་ལྟར་སང་ཉིན་གྱི་བར་མཎྜལ་འབུལ་བའི་དམིགས་པ་ཐུན་དུ་ཆོད་ལ་ལན་བརྒྱ་ཕྲག་མང་པོར་སྒོམས་ཤིག༔ འདིའི་གཞུང་ཚིག་མ་ཤེས་ཀྱང་ས་གཞི་སྤོས་བྱུག་སོགས་གང་རུང་བྱས་ཀྱང་འཐུས༔ དེ་ནས་རྒྱུན་དུ་ཡང་མཎྜལ་དམིགས་རིམ་མ་ཆག་པར་ཉམས་སུ་ལོངས་ཤིག༔ དེ་ཅིའི་ཕྱིར་ཞེ་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེ་སྐྱིད་ཐམས་ཅད་ཚོགས་བསགས་པ་ལས་འབྱུང་བ་ཡིན་ལ༔ ཚོགས་བསགས་པའི་ཐབས་ཟབ་མོ་མཎྜལ་འདི་ཡིན་པས་སོ༔ དེ་ལྟར་ཡུན་རིང་ཉམས་སུ་བླངས་ན་ཚོགས་རྫོགས་པའི་རྟགས་སུ་ཟས་ཆེར་མ་ཟོས་ཀྱང་མི་ལྟོགས༔ ཤེས་རབ་བྱེ་བས་སྔར་མ་གོ་བའི་ཆོས་མང་དུ་ཤེས༔ སྔར་བརྗེད་པའི་ཆོས་མང་དུ་དྲན་ཉམས་དགའ༔ བློ་ཆོས་ལ་བཀོལ་ཐུབ་པ་འབྱུང་༔ རྨི་ལམ་དུ་ཡང་བུད་མེད་མང་པོས་ཟས་སྐོམ་སྟེར་བ་དང་༔ ཉི་ཟླ་ཤར་བ་དང་༔ གྱེན་ལ་


CMR057_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བ་དང་༔ མེ་ཏོག་གི་ཐང་ལ་འགྲོ་ཞིང་མེ་ཏོག་ཐུ་བ་དང་༔ གོས་གསར་པ་གྱོན་པ༔ རྒྱན་བཏགས་པ༔ ཆུ་ལ་བརྒལ་བ་ཕ་རོལ་དུ་སྒྲོལ་བ་དང་༔ ཆུ་ལ་གྲུའམ་ཟམ་པ་གཙུག་པ་དང་༔ མཎྜལ་དང་མེ་ལོང་ཕྱི་ཞིང་ལྟ་བ་དང་༔ དུང་འབུད་པ་རྔ་བོ་ཆེ་བརྡུང་པ༔ རོལ་མོ་དཀྲོལ་བ༔ ལྷ་ཁང་མཇལ་བ་སོགས་རྨིང་ངོ་༔ དེ་ཡང་ཐང་རེ་ཙམ་རྨིང་བ་ལ་གཏད་ར་མེད་པས་རྟགས་འདི་རྣམས་ཡང་ཡང་འབྱུང་བ་དང་༔ དངོས་ཉམས་རྨི་ལམ་དུ་དེ་དག་དངོས་བྱུང་ན༔ ཅུང་ཟད་ཚོགས་རྫོགས་པའི་རྟགས་ཡང་དག་པ་ཡིན་ནོ༔ ཡང་མཎྜལ་གྱི་ཁྲིད་ཀྱི་སྐབས་འདིར་ཨོ་རྒྱན་རིན་པོ་ཆེས༔ ཕྱི་མཎྜལ་ལ་བརྟེན་ནས་བསོད་ནམས་ཀྱི་ཚོགས་བསགས་པ་དང་༔ ནང་ཀུ་སཱ་ལུ་ལ་བརྟེན་ནས་ཉམས་ཆག་བསྐང་བའོ༔ ཞེས་གསུངས་པའི་ཕྱིར༔ སྐབས་འདིར་ལུས་མཆོད་སྦྱིན་བྱ་ཚུལ་ཉུང་ངུ་ཞིག་བཤད་པ་སྟེ༔ ཡུལ་འཁོར་སྐྱོང་གི་ཞུས་པའི་མདོ་ལས༔ བསྐལ་པ་མང་པོར་བྱང་ཆུབ་མཆོག་ཚོལ་ཞིང་༔ རང་གི་བུ་དང་བུ་མོ་ཆུང་མ་དང་༔ འཕངས་པའི་སྲོག་དང་ཤིན་ཏུ་འབྱོར་པ་དང་༔ གྲོང་ཁྱེར་ནོར་དང་འབྲུ་རྣམས་མང་པོ་བཏང་༔ ཞེས་དང་༔


CMR057_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

སྟག་མོ་བུ་དང་བཅས་པའི་སྲོག་འཚོའི་ཕྱིར༔ ལུས་བཏང་ནས་ནི་སྟག་མོ་ཚིམ་པར་བྱས༔ ནམ་མཁའ་ལ་ནི་ལྷ་ཡི་ཚོགས་རྣམས་ཀྱིས༔ སྐྱེས་མཆོག་བརྩོན་འགྲུས་བརྟན་པ་ལེགས་ཤེས་སྒྲོག༔ ཅེས་དང་༔ དབུལ་ཞིང་སྡུག་བསྔལ་བ་ཡི་མི་མཐོང་ནས༔ ང་ཡི་འཕང་པའི་ལུས་ནི་བཏང་བྱས་ཏེ༔ ང་ཡི་ནོར་སྙེད་དེ་ནི་ཕྱུག་པོར་བྱས༔ ཞེས་དང་༔ ང་འདིར་མི་ཡི་རྒྱལ་པོར་གྱུར་པའི་ཚེ༔ སྐྱབས་སུ་སོང་བའི་ཕུག་རོན་མཐོང་ནས་ནི༔ རང་གི་ལུས་ལས་ཤ་ཡང་བཅད་བྱས་ཏེ༔ རང་ལུས་ངེས་བཏང་འཇིགས་པས་འཕང་མ་བཏང་༔ རྒྱལ་པོ་རལ་པ་ཅན་ཞེས་སྔོན་གྱུར་ཚེ༔ སྨན་པ་མཆོག་གིས་ང་ཡི་ཆེད་དུ་ནི༔ མཚུངས་མེད་སྨན་རྣམས་མ་ལུས་སྦྱར་བ་ཡང་༔ སྲོག་བཏང་ངས་ནི་དེ་དག་གཞན་ལ་བྱིན༔ ཞེས་དང་༔ ང་ནི་རྒྱལ་བུ་ཟླ་འོད་གྱུར་པའི་ཚེ༔ མི་བཟད་མིག་ཅན་ཁྲོས་པར་གྱུར་ནས་ནི༔ དེ་ཡིས་ང་ཡི་མགོ་བོ་བསླངས་པ་ན༔ དེ་ཚེ་ང་ཡི་མགོ་བོ་བཅད་དེ་བྱིན༔ ཞེས་དང་༔ ང་སྔོན་རྒྱལ་པོ་མོས་ལྡན་གྱུར་པའི་ཚེ༔ ཤིང་བལ་འདབ་མ་འཛམ་པ་ལྟ་བུ་དང་༔ པདྨའི་འདབ་མ་ལྟ་བུར་འཇམ་གཞོན་པའི༔ ལག་པ་རྐང་པ་དག་ཀྱང་


CMR057_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

ངས་བཏང་ངོ་༔ ཞེས་དང་༔ དྲི་མེད་དག་པ་གསེར་གྱི་མདོག་ཅན་གྱི༔ རྒྱལ་པོར་གང་ཚེ་ང་ནི་གྱུར་པ་ན༔ སོར་མོ་དྲ་བས་འབྲེལ་པ་རྒྱ་ཆེན་བཏང་༔ རྒྱལ་པོ་ཨུཏྤལ་མིག་ཅེས་བྱ་གྱུར་ཚེ༔ པདྨ་སྔོན་པོའི་མདོག་དང་འདྲ་བའི་མིག༔ ཡིད་དུ་འོང་ཞིང་སྙིང་དུ་སྡུག་གྱུར་པ༔ འགྲོ་བའི་དོན་དུ་ངས་ནི་བཏང་བར་བྱས༔ ཞེས་དང་༔ སྔོན་གྱི་སྲིད་པར་ཀུན་མཐོང་གྱུར་པ་ན༔ ནད་ཀྱིས་བཏབ་པའི་ནད་པའི་མི་མཐོང་ནས༔ ངས་ནི་རང་གི་ཁྲག་ཀྱང་བྱིན་གྱུར་ཚེ༔ མི་དེ་ངས་ནི་ནད་དང་བྲལ་བར་བྱས༔ རྒྱལ་པོ་མེ་ཏོག་བཟང་ཞེས་བྱ་གྱུར་ཚེ༔ ང་ཡི་ལུས་ལས་རུས་པ་ཕྱུང་ནས་ནི༔ ནད་ཀྱིས་རིད་པར་གྱུར་ལ་ནང་བྱིན་ཏེ༔ ངས་ནི་ནམ་ཡང་སེམས་ཅན་མ་བཏང་ངོ་། རྒྱལ་བུ་དོན་འགྲུབ་ཅེས་བྱར་སྔོན་གྱུར་ཚེ༔ རང་གི་མཛོད་རྣམས་ཐམས་ཅད་ངས་བཏང་ཞིང་༔ འཕངས་ཤིང་ཡིད་དུ་འོང་བའི་སྲོག་བཏང་སྟེ༔ འཕོངས་པར་གྱུར་པའི་མི་ནི་ཐར་བར་བྱས༔ རྒྱལ་པོ་ཕྱོགས་ཀྱི་བདག་པོར་གྱུར་པའི་ཚེ༔ བྱང་ཆུབ་འདོད་ནས་འགྲོ་བའི་དོན་གྱི་ཕྱིར༔ འཁོར་ལོའི་མཚན་ཅན་པདྨ་ལྟ་བུ་ཡི༔ ལག་པ་ཕྲུག་ལས་མ་བལྟས་རབ་


CMR057_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་བྱིན༔ ཞེས་དང་༔ རྒྱལ་པོའི་བུ་མོ་ཡེ་ཤེས་ལྡན་གྱུར་ཚེ༔ འཇམ་ཞིང་མཉན་ལ་དྲི་མེད་དཀར་བའི་བརླ༔ དགའ་ཞིང་མགུ་བའི་ཡིད་ཀྱིས་བཅད་ནས་ནི༔ རང་གི་ཤ་དང་ཁྲག་གིས་ཆོས་སྨྲ་གསོས༔ བུད་མེད་གཟུགས་བཟང་ལྡན་ཞེས་བྱ་གྱུར་ཚེ༔ བུད་མེད་བཀྲེས་སྐོམ་ཉམ་ཐག་ངས་མཐོང་ནས༔ གསེར་ལྟར་མདོག་མཛེས་ཤིན་ཏུ་གཞོན་པ་ཡི༔ ནུ་མ་སྙིང་དུ་སྡུག་པ་གཉིས་ཀ་བཏང་༔ ཞེས་དང་༔ སྲོག་ཆགས་གོ་འདར་སྔོན་སྲིད་གྱུར་པའི་ཚེ༔ གྲོག་སྤུར་དག་ནི་འཆི་བར་འགྱུར་དོགས་ནས༔ ལུས་ཀྱི་དམ་པ་མ་བལྟས་བཏང་བར་བྱས༔ ཞེས་དང་༔ སྔོན་ཆད་ཆུ་ནང་རྒྱུ་བའི་ཉར་གྱུར་ཚེ༔ སེམས་ཅན་ཕན་ཕྱིར་ང་ཡི་ལུས་བཏང་སྟེ༔ སྲོག་ཆགས་བརྒྱ་སྟོང་དག་གིས་ཟོས་པར་གྱུར༔ སྲོག་ཆགས་དེས་པ་གང་ཚེ་གྱུར་པ་ན༔ ནད་བརྒྱས་གཟིར་བའི་འགྲོ་བ་མཐོང་ནས་སུ༔ ལུས་ནི་སྨན་ལྟ་བུར་ཡང་བསྒྱུར་བྱས་ཏེ༔ སེམས་ཅན་བདེ་ཞིང་ནད་ཀྱང་མེད་པར་བྱས་ཞེས་དང་༔ མདོ་སྡེ་གཞན་དག་ལས་ཀྱང་༔ ང་སྔོན་རྒྱལ་བུ་སུ་ཤ་དྷེ་ཝར་གྱུར༔ དེ་ཚེ་ཕ་མར་གྱུར་པ་ཡུལ་གཞན་དེང་༔ རབ་ཏུ་བཀྲེས་པས་ཉེན་པའི་ཕ་མ་ལ༔ རང་གི་ཤ་


CMR057_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ལྟོས་པ་མེད་པར་བཏང་༔ ང་ནི་བྱམས་པའི་སྟོབས་སུ་གྱུར་པ་ན༔ ཤ་ཟ་སྤུན་ལྔ་ཡོངས་སུ་གསོ་བའི་ཕྱིར༔ རང་གི་ཁྲག་དང་བཅས་པའི་ཤ་ཡང་བཏང་༔ བྱང་ཆུབ་དམ་པ་ཐོབ་པའི་འདུ་ཤེས་བསྐྱེད༔ ང་ནི་རྒྱལ་པོ་ནམ་མཁར་གྱུར་པ་ན༔ ཕུན་སུམ་ཚོགས་བཅས་ལོངས་སྤྱོད་ཐམས་ཅད་དང་༔ རང་གི་ལུས་ཀྱང་ངས་ནི་བཏང་བར་བྱས༔ བྱང་ཆུབ་བླ་ན་མེད་དུ་བློ་བརྟན་གྱུར༔ ང་ནི་རྒྱལ་པོ་ནོར་ཅན་གྱུར་པའི་ཚེ༔ དེ་ཚེ་ང་ཡི་ལུས་ཀྱི་འགྲོ་བ་ལ༔ ཕན་པ་དག་ནི་རྒྱ་ཆེན་བསྒྲུབས་བྱས་ཏེ། བྱང་ཆུབ་དོན་དུ་ངས་ནི་ལུས་བཏང་ངོ་༔ ཞེས་དང་༔ ཤ་དང་པགས་པ་དེ་བཞིན་རྐང་དང་ཁྲག༔ དེ་དག་རང་གི་ལུས་ལས་སྦྱིན་པར་བྱས༔ ཞེས་སོགས་རྒྱ་ཆེར་གསུངས་ཏེ༔ རྒྱས་པར་མདོ་སྡེ་རྣམས་དང་སྐྱེས་རབས་ལས་འབྱུང་བ་ལྟར༔ སྔོན་བཅོམ་ལྡན་འདས་ཀྱིས་ཀྱང་ལུས་ཤ་ཁྲག་སྦྱིན་པར་བཏང་བའི་ལོ་རྒྱུས་མཐའ་ཡས་པ་འབྱུང་སྟེ༔ དེ་ནི་བྱང་ཆུབ་སེམས་དཔའ་ས་ཐོབ་པ་རྣམས་ཀྱི་སྤྱོད་ཡུལ་ཡིན་གྱི༔ སོ་སོའི་སྐྱེ་བོ་རྣམས་ཀྱི་ལུས་རིལ་པོར་བཏང་སྟེ་སེམས་ཅན་གྱི་གཡོག་བྱ་བ་ལ་སོགས་ནི་རུང་གི་ལུས་གཅོད་ཅིང་གཏུབ་


CMR057_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཤ་ཁྲག་སྦྱིན་པར་མི་རུང་སྟེ༔ ཚ་ན་མི་བཟོད་པས་འགྱོད་པ་སྐྱེ་ཞིང་ཆོས་ལམ་དུ་འགྲོ་དཀའ་བར་བཤད་དེ༔ སྤྱོད་འཇུག་ལས༔ སྙིང་རྗེའི་བསམ་པ་མ་དག་པར༔ ལུས་འདི་བཏང་བར་མི་བྱ་སྟེ༔ ཞེས་གསུངས་སོ༔ འོན་ཀྱང་སྔོན་བཅོམ་འདས་ཀྱི་སྐྱེས་རབས་ལས་ལུས་སྦྱིན་མཛད་ཚུལ་རྒྱ་ཆེར་གསུངས་པའི་དོན་མན་ངག་ཟབ་མོ་ཉམས་སུ་ལེན་པ༔ ཀུ་སཱ་ལུའི་ཚོགས་གསོག་ཅེས་བྱ་བ༔ ཡིད་ཀྱི་ལུས་མཆོད་སྦྱིན་གྱི་དམིགས་པ་བསྒོམ་པ་འདི་ཡིན་ཏེ༔ དེ་ལ་ཡང་རྒྱ་གཅོད་ཆུ་བོའི་གཞུང་བཞི་དང་༔ ཁྱད་པར་ཨོ་རྒྱན་རིན་པོ་ཆེས་མཛད་པའི༔ བླ་མ་དགོངས་པ་འདུས་པའི་ཆ་ལག་བཀའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་བདུད་ཀྱི་གཅོད་ཡུལ་གྱི་གདམས་པ་ཤིན་ཏུ་རྒྱ་ཆེ་བ་སོགས་རྒྱས་བསྡུས་མང་ན་ཡང་༔ འདིར་གནམ་ཆོས་ཐུགས་ཀྱི་གཏེར་ཁ་ཉིད་ལས་བྱུང་ཞིང་༔ ཁྲིད་འདི་དང་འབྲེལ་ཆེ་བ་ལུས་སྦྱིན་དམིགས་རིམ་བསྡུས་པ་འདི་ནི༔ སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གསུམ་པ་བྱ་ལོ་རྒྱལ་ཟླ་བའི་ཚེས་བཅུ་ལ༔ རྡོ་རྗེ་ཕག་མོ་ཞལ་གཉིས་མ་ཞལ་དངོས་སུ་གཟིགས་དུས་བཅོམ་ལྡན་འདས་མ་ཉིད་ཀྱིས་དངོས་སུ་གསུངས་པ་ཡིན་པས་བྱིན་


CMR057_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

རླབས་ཤིན་ཏུ་ཆེ་བ་ཡིན༔ དེ་ལ་སྲོད་ཀྱི་དུས་སམ་ཉལ་ཁ་ལྟ་བུར་དམིགས་རིམ་འདི་ལྟར་བྱའོ༔ རང་གི་ལུས་ཀྱི་དབུས་སུ་རྩ་དབུ་མ་མདའ་སྨྱུག་འབྲིང་པོ་མར་སྣ་ལྟེ་འོག་ཏུ་ཕུག་རྡུགས་སུ་ཡོད་པ་ཡར་སྣེ་སྤྱི་བོར་ཧད་པོར་ཡོད་པ༔ ཕྱི་དཀར་ལ་ནང་དམར་བ་ནང་སྟོང་པ་ཕྲུ་མ་ཕུས་བཏབ་པ་ལྟ་བུ་སྟོང་སང་ངེ་བར་བསྒོམ༔ རང་གི་སྙིང་གར་རང་གི་རྣམ་པར་ཤེས་པ་བླ་ཚེ་བསོད་ནམས་རླུང་སེམས་ཐམས་ཅད་འདུས་པའི་ངོ་བོ་ཐིག་ལེ་དཀར་པོ་སྲན་མ་ཙམ་ཞིག་བསྒོམ༔ ཕཊ་བརྗོད་པས་དེ་སྤྱི་བོར་རྒྱང་ངེ་སོང་༔ ཕཊ་བརྗོད་པས་དེ་རྡོ་རྗེ་ཕག་མོ་རྒྱ་སྲན་ཙམ་ཞིག་གི་སྐུར་གྱུར༔ དེ་ཡང་སྐུ་མདོག་དམར་མོ་ཞལ་གཉིས་ཀྱི་རྩ་ཞལ་ཁྲོ་མོ༔ དེ་སྟེང་ཕག་ཞལ་ནག་པོ་ཅན༔ སྐུ་གཅེར་བུ་རུས་པའི་རྒྱན་དང་ཐོད་པ་སྐམ་རློན་གྱིས་སྤྲས་པ༔ ཕྱག་གཡས་གྲི་ཁུག་དང་༔ གཡོན་ཐོད་ཁྲག་འཛིན་པ༔ གྲུ་མོ་ན་ཁཊ་བཅུག་ཅིང་པད་ཉི་བམ་རོའི་གདན་ལ་གར་ཐབས་སུ་འགྱིང་ཞིང་ཡེ་ཤེས་ཀྱི་མེ་འབར་བ་ཞིག་བསྒོམ༔ ཕཊ་བརྗོད་པས་དེ་ཆེར་སོང་ཕག་མོའི་སྐུ་མཛུབ་གང་ཙམ་དུ་གྱུར༔ ཕཊ་བརྗོད་པས་དེ་ཆེར་སོང་གྲུ་གང་ཙམ་དུ་གྱུར༔ ཕཊ་


CMR057_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་པས་ཕག་མོའི་སྐུ་དེ་ཤིན་ཏུ་ཆེ་བ་གནམ་ས་གང་བ་ཞིག་ཏུ་གྱུར་པར་བསྒོམ༔ དེ་ནས་ཕྱག་གཡས་གྲི་གུག་དེས་ཚད་ཙམ་བྱས་པས༔ རག་གི་བེམ་པོ་དེའི་མགོ་ཡི་ཀ་པཱ་ལ་སྒར་གྱིས་བྲེག༔ དེ་ཉིད་གཡས་ངོས་སུ་བཞག་སྟེ་གྲི་ཁུག་གིས་རྩེ་ཚད་ཙམ་གྱི་མགོ་ཤུན་བཤུས་པས༔ ཡེ་ཤེས་ཀྱི་ཀ་པཱ་ལ་ཕྱི་དཀར་ལ་ནང་དམར་བ༔ དུམ་བུ་གཅིག་པ་དཔྲལ་བ་རང་ལ་བསྟན་པ༔ རྒྱ་ཁྱོན་སྟོང་གསུམ་ཙམ་དུ་གྱུར༔ དེའི་ནང་དུ་རང་གི་བེམ་རོ་དེ་བཞག་ནས༔ ཕྱག་གཡས་ཀྱི་གྲི་གུག་གིས་ཚད་ཙམ་བྱས་པ་ཙམ་གྱིས༔ ཤ་ལྔ་བདུད་རྩི་ལྔའི་རང་བཞིན་ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་ཁ་དོག་འོ་མ་ལྟ་བུ༔ རོ་སྦྲང་རྩི་ལྟ་བུ་ལ་རོ་བརྒྱ་ནུས་པ་སྟོང་དང་ལྡན་པ༔ དེ་ཟོས་སམ་འཐུང་བ་ཙམ་གྱིས་སྡིག་སྒྲིབ་སྡུག་བསྔལ་ཐམས་ཅད་སེལ་ཞིང་ཟག་མེད་ཀྱི་བདེ་བས་ལུས་སེམས་ཚིམ་ནུས་པའི་བདུད་རྩིའི་རྒྱ་མཚོ་བསམ་གྱིས་མི་ཁྱབ་པར་གྱུར་པར་བསྒོམ༔ དེ་ནས་ཕཊ་ཅིག་བརྗོད་པས་རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་ནམ་མཁའ་གང་བར་སྤྱན་དྲངས་ཏེ་སྤྲིན་ལྟར་དུ་འཐིབས༔ འཇིག་རྟེན་སྐྱོང་བའི་དཔལ་མགོན་བདུན་ཅུ་ལ་སོགས་


CMR057_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་སྤྱན་དྲངས་ཏེ་བར་སྣང་གང་བར་ན་བུན་ལྟར་འཁྲིགས༔ མི་མ་ཡིན་ཡུལ་ལྷ་གཞི་བདག་ཐམས་ཅད་དང་༔ གནོད་བྱེད་གདོན་རིགས་སྟོང་ཕྲག་བརྒྱད་ཅུ༔ འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་བཀུག་ནས་ས་གཞི་གང་བར་ཁྲོམ་ལྟར་འཚོགས་པར་བསྒོམ༔ ཕཊ་བརྗོད་པས་རང་གི་ཐུགས་ཀ་ནས་རྡོ་རྗེ་ཕག་མོ་རང་འདྲ་བ་གྲངས་མེད་པ་ཕྱག་གཡས་རིན་པོ་ཆེའི་སྐྱོགས་དང་གཡོན་པས་བྷནྡྲ་འཛིན་པ་འཕྲོས་ཏེ༔ སྐྱོགས་དང་བྷན་དྷས་བདུད་རྩིའི་རྒྱ་མཚོ་དེ་ལ་བཅུས་ཤིང་༔ ལ་ལས་ནི་རྩ་བ་དང་བརྒྱུད་པའི་བླ་མ༔ གྲུབ་ཆེན་བརྒྱད་ཅུ་རྗེ་འབངས་ཉེར་ལྔ་སོགས་མཆོད་པས་དམ་ཚིག་ཉམས་ཆག་ཐམས་ཅད་བྱང་༔ ལ་ལས་ཕཊ་ཅེས་རྒྱུད་སྡེ་དྲུག་གི་ཡི་དམ་ལྷ་ཚོགས་ཐམས་ཅད་མཆོད་པས་ཐུགས་རྒྱུད་རབ་ཏུ་དགྱེས་ཏེ་ཚོགས་རྫོགས༔ ཕཊ་ཅེས་གནས་དང་ཡུལ་གྱི་དཔའ་བོ་ཌཱཀི་བྱེ་བ་འབུམ་སྡེ་ཡེ་ཤེས་ཀྱི་ཆོས་སྐྱོང་སྲུང་མ་མཆོད༔ ཕཊ་བརྗོད་པས་དཔལ་མགོན་བདུན་ཅུ་རྩ་གཉིས་ལ་སོགས་པ་ཐམས་ཅད་མཆོད་པས་ཐུགས་དམ་གྱི་རྒྱུད་བསྐང་ནས་རྐྱེན་ཕྱི་ནང་གི་བར་ཆད་ཞི༔ ཕཊ་བརྗོད་པས་མི་མ་ཡིན་ཡུལ་ལྷ་གཞི་བདག་ཀླུ་


CMR057_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

ས་བདག་སྤྱི་དང་ཁྱད་པར་ས་སྐོར་དེའི་ལྷ་འདྲེ་ཐམས་ཅད་མཆོད་པས་དགའ་མགུ་ཡི་རངས་ཏེ་གནོད་འཚེ་མི་བྱེད་པོར་སྡོང་གྲོགས་བྱེད་པར་བསྒོམ༔ ཡང་ཕཊ་བརྗོད་པས་འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་དེར་འདུས་པ་རྣམས་དང་མ་འདུས་པ་སོ་སོའི་གནས་སུ་བདུད་རྩི་བྱིན་པས༔ སོ་སོའི་སྡུག་བསྔལ་ལས་ཐར་ནས་བདེ་བ་དང་ལྡན་པར་གྱུར། ཕཊ་བརྗོད་པས་ཚེ་རབས་ཐོག་མེད་ནས་ལུས་དང་སྲོག་དང་ཟས་ནོར་གྱི་ལན་ཆགས་ཡོད་པའི་གདོན་བགེགས་ཐམས་ཅད་ལ་བྱིན་པས༔ བུ་ལོན་འཁོར་ལན་ཆགས་བྱུང་༔ གནོད་བྱེད་གདོན་ཐམས་ཅད་ཀྱང་སོ་སོའི་རེ་འདོད་བཀང་སྟེ་དགའ་མགུ་ཡི་རང་ནས་བྱང་ཆུབ་ཀྱི་སེམས་དང་ལྡན་པར་བསྒོམ༔ དེ་ནས་མཇུག་ཏུ་ཕཊ་གསུམ་བརྗོད་པའི་དང་པོས་མགྲོན་ཐམས་ཅད་རབ་ཏུ་མཉེས་ཤིང་ཚིམ་ནས་བཞད་དི་རེ་བསྒོམ༔ ཕཊ་གཉིས་པས་སྤྱན་དྲངས་པའི་མགྲོན་ཐམས་ཅད་སོ་སོའི་གནས་སུ་སོང་བར་བསྒོམ༔ ཕཊ་གསུམ་པས་བདག་དང་ལུས་དང་མགྲོན་ཐམས་ཅད་སྒྱུ་མ་རྨི་ལམ་ལྟ་བུར་དངོས་པོར་མ་གྲུབ་པ་སྟོང་པ་ཉིད་ལ་མཉམ་པར་བཞག་པས༔ འཁོར་གསུམ་ཡང་དག་པའི་སྦྱིན་པའོ༔ ཨུ་རྒྱན་རིན་པོ་


CMR057_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

ཆེའི་ཞལ་ནས༔ ཀུ་སཱ་ལུའི་ཚོགས་གསོག་ནི༔ དཀོན་མཆོག་མཉེས་པས་དངོས་གྲུབ་རྒྱུན་རིང་༔ ལུས་ཀྱི་གཅེས་འཛིན་ཐེང་བས་ཕྱི་ནང་གི་བར་ཆད་ཞི་ས་ཕན་ཡོན་དཔག་ཏུ་མེད་པ་འབྱུང་བའི་གནད་དོ༔ ཞེས་དང་༔ དེས་དཀོན་མཆོག་རྣམས་མཉེས་ཤིང་དམ་ཚིགས་ཉམས་ཆག་བསྐང་ངོ་༔ མཁའ་འགྲོ་ཆོས་སྐྱོང་མཉེས༔ པས་ཕྱི་ནང་གི་བར་ཆད་བསྲུང་༔ ལན་ཆགས་བུ་ལོན་འཁོར་བས་ལས་ཀྱི་སྒྲིབ་པ་དག༔ བདག་འཛིན་བློས་ཐེང་བས་སྣང་སྲིད་དབང་དུ་འདུས་ཏེ༔ ལྷ་འདྲེས་སྟོངས་གྲོགས་བྱེད་པས་ཤིན་ཏུ་ཟབ་པའི་ཚོགས་སོགས་ལ་འབད་དོ༔ འདིའི་ཚིག་ཟིན་ན་ཤིན་ཏུ་བྱིན་རླབས་ཆེ༔ གལ་ཏེ་མ་ཟིན་ཀྱང་དམིགས་པ་དེ་ལྟར་བཟུང་ཞིང་ཕཊབརྗོད་པས་ཀྱང་འཐུས། འདི་ལྟ་བུའི་གདམས་པ་མེད་ན་རི་ཁྲོད་སོགས་སུ་ཡང་ལྷ་འདྲེའི་ཆོ་འཕྲུལ་འབྱུང་སྟེ་ས་ཟིན་དཀའ༔ ནད་མང་བ་དང་གདོན་གནོད་པ་སོགས་ལ་ཡང་འདི་ཉམས་སུ་བླངས་ན་ངེས་པར་ཕན༔ ཆོས་སྐྱོང་བཀའ་སྲུང་མ་ནོན་པའི་འཁུ་ལྡོག་ལ་ཡང་ལོག་ནོན་འདི་བས་ཟབ་པ་མེད༔ མི་ཐམས་ཅད་གཅེས་ཤིང་འཕང་བ་ནི་ལུས་དང་སྲོག་ཡིན་པས༔ དེ་བློས་ཅུང་ཟད་


CMR057_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

ཐེང་ནས་ཡིད་ཀྱིས་སྦྱིན་པ་བྱིན་ནུས་པ་དེ་དངོས་སུ་ཟས་ནོར་ལོངས་སྤྱོད་དཔག་མེད་སྦྱིན་པ་བཏང་བ་ལས་ལྷག་པར་གསུངས་སོ༔ ཡང་སྔགས་པ་བློ་ཆུང་བ་ཁ་ཅིག་ན་རེ༔ ལུས་སངས་རྒྱས་སུ་ངོ་སྤྲད་ཅིང་ཡི་དམ་གྱི་ལྷར་བསྒོམ་པ་ཡིན་པས༔ ལུས་སྦྱིན་དམིགས་རིམ་མི་རུང་ཟེར་བ་དག་སྣང་སྟེ༔ དཔལ་ཀྱེའི་རྡོ་རྗེ་རྒྱུད་ལས༔ ལུས་ཀྱི་སྦྱིན་པ་བྱིན་ནས་ནི༔ གསང་བའི་དམ་པ་སྤྱད་པར་བྱ༔ ཞེས་སོགས་དང་༔ ཨོ་རྒྱན་རིན་པོ་ཆེས་གསང་ཁྲིད་རིམ་པ་ལྔ་ལས་བོགས་འདོན་གཅོད་ཀྱི་ཁྲིད་གསུངས་པ་དང་༔ རོ་སྙོམས་གསང་སྤྱོད་ཞི་བྱེད་ལ་སོགས་ཀྱང་གསང་སྔགས་བླ་མེད་ཁོ་ན་ཡིན་པས༔ ཕུང་པོ་ལ་བརྙས་པའི་ཉེས་པ་འབྱུང་བར་མི་སེམས་སོ༔ དེས་ན་ད་ལམ་འདི་གཞུང་ཚིག་གི་ལུང་བྱེད་པ་ཡིན་པས་མཎྜལ་ཕུལ༔ འོ་དེ་ལྟར་ཚོགས་རྫོགས་པ་མཎྜལ་གྱི་ཁྲིད་ཞུས་ཤིང་མཎྜལ་ཕུལ་བ་དང་༔ ཀུ་སཱ་ལུའི་ཚོགས་སོགས་ལུས་སྦྱིན་གྱི་དམིགས་རིམ་ཞུས་ཤིང་ལུང་ཐོབ་པའི་དགེ་བ་དེ་མི་ཉམས་པའི་ཕྱིར་བསྔོ་བ་འདིའི་རྗེས་ཟློས་ལན་གསུམ་མཛོད༔ དགེ་བ་མ་རྒན་འགྲོ་དྲུག་ཀུན་ལ་བསྔོ༔ གསུམ༔ དེས་ཁྱད་པར་གྱི་སྔོན་འགྲོ་གཉིས་པ་མཎྜལ་གྱི་ཁྲིད་སྟེ་


CMR057_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཐུན་བཅུ་གཅིག་པའོ༔ དེ་ནས་སྡིག་སྒྲིབ་དག་པ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་བཤད་པར་བྱ་སྟེ༔ སྤྱོད་འཇུག་ལས༔ མི་དགེ་བ་ལས་སྡུག་བསྔལ་འབྱུང་༔ འདི་ལས་ཇི་ལྟར་ངེས་ཐར་ཞེས༔ ཉིན་མཚན་རྟག་ཏུ་བདག་གིས་ནི༔ འདི་ཉིད་འབའ་ཞིག་བསམ་པར་རིགས༔ ཞེས་གསུངས་སོ༔ དེས་ན་ཚེ་འདི་དང་ཕྱི་མ་ཐམས་ཅད་དུ་སྡུག་བསྔལ་ཆེ་ཕྲ་ཐམས་ཅད་འབྱུང་བའི་རྒྱུ་ནི་སྡིག་པ་མི་དགེ་བ་ཡིན་པས༔ དེ་བཤགས་དགོས༔ དེ་བཤགས་ལུགས་ཇི་ལྟར་ཤེ་ན༔ ཆོས་བཞི་བསྟན་པའི་མདོ་ལས༔ བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་སྡིག་པ་བྱས་ཤིང་བསགས་པ་ཟིལ་གྱིས་ནོན་པར་འགྱུར་རོ༔ བཞི་གང་ཞེ་ན༔ རྣམ་པར་སུན་འབྱིན་པ་ཀུན་ཏུ་སྤྱོད་པ་དང་༔ གཉེན་པོ་ཀུན་ཏུ་སྤྱོད་པ་དང་༔ ཉེས་པ་ལས་ལྡོག་པའི་སྟོབས་དང་༔ རྟེན་གྱི་སྟོབས་སོ༔ ཞེས་གསུངས་སོ༔ དེ་ལ་སུན་འབྱིན་སྟོབས་ནི་སྔར་བྱས་པ་ལ་འགྱོད་པ་ཡིན༔ གཉེན་པོ་ཀུན་ཏུ་སྤྱོད་པ་ནི་དགེ་སྦྱོར་དང་ཁྱད་པར་རྡོར་སེམས་སྒོམ་བཟླས་ཡིན༔ ཉེས་པ་ལས་བཟློག་པ་ནི་ཕྱིས་མི་བྱེད་པའི་དམ་


CMR057_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

བཅའ་ཡིན༔ རྟེན་གྱི་སྟོབས་ནི་ཡུལ་དཀོན་མཆོག་ལ་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་པའོ༔ དེ་ལྟར་བཤགས་ལུགས་བཞི་པོ་དེ་ཡང་རྗེས་སོར་བྱེད་སྙམ་པས་མི་ཆོག་མྱུར་དུ་བཤགས་དགོས་ཏེ༔ སྤྱོད་འཇུག་ལས༔ བདག་ནི་སྡིག་པ་མ་བྱང་བར༔ སྔོན་དུ་གུམ་པར་འགྱུར་ཏེ་མཆིས༔ ཇི་ལྟར་འདི་ལ་ངེས་ཐར་བ༔ མྱུར་བའི་ཚུལ་གྱིས་སྐྱབས་སུ་གསོལ༔ ཞེས་གསུངས་སོ༔ དེ་ལ་རྣམ་པར་སུན་འབྱིན་པའི་སྟོབས་རང་གི་སྔར་བྱས་སྡིག་པ་ཐམས་ཅད་ཡིད་དུ་མ་བརྗེད་པར་བྱས་ལ་ཁོང་དུ་དུག་སོང་བ་ལྟ་བུའི་འགྱོད་པས་བཤགས་པར་བྱའོ༔ དེ་ལ་ཁྱིམ་པ་འགའ་ཞིག་གིས་ང་དགེ་མེད་སྡིག་མེད་ཡིན༔ ཆོས་ཀྱང་མེད་དེ་སྡིག་པ་ཡང་མ་བྱས་ཟེར་བ་དག་ཡོད་དེ༔ ཁྱིམ་པ་བྱས་པ་ཙམ་ནས་སྡིག་པ་མི་དགེ་བའི་རང་བཞིན་ཡིན་ཏེ༔ ཁྱིམ་གྱི་ཉེས་པ་བསྟན་པའི་མདོ་ལས༔ ཁྱིམ་གྱི་བསོད་ནམས་བྱས་ན་ནི༔ རྫུན་དུ་མི་སྨྲ་མི་རུང་ཞིང་༔ ཕ་རོལ་ཉེས་པ་བྱེད་པ་ལ༔ ནན་ཏུར་མི་བྱར་མི་རུང་ངོ་༔ གལ་ཏེ་ཆོས་བཤད་ཁྱིམ་གྱི་སོ་ནམ་འཆོར༔ ཁྱིམ་ལ་ཕྱོགས་ན་ཆོས་ཀྱང་ག་ལ་འགྲུབ༔ ཆོས་ཀྱི་ལས་ནི་རབ་ཏུ་ཞི་བ་ཡིན༔ ཁྱིམ་གྱི་དོན་ནི་དྲག་ཤུལ་ཅན་


CMR057_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་འགྲུབ༔ ཅེས་དང་༔ དྲག་ཤུལ་ཅན་གྱི་ཞུས་པའི་མདོར༔ ཁྱིམ་ཞེས་བྱ་བ་ནི་དགེ་བའི་རྩ་བ་འཇོམས་པར་བྱེད་པ༔ འབྱུང་བ་སུན་འབྱིན་པ༔ དགེ་ལ་བའི་སྡོང་པོ་བསྐྱེལ་བར་བྱེད་པ༔ དེའི་ཕྱིར་ཁྱིམ་ཞེས་བྱའོ༔ ཞེས་གསུངས་སོ༔ དེ་བཞིན་དུ་ཕ་མ་ལ་སྡང་བ་དང་༔ དགེ་ཕྱོགས་ལ་མི་མོས་པ་དང་༔ དད་པ་ཆུང་བ་དང་༔ རིགས་རུས་མཐོ་ཞིང་ལོངས་སྤྱོད་ཕྱུག་པའི་ང་རྒྱལ་ཡོད་པ་དག་ཀྱང་སྡིག་པ་ཡིན་ཏེ༔ གསེར་འོད་དམ་པ་ལས༔ ཕ་མ་དག་ཏུ་མི་འཛིན་དང་༔ སངས་རྒྱས་རྣམས་སུ་མི་འཛིན་ཚེ་དང་༔ དགེ་བ་དག་ཏུ་མི་འཛིན་པས༔ སྡིག་པ་བདག་གིས་གང་བགྱིས་དང་༔ ཕྱུག་པའི་རྒྱགས་པས་དྲེགས་པ་དང་༔ རིགས་དང་ལོངས་སྤྱོད་རྒྱགས་པ་དང་༔ གཞོན་པའི་རྒྱགས་པས་དྲེགས་པ་ཡིས༔ བདག་གིས་སྡིག་པ་གང་བགྱིས་དང་༔ ཉེས་བསམ་ཉེས་པར་སྨྲས་པ་དང་༔ ཉེས་པར་བགྱིས་པའི་ལས་རྣམས་དང་༔ ཉེས་པའི་དམིགས་སུ་མ་བལྟས་པས༔ བདག་གིས་སྡིག་པ་གང་བགྱིས་དང་༔ བྱིས་པའི་བློ་ཡི་འཇུག་པ་དང་༔ མི་ཤེས་མུན་པའི་སེམས་དང་ནི༔ སྡིག་པའི་གྲོགས་པོའི་དབང་གྱུར་དང་༔ ཉོན་


CMR057_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

མོངས་རྣམ་པར་འཁྲུགས་སེམས་དང་༔ རྩེད་མོར་དགའ་བའི་དབང་ཉིད་དང་༔ མྱ་ངན་དང་ནི་ནད་དབང་དང་༔ ནོར་གྱི་མི་ཆོག་ཉེས་པ་ཡིས༔ བདག་གིས་སྡིག་པ་གང་བགྱིས་དང་༔ འཕགས་མིན་སྐྱེ་བོ་འདྲེ་བ་དང་༔ ཕྲག་དོག་སེར་སྣ་རྒྱུ་དང་ནི༔ གཡོ་དང་དབུལ་བའི་ཉེས་པ་ཡིས༔ བདག་གིས་སྡིག་པ་གང་བགྱིས་དང་༔ ཕོངས་དང་རྒུད་པའི་དུས་ཀྱི་ཚེ༔ འདོད་པ་རྣམས་ཀྱི་འཇིགས་བརྒྱད་དང་༔ ཕྱུག་པོ་མ་ཡིན་གྱུར་པ་ཡིས༔ བདག་གིས་སྡིག་པ་གང་བགྱིས་དང་༔ གཡོ་བའི་སེམས་ཀྱི་དབང་ཉིད་དང་༔ འདོད་དང་ཁྲོ་བའི་དབང་ཉིད་དང་༔ བཀྲེས་དང་སྐོམ་པས་ཉེན་པ་ཡིས༔ བདག་གིས་སྡིག་པ་གང་བགྱིས་དང་༔ བཟའ་བ་དག་དང་བཏུང་བ་དང་༔ བུད་མེད་རྒྱུ་དང་གོས་ཀྱི་ཕྱིར༔ ཉོན་མོངས་གདུང་བ་སྣ་ཚོགས་ཀྱིས༔ བདག་གིས་སྡིག་པ་གང་བགྱིས་དང་༔ ལུས་དང་ངག་དང་ཡིད་ཀྱི་སྡིག༔ ཉེས་སྤྱད་རྣམ་པ་གསུམ་བསགས་ན༔ འདི་འདྲའི་ཚུལ་གྱིས་གང་བགྱིས་དང་༔ དེ་དག་ཐམས་ཅད་བདག་ཆགས་སོ༔ སངས་རྒྱས་རྣམས་དང་ཆོས་རྣམས་དང་༔ དེ་བཞིན་ཉན་ཐོས་རྣམས་ལ་ཡང་༔ གུས་པ་མ་ལགས་གང་


CMR057_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

བགྱིས་དང་༔ དེ་དག་ཐམས་ཅད་བདག་འཆགས་སོ༔ གང་ཡང་རང་སངས་རྒྱས་རྣམས་དང་༔ བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་༔ གུས་པ་མ་ལགས་བགྱིས་པ་རྣམས༔ དེ་དག་ཐམས་ཅད་བདག་ཆགས་སོ༔ དམ་ཆོས་སྨྲ་བ་རྣམས་ལ་ཡང་༔ གུས་པ་མ་ལགས་བགྱིས་པ་དང་༔ ཆོས་ལའང་གུས་པར་མ་བགྱིས་པ༔ དེ་དག་།ཐམས་ཅད་བདག་འཆགས་སོ༔ བདག་གིས་རྟག་ཏུ་མི་ཤེས་པས༔ དམ་པའི་ཆོས་ནི་སྤང་པ་དང་༔ ཕ་མ་རྣམས་ལ་མ་གུས་དང་༔ དེ་དག་ཐམས་ཅད་བདག་འཆགས་སོ༔ བླུན་པ་དང་ནི་བྱིས་པ་དང་༔ འདོད་ཆགས་ཞེ་སྡང་གཏི་མུག་དང་༔ ང་རྒྱལ་དྲེགས་པས་བསྒྲིབས་བགྱིས་པ༔ དེ་དག་ཐམས་ཅད་བདག་འཆགས་སོ༔ ཞེས་གསུངས་སོ༔ དེ་ཐམས་ཅད་ཕལ་ཆེར་སྐྱེ་བོ་ཁྱིམ་པ་ལ་འབྱུང་བའི་སྡིག་སྒྲིབ་ཡིན་ཞིང་༔ དེང་སང་བསྟན་པ་དར་དྲགས་པའི་ཐུགས་རྗེས༔ རྗེས་གནང་དང་དབང་རེ་ཙམ་མ་ཐོབ་པ་མེད་པས༔ དེ་ཐོབ་ན་ཞོར་ནས་སྐྱབས་འགྲོ་སེམས་བསྐྱེད་སྡོམ་པ་རེ་ཡང་ཐོབ་པ་ལ༔ སྐྱབས་འགྲོའི་བསླབ་བྱ་དགུ༔ སེམས་བསྐྱེད་ཀྱི་སྡོམ་པ་ཉི་ཤུ་ལ་སོགས་བསྲུང་དགོས་ན༔ བསྲུང་མཁན་


CMR057_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

ནི་དཀོན་པས་སྡིག་པ་ཡོད་པའི་སྟེང་ན༔ ལྟུང་བ་དཔག་ཏུ་མེད་པ་ཞིག་སོགས་ནས་ཡོད་པ་དང་༔ ཁྱད་པར་རབ་ཏུ་བྱུང་བ་རྣམས་ལ་ཡང་༔ དགེ་བསྙེན་གྱི་བསྲུང་བྱ་ལྔ་དང་མི་དགེ་བཅུ་སྤང་དགོས༔ དེའི་སྟེང་དུ་དགེ་ཚུལ་ཞུས་ནས་བསླབ་བྱ་བས༔ བསྙེན་པར་རྫོགས་ནས་འདུལ་ཁྲིམས་ཉིས་བརྒྱ་ལྔ་བཅུ་བསྲུང་དགོས་ཀྱང་དེང་སང་དུས་ཀྱི་སྟབས་ཀྱིས༔ རྩ་བ་བཞི་གཙང་མ་ཡོད་ན་དགེ་སློང་སྡོམ་ལྡན་དང་༔ བོད་ཀྱི་སྡོམ་གཅིག་མ་ཞེས་མི་ཚངས་སྤྱོད་སྤངས་ན་རབ་བྱུང་སྡོམ་ལྡན་དུ་བརྩི་བ་ཙམ་ལས་དཀོན་ན༔ ཉེས་བྱས་དང་ལྟུང་བ་ནི་ཆར་ལྟར་འབབ༔ ལ་ལས་བསྲུང་འདོད་ཀྱང་སློབ་གཉེར་མ་བྱས་པས་བསྲུང་རྒྱུ་རང་དེ་གང་ཡིན་ངོ་མི་ཤེས་པར་གདའ་ན༔ བཤགས་པ་འདི་ལ་མི་འབད་པའི་ཐབས་མེད་པ་ཡིན༔ དེ་བཞིན་སྔགས་པ་དང་སྒོམ་ཆེན་རྣམས་ཀྱང་༔ རྩ་ལྟུང་བཅུ་བཞི༔ སྦོམ་པོ་བརྒྱདཿ་རྩ་བ་སྐུ་གསུང་ཐུགས་ཡན་ལག་ཉི་ཤུ་རྩ་བརྒྱད་ལ་སོགས་ཀྱང་ཡིད་ཡུལ་དུ་བསྔོ་བགྲངས་དགོས་ཀྱང་༔ རྒྱུད་གཞུང་དགའ་རབ་གཅིག་ལ་མ་བསླབས་ན་བསྲུང་རྒྱུ་དེ་ཤེས་ཀྱང་དཀའ༔ བླ་མ་དང་མ་མཁོན་ཙམ་ལ་དམ་ཚིག་གཙང་བར་བྱེད་སྐབས་ཀྱི་དུས་


CMR057_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

ལགས་པས༔ སྔགས་པ་དང་སྒོམ་ཆེན་རྣམས་ཀྱང་བཤགས་པ་ལ་འབད་པ་གལ་ཆེ༔ ལྟུང་བ་ཆེན་པོ་མ་བྱུང་ཡང་༔ ཉེས་བྱས་བདུན་སོགས་ན་ལྟུང་བ་ཆེན་པོར་འགྱུར༔ ལྟུང་བ་གཅིག་རྐྱང་པས་ཀྱང་བཤགས་པ་མ་ཐེང་ན་སྐྱེ་བ་གཅིག་ངན་སོང་དུ་ལྟུང་ངེས་པས་ལྟུང་བ་ཟེར་བ་ཡིན༔ ལྟུང་བ་ཆུང་ངུ་གཅིག་ཡིན་ཀྱང་བཤགས་པ་མ་བྱས་ན་ཞག་རེ་ལ་སྐྱེད་རེ་འགྲོ་བས་ལྟུང་བ་ཆེན་པོར་འགྱུར་བར་གསུངས་པས༔ དེའི་གནད་ཀྱིས་དྲི་མེད་བཤགས་རྒྱུད་སོགས་ལས༔ ཐེག་པ་རིམ་པ་དགུའི་སོ་སོའི་བཤགས་པ་རྒྱ་ཆེར་གསུངས་པའོ༔ ཡང་ང་ལ་ལྟུང་བ་མེད་སྙམ་ཡང་བསྲུང་རྒྱུའི་རྣམ་གྲངས་མང་དྲགས་པས་ཉེས་ལྟུང་རང་གིས་མ་ཚོར་བར་འབྱུང་བ་ཡང་སྲིད་དེ༔ དྲི་མེད་བཤགས་རྒྱུད་ལས༔ རྩ་བ་གསུམ་དང་ཡན་ལག་ཉི་ཤུ་ལྔ༔ ཚོར་དང་མ་ཚོར་མ་རིག་དམ་ཉམས་པ༔ ཉམས་པའི་སྐྱོན་གྱིས་གོས་པར་གྱུར་ཏོ་འཚལ༔ ཞེས་གསུངས་སོ༔ ཡང་ཚེ་འདིར་སྡིག་པ་མ་བསགས༔ དམ་ཚིག་ལ་ཉེས་ལྟུང་གི་གོས་པ་མེད་ཀྱང་༔ ཚེ་རབས་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་རྒྱ་ཆེ་ལ་གྲངས་མང་བ་ཡོད་དེ༔ བཤགས་རྒྱུད་ལས༔ ཤ་རུས་


CMR057_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

བསགས་ན་འཇིག་རྟེན་གཏོས་དང་མཉམ༔ རྣག་ཁྲག་བསགས་ན་རྒྱ་མཚོ་ཆེན་པོ་ཙམ༔ ལས་འཕྲོས་བསགས་ནས་བསམ་འདས་བརྗོད་མི་ལང་༔ ཁམས་གསུམ་འཁོར་ཞིང་སྐྱེ་ཤི་ཁ་བརྒྱུད་ཀྱང་༔ བྱས་པའི་ལས་རྣམས་དོན་མེད་ཆུད་རེ་ཟོས༔ དེས་ན་ཚེ་འདི་དང་ཚེ་རབས་སྔ་མའི་སྡིག་ལྟུང་ཐམས་ཅད་བཙན་དུག་ཁོང་དུ་ཤོར་བ་ལྟར་འགྱོད་པ་དྲག་པོས་བཤགས་དགོས་སོ༔ ལ་ལ་དག་མི་རྟ་མང་དུ་བསད་པ་སོགས་ལ་བདག་ནི་དེ་ལྟར་རྒོད་པ་ཡིན་ནོ་སྙམ་དུ་འགྱོད་པ་མེད་པར་ང་རྒྱལ་བྱེད་པ་ནི་སྡིག་པ་མི་འདག་གོ༔ དེ་ལ་འགྱོད་དགོས་པའི་རྒྱུ་མཚན་ནི༔ སྡིག་པ་བྱས་པ་དེ་རྣམས་དགྲ་འདུལ་གཉེན་སྐྱོང་གི་ཆེད་དུ་བྱས་ཀྱང་༔ དེ་ཐམས་ཅད་སྐྱུར་ནས་རང་སྡིག་པ་དང་འགྲོགས་དགོས་ཏེ། སྤྱོད་འཇུག་ལས༔ ཐམས་ཅད་བོར་ཏེ་ཆ་དགོས་པར༔ བདག་གིས་དེ་དག་མ་ཤེས་ནས༔ མཛའ་དང་མི་མཛའི་དོན་གྱི་ཕྱིར༔ སྡིག་པ་རྣམ་པ་སྣ་ཚོགས་བྱས༔ མཛའ་བ་རྣམས་ཀྱང་མེད་འགྱུར་ཞིང་༔ མི་མཛའ་རྣམས་ཀྱང་མེད་པར་འགྱུར༔ བདག་ཀྱང་མེད་པར་འགྱུར་བ་སྟེ༔ དེ་བཞིན་ཐམས་ཅད་མེད་པར་འགྱུར༔ ཞེས་གསུངས་སོ༔ སྡིག་པ་དེ་དག་


CMR057_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

ཟས་ནོར་དང་ཉེ་དུའི་དོན་དང་རྗེ་དཔོན་དང་སྡེའི་དོན་དུ་བྱས་ཀྱང་༔ དམྱལ་བར་དེ་དག་གིས་སྡུག་བསྔལ་ཁུར་རོགས་མི་བྱེད་དེ༔ རང་ཁོ་ནས་ཁུར་དགོས་ཏེ༔ སྦྱིན་པས་ཞུས་པའི་མདོ་ལས༔ ཤིན་ཏུ་སྡུག་བསྔལ་གྱུར་པ་དེ་དུས་སུ༔ བུ་དང་ཆུང་མ་སྐྱབས་སུ་འགྱུར་མ་ཡིན༔ བདག་ཉིད་གཅིག་པུས་སྡུག་བསྔལ་མྱོང་བར་འོང་༔ དེ་དག་དེ་ཚེ་བདག་གི་སྐལ་མི་ལེན༔ ཞེས་གསུངས་སོ༔ སྡིག་པ་མ་བྱང་ན་འཆི་ཁ་གནད་གཅོད་ཀྱི་སྡུག་བསྔལ༔ བར་དོར་འཇིགས་སྐྲག་གི་སྡུག་བསྔལ༔ སྐྱེ་བ་ཕྱི་མ་རྣམས་སུ་ངན་སོང་གི་སྡུག་བསྔལ་འབྱུང་ངེས་པ་ལ་སྐྲག་འཇིགས་ཆེན་པོ༔ དཔེར་ན་རྒྱལ་པོ་ཆེན་པོའི་ཁྲིམས་ལ་འགལ་ཤོར་ན་ཡིད་མི་བདེ་བ་ལྟར༔ སྡིག་པ་ལ་སྐྲག་ཅིང་འགྱོད་པར་བྱ་སྟེ༔ སྤྱོད་འཇུག་ལས༔ བདག་ནི་མལ་ན་གནས་བཞིན་དུ༔ གཉེན་བཤེས་རྣམས་ཀྱིས་མཐའ་བསྐོར་ཡང་༔ སྲོག་གཅོད་པ་ཡི་ཚོར་བ་དག༔ བདག་ཉིད་གཅིག་པུས་མྱོང་བར་འགྱུར༔ གཤིན་རྗེའི་སྐྱེས་བུས་ཟིན་པ་ལ༔ གཉེན་གྱིས་ཅི་ཕན་བཤེས་ཅི་ཕན༔ དེ་ཚེ་བསོད་ནམས་སྐྱབས་གཅིག་ན༔ དེ་ཡང་བདག་གིས་མ་བསྟེན་ནོ༔ ཞེས་དང་༔


CMR057_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་སྤྲིང་ལས༔ དུས་ཀྱི་ཞགས་པས་སྐེ་ནས་བཏབས་ཏེ་གཤིན་རྗེའི་མི༔ གཏུམ་པོ་རྣམས་ཀྱིས་དབྱུགས་པས་བརྡའ་ཞིང་ཁྲིད་པར་འགྱུར༔ ཞེས་གསུངས་སོ༔ དེ་ལྟར་རང་གཅིག་པུ་གཤིན་རྗེས་ཁྲིད་ཀྱང་བདག་ནི་དཔའ་རྩལ་ལྡན་པས་མི་སྐྲག་སྙམ་ན༔ ལྷ་མ་ཡིན་གྱི་རྒྱལ་པོ་སྟོབས་བཟང་དང་མགུལ་ཕྲེང་ཅན་ལྟ་བུ༔ རི་ཆེན་རྣམས་ཀྱང་ཚོགས་པོར་འཕེན་ནུས་པ་རྣམས་ཀྱང་༔ གཤིན་རྗེས་ཁྲིད་ནས་སྟོབས་དང་བྲལ་བར་འགྱུར་ཞིང་༔ མི་ཉེས་མེད་བཙོན་རར་ཁྲིད་ན་ཡང་སྐྲག་ཅིང་ཉམ་ཐག་ན༔ གཤིན་རྗེས་ཁྲིད་ན་ལྟ་ཅི་སྨོས་ཏེ༔ སྐྱེ་བོ་ཡན་ལག་གཅོད་པའི་སར༔ དེ་རིང་ཁྲིད་པའང་བྱེད་འགྱུར་ཏེ༔ ཁ་སྐམ་མིག་རྩ་ངན་ལ་སོགས༔ སྔ་ལས་གཞན་དུ་གྱུར་སྣང་ན༔་གཤིན་རྗེའི་ཕོ་ཉ་འཇིགས་འཇིགས་ལྟའི༔ ཤ་ཚུགས་ཅན་གྱིས་བཟུང་འགྱུར་ཞིང་༔ འཇིགས་ཆེན་ནད་ཀྱིས་ཐེབ་གྱུར་པ༔ རབ་ཏུ་ཉམ་ཐག་སྨོས་ཅི་དགོས༔ ཞེས་གསུངས་སོ༔ དེ་ནས་ངན་སོང་གསུམ་གང་དུ་སྐྱེས་ཀྱང་སྡུག་བསྔལ་ཁོ་ན་སྟེ༔ དེ་ལྟར་སྡིག་སྒྲིབ་མ་བཤགས་ན་སྐྱོན་ཆེན་པོ་ཡོད་པར་ཤེས་པར་བྱའོ༔ དེ་ནས་རྟེན་གྱི་སྟོབས་ནི༔ ཐེག་པ་ཐུན་མོང་བའི་ལུགས་


CMR057_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྐྱབས་འགྲོ་དང་སེམས་བསྐྱེད་བྱ་བས་སྡིག་པ་འདག་པར་གསུངས་ཀྱང་༔ བཀའ་རྫོགས་པ་ཆེན་པོ་འདི་དང་འབྲེལ་བ༔ ན་རཀ་དོང་སྤྲུགས་ཀྱི་རྒྱུད་དང་ཟླ་དྲི་མེད་རྒྱལ་པོ་བཤགས་པའི་རྒྱུད་ལ་སོགས་ལས་ཕྱག་འཚལ་བས་སྡིག་ལྟུང་བྱང་བར་གསུངས་པས༔ སེམས་ཅན་ལུས་སྲུལ་པོ་ཅན་ཞེས་བྱ་བ་སློབ་དཔོན་བཀྲོངས་པའི་ཉེས་པས་འགྲོ་བ་རིགས་དྲུག་གི་སྡུག་བསྔལ་དུས་གཅིག་ལ་མྱོང་བ་ཞིག་ཏུ་སྐྱེས་པ་ལ༔ རྡོ་རྗེ་སེམས་དཔས་བཀའ་སྩལ་པ༔ ཉོན་ཅིག་ལས་ངན་སེམས་ཅན་གཅེར་བུ་ཁྱོད༔ ལུས་ཀྱི་སྒོ་ནས་ཀྱང་ཕྱག་འཚལ༔ ངག་གི་སྒོ་ནས་ཀྱང་ཕྱག་འཚལ་ཞིང་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་མཚན་ནས་ཐོན་ཞིག༔ ཡིད་ཀྱི་སྒོ་ནས་འགྱོད་པ་དྲག་པོ་བསྐྱེད་པ་ལ་ཕྱིར་བཤགས་འཚལ་གྱིས་ཤིག༔ ཅེས་གསུངས་སོ༔ དེ་བཞིན་དུ་དྲི་མེད་རྒྱལ་པོ་བཤགས་པའི་རྒྱུད་ལས༔ སྟོན་པ་ཀུན་ཏུ་བཟང་པོས་འདི་སྐད་ཅེས་བཀའ་སྩལ་ཏོ༔ རྣལ་འབྱོར་པ་ལྟ་བ་དམན་ཞིང་ཤེས་རབ་ཞན་པ་རྣམས་ཀྱི་ཉམས་ཆག་བསྐང་ཞིང་བཤགས་པའི་ཐབས་ནི་བཞུགས་སོ༔ དེའི་ཐབས་ནི་རྡོ་རྗེ་སློབ་དཔོན་དང་ཡི་དམ་གྱི་ལྷ་དང་༔ སྒྱུ་འཕྲུལ་ཞི་


CMR057_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོ་རབ་འབྱམས་ཀྱི་དཀྱིལ་འཁོར་དང་༔ གྲུབ་པའི་ས་ལ་གནས་པའི་རིག་འཛིན་ཕོ་མོ་རྣམས་མདུན་གྱི་ནམ་མཁའ་ལ་མངོན་སུམ་དུ་དམིགས་ཏེ༔ མཚན་ནས་བརྗོད་ཅིང་ལུས་ས་ལ་རྡེབས་ཤིང་བརྐྱང་ཕྱག་འཚལ་ན་བྱང་བའི་ཐབས་ཡིན་ནོ༔ དེ་ཡང་ཕྱག་འཚལ་ཡུལ་གསལ་བཏབ་པ་ནི༔ དྲི་མེད་བཤགས་རྒྱུད་ལས་གསུངས་པ་ལྟར་བྱ་སྟེ༔ དཔལ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་བདག་ཉིད༔ སྐུ་མཚན་གྱི་མེ་ཏོག་ལ༔ དཔེ་བྱད་བཟང་པོའི་འབྲས་བུའི་རྒྱན་གྱིས་བརྒྱན་པ༔ སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་དང་༔ སྟོབས་དང་མི་འཇིགས་པ་དང་༔ གཟུངས་དང་ཏིང་འཛིན་ལ་སོགས་པ་མངའ་བ༔ གཞན་ཡང་དབུ་ལ་རིགས་ལྔའི་སངས་རྒྱས་ཀྱིས་དབང་བསྐུར་བ༔ དར་དཀར་དང་པ་ཏི་དང་བཙོས་བུ་དང་རིན་པོ་ཆེ་དང་རྒྱན་རྣམ་པ་སྣ་ཚོགས་ཀྱིས་བརྒྱན་པ༔ གདན་ཡང་བྱང་ཆུབ་སེམས་དཔའ་བརྒྱད་གླང་པོ་ཆེར་སྤྲུལ་པ་བརྒྱད་ཀྱིས་རིན་པོ་ཆེའི་ཁྲི་བཏེག་པའི་སྟེང་ན༔ པདྨ་དང་ཉི་ཟླ་བརྩེགས་པའི་སྟེང་ན་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ༔ སྐུ་ལྟ་བས་ཆོག་མི་ཤེས་པ༔ ཤིན་ཏུ་ལྷང་ངེ་


CMR057_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

ལྷན་ནེ་ལྷམ་མེ་ནམ་མཁའི་འཇའ་ཚོན་ནམ་མེ་ལོང་ནང་གི་དཀྱིལ་འཁོར་ལྟར་སྣང་ལ་རང་བཞིན་མེད་པ༔ དེའི་ཐུགས་ཀར་ཆོས་སྐུ་ཀུན་ཏུ་བཟང་པོ་ལ་ཞི་བ་བཞི་བཅུ་རྩ་གཉིས་ཀྱིས་བསྐོར་བ༔ མགྲིན་པར་པདྨ་གར་གྱི་དབང་ཕྱུག་ལ་དག་པ་རིག་འཛིན་གྱི་ལྷ་ཚོགས་ཀྱིས་བསྐོར་བ༔ སྤྱི་བོ་དུང་ཁང་གི་ནང་ན་ཆེ་མཆོག་ཧེ་རུ་ཀ་ལ་འབར་བ་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་ཀྱིས་བསྐོར་བ༔ དེའི་འཁོར་དུ་རྡུལ་གཅིག་གི་སྟེང་ནའང་རྡུལ་སྙེད་ཀྱི་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱིས་བསྐོར་བར་བསྒོམ༔ དེ་དག་ཡིད་ཀྱིས་བསྒོམས་པས་འཐུས་ལ༔ ཚིག་གིས་གསལ་བཏབ་པར་འདོད་ན༔ གནམ་ཆོས་ཐུགས་གཏེར་ཉིད་ནས་འབྱུང་ཞིང་༔ བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཉིད་ཀྱི་དངོས་སུ་གསུངས་པའི་མངོན་རྟོགས་ནི༔ མདུན་དུ་རྡོར་སེམས་སྐུ་མདོག་དཀར༔ ཞལ་གཅིག་ཕྱག་གཉིས་གཡས་རྡོ་རྗེ༔ ཐུགས་ཀར་འཛིན་ཅིང་གཡོན་པ་ཡི༔ དྲིལ་བུ་དཀུར་བརྟེན་ཞབས་སེམས་སྐྱིལ༔ སྐུ་ལ་དར་དཀར་ན་བཟའ་གསོལ༔ རིན་པོ་ཆེ་ཡི་རྒྱན་གྱིས་སྤྲས༔ སྙིང་ག་ཆོས་ཀྱི་འཁོར་ལོ་རུ༔ ཞི་བ་བཞི་བཅུ་རྩ་གཉིས་ནི༔ རྒྱན་དང་ཆ་ལུགས་


CMR057_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པར་བསྐྱེད༔ མགྲིན་པར་རིག་འཛིན་ལྷ་ཚོགས་གསལ༔ ཀླད་པ་དུང་ཁང་གཞལ་ཡས་སུ༔ ཁྲག་འཐུང་འབར་བ་ལྔ་བཅུ་བརྒྱད༔ ཅེས་གསུངས་པ་ལྟར་བསྒོམ་པར་བྱ་སྟེ༔ དེ་ལྟར་རྡོ་རྗེ་སེམས་དཔའི་སྐུ་ལ་དམ་པ་རིགས་བརྒྱ་རྫོགས་པ་དམ་ཡེ་དབྱེར་མེད་བསྒོམས་ཀྱང་ཆོག་སྟེ༔ གང་ཞིག་སངས་རྒྱས་ཡིད་བྱེད་པ༔ དེ་ཡི་མདུན་ན་ཐུབ་པ་བཞུགས༔ ཞེས་དང་༔ གཤེགས་དང་བཞུགས་པའི་མཚན་མ་མི་མངའ་ཡང་༔ ཆུ་ཟླ་བཞིན་དུ་གར་དམིགས་དེར་སྣང་བ༔ ཞེས་གསུངས་སོ༔ ཡང་ན་རྡོར་སེམས་དེ་ལྟ་བུ་ཞིག་འོག་མིན་ནས་མངོན་སུམ་དུ་བྱོན་ནས་མདུན་གྱི་ནམ་མཁར་བཞུགས་པར་བསྒོམ་སྟེ༔ བཤགས་རྒྱུད་ལས༔ འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས་མངོན་སུམ་དུ་བྱོན་ཞེས་གསུངས་པ་ལྟ་བུའོ༔ ཡང་ཚིག་གིས་སྤྱན་འདྲེན་ན༔ ཧཱུྃ་རྡོ་རྗེ་སེམས་དཔའི་ལྷ་ཚོགས་རྣམས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ པདྨ་ཉི་ཟླའི་གདན་ལ་བཞུགས༔ ཨོཾ་བཛྲ་སཏཱ་བཛྲ་ས་མ་ཛ༔ ཏིཥྛ་ལྷན༔ ཞེས་བརྗོད་དོ༔ དེ་ནས་རྡོ་རྗེ་སེམས་དཔའི་དྲུང་དུ་བདག་གི་ལུས་གྲངས་མེད་པ་སྤྲུལ་ནས་ཕྱག་འཚལ་ཞིང་སྡིག་པ་


CMR057_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

བཤགས་སྙམ་པ་གྱིས༔ ད་རེས་ལང་ན་རྡུལ་འཚུབ་པས་ལག་པ་ཐལ་མོ་སྦྱོར་ལ༔ རྗེས་ཟློས་དང་མཉམ་དུ་མགོ་བོ་འདུད་པ་རེ་མཛོད༔ ཨོཾ་བདག་ནི་མ་རིག་དབང་གྱུར་པས༔ རྡོར་སེམས་ཐུགས་དང་གང་འགལ་བ༔ བཤགས་བགྱི་བཛྲ་སཏྭ་ཧཱུྃ༔ ཨོཾ་སྐུ་ཡི་དམ་ཚིག་ཉམས་པ་བཤགས༔ ཁྱེད་ཀྱི་སྐུ་ལ་ཕྱག་འཚལ་ལོ༔ ཨཱགསུང་གི་དམ་ཚིག་ཉམས་པ་བཤགས༔ ཁྱེད་ཀྱི་གསུང་ལ་ཕྱག་འཚལ་ལོ༔ ཧཱུྃ་ཐུགས་ཀྱི་དམ་ཚིག་ཉམས་པ་བཤགས༔ ཁྱེད་ཀྱི་ཐུགས་ལ་ཕྱག་འཚལ་ལོ༔ དེ་ལྟར་བརྒྱ་ཕྱག་ལ་སོགས་འཚལ་ན་ཡང་བཤགས་ཚིག་དང་ཕྱག་རབ་དེ་ཁོ་ན་འདོན་ཅིང་འཚལ་ན་བྱིན་རླབས་ཆེ་བ་ཡིན༔ གཞན་ཡང་ཞི་ཁྲོ་དཔང་སྐོང་དང་༔ བརྒྱ་ཕྱག་སྡིག་སྒྲིབ་རང་གྲོལ་ལྟར་རམ༔ ན་རཀ་དོང་སྤྲུག་གི་ཕྱག་རབ་ལྟར་འཚལ་ན་ཡང་ལེགས་མོད༔ འོན་ཀྱང་དམ་པ་རིགས་བརྒྱ་ཡང་གསང་ཆེན་རྡོ་རྗེ་སེམས་དཔའ་རིགས་གཅིག་ལ་མ་འདུས་པ་མེད་པས་ཕྱག་རབ་འདི་ཁོ་ནས་ཆོག་པ་ཡིན་ནོ༔ དེ་ནས་རྡོ་རྗེ་སེམས་དཔའ་འཁོར་དང་བཅས་པ་འོད་དུ་ཞུ་ནས་རང་ལ་ཐིམ་པར་བསྒོམ༔ ཐང་ལ་འདུག་མལ་བསོ་དང་མཉམ་དུ་སྐྱིལ་ཀྲུང་


CMR057_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

བཅས༔ སེམས་རང་བབས་སུ་ཀློད་དེ་བཞག་གོ༔ ལུས་ཕྱག་འཚལ་བས་རླུང་དབུ་མར་ཚུད་ནས༔ ཏིང་འཛིན་ཁྱད་པར་ཅན་སྐྱེ་བ་སྟེ་མན་ངག་དམ་པ་ཡིན་ནོ༔ དེ་ནས་དངོས་གཞི་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ནི༔ ཨོ་རྒྱན་རིན་པོ་ཆེས་དེ་ཡང་རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་དང་༔ ལུས་ངག་ཡིད་གསུམ་གྱི་སྒྲིབ་སྦྱངས་རྣམས༔ དོན་ཆོས་སྐུ་བློ་འདས་ཀྱི་དོན་ལ་བརྟན་པ་ཐོབ་པའི་དུས་ན་བསྲུང་བྱ་དང་སྲུང་བྱེད༔ སྦྱོང་བྱ་དང་སྦྱོང་བྱེད་ཀྱང་མེད་དེ༔ དེ་ལྟར་མ་རྟོགས་པ་རྣམས་ལ་ནི༔ འདི་ཉིད་ཀྱིས་མཚམས་མེད་པ་ལྔའི་ལས་ཀྱང་སྐད་ཅིག་ལ་འདག་ཅིང་༔ འཁོར་བ་དོང་ནས་སྤྲུགས་པའི་དོན་ནོ༔ ཞེས་དང་༔ རྡོ་རྗེ་རྩེ་མོའི་རྒྱུད་ཆེན་པོ་ལས༔ རིག་པའི་རྒྱལ་པོ་འདི་བཟླས་ན༔ ལྟུང་དང་དྲི་མ་ཐམས་ཅད་ཀྱང་༔ ལན་གཅིག་ཙམ་གྱིས་དག་པར་བྱེད༔ ཅེས་དང་༔ རྟ་མཆོག་རོལ་པའི་རྒྱུད་ལས༔ གསང་སྔགས་རྒྱལ་པོ་བླ་ན་མེད༔ ལན་གཅིག་བརྗོད་པ་ཙམ་གྱིས་ནི༔ སྡིག་པ་མ་ལུས་ཟད་བྱེད་ཅིང་༔ ལས་རྣམས་ཐམས་ཅད་འགྲུབ་པར་བྱེད༔ ཅེས་དང་༔ དྲི་མེད་བཤགས་རྒྱུད་དང་༔ ན་རཀ་དོང་སྤྲུགས་ཀྱི་རྒྱུད་གཉིས་ཀ་ཚིག་ཕལ་


CMR057_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

ཆེར་མཐུན་པར་རྡོ་རྗེ་སེམས་དཔས་བཀའ་སྩལ་པ༔ ཡི་གེ་བརྒྱ་པ་ཞེས་བྱ་བ་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་ཡང་སྙིང་༔ ཆག་ཉམས་དང་སྡིག་སྒྲིབ་དག་པར་བྱེད་པ་འདི་བརྗོད་ཀྱི༔ རྣལ་འབྱོར་པ་སྡིག་སྒྲིབ་དང་ཉམས་ཆག་དང་གསོག་འཇོག་ཅན་བག་ཆགས་ངན་པ་ཁྱོད་ཉོན་ཅིག༔ ཅེས་ཡི་གེ་བརྒྱ་པ་གསུངས་ནས༔ ག་དུས་གཅིག་ལ་བརྒྱ་རྩ་བརྒྱད་བརྗོད་ན༔ ཉམས་ཆག་ཐམས་ཅད་བསྐང་སྟེ༔ ངན་སོང་གསུམ་དུ་ལྟུང་བ་ཡང་ཐར་བར་འགྱུར་རོ༔ རྣལ་འབྱོར་པ་གང་ཞིག་གིས་ཡི་དམ་དུ་བཅང་ནས་འདོན་ན༔ མི་དེ་ཚེ་འདི་ལ་ཡང་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་སྲས་དམ་པར་དགོངས་ནས་བསྲུང་བ་དང་སྐྱབས་པར་མཛད་ལ༔ ཚེ་འཕོས་ནས་བདེ་བར་གཤེགས་པ་རྣམས་ཀྱི་སྲས་སུ་གདོན་མི་ཟ་བར་འགྱུར་རོ༔ ཞེས་དང་༔ བཀའ་བརྒྱད་གསང་བ་འདུས་པའི་རྒྱུད་ལས༔ སྔགས་བཟླས་སྐྱོན་མཐོལ་ངག་ཉམས་བཤགས༔ རྡོ་རྗེ་སེམས་དཔའ་གཙུག་ཏུ་དམིགས༔ ལས་གྲུབ་ཉམས་གྲིབ་དག་བྱེད་པའི༔ འཁོར་བ་དོང་སྤྲུགས་ཡང་སྙིང་བཟླས༔ ཞེས་གསུངས་སོ༔ ཡང་ཡིག་བརྒྱ་དག་པོར་བཟླ་མི་


CMR057_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ་རྣམས་ཀྱིས་རྡོ་རྗེ་སེམས་དཔའི་ཉེ་སྙིང་ཨོཾ་བཛྲ་སཏྭ་ཧཱུྃ༔ ཞེས་ཡི་གེ་དྲུག་པོ་འདི་བཟླས་ཀྱང་ཆོག་པ༔ ཕྱག་ན་རྡོ་རྗེ་གོས་སྔོན་ཅན་གྱི་རྒྱུད་ལས༔ དམ་ཚིག་ཉམས་པ་ནི་རྡོ་རྗེ་དམྱལ་བར་འགྲོ་སྟེ༔ དེ་ནི་མནར་མེད་ལས་ཀྱང་སྡུག་བསྔལ་བདུན་འགྱུར་ཆེ་ཞིང་༔ ཚེ་ཚད་ནི་ནམ་མཁའ་ཅི་སྲིད་དུ་གནས་པར་གསུངས་པ་ལ༔ དེ་ལས་ཐར་བའི་ཐབས་རྡོ་རྗེ་སེམས་དཔའ་སྤྱི་བོར་བསྒོམ་ཞིང་རྡོ་རྗེ་སེམས་དཔའི་སྙིང་པོ་ཡི་གེ་དྲུག་པ་དེ་འབུམ་ཕྲག་བཞི་བཟླས་ན༔ དམ་ཚིག་ཉམས་པ་ཡང་དེར་མི་ལྟུང་བར་གསུངས་སོ༔ དེ་ལ་དུས་ཀྱི་དབང་གིས་བཞི་འགྱུར་དགོས་པར་བཤད་པས༔ ཡིག་བརྒྱ་འདོན་ན་འབུམ་ཕྲག་བཞི༔ ཡི་གེ་དྲུག་པ་འདོན་ན་འབུམ་ཕྲག་བཅུ་དྲུག་སྟེ༔ དམིགས་པ་རྩེ་གཅིག་ངག་མ་འདྲེས་པར་དེ་ཙམ་བཟླས་ན་ཉམས་ཆག་ངེས་པར་བསྐང་བ་རྒྱུད་ཀྱི་དགོངས་པ་ལགས་སོ༔ དེ་ལ་སྒོམ་བཟླས་དངོས་ནི་རང་ཐ་མལ་པའི་སྤྱི་གཙུག་ཁྲུ་གང་ཙམ་གྱི་ནམ་མཁར༔ པདྨ་དཀར་པོ་དང་ཟླ་བའི་གདན་ལ༔ ཧཱུྃ་ལས་རྡོ་རྗེ་དཀར་པོ་ཧཱུྃ་དཀར་པོས་མཚན་པ་དེ་ཡོངས་སུ་གྱུར་པ་ལས༔ བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་སྐུ་མདོག་སྟོན་ཀའི་ཟླ་བ་ལྟར་


CMR057_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་བ༔ ཞལ་གཅིག་ཞི་ཞིང་འཛུམ་པ༔ ཕྱག་གཉིས་གཡས་རྡོ་རྗེ་ཐུགས་ཀར་གཏོད་དེ་འཛིན་ཅིང་༔ གཡོན་དྲིལ་བུ་དཀུར་བརྟེན་པ༔ རིན་པོ་ཆེ་སྣ་ཚོགས་ཀྱི་དབུ་རྒྱན་དང་སྙན་ཆ་གདུ་བུ་དོ་ཤལ་ལ་སོགས་པ་རིན་པོ་ཆེའི་རྒྱན་དང་དར་དཀར་པོའི་སྟོད་གཡོགས་དང་དར་སྣ་ལྔའི་ཤམ་ཐབས་དང་ཅོད་པན་ཅན༔ ཞབས་གཉིས་རྒྱལ་པོ་རོལ་པའི་སྟབས་ཀྱིས་བཞུགས་པ༔ དེའི་གནས་གསུམ་ཡི་གེ་གསུམ་དང་༔ དེའི་ཐུགས་ཀར་ཧཱུཾ་ཡིག་དཀར་པོའི་མཐར་ཡི་གེ་དྲུག་དང་དེ་མཐར་ཡི་གེ་བརྒྱ་པས་བསྐོར་བ༔ དེ་ལས་འོད་ཟེར་འཕྲོས་པས༔ ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་སྤྱན་དྲངས་ཏེ་རྡོ་རྗེ་སེམས་དཔའ་ལ་ཐིམ་པས༔ ཐུགས་ཀའི་ཧཱུཾ་དང་སྔགས་ཕྲེང་ལས་བདུད་རྩིའི་རྒྱུན་བབས་པས་སྐུ་ལུས་ལྟེམ་གྱིས་གང་༔ ལྷག་མ་ཞབས་གཡས་པའི་མཐེ་བོང་ནས་ངང་ན་ར་ར་བབ༔ རང་གི་སྤྱི་བོ་ཚངས་པའི་བུ་ག་ནས་ཞུགས༔ ལུས་ཕྱི་ནང་གཉིས་ཀ་ནས་བབ་ཅིང་བཀྲུས་པས༔ ནད་གདོན་སྡིག་སྒྲིབ་དམ་ཚིག་གི་ཆག་ཉམས་ཐམས་ཅད་དུད་ཁུ་དང་སོལ་ཁུའི་རྣམ་པར་རྐང་མཐིལ་གཉིས་དང་བཤང་ལམ་ནས་ནག་ནུ་རུ་རུ་


CMR057_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

ཐོན་ཏེ་ས་རིམ་པ་དགུའི་འོག་ཏུ་མར་སོང་བས༔ འཆི་བདག་ལས་ཀྱི་གཤིན་རྗེ་ཁ་གདང་བའི་ནང་དུ་སོང་བས་ངོམ་ཞིང་ཚིམ༔ བདུད་རྩིས་རང་ལུས་ལྟེམ་གྱིས་གང་བས་ལུས་ཤེལ་སྒོང་གཡའ་དག་པ་ལྟར་དཀར་སང་ངེ་གྱུར་པར་བསྒོམ༔ དེའི་རྩ་ཚིག་གི་འགྲེལ་པ་ཐུགས་རྗེ་ཆེན་པོ་ཉིད་ཀྱིས་དངོས་སུ་གསུངས་པ་ལས༔ རང་གི་སྤྱི་བོར་རྡོ་རྗེ་སེམས་དཔའ་སྐུ་མདོག་ཤིན་ཏུ་དཀར་པོ༔ དེའི་ཕྱག་གཉིས་ཀྱི་རྡོ་རྗེ་དྲིལ་བུ་གཏོད་ཐབས་ཀྱིས་འཛིན་པ༔ དེའི་སྐུ་ལས་བདུད་རྩིའི་རྒྱུན་དཀར་ནར་གྱིས་བབས་པས༔ རང་གི་ལུས་མེར་གྱིས་གང་སྟེ༔ སྡིག་པ་དང་སྒྲིབ་པ་ཐམས་ཅད་ནག་ནུར་གྱིས་སོང་༔ ཞེས་གསུངས་པའི་དམིགས་རིམ་དེ་རྣམས་གསལ་པོར་བསྒོམ་ཞིང་༔ དེ་ཚིག་གིས་ཀྱང་གསལ་འདེབས་པའི་ཕྱིར༔ རྡོ་རྗེ་ཚིག་རྐང་ཉིད་ལས་གསུངས་པའི་རྩ་ཚིག་འདིའི་རྗེས་ཟློས་མཛོད༔ རང་གི་སྤྱི་བོར་རྡོར་སེམས་སྐུ་མདོག་དཀར༔ ཕྱག་གཉིས་རྡོ་རྗེ་དྲིལ་བུ་གཏོད་ཐབས་འཛིན༔ དེ་ཡི་སྐུ་ལས་བདུད་རྩིའི་རྒྱུན་བབས་པས༔ ལུས་ཀུན་གང་སྟེ་སྡིག་སྒྲིབ་ནག་ནུར་སོང་༔ དེ་ནས་སྙིང་པོ་ཡི་གེ་བརྒྱ་པ་འདི་རྗེས་ཟློས་ཤེས་པ་རྣམས་ཀྱིས་མཛོད༔ མི་ཤེས་པ་


CMR057_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་ཀྱང་རྗེས་ཟློས་བྱས་པའི་མོས་པ་མཛོད༔ དེ་ཡང་གསར་རྙིང་ཡིག་བརྒྱ་མི་འདྲ་ཞིང་རྙིང་མ་ལ་ཡང་རིགས་ལྔའི་ཡིག་བརྒྱ་སོགས་མང་བ་ལས་འདི་རྙིང་མའི་རྡོར་སེམས་ཡིག་བརྒྱ་ཡིན་པས་མ་དག་པར་མ་སེམས་ཤིག༔ ཨོཾ་བཛྲ་སཏཱ་ས་མ་ཡ༔ མ་ནུ་པཱ་ལ་ཡ༔ བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ༔ དྲྀ་ཌྷོ་མེ་བྷ་ཝ༔ སུ་ཏོ་ཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝ༔ སུ་པོ་ཥྱོ་མེ་བྷ་ཝ༔ སརྦ་སིདྡྷི་མྨེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མེ༔ ཙིཏྟཾ་ཤྲི་ཡཿཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝན༔ སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ༔ བཛྲ་མཱ་མེ་མུཉྩ༔ བཛྲ་བྷ་ཝ་མ་ཧཱ་ས་མ་ཡ་སཏྭ་ཨཱ༔ ད་རྡོ་རྗེ་སེམས་དཔའི་ཡང་སྙིང་ཡི་གེ་དྲུག་པ་འདི་ལ་འུར་འདོན་ཞིག་མཛོད༔ ཨོཾ་བཛྲ་སཏྭ་ཧཱུྃ༔ ཞེས་ཕྲེང་སྐོར་ཙམ་འདོན་ཚར་ནས༔ འོ་དེ་ཡང་རྡོ་རྗེའི་ཚིག་རྐང་ལས༔ མཐར་ནི་རྡོར་སེམས་རང་ཐིམ་རང་རྡོར་སེམས༔ ཞེས་དང་དེའི་འགྲེལ་པ་ཐུགས་རྗེ་ཆེན་པོས་གསུངས་པ༔ མཐར་ནི་རྡོ་རྗེ་སེམས་དཔའ་རང་ལ་ཐིམ་པས་རང་ཡང་རྡོ་རྗེ་སེམས་དཔའ་དེ་ལྟ་བུར་གྱུར་པར་བསམ་མོ༔ ཞེས་གསུངས་པའི་དོན་སྤྱི་བོའི་རྡོ་རྗེ་སེམས་དཔའི་ཞལ་ནས༔ རིགས་ཀྱི་བུའམ༔ རིགས་


CMR057_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བུ་མོ་ཁྱོད་ཀྱི་སྡིག་སྒྲིབ་ཐམས་ཅད་དག་པར་ཡོད་དོ༔ ཞེས་གསུངས་པ་དང་ལྷན་ཅིག་རྡོ་རྗེ་སེམས་དཔའ་འོད་དུ་ཞུ་ནས་རང་ལ་ཐིམ་པས༔ རང་གི་ལུས་ངག་ཡིད་གསུམ་དང་རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་དབྱེར་མེད་ཆུ་དང་འོ་མ་འདྲེས་པ་ལྟར་གྱུར་པས༔ རང་ཐ་མལ་གདོས་བཅས་ཤ་ཁྲག་གི་ལུས་འདི་ཉིད་ཡེ་ཤེས་ཀྱི་ལུས་སུ་གྱུར་ཏེ༔ རང་ཉིད་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན་ཅིང་གཡོན་དྲིལ་བུ་དཀུར་བརྟེན་པ༔ དར་དང་རིན་པོ་ཆེས་བརྒྱན་ཅིང་པདྨ་དང་ཟླ་བའི་གདན་ལ་ཕྱེད་སྐྱིལ་གྱིས་བཞུགས་པ༔ དེའི་ཐུགས་ཀར་ཟླ་བའི་གདན་ལ་ཧཱུྃ་དཀར་པོ་ལ་ཡི་གེ་དྲུག་པ་དང་ཡི་གེ་བརྒྱ་པས་བསྐོར་བ༔ སྔགས་ཕྲེང་གཡས་སུ་འཁོར་བ་ལས་བདུད་རྩིའི་རྒྱུན་བབ༔ ལུས་བདུད་རྩིས་གང་བས༔ སྡིག་སྒྲིབ་ལས་ཉོན་གྱི་སྒྲིབ་པ་དང་བག་ཆགས་ཕྲ་ཞིང་ཕྲ་བ་ཐམས་ཅད་ཀྱང་བ་སྤུའི་སྒོ་ནས་ནག་ཉིལ་གྱིས་ཕྱིར་ཐོན༔ སླར་ཡང་འོད་ཟེར་དཀར་པོ་བ་སྤུའི་སྒོ་ནས་ཕྱིར་སོང་ནས་ཕྱོགས་བཅུར་འཕྲོས་པས༔ སེམས་ཅན་ཐམས་ཅད་ཀྱི་སྒྲིབ་པ་སྦྱང་བར་བསྒོམ་ལ༔ ཤེས་པ་རྣམས་ཀྱི་ཡིག་བརྒྱ་གསུངས༔ མི་


CMR057_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ་རྣམས་ཀྱིས་ཡི་གེ་དྲུག་པ་འདི་ལ་འུར་འདོན་ཞིག་མཛོད༔ ཨོཾ་བཛྲ་སཏྭ་ཧཱུྃ༔ བརྒྱ་རྩ་བརྒྱད་ཙམ་སོང་ནས༔ དེ་ནས་རང་ཉིད་རྡོ་རྗེ་སེམས་དཔའ་འོད་དུ་ཞུ་སྟེ་སྔགས་ཕྲེང་དང་ཟླ་དཀྱིལ་ལ་ཐིམ༔ དེ་ཧཱུྃ་ལ་ཐིམ༔ ཧཱུྃ་ཞབས་ཀྱུ་ནས་གྱེན་རྫོགས་སུ་ཡལ་ནས༔ ཅི་ཡང་མི་དམིགས་པ་སྟོང་པ་ཉིད་ཀྱི་ངང་དུ་མཉམ་པར་ཞོག་ཅིག༔ དེའི་དོན་དེ་བཞིན་གཤེགས་པའི་མཛོད་ལས༔ སྟོང་པ་ཉིད་བསྒོམ་པས་སྡིག་པ་འདག་པར་གསུངས་པ་དང་༔ དྲི་མེད་རྒྱལ་པོ་བཤགས་པའི་རྒྱུད་ལས་ཀྱང་སྟོང་ཉིད་བསྒོམ་ན་དམ་ཚིག་གི་ཉམས་ཆག་ཐམས་ཅད་རང་བཞིན་གྱིས་བསྐང་བར་གསུངས་སོ༔ དེ་ལྟར་ལན་གཅིག་མ་ཡིན་པར་རྒྱུན་དུ་རྡོར་སེམས་སྒོམ་བཟླས་མ་ཆག་པར་བྱ་བ་གལ་ཆེ་ཞིང་༔ ཡང་ན་ཟླ་བ་གཉིས་གསུམ་ཙམ་ཐུན་དུ་བཅད་པའམ༔ ཐ་ན་ཡང་ཞག་བདུན་ཡན་ཆད་རྩེ་གཅིག་ཏུ་རྡོར་སེམས་སྒོམ་བཟླས་ཁོ་ན་ལ་འབད་ན༔ སྒྲིབ་པ་དག་པའི་རྟགས་འབྱུང་སྟེ༔ བསྐུལ་བྱེད་ཀྱི་གཟུངས་ལས༔ ཇི་སྲིད་དུ་སྡིག་པ་བྱང་བའི་མཚན་མ་མ་མཐོང་བ་དེ་སྲིད་དུ་བཟླས་བརྗོད་བྱ་སྟེ༔ རྨི་ལམ་ན་ཟས་ངན་པ་སྐྱུག་པ་དང་༔ འོ་མ་དང་ཞོ་ལ་སོགས་པ་


CMR057_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

འཐུང་བ་དང་༔ ཉི་མ་དང་ཟླ་བ་མཐོང་བ་དང་༔ ནམ་མཁར་འགྲོ་བ་དང་༔ མེ་འབར་བ་དང་༔ མ་ཧེ་དང་མི་ནག་པོ་ཐུབ་པ་དང་༔ དགེ་སློང་དང་དགེ་སློང་མའི་དགེ་འདུན་མཐོང་བ་དང་༔ འོ་མ་འབྱུང་བའི་ཤིང་དང་གླང་པོ་དང་ཁྱུ་མཆོག་དང་སེང་གེའི་ཁྲི་དང་ཁང་བཟང་གི་སྟེང་དུ་འཛེགས་པ་དང་༔ ཆོས་ཉན་པ་རྨིང་ན་སྡིག་པ་དང་བྲལ་བར་འགྱུར་ཏེ༔ སྡིག་པ་བྱང་བར་ཤེས་པར་བྱའོ་ཞེས་གསུངས་པ་དང་༔ གཞན་ཡང་གསེར་རྙེད་པ་དང་༔ གཞན་དག་ནོར་བུ་བཟང་པོ་རྙེད་པ་དང་༔ ཉི་ཟླ་ཤར་གྲུབ་ཐོབ་རྣམས་དང་མཇལ་བ་རྣམས་ནི༔ རྟོགས་པ་འཆར་བའི་སྔ་ལྟས་དང་༔ ལོ་ཐོག་བཟང་པོའི་བདག་བྱེད་པ༔ ནས་མང་པོ་ལ་དབང་བ༔ ཤིང་ཐོག་དང་སྦྲང་རྩི་བཟང་པོ་སོགས་རོ་མངར་བ་ཞིམ་པོ་བའི་ཟོས་པ་རྨིང་ན་ཉམས་མྱོང་སྐྱེ་བའི་སྔ་ལྟས་དང་༔ ཁྲུས་བྱས་པ་གོས་དཀར་པོ་གྱོན་པ༔ མེ་ལོང་ཕྱིས་པ་སོགས་ནི་གསལ་ཉམས་འཆར་བའི་སྔ་ལྟས༔ རྨི་ལམ་མི་འཚམས་པའི་ཆེན་པོ་རྨོང་ན་ཡང་སྒྲིབ་པ་དག་པའི་ལྟས་ཡིན་པར་གསུངས་སོ༔ དེ་ལྟར་རྟགས་ཐོན་ནས་ཀྱང་སྐྱུར་མི་ཆོག་རྒྱུན་ཁྱེར་ཉམས་སུ་ལེན་པར་བྱའོ༔ ཉེས་པ་ལས་ལྡོག་པའི་སྟོབས་ནི༔


CMR057_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་ཆད་སྡིག་པ་མི་བྱ་བར་འཕྲོ་གཅོད་པ་སྟེ༔ སྤྱོད་འཇུག་ལས༔ འདྲེན་པ་རྣམས་ཀྱིས་བདག་གི་སྡིག༔ ནོངས་པ་ལགས་པར་བཟུང་དུ་གསོལ༔ འདི་ནི་བཟང་པོ་མ་ལགས་ན༔ སླན་ཆད་བདག་ནི་ཡོངས་མི་བགྱིད༔ ཅེས་དང་༔ ཕུང་པོ་གསུམ་པའི་མདོ་ལས༔ སླན་ཆད་ཀྱང་གཅོད་ཅིང་སྡོམ་པར་བགྱིད་ལགས་སོ༔ ཞེས་དང་༔ འདུལ་བའི་གསོ་སྦྱངས་སྐབས་སུ་ཡང་༔ ཕྱིན་ཆད་སྡོམ་པར་བགྱིད་ལགས་སམ༔ ཞེས་མཁན་པོས་དྲིས་པའི་ལན་དུ༔ སྡོམ་ཞེས་ལན་འདེབས་པར་བཤད་པ་ལྟ་བུའོ༔ དེ་ལྟར་སྔར་བྱས་པ་ལ་འགྱོད་པ་དང་༔ ཕྱིས་མི་བྱེད་པར་བསྡོམ་པ་དང་༔ རྟེན་གྱི་སྟོབས་རྡོར་སེམས་དམ་པ་རིགས་བརྒྱ་ལ་ཕྱག་འཚལ་བ་དང་༔ གཉེན་པོའི་སྟོབས་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ཏེ༔ སྟོབས་བཞི་དང་ལྡན་པས་བཤགས་ན་སྡིག་སྒྲིབ་ཉམས་ཆག་ཇི་ལྟར་ཆེ་ཡང་མི་དག་པ་མེད་དེ༔ བཅོམ་ལྡན་འདས་ཀྱི་ཞལ་ནས༔ གང་གིས་སྡིག་པའི་ལས་བྱས་པ༔ དགེ་བ་ཡིས་ནི་འགོགས་བྱེད་དེ༔ ཉི་མ་སྤྲིན་ལས་བྱུང་བ་བཞིན༔ འཇིག་རྟེན་འདི་དེར་སྣང་བར་འགྱུར༔ ཞེས་དང་༔ མྱ་ངན་འདས་ཆེན་ལས༔


CMR057_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བ་གཅིག་བྱས་པས་ཀྱང་སྡིག་པ་མང་པོ་འཇོམས་ཏེ་ཞེས་དང་༔ གསེར་འོད་དམ་པ་ལས༔ གང་གིས་བསྐལ་པ་སྟོང་རྣམས་སུ༔ སྡིག་པ་ཤིན་ཏུ་མི་བཟད་བགྱིས༔ ལན་གཅིག་རབ་ཏུ་བཤགས་པ་ཡིས༔ དེ་དག་ཐམས་ཅད་བྱང་བར་འགྱུར༔ ཞེས་དང་༔ ཨོ་རྒྱན་རིན་པོ་ཆེས་རྡོར་སེམས་སྒོམ་བཟླས་གསུངས་ནས༔ འདི་ནི་བླ་མེད་ནང་གི་ཉམས་ཆག་བསྐང་བའི་སྒྲིབ་སྦྱང་ཁྱད་པར་ཅན་ཏེ༔ བསྐལ་པ་སྟོང་གི་ལས་སྒྲིབ་ཀྱང་དག་ཅིང་༔ དམ་ཚིག་ཆག་ཉམས་མཚམས་མེད་ལྔའི་ལས་ཀྱང་འདིས་དག་པར་འགྱུར་བའི་ཕྱིར་ན༔ རྣལ་འབྱོར་པས་བརྩོན་པར་བྱས་ན་འདི་ཉིད་རང་གིས་སངས་རྒྱས་ཐོབ་པར་འགྱུར་རོ༔ ཞེས་གསུངས་སོ༔ སྡིག་པ་དག་པའི་དཔེ་ནི་མི་གཙང་བའི་འདམ་རྫབ་ཏུ་ལྟུང་བ་དེ་བཏོན་ནས༔ རབ་ཏུ་བཀྲུས་ཏེ་དྲི་བཟང་པོས་བྱུག་པ་ལྟ་བུ་སྟེ༔ སྔོན་མི་གདུང་བ་སོར་ཕྲེང་ཅན་ཞེས་བྱ་བས་མི་དགུ་བརྒྱ་དང་གོ་དགུ་ཁོ་རང་གཅིག་པུའི་ལག་གིས་བསད་པ་ལ་ཕྱིས་འགྱོད་པ་དྲག་པོས་བཤགས་པ་བྱས་པས་སྡིག་པ་དག་ནས་དགྲ་བཅོམ་པའི་འབྲས་བུ་ཐོབ་པ་དང་༔ སྔོན་ཁྱེའུ་བདེ་བྱེད་ཅེས་བྱ་བས་ཁོ་རང་གིས་མ་བསད་པ་ལ༔ བཤགས་པ་


CMR057_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པས་དག་ནས་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པ་དང་༔ སྔོན་གཅུང་དགའ་བོ་ཞེས་བྱ་བ་བུད་མེད་ལ་ཆགས་པའི་སྡིག་ཅན་ཞིག་ཀྱང་༔ བཤགས་ཤིང་ཕྱིན་ཆད་བསྡོམ་སེམས་བྱས་པས་སྒྲིབ་པ་དག་ནས་དགྲ་བཅོམ་པའི་འབྲས་བུ་ཐོབ་པ་དང་༔ སྔོན་རྒྱལ་བུ་མཐོང་ལྡན་ཞེས་བྱ་བས་ཕ་བསད་པ་ལ༔ བཤགས་ཤིང་རྟེན་གྱི་སྟོབས་ཉམས་སུ་བླངས་པས་སྡིག་པ་དག་ནས་བྱང་ཆུབ་སེམས་དཔར་གྱུར་ཏེ༔ དོན་དེ་དག་ལ་དགོངས་ནས་མདོ་སོ་སོའི་དོན་སྤྱོད་འཇུག་ལས༔ གང་ཞིག་སྔོན་ཆད་བག་མེད་གྱུར་པ་ལས༔ ཕྱིས་ནས་བག་དང་ལྡན་པར་གྱུར་དེ་ཡང་༔ ཟླ་བ་སྤྲིན་བྲལ་བཞིན་དུ་རྣམ་མཛེས་ཏེ༔ དགའ་བོ་སོར་ཕྲེང་མཐོང་ལྡན་བདེ་བྱེད་བཞིན༔ ཞེས་གསུངས་སོ༔ དེ་བཞིན་དུ་ཐབས་ལ་མཁས་པའི་མདོ་ལས་ཀྱང་༔ ལྟུང་བ་འདི་ཆོས་བཞིན་དུ་གསོ་བར་བྱའོ༔ ཕྱིས་ཉེས་པར་མི་བྱའོ༔ ཡོངས་སུ་སྨིན་པར་བགྱིའོ་སྙམ་དུ་སེམས་སོ༔ རིགས་ཀྱི་བུ་ཡོངས་སུ་རྟགས་པ་བཟུང་སྟེ༔ གལ་ཏེ་རབ་ཏུ་བྱུང་བའི་བྱང་ཆུབ་སེམས་དཔའ་ལ་རྩ་བའི་ལྟུང་བ་བཞི་པོ་ཞིག་པར་གྱུར་པའང་༔ ཐབས་ལ་མཁས་པའི་བཤགས་པ་འདིས་སེལ་


CMR057_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱེད་པ་སྟེ༔ བྱང་ཆུབ་སེམས་དཔའ་ལ་ལྟུང་བར་མི་འགྱུར་བར་ང་སྨྲའོ༔ ཞེས་གསུངས་སོ༔ དེས་ན་སྐྱེ་བ་འདི་དང་སྐྱེ་བ་གཞན་དག་ཏུ་བྱས་པའི་སྡིག་སྒྲིབ་ཆག་ཉམས་བཤགས་ཐབས༔ རྡོར་སེམས་སྒོམ་བཟླས་ཉམས་སུ་ལེན་པ་གལ་ཆེ༔ དེ་ལྟར་རྡོར་སེམས་སྒོམ་བཟླས་ཞུས་པ་དང་བསྒོམ་པའི་དགེ་བ་དེ་ཡང་སེམས་ཅན་ཐམས་ཅད་སངས་རྒྱས་ཐོབ་པའི་ཆེད་དུ་བསྔོ་སྙམ་པ་གྱིས་ལ་རྗེས་ཟློས་མཛོད༔ དགེ་བ་མ་རྒན་འགྲོ་དྲུག་ཀུན་ལ་བསྔོ༔ ལན་གསུམ༔ དེས་ཁྱད་པར་གྱི་སྔོན་འགྲོ་གསུམ་པ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ཀྱི་ཁྲིད་དེ་ཆོས་ཐན་བཅུ་གཉིས་པའོ༔ ༈ དེ་ནས་ཁྱད་པར་གྱི་སྔོན་འགྲོ་བཞི་པ་བླ་མའི་རྣལ་འབྱོར་ནི༔ ཨོ་རྒྱན་རིན་པོ་ཆེའི་ཞལ་ནས༔ ཐོག་མར་བླ་མ་ལ་གསོལ་བ་འདེབས་པ་གཅེས་ཏེ༔ དེ་ཡང་སངས་རྒྱས་ཀྱི་རྒྱུ་རང་ལ་ཡེ་ནས་གནས་ཀྱང་༔ དེའི་དོན་སྟོན་པ་བླ་མ་ཡིན་པས༔ བླ་མ་ནི་དུས་གསུམ་གྱི་སངས་རྒྱས་ལས་ཀྱང་ལྷག་ཅིང་གཉན་པར་རྒྱུད་ལུང་མཐའ་དག་ནས་གསུངས་པས༔ ཞེས་གསུངས་པའི་དོན༔ སྒྱུ་འཕྲུལ་སངས་རྒྱས་པའི་རྒྱུད་ལས༔ ཡོན་ཏན་རིན་ཆེན་གཏེར་


CMR057_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ༔ ཐམས་ཅད་མ་ལུས་སྟོན་བྱེད་ཅིང་༔ ཉོན་མོངས་མ་ལུས་རྩད་གཅོད་པ༔ བླ་མེད་འབྲས་བུ་ཐོབ་པར་བྱེད༔ ཡུལ་ལ་དབང་བའི་རྒྱལ་པོ་ལས༔ ཤིན་ཏུ་ལྷག་པའི་བཀུར་སྟི་བྱ༔ དྲིན་ཆགས་ལུས་བསྐྱེད་པ་མ་བས༔ ཤིན་ཏུ་རྩེ་གདུང་ཆེ་བར་བྱ༔ ཞེས་དང་༔ ཨ་ནུ་ཡོ་གའི་མདོ་དགོངས་འདུས་ལས༔ དེ་ནས་སངས་རྒྱས་སྟོང་ཕྲག་ལ༔ བསྐལ་པ་དུ་མར་མཆོད་པ་བས༔ བླ་མའི་བ་སྤུ་ཁུང་རེ་ལ༔ ཙནྡན་ཐིགས་པ་གཅིག་བྱུག་པ༔ སྟོང་ཕྲག་ཆར་ཡང་ཕོད་པ་མིན༔ ཞེས་དང་༔ དམ་ཚིག་བཀོད་པ་ལས༔ མཚན་དང་དཔེ་བྱད་ལྡན་པའི་ལྷ༔ བསྐལ་པ་འབུམ་དུ་བསྒོམ་པ་བས༔ བླ་མ་དྲན་པ་འབུམ་ཆར་མིན༔ བསྙེན་སྒྲུབ་བཟླས་པ་ས་ཡ་བས༔ བླ་མའི་གསོལ་འདེབས་ལན་གཅིག་དགའ༔ ཞེས་དང་༔ རྫོགས་པའི་རིམ་པ་བསྐལ་པའི་བར་དུ་ནི༔ འདུ་འཛི་རྣམ་གཡེང་སྤང་སྟེ་བསྒོམ་པ་བས༔ བླ་མ་རང་སེམས་དཀྱིལ་དུ་ཤར་བ་ཙམ༔ འབུམ་ཕྲག་ཉི་ཤུའི་ཆར་ཡང་མི་ཕོད་དོ༔ ཞེས་དང་༔ དུས་འཁོར་ལས༔ བསྐལ་པ་དུས་གསུམ་ཐམས་ཅད་དུ༔ དཀོན་མཆོག་གསུམ་པོ་མཆོད་བྱེད་ཅིང་༔


CMR057_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་ཆགས་བྱེ་བའི་ཚེ་སྐྱབས་ཀྱང་༔ ཚེ་འདིར་སངས་རྒྱས་མི་ཐོབ་སྟེ༔ ཡོན་ཏན་རྒྱ་མཚོའི་བླ་མ་ལ༔ དང་བའི་ཡིད་ཀྱིས་མཆོད་བྱས་ན༔ མཆོག་དང་ཐུན་མོང་དངོས་གྲུབ་ནི༔ ཚེ་འདི་ཉིད་ལ་ཐོབ་པར་འགྱུར༔ ཞེས་དང་༔ མཚན་བརྗོད་ལས༔ མཆོད་འོས་བསྟོད་འོས་ཕྱག་གི་གནས༔ རྟག་ཏུ་རི་མོར་བྱ་བའི་འོས༔ བཀུར་འོས་བརྗོད་པར་བྱ་བའི་མཆོག༔ ཕྱག་བྱར་འོས་པ་བླ་མའི་རབ༔ ཅེས་དང་༔ བརྟག་གཉིས་ལས༔ གཞན་གྱི་བརྗོད་མིན་ལྷན་ཅིག་སྐྱེས༔ གོང་དུ་ཡང་ནི་མི་རྙེད་དེ༔ བླ་མའི་དུས་ཐབས་བསྟན་པ་དང་༔ བདག་གི་བསོད་ནམས་ལས་ཤེས་བྱ༔ ཞེས་དང་༔ རྡོ་རྗེ་གུར་ལས༔ གང་ཕྱིར་རྡོ་རྗེ་འཛིན་པ་ཞེས༔ དེ་ནི་སློབ་དཔོན་གཟུགས་སུ་འཛིན༔ སེམས་ཅན་ཕན་བཏགས་དམིགས་ནས་ནི༔ ཐ་མལ་པ་ཡི་ཚུལ་དུ་གནས་ཞེས་དང་༔ བ་ཚྭ་ཅན་གྱི་ཆུ་ཀླུང་གི་མདོ་ལས༔ ལྔ་བརྒྱ་ཐ་མར་གྱུར་པ་ན༔ ང་ནི་སློབ་དཔོན་གཟུགས་སུ་འོང་༔ ང་ཡིན་བསམ་པ་ཡིད་བྱོས་ལ༔ དེ་ཚེ་དེ་ལ་གུས་པ་བསྐྱེད༔ ཅེས་དང་༔ ཨ་ཏི་བཀོད་པར༔ དྲིན་དང་ལྡན་པའི་བླ་མ་དེ༔ སྙིང་གི་དཀྱིལ་དང་སྤྱི་བོའི་གཙུག༔


CMR057_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ལག་མཐིལ་དུ་གང་བསྒོམ་པ༔ སངས་རྒྱས་སྟོང་གི་ཡོན་ཏན་དེ༔ གང་ཟག་དེ་ཡིས་འཛིན་པར་འགྱུར༔ ཞེས་དང་༔ སྒྱུ་འཕྲུལ་དྲྭ་བ་ལས༔ སློབ་དཔོན་ཇི་ལྟར་ལྟ་ཞེ་ན༔ བླ་མ་སངས་རྒྱས་ཀུན་དང་མཉམ༔ དེ་ཉིད་རྟག་ཏུ་རྡོ་རྗེ་འཆང་༔ དེ་བཞིན་གཤེགས་པ་རིན་ཆེན་ཏོག༔ དེ་ནི་ཡེ་ཤེས་རྒྱ་མཚོ་སྟེ༔ ཡིད་བཞིན་ནོར་བུ་རིན་ཆེན་བཞིན༔ ཞེས་དང་༔ སྡོམ་འབྱུང་ལས༔ བླ་མ་སངས་རྒྱས་བླ་མ་ཆོས༔ བླ་མ་དེ་བཞིན་དགེ་འདུན་ཏེ༔ བླ་མ་དཔལ་ལྡན་རྡོ་རྗེ་འཆང་༔ ཀུན་གྱི་བྱེད་པོ་བླ་མ་ཡིན༔ ཞེས་དང་༔ ཡེ་ཤེས་གྲུབ་པ་ལས༔ གང་ལ་བླ་མའི་དྲིན་ཡོད་དེ༔ དེ་ཡིས་དེ་ཉིད་མཆོག་རྙེད་འགྱུར༔ བླ་མ་སངས་རྒྱས་ཆོས་འགྱུར་ཞིང་༔ དགེ་འདུན་ཡང་ནི་དེ་ཉིད་དེ༔ དེ་འདྲའི་དྲིན་དེ་ཤེས་གྱུར་པས༔ དེ་བས་དཀོན་མཆོག་གསུམ་མཆོག་ཡིན༔ ཞེས་དང་༔ རྡོ་རྗེ་ཕྲེང་བ་ལས༔ བླ་མ་དང་ནི་རྡོ་རྗེ་འཛིན༔ ཐ་དད་པར་ནི་མི་ལྟའོ༔ ཞེས་དང་༔ སྣང་བ་བསམ་གྱིས་མི་ཁྱབ་པར༔ སེམས་ཅན་འདི་དག་མི་ཤེས་ཏེ༔ དེ་དག་ཉིད་ལ་སྙིང་བརྩེའི་ཕྱིར༔ འདྲེན་པའི་ཆོས་སྟོན་མཛད་པ་འདི༔ སངས་


CMR057_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་རྣམས་ཀྱི་ཐུགས་རྗེ་ཡིན༔ ཞེས་དང་༔ ཡེ་ཤེས་ཐིག་ལེའི་རྒྱུད་ལས༔ བླ་མ་སྟོན་པ་བླ་མ་མགོན༔ བླ་མ་རྡོ་རྗེ་འཛིན་པ་ཉིད༔ ཅེས་དང་༔ ཀུན་ཏུ་ཁ་སྦྱོར་ལས༔ ཡེ་ཤེས་ཀུན་ཏུ་ཞེས་བྱ་བའི༔ སངས་རྒྱས་ཀུན་གྱི་སློབ་དཔོན་མཆོད༔ དངོས་གྲུབ་སྣ་ཚོགས་གཏེར་གཅིག་པུ༔ བློ་དང་ལྡན་པས་རྟག་མཆོད་བྱ༔ གང་ཕྱིར་ཕྱོགས་བཅུའི་སངས་རྒྱས་དང་༔ བྱང་ཆུབ་སེམས་མཆོད་བསོད་ནམས་ལས༔ སློབ་དཔོན་བ་སྤུའི་ཁུང་གཅིག་མཆོད༔ དེ་ཕྱིར་སློབ་དཔོན་མཆོད་བྱེད་པ༔ སངས་རྒྱས་བྱང་ཆུབ་སེམས་དཔས་གཟིགས༔ ཤེས་དང་༔ རྡོ་རྗེ་མེ་ལྕེའི་རྒྱུད་ལས༔ བླ་མ་ཉིད་དང་བླ་མའི་འཁོར༔ ཉེ་འཁོར་གཡོག་དང་བཅས་པ་ལ༔ གསེར་ལ་སོགས་པའི་ཡོན་ཕུལ་ན་སངས་རྒྱས་ཞིང་ཁམས་བརྗོད་མེད་པའི༔ གཙོ་འཁོར་སྟོང་ཕྲག་གྲངས་མེད་ལ༔ བསྙེན་བཀུར་མཆོད་པ་གྲངས་མེད་པས༔ བསོད་ནམས་འདིར་ནི་ཆར་མི་ཕོད༔ ཅེས་དང་༔ རྡོ་རྗེ་རོ་ལངས་ཀྱི་རྒྱུད་ལས་གང་གིས་བླ་མ་རྡོ་རྗེ་འཆང་༔ བཟའ་བཏུང་ཕུད་ཀྱིས་རྟག་ཏུ་མཆོད༔ འདིར་ཡང་བཟའ་བཏུང་འཕེལ་བ་དང་༔ འཁོར་ལོས་སྒྱུར་རྒྱལ་


CMR057_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་པར་འགྱུར༔ ཞེས་དང་༔ ཡེ་ཤེས་རྒྱ་མཚོའི་རྒྱུད་ལས༔ གལ་ཏེ་ཙནྡན་ག་པུར་རམ༔ དྲི་ཡིས་བླ་མ་མཉེས་བྱས་ནས༔ བསྐལ་པ་བརྒྱ་ཕྲག་དུ་མར་ནི༔ སངས་རྒྱས་ཞིང་ཁམས་འབུམ་ཕྲག་ལ༔ མཆོད་པས་བསོད་ནམས་ཁྱད་པར་འཕགས༔ སངས་རྒྱས་བྱང་ཆུབ་སེམས་དཔའ་ཡི༔ གཟུགས་སྐུ་སྟོང་ཕྲག་གཞལ་མེད་ལ༔ རིན་ཆེན་ལྔ་ཡིས་སྤྲས་པ་བས༔ བླ་མའི་སྐུ་ཡི་བ་སྤུ་གཅིག༔ རིན་ཆེན་ལྔ་ཡིས་བརྒྱན་པ་ནི༔ འདི་ཡི་བསོད་ནམས་ཕ་མཐའ་ཡས༔ ཇི་ལྟར་དགེ་སློང་ཁྲིམས་ལྡན་པ་དྲུག་ཅུ་རྩ་གཉིས་ལ༔ ཆོས་སྟོན་བདུན་ཅུ་རྩ་གཅིག་བས༔ བླ་མའི་ཞལ་དུ་འབྲས་ཆེན་འབྲུ༔ རྡོག་མ་བདུན་དྲངས་བསོད་ནམས་ལ༔ ལྔ་སྟོང་ཁྲི་འབུམ་ཆར་མི་ཕོད༔ ཅེས་དང་༔ བཀོད་པ་ཆེན་པོའི་རྒྱུད་ལས༔ རྟ་དང་གླང་པོ་ནོར་གྱི་དབྱིག༔ རྒྱལ་སྲིད་བུ་དང་ཆུང་མ་དང་༔ གསེར་དངུལ་ཟངས་ལྕགས་རིན་པོ་ཆེ༔ བཟའ་བཅའ་དགའ་སྟོན་ན་བཟའ་དང་༔ སྙིང་པོ་སྨན་འབྲུ་མེ་ཏོག་དང་༔ ཆོས་དང་ཟང་ཟིང་ལོངས་སྤྱོད་རྣམས༔ བླ་མ་མཉེས་ཕྱིར་ཡོན་དུ་འབུལ༔ དེས་ནི་དངོས་གྲུབ་མ་ལུས་པ༔ ད་


CMR057_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་ཉིད་དུ་ཐོགས་མེད་འགྲུབ༔ ཅེས་དང་༔ སྒྱུ་འཕྲུལ་དྲྭ་བའི་རྒྱུད་ལས༔ བླ་མ་དཀྱིལ་འཁོར་ཐམས་ཅད་ཀྱི༔ དབང་ཕྱུག་མཆོད་པ་ལྔས་མཆོད་པས༔ དཀྱིལ་འཁོར་ཐམས་ཅད་མཆོད་པ་ཡིན༔ ཉེ་བའི་དཀྱིལ་འཁོར་སྨོས་ཅི་དགོས༔ ཉེས་པ་ཐམས་ཅད་དག་པ་དང་༔ ཡོན་ཏན་མཆོག་རྣམས་ཐོབ་པར་འགྱུར༔ ཞེས་དང་༔ རྡོ་རྗེ་བེ་ཅོན་གྱི་རྒྱུད་ལས༔ བློ་དང་ལྡན་པ་གང་ཞིག་གིས༔ བླ་མའི་མདུན་དུ་ཚོགས་གཏོར་མ༔ རྟེན་དུ་ཆོ་ག་རྫོགས་བྱས་ནས༔ ལོངས་སྤྱོད་ལྡན་དང་ཚོགས་རྫོགས་དང་༔ རང་གཞན་བར་ཆད་ཀུན་སེལ་ཞིང་༔ འཕོས་ནས་གསང་བདག་འཁོར་དུ་སྐྱེ༔ ཞེས་དང་༔ མེ་ལྕེ་འཕྲེང་བའི་རྒྱུད་ལས༔ གལ་ཏེ་རྣལ་འབྱོར་བློ་ལྡན་གྱིས༔ རང་ཟས་གོས་ལ་གྱོང་ཁུར་ནས༔ བླ་མ་རྡོ་རྗེ་མཆོད་པ་ན༔ ཞིང་གི་འཁོར་ཡུག་རྒྱལ་ཁམས་ན༔ དགེ་སློང་དཔག་ཏུ་མེད་པ་ལ༔ སྟོན་མོ་ལན་སྟོང་བྱས་པ་བས༔ ཟས་སམ་ཡང་ན་གོས་ཀྱང་རུང་༔ བླ་མ་ལན་གཅིག་མཆོད་པ་ཡི༔ བསོད་ནམས་བརྒྱ་ཕྲག་བརྗོད་མི་རྫོགས༔ ཞེས་དང་༔ བདུད་རྩི་རྒྱ་མཚོ་འབྱུང་བའི་རྒྱུད་ལས༔ ནམ་མཁའ་གང་བའི་སངས་རྒྱས་ལ༔ སྣ་


CMR057_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་རིན་ཆེན་སྤུང་བ་ཡི༔ སྟོང་གསུམ་གང་བ་ཕུལ་གྱུར་བས༔ བླ་མའི་བ་སྤུའི་ཉག་རེ་ལ༔ མར་གྱི་ཐིགས་པ་གཅིག་བྱུག་པ༔ བསོད་ནམས་བརྒྱ་ཕྲག་ཆར་མི་ཕོད༔ ཅེས་དང་༔ བཀོད་པ་ཆེན་པོ་ཆེའི་རྒྱུད་ལས༔ གལ་ཏེ་དེ་ལྟར་མ་འབྱོར་ན༔ ཡིད་ལས་བྱུང་བའི་མཆོད་པའི་ཚོགས༔ རང་གི་ལོ་གྲངས་ཙམ་ཕུལ་ན༔ འདིས་ཀྱང་བསོད་ནམས་སྔར་དང་མཚུངས༔ ཞེས་དང་༔ གསང་འདུས་རིན་ཆེན་པོ་ཆེའི་རྒྱུད་ལས༔ ཁམས་རྣམས་དང་ནི་ཕྲིན་ལས་དག༔ རང་གཞན་མཉམ་པ་ཉིད་ཀྱི་ཕྱིར༔ སངས་རྒྱས་ཀུན་དང་བླ་མ་མཉམ༔ འགྲོ་བ་གང་ལ་ལམ་སྟོན་ཕྱིར༔ སངས་རྒྱས་ཉིད་ལས་བླ་མ་འཕགས༔ ཞེས་དང་༔ དམ་ཚིག་མཆོག་གི་རྒྱུད་ལས༔ ལུས་དང་ངག་དང་ཡིད་སྟོབས་ཀྱིས༔ ཅི་ནུས་པ་ཡི་བླ་མ་ལ༔ བསྙེན་བཀུར་སྲིད་ཞུ་སུས་བྱས་པ༔ འདི་ལ་མཐུ་དང་ནུས་པའི་ཚོགས༔ བྱིན་རླབས་ཐོགས་པ་མེད་པ་འབྱུང་༔ ཞེས་དང་༔ ཡེ་ཤེས་རྒྱ་མཚོའི་རྒྱུད་ལས༔ གང་གིས་བླ་མའི་བྱ་བ་ལ༔ མཁས་པ་སྐལ་ལྡན་གང་ཡིན་དེས༔ དུས་གསུམ་སངས་རྒྱས་ཐམས་ཅད་ལ༔ བསྐལ་པ་བྱེ་བ་དྲུག་འབུམ་


CMR057_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

དུ༔ ཕྱག་བྱས་པས་ནི་འདི་དོན་ཆེ༔ བླ་མས་བསྒོ་བ་བཞིན་བསྒྲུབ་ན༔ འདོད་པ་ཐམས་ཅད་འགྲུབ་པ་དང་༔ བསོད་ནམས་དཔག་ཏུ་མེད་པ་ཐོབ༔ ཅེས་དང་༔ མདོ་དགོངས་འདུས་ལས༔ བཀའ་ཟུར་མ་བཅག་ཆོས་སྲུང་ན༔ ཆོས་སྐྱོང་སྲུང་མ་མཐུ་ཆེན་རྣམས༔ བུ་བཞིན་རྟག་ཏུ་སྲུང་བར་བྱེད༔ ཆོས་ཀུན་མི་ཤེས་མ་རྟོགས་ཀྱང་༔ མཚན་ཉིད་བཟང་ལྡན་བླ་མ་ལ༔ བཀུར་གནས་རིམ་གྲོ་ཆེར་བྱས་པ༔ འཁོར་བའི་རྒྱ་མཚོ་བརྒལ་བར་འགྱུར༔ དཔེར་ན་ཞིང་རབ་གཤིན་པོ་ལ༔ ས་བོན་བཏབ་ན་རྒྱས་འཕེལ་བཞིན༔ ཞེས་དང་༔་ཆུབ་པ་ཆེན་པོ་རོལ་པའི་མདོ་ལས་ཀྱང་༔ ཤེས་རབ་མཆོག་གི་བླ་མ་ལ༔ ངག་གིས་མཉེས་པར་བྱེད་པ་ནི༔ སངས་རྒྱས་རྣམས་ཀྱིས་གསུངས་པའི་ཆོས༔ སུ་ཡིས་བཀླག་ཅིང་བརྗོད་པ་བས༔ བསོད་ནམས་འབུམ་ཕྲག་བསམ་ཡས་སོ༔ བསྐྱེད་རིམ་བསྐལ་པ་གསུམ་བསྒོམས་པས༔ སྒྲུབ་པ་བླ་མ་མཉེས་པ་འདི༔ བསོད་ནམས་སྐད་ཅིག་ཁྱད་པར་འཕགས༔ ཞེས་དང་༔ རྒྱུད་བཀོད་པ་ཆེན་པོ་ལས༔ དེ་ནས་བླ་མ་བསྒོམ་དང་བསྟོད་དང་བསམ་པ་ཡི༔ སངས་རྒྱས་འབྲས་བུ་ཞག་གཅིག་འགྲུབ་


CMR057_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར༔ ཞེས་དང་༔ དྷ་ཀི་གསང་མཛོད་ཀྱི་རྒྱུད་ལས༔ ངེས་པར་སངས་རྒྱས་ཁོ་ན་ཡིད༔ འདུ་ཤེས་བླ་མ་ལ་བསྐྱེད་ནས༔ མཆོག་གི་གོ་འཕང་འདིར་ཐོབ་ཀྱིས༔ ཐབས་གཞན་དམན་པའི་ལམ་ཡིན་ནོ༔ དཔེར་ན་ཡིད་བཞིན་ནོར་བུ་བཞིན༔ ལྷག་པའི་བསམ་པ་དག་པ་ནི༔ དགོས་འདོད་ཐམས་ཅད་འབྱུང་བར་བྱེད༔ བླ་མ་མཉེས་པས་ས་ལམ་གཅོད༔ ཅེས་དང་༔ རྒྱུད་དྲི་མེད་སྙིང་པོ་ལས༔ བླ་མ་སངས་རྒྱས་གང་བསྒྲུབ་པ༔ དེ་ཉིད་མོས་གུས་སྟོབས་ལས་འགྱུར༔ བླ་མ་དཀྱིལ་འཁོར་ཀུན་གྱི་གཙོ༔ བདག་ཉིད་ཆེན་པོའི་ལྷ་ཚོགས་ཡིན༔ མཆོག་དང་ཐུན་མོང་དངོས་གྲུབ་ཀུན༔ ཐམས་ཅད་བླ་མ་མཆོག་ལས་འབྱུང་༔ དགོས་འདོད་འབྱུང་བའི་རིན་པོ་ཆེ༔ གང་གི་འབྲེལ་པ་དོན་དང་ལྡན༔ ཞེས་དང་༔ ཡེ་ཤེས་རྒྱལ་པོའི་དངོས་གྲུབ་ཏུ་དབང་བསྐུར་བའི་རྒྱུད་ལས༔ བླ་མ་རྡོ་རྗེ་སྐལ་ལྡན་དེས༔ ལུས་ངག་སྤྱོད་པ་ཅི་བྱས་ཀྱང་༔ གཡོ་སྒྱུ་མེད་པར་འགབ་བྱེད་ཅིང་༔ མཐོང་དང་དྲན་པའི་ཤེས་རྒྱུད་ཀྱིས༔ ཐུན་མོང་དྲི་མ་ཀུན་འཇོམས་ཤིང་༔ ཉི་མའི་འོད་བཞིན་ཞུ་བྱེད་པ༔ བླ་མ་སྐུ་གསུམ་རྡོ་རྗེ་ལ༔ རྟག་ཏུ་


CMR057_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་ཡིད་ཆེས་ཤིང་༔ ཐུགས་ཀྱི་ཇི་ལྟར་མོས་པ་བཞིན༔ གུས་པའི་སེམས་ཀྱིས་མཉེས་བྱེད་ཅིང་༔ རྟག་ཏུ་མཆོད་པ་འབུལ་བྱེད་པ༔ དེ་ནི་རིགས་ཀྱི་བུ་ཡིན་ཏེ༔ བདེ་བའི་ཞིང་འགྱུར་སྐལ་ལྡན་དེ༔ རྡོ་རྗེའི་ཁྲི་ཆེན་དག་ལ་བསྐྱོན༔ བདེ་གཤེགས་ཉིད་དུ་ངེས་ལུང་བསྟན༔ དུས་མཐའི་འབྲས་བུའི་ས་ལ་བཀོད༔ ཅེས་དང་༔ རྒྱུད་ཆེན་པོ་དྲི་མ་མེད་པའི་སྙིང་པོ་ལས༔ བླ་མའི་སྐུ་ཡི་སྐུ་འབགས་ལ༔ མཆོད་ཅིང་བསྟོད་པའི་བསོད་ནམས་ནི༔ ཚད་དུ་མེད་ཅིང་བགྲངས་མི་ནུས༔ སྐུ་མཐོང་ཙམ་གྱིས་སྡིག་པ་དག་གསུང་ཐོས་ཙམ་གྱིས་ཡོན་ཏན་སྐྱེ༔ ཐུགས་བསྐྱེད་སེམས་ནི་གཅིག་ཏུ་འདྲེས༔ གཉིས་མེད་ཡེ་ཤེས་སངས་རྒྱས་ནི༔ བསྐལ་པ་བྱེ་བར་རྙེད་དཀའ་བ༔ སྐད་ཅིག་ཉིད་ལ་ཐོབ་པར་འགྱུར༔ ཐམས་ཅད་བླ་མ་མཆོག་ལས་བྱུང་༔ ཞེས་དང་༔ གསང་སྔགས་འབྲས་བུ་མྱུར་བ་དང་༔ འཆུགས་མེད་མངོན་དུ་འགྱུར་བ་ཡང་༔ ལམ་མཆོག་བླ་མའི་མོས་གུས་འབྱུང་༔ དེ་ཕྱིར་གུས་པར་འཇུག་པར་བྱ༔ ཞེས་དང་༔ དཔལ་བདུད་རྩི་འབྱུང་བའི་རྒྱུད་ལས༔ གལ་ཏེ་བླ་མར་གནོད་པ་ཡི༔ མ་རུངས་སེམས་ཀྱིས་བཅོམ་པ་


CMR057_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

ལས༔ བདག་ཉིད་ཀྱིས་ནི་བསད་བྱས་ན༔ སེམས་ཅན་འབུམ་གྱི་སྲོག་བཏོན་པས༔ བསོད་ནམས་འདི་ནི་ཆར་མི་ཕོད༔ བླ་མའི་བྱ་བ་རྫོགས་བྱས་ནས༔ འདི་ཡང་དེ་དང་མཉམ་པའོ༔ ཞེས་དང་༔ རྒྱུད་དྲི་མ་མེད་པའི་སྙིང་པོ་ལས༔ བླ་མར་མོས་གུས་མེད་གྱུར་ན༔ སྒྲུབ་ཀྱང་འགྲུབ་པར་མི་འགྱུར་བས༔ དེ་བས་གུས་པ་ཐམས་ཅད་ཀྱིས༔ བླ་མའི་སྐུ་གསུང་ཐུགས་མཉེས་བྱ༔ མོས་གུས་གང་ཡོད་རྒྱལ་བའི་སྲས༔ གཉུག་མ་ལྷན་ཅིག་སྐྱེས་ཡེ་འཆར༔ ཞེས་དང་༔ ཡིད་བཞིན་མཆོག་གི་རྒྱུད་ལས། རང་གི་བླ་མ་འདུན་པའི་ལྷ༔ སྤྱི་བོའི་གཙུག་ཏུ་བསྒོམ་པ་ཡིས༔ སངས་རྒྱས་དཀྱིལ་འཁོར་སྟོང་ཕྲག་ཉིད༔ ལག་མཐིལ་བཞག་ནས་སྟོང་གསུམ་བསྐོར༔ སྙིང་གར་ལན་གསུམ་བསྟིམས་བྱས་པས༔ བརྒྱ་སྟོང་རྒྱུ་དང་ཆར་མི་ཕོད༔ དེ་ནས་རྟག་ཏུ་དྲན་པ་ཡིས༔ སྤྱི་གཙུག་འཁོར་ལོའི་རྒྱན་ཉིད་དུ༔ དཔལ་ལྡན་བླ་མ་བསམ་པར་བྱ༔ ཞེས་གསུངས་སོ༔ ཀི་གསང་མཛོད་རྒྱུད་ལས༔ ལྷ་ལ་བརྟན་པ་ཐོབ་པ་བས༔ བླ་མ་ཡུད་ཙམ་དྲན་པ་མཆོག༔ གསལ་ལ་མི་རྟོག་བདེ་བ་དང་༔ དབྱེར་མི་ཕྱེད་པ་དེ་ཉིད་ནི༔


CMR057_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་སྒོམ་པ་ཁོ་ན་ལས༔ སྐྱེ་འགྱུར་གཞན་གྱིས་འགྲུབ་པར་དཀའ༔ ནོར་བུ་རིན་ཆེན་བོར་བ་བཞིན༔ མི་བརྗེད་མཆོག་གི་དངོས་གྲུབ་གཏོང་༔ ཞེས་དང་༔ ཡེ་ཤེས་གསང་བ་སྒྲོན་མེའི་རྒྱུད་ལས༔ མཚན་དང་དཔེ་བྱད་ལྡན་པའི་ལྷ༔ བསྐལ་པ་སྟོང་དུ་བསྒོམ་པ་བས༔ བླ་མ་དྲན་པ་བསོད་ནམས་ཆེ༔ ཞེས་དང་༔ དྲི་མེད་གསང་བའི་རྒྱུད་ལས༔ དཔལ་གྱི་གཙོ་བོ་བླ་མ་ལ༔ རིགས་ལྔ་ལྷ་དང་ལྷ་མོའི་ཚོགས༔ ཞི་ཁྲོ་མ་ངེས་ཟག་པ་མེད༔ བདེ་བའི་ལྷ་སྐུ་བླ་མེད་འབྱུང་༔ ཆོས་ཉིད་ངང་ལས་གསལ་བ་སྟོན༔ ཞེས་དང་༔ དྲི་མེད་རིག་པ་རང་བྱུང་གི་རྒྱུད་ལས༔ བླ་མ་མཉམ་མེད་རིན་པོ་ཆེ༔ འོད་གསལ་ཆེན་པོའི་ངང་ལ་བཞུགས༔ མཐའ་བརྒྱད་སྐྱོན་གྱིས་མ་གོས་པའི༔ རྗེ་ཆོས་གྱི་སྐུ་ལ་སྐྱབས་སུ་མཆི༔ ཞེས་དང་༔ སངས་རྒྱས་འདུས་པའི་རྒྱུད་ལས༔ གང་དུ་གདུལ་བྱའི་ཞིང་བཞིན་དུ༔ བླ་མ་བསྒྲུབ་པའི་ཐབས་བརྩམས་ཏེ༔ དེ་ཉིད་དོན་དུ་སུས་གཉེར་བ༔ ཐེག་ཆེན་བླ་མའི་ས་བོན་ཏེ༔ ཀུན་གྱི་བདག་ཉིད་ཆེན་པོ་འགྱུར༔ ཞེས་དང་༔ གསང་འདུས་འབུམ་གྱི་རྒྱུད་ལས༔ བླ་མ་ལ་གུས་སློབ་མ་ཡི༔ སྒྲ་རིང་བ་དང་གསལ་


CMR057_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་༔ སྐད་གསང་མཐོན་པོས་གསོལ་འདེབས་ན༔ དེ་ལ་བདག་གིས་དངོས་གྲུབ་སྟེར༔ ཞེས་དང་༔ ཡེ་ཤེས་རྒྱ་མཚོའི་རྒྱུད་ལས༔ བསྙེན་དང་སྒྲུབ་པ་བྱས་པ་བས༔ བླ་མའི་གསོལ་འདེབས་ལན་གཅིག་བརྗོད༔ ནུས་པ་འབུམ་ཕྲག་ཆར་མི་ཕོད༔ རྫོགས་རིམ་བསྐལ་པའི་བར་དུ་ཡང་༔ འདུ་འཛི་སྤངས་ནས་བསྒོམ་པ་བས༔ བླ་མ་རང་སེམས་སྙིང་དཀྱིལ་ཤར་བ་ཙམ༔ སྟོང་ཕྲག་ཉི་ཤུའི་ཆར་ཡང་མི་ཕོད་དོ༔ བླ་མ་བསྒོམ་དང་བསྟོད་དང་བསམ་པ་ཡང་༔ སངས་རྒྱས་འབྲས་བུ་ཉག་གཅིག་གྲུབ་པར་འགྱུར༔ ཞེས་དང་༔ ཆོས་ཐམས་ཅད་སེམས་ཉིད་ཡེ་ཤེས་རྒྱ་མཚོའི་རྒྱུད་ལས༔ མ་བཅོས་དོན་ཉིད་སྟོན་པ་ཡི༔ བླ་མ་སངས་རྒྱས་ཀུན་གྱི་དངོས༔ རྡོ་རྗེ་སློབ་ད་པ་ཡིན༔ ཞེས་དང་༔ རྒྱུད་ཆེན་པོ་དྲི་མ་མེད་པའི་སྙིང་པོ་ལས༔ བླ་མ་མེད་པའི་གོང་རོལ་ན༔ སངས་རྒྱས་བྱ་བ་འབྱུང་བ་མེད༔ ཐོག་མའི་བླ་མ་སངས་རྒྱས་ཡིན༔ བླ་མ་རང་བྱུང་སངས་རྒྱས་ཏེ༔ སངས་རྒྱས་ཐམས་ཅད་འདུས་པའི་སྐུ༔ རྡོ་རྗེ་འཆང་གི་ངོ་བོ་ཉིད༔ དཀོན་མཆོག་གསུམ་གྱི་རང་བཞིན་ཏེ༔ ཆོས་སྐུའི་ངང་ལས་


CMR057_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་སྤྱོད་རྫོགས༔ སྣ་ཚོགས་གཟུགས་ཀྱི་སྐུར་བྱོན་པ༔ གང་ལ་གང་འདུལ་འགྲོ་དོན་མཛད༔ ཁྱད་པར་ལྷ་མིའི་འཇིག་རྟེན་དུ༔ རྡོ་རྗེ་འཛིན་པ་མི་ཡི་གཟུགས༔ ཞེས་གསུངས་པ་ནི་བླ་མ་ནི་སངས་རྒྱས་ཐམས་ཅད་ཀྱི་ངོ་བོར་བལྟ་དགོས་ལ༔ གལ་ཏེ་གུས་པར་མ་བྱས་ན་དེའི་ཉེས་པ་ནི༔ བླ་མ་ལྔ་བཅུ་པ་ལས༔ མགོན་པོ་དེ་ལ་སློབ་མ་ནི། གྱུར་ནས་བསམ་བཅས་གང་བརྙས་པ༔ སངས་རྒྱས་ཐམས་ཅད་བརྙས་པས་ན༔ དེ་ནི་རྟག་ཏུ་སྡུག་བསྔལ་འཐོབ༔ བླ་མ་ལ་ནི་སྨོད་པ་དེ༔ ཡམས་དང་ཉེར་འཚེའི་ནད་རྣམས་དང་༔ གདོན་དང་རིམས་དང་དུག་རྣམས་ཀྱིས༔ རྨོངས་ཆེན་དེ་ནི་འཆིང་བར་འགྱུར༔ རྒྱལ་པོ་མེ་དང་སྦྲུལ་གདུག་དང་༔ ཆུ་དང་མཁའ་འགྲོ་ཆོམ་ཀུན་དང་༔ བགེགས་དང་ལོག་འདྲེན་རྣམས་ཀྱིས་ཀྱང་༔ བསད་ནས་སེམས་ཅན་དམྱལ་བར་འགྲོ༔ ནམ་ཡང་སློབ་དཔོན་དག་གི་ནི༔ ཀུན་ཏུ་སེམས་དཀྲུག་མི་བྱ་སྟེ༔ གལ་ཏེ་རྨོངས་པས་བྱས་གྱུར་ན༔ དམྱལ་བར་ངེས་པར་འཚེད་པར་འགྱུར༔ སློབ་དཔོན་ལ་ནི་སྨོད་པ་རྣམས༔ མནར་མེད་ལ་སོགས་འཇིགས་རུང་བའི༔ དམྱལ་བ་བསྟན་པ་གང་ཡིན་པ༔ དེར་ནི་


CMR057_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པར་ཡང་དག་བཤད༔ དེ་བས་འབད་པ་ཐམས་ཅད་ཀྱིས༔ རྡོ་རྗེ་སློབ་དཔོན་བློ་གྲོས་ཆེ༔ དགེ་བ་རབ་ཏུ་མི་སྤྱོམ་པ༔ ནམ་ཡང་སྨད་པར་མི་བྱའོ༔ ཞེས་གསུངས་སོ༔ འོ་ན་བླ་མ་ཇི་ལྟར་བསྟེན་པར་བྱ་ཞེ་ན༔ དབང་བསྐུར་མཆོག་ཐོབ་རྡོ་རྗེ་ཡི༔ སློབ་དཔོན་ལ་ནི་དེ་བཞིན་གཤེགས༔ ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་པས༔ དུས་གསུམ་བྱོན་ནས་མངོན་ཕྱག་འཚལ༔ མཆོག་ཏུ་དད་པས་དུས་གསུམ་དུ༔ དཀྱིལ་འཁོར་མེ་ཏོག་བཅས་ཐལ་མོས༔ སྟོན་པ་བླ་མར་བསྙེན་བཀུར་ཞིང་༔ ཞབས་ལ་སྤྱི་བོས་ཕྱག་འཚལ་ལོ༔ ཞེས་གསུངས་སོ༔ དེ་ནི་རྡོ་རྗེ་སློབ་དཔོན་མཚན་ཉིད་དང་ལྡན་པའི་རང་གི་རྩ་བའི་བླ་མ་ལ་ཡིན་ལ༔ ཡང་མཚན་ཉིད་དང་མི་ལྡན་པ་དང་༔ ཐ་མལ་པ་སོགས་ལ་ཡང་ཆོས་འབྲེལ་ཞུས་པ་ཡོད་ན་ཇི་ལྟར་བྱ་ཞེ་ན༔ བླ་མ་ལྔ་བཅུ་པའི་གཞུང་དེ་ཉིད་ལས༔ ཁྱིམ་པའམ་ནི་གསར་བུ་ལ༔ འཇིག་རྟེན་སྨོད་པ་སྤང་བའི་ཕྱིར༔ དམ་ཆོས་ལ་སོགས་མདུན་བདར་ཏེ༔ བརྟུལ་ཞུགས་འཛིན་པས་བློས་ཕྱག་བྱ༔ གདན་བསྟབ་པ་དང་ལྡང་བ་དང་༔ དོན་གྱི་བྱ་བ་སོགས་བསྙེན་བཀུར༔ བརྟུལ་


CMR057_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས་ཅན་གྱིས་གུས་བྱས་ཏེ༔ ཕྱག་བྱ་དམ་པ་མིན་ལ་སྤངས༔ སུ་མཐུན་པ་དེ་སྦྱིན་བྱ༔ དེས་ནི་རིམས་སོགས་གནོད་པ་རྣམས༔ གི་སྲོག་ཀྱང་རྟག་བརྟེན་ན༔ ལོངས་སྤྱོད་གཡོ་བ་སྨོས་ཅི་དགོས༔ ཚེ་འདི་ཉིད་ལ་སྟེར་བྱེད་ན༔ རྟག་ཏུ་རང་གི་དམ་ཚིག་བསྲུང་༔ མི་ཟད་དེ་ཉིད་འདོད་པ་ཡི༔ ཅུང་ཟད་ཡིད་འོང་གང་དང་གང་༔ སྦྱིན་པ་ཉིད་དུ་འགྱུར༔ དེ་བྱིན་བསོད་ནམས་ཚོགས་ཡིན་ཏེ༔ ཞེས་གསུངས་སོ༔ འོ་ན་བླ་མ་དམ་པ་ལ་ཇི་ལྟར་བསྙེན་བཀུར་ཞེ་ན༔ བླ་མ་ལ་ནི་གུས་བཅས་ཡོན༔ རྗེས་ཕྱིར་ཞིང་འབྱུང་བར་མི་འགྱུར་རོ༔ རང་གི་དམ་ཚིག་སློབ་དཔོན་ནི༔ སྦྱིན་མིན་བུ་དང་ཆུང་མ་དང་༔ རང་གང་ཕྱིར་བསྐལ་པ་བྱེ་བར་ནི༔ གྲངས་མེད་པར་ནི་རྙེད་དཀའ་ནི༔ སངས་རྒྱས་ཉིད་ཀྱང་བརྩོན་ལྡན་ལ༔ རྟག་ཏུ་དེ་བཞིན་གཤེགས་པ་མཆོད༔ རྟག་ཏུ་བླ་མ་ལ་ཡང་འབུལ༔ འདི་ནི་སངས་རྒྱས་ཀུན་དང་མཉཤིན་ཏུ་ཁྱད་པར་ཅན་ཉིད་དག༔ དེ་དང་དེ་ནི་བླ་མར་སྦྱིན༔ དེ་བྱིན་སངས་རྒྱས་ཐམས་ཅད་ལ༔ རྟག་ཏུ་ཚོགས་ལས་དངོས་གྲུབ་མཆོག་ཏུ་གྱུར༔ དེ་བས་སློབ་མ་སྙིང་སྟོབས་ཅན༔ ཚུལ་ཁྲིམས་བཟོད་པའི་ཡོན་ཏན་


CMR057_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན༔ བླ་མ་དང་ནི་རྡོ་རྗེ་འཛིན༔ ཐ་དད་པར་ཡང་མི་རྟག་གོ༔ མཆོད་རྟེན་བཤིགས་འདྲའི་སྡིག་འཇིགས་པས༔ གྲིབ་མའང་འགོམ་པར་མི་བྱེད་ན༔ ལྷམ་དང་སྟན་དང་ཞོན་པ་སོགས༔ བགོམ་པར་བྱ་བ་སྨོས་ཅི་དགོས༔ བློ་གྲོས་ཆེན་པོ་དགའ་སེམས་ཀྱིས༔ བླ་མའི་བཀའ་ནི་འབད་དེ་ཉན༔ རིག་པ་ཡིས་ནི་མི་ནུས་ན༔ མི་ནུས་དེ་ཕྱིར་ཚིག་གིས་སྦྱངས༔ བླ་མ་ལ་ནི་དངོས་གྲུབ་དང་༔ མཐོ་རིས་དང་ནི་བདེ་བ་འཐོབ༔ དེ་བས་འབད་པ་ཐམས་ཅད་ཀྱིས༔ བླ་མའི་བཀའ་ལ་འདའ་མི་བྱ༔ བླ་མའི་རྫ་ས་ནི་སྲོག་ཇི་བཞིན༔ བླ་མའི་སྡུག་པའང་བླ་མ་བཞིན༔ དེ་ཡི་འཁོར་ནི་གཉེན་བཞིན་དུ༔ མཉམ་པར་བཞག་པས་རྟག་ཏུ་བསམ༔ ཞེས་གསུངས་སོ༔ བླ་མའི་ཆགས་ཕྱི་བྱེད་པའི་ཆེ་ཇི་ལྟར་བྱ་ཞེ་ན༔ བླ་མ་ལྔ་བཅུ་པའི་རྒྱ་གཞུང་དེ་ཉིད་ལས༔ མལ་སྟན་འདུག་དང་སྔོན་འགྲོ་དང་༔ གཙུག་ཏོར་པུས་འཁྱུད་བྱེད་པ་དང་༔ སྟན་ལ་རྐང་འཇོག་སྐེད་པར་ནི༔ ལག་བཞག་མཉེ་བར་མི་བྱའོ༔ བླ་མ་དག་ནི་བཞེངས་བཞུགས་ན༔ ཉལ་དང་འདུག་པར་མི་བྱའོ༔ རྟག་ཏུ་དེ་ཡི་བྱ་བ་ལ༔ ལྡང་མཁས་ཕུན་སུམ་


CMR057_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་པར་བྱ༔ མཆིལ་སྣབ་ལ་སོགས་དོར་བ་དང་༔ སྟན་ལ་རྐང་པ་བརྐྱང་བ་དང་༔ འཆའ་དང་རྩོད་དང་སྨྲ་བ་དང་༔ བླ་མའི་མདུན་དུ་མི་བྱའོ༔ ཡན་ལག་མཉེ་དང་གར་དག་དང་༔ གླུ་དང་རོལ་མོ་མི་བྱ་ཞིང་༔ གཏམ་གྱི་སྦྱོར་བ་མང་པོ་རྣམས༔ ཐོས་པའི་ཉེ་འཁོར་དུ་མི་བྱ༔ བཏུད་དེ་སྟན་ལ་ལྡང་བ་དང་༔ གུས་པ་ཡིས་ནི་འདུག་པར་བྱ༔ མཚན་ཆུ་འཇིགས་བཅས་ལམ་དག་ཏུ༔ བསྒོ་བ་ཐོས་ནས་མདུན་འགྲོ་བྱ༔ སློབ་དཔོན་གྱིས་མཐོང་མདུན་དུ་ནི༔ བློ་དང་ལྡན་པ་ལུས་གཅུ་དང་༔ ཀ་བ་ལ་སོགས་བརྟེན་མི་བྱ༔ སོར་མོའི་ཚིག་ནི་བགྲངས་མི་བྱ༔ རྒོད་དང་ལུ་བ་ལ་སོགས་ལ༔ ལག་པས་ཁ་ནི་དགབ་པར་བྱ༔ རྐང་པ་བཀྲུ་དང་ལུས་བཀྲུ་དང་༔ དྲིལ་དང་མཉེ་བ་ལ་སོགས་པ༔ ཕྱག་ནི་སྔོན་དུ་འགྲོ་བས་བྱ༔ དེ་བཞིན་མཐར་ནི་ཅི་བདེར་བྱ༔ དེ་ཡི་མཚན་སྨོས་བརྗོད་ན་ནི༔ མིང་མཐར་ཞལ་སྔར་ལྡན་པར་བྱ༔ གཞན་དག་གུས་པར་བྱ་བའི་ཕྱིར༔ ཁྱད་པར་གྱི་ནི་ཚིག་དག་བརྗོད༔ བླ་མ་ཡི་ནི་བཀའ་གཙོས་ལ༔ བཀའ་བཞིན་བགྱི་ཞེས་བརྗོད་བྱས་ལ༔ ཐལ་མོ་སྦྱར་ཞིང་མ་ཡེངས་བར༔ བླ་མས་བསྒོ་བ་མཉན་པར་བྱ༔ བྱ་


CMR057_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཟིན་ནས་འཇམ་པ་ཡི༔ ཚིག་དག་གིས་ནི་གདབ་པར་བྱ༔ མདུན་དུ་དུལ་བར་འདུག་པ་དང་༔ གོས་སོགས་ཚུལ་ནི་བསྡུམ་པ་དང་༔ པུས་བཙུགས་ཐལ་མོ་སྦྱར་བ་ཡིས༔ མཉན་སོགས་འདོད་པས་གསོལ་གསུམ་གདབ༔ བསྙེན་བཀུར་སྤྱོད་པ་ཐམས་ཅད་ལ༔ ཡིད་ནི་ང་རྒྱལ་མེད་པར་བྱ༔ ངོ་ཚ་འཇིགས་དང་བསྡམས་པ་ཡིས༔ བག་མ་གསར་པའི་ཚུལ་གནས་བྱ༔ སྒེག་པ་ལ་སོགས་བྱ་བ་ཀུན༔ སྟོན་པའི་མདུན་དུ་སྤང་བར་བྱ༔ གཞན་ཡང་དེ་འདྲའི་བྱ་བ་ནི༔ རང་གི་བརྟགས་ལ་དོར་བར་བྱ༔ རབ་གནས་དཀྱིལ་འཁོར་སྦྱིན་སྲེག་དང་༔ སློབ་མ་སྡུད་དང་འཆད་པ་དང་༔ ཡུལ་དེར་བླ་མ་གནས་པ་ན༔ རྗེས་མ་གནང་བར་མི་བྱའོ༔ སྤྱན་འབྱེད་ལ་སོགས་ཅི་ཐོབ་པ༔ དེ་ཀུན་བླ་མ་དག་ལ་འབུལ༔ དེ་ཡིས་བསླབ་པ་བླང་ནས་ནི༔ གཞན་དག་ལ་ནི་ཅི་བདེར་བྱ༔ བླ་མའི་སློབ་མའང་སློབ་མར་མིན༔ སློབ་མ་དང་བླ་མའི་མདུན་དུ་མིན༔ བསྙེན་བཀུར་དག་དང་ལྡང་བ་དང་༔ ཕྱག་སོགས་བྱེད་པ་བཟློག་པར་བྱ༔ སློབ་དཔོན་ལ་ནི་གང་འབུལ་དང་༔ བླ་མས་ཀྱང་ནི་གང་སྩལ་པ༔ དེ་ལ་བཏུད་དེ་ལག་


CMR057_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀྱིས༔ བློ་དང་ལྡན་པས་འབུལ་ཞིང་བླངས༔ དྲན་པ་བརྗེད་མེད་གྱུར་པ་ཡིས༔ སྤྱན་གྱིས་རང་སྤྱོད་ལ་འདས་ལ༔ དགའ་བས་ཕན་ཚུན་བཟློག་པར་བྱ༔ ན་དང་བླ་མའི་བྱ་བ་ལ༔ བཏུད་དེ་རྗེས་སུ་གནང་བ་ལ༔ བཀག་པ་རྣམས་ནི་སྤྱད་བྱས་ཀྱང་༔ དགེ་སེམས་ལྡན་ལ་སྡིག་མི་འགྱུར༔ ཞེས་གསུངས་སོ༔ འོ་ན་བླ་མ་བསྟེན་ཚུལ་རྣམ་གྲངས་མང་པོ་དེ་དག་མི་ཤེས་ན་ཇི་ལྟར་བྱ་ཞེ་ན༔ གཞུང་དེ་ཉིད་ལས༔ འདིར་ཡང་སྨྲས་པ་ཅི་ཞིག་བྱ༔ བླ་མ་མཉེས་བྱེད་གང་ཡིན་བྱ༔ མ་མཉེས་བྱེད་རྣམས་སྤངས་པ་ནི༔ དེ་དང་དེ་ལ་འབད་པ་བསྐྱེད༔ དངོས་གྲུབ་སློབ་དཔོན་རྗེས་འབྲང་ཞེས༔ རྡོ་རྗེ་འཛིན་པ་ཉིད་གསུངས་པར༔ ཤེས་ནས་དངོས་པོ་ཐམས་ཅད་ཀྱིས༔ བླ་མ་ཡོངས་སུ་མཉེས་པར་བྱ༔ ཞེས་གསུངས་སོ༔ དེ་ལྟར་གསང་སྔགས་ཀྱི་རྩ་བ་བླ་མ་ཡིན་པས་དད་གུས་རྩེ་གཅིག་པ་གལ་ཆེ་ཞིང་༔ ཐུན་བཞིའི་རྒྱུན་དུ་བླ་མའི་རྣལ་འབྱོར་བསྒོམ་པས་ཉམས་རྟོགས་རང་བཞིན་ཤུགས་ལ་འཆར་བ་ནི༔ གྲུབ་ཐོབ་རིག་འཛིན་ཐམས་ཅད་ཀྱི་ཉམས་མྱོང་༔ མཁའ་འགྲོའི་གསང་ཚིག༔ རྒྱུད་སྡེ་ཐམས་ཅད་ཀྱི་དགོངས་པ་ཡིན་པས་བླ་མའི་


CMR057_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་ཐུགས་དམ་ཀྱི་ཐིལ་པོ་བྱ་དགོས༔ དེ་ཡང་སྙིགས་མའི་དུས་བླ་མ་སྐྱོན་མེད་ཡོན་ཏན་ཚང་བ་རྙེད་དཀའ་བས༔ སྐྱོན་ཡོན་གཉིས་ལྡན་གྱི་བླ་མ་དངོས་ནས་གསོལ་བ་བཏབ་ནི༔ རྐོས་ཕོར་ལ་གང་ཡོད་ཚ་ཚ་ལ་དོད་པ་ལྟར༔ བླ་མའི་སྐྱོན་དང་ཡོན་ཏན་གཉིས་ཀ་འཇུག་པས་མི་རུང་ལ༔ ངོ་བོ་བླ་མ་ལ་རྣམ་པ་སངས་རྒྱས་ཀྱི་སྐུར་བསྒོམ་ན་ཡོན་ཏན་ཐམས་ཅད་འཇུག་ཅིང་སྐྱོན་མི་འཇུག་པའི་གདམས་ངག་ཡིན་ལ༔ དེ་ལ་ཡང་རྟོགས་པ་འཆར་འདོད་ན་བླ་མ་ཀུན་ཏུ་བཟང་པོའམ་རྡོ་རྗེ་འཆང་དུ་བསྒོམ༔ བསླབ་པ་གསུམ་རྣམ་པར་དག་ཅིང་བསྟན་པ་ལ་ཕན་འདོད་ན་བླ་མ་ཤཱཀྱ་ཐུབ་པ༔ ཤེས་རབ་ཆེ་བར་འདོད་ན་འཇམ་དབྱངས༔ འགྲོ་དོན་ཆེ་འདོད་ན་ཐུགས་རྗེ་ཆེན་པོ༔ མཐུ་སྟོབས་ཆེ་འདོད་ན་ཕྱག་རྡོར༔ ལས་སྒྲིབ་འདག་འདོད་ན་མི་འཁྲུགས་པ༔ ལོངས་སྤྱོད་ཆེ་འདོད་ན་རིན་འབྱུང་༔ ཚེ་རིང་བར་འདོད་ན་ཚེ་དཔག་མེད༔ ནད་ཞི་འདོད་ན་སྨན་གྱི་ལྷ་ལ་སོགས་གང་མོས་བསྒོམ་ནས་གསོལ་བ་བཏབ་ན༔ ཇི་ལྟར་འདོད་པའི་དོན་ཐམས་ཅད་འགྲུབ་པར་གསུངས་ལ༔ དེ་ཡང་བྱིན་བརླབས་དང་དངོས་གྲུབ་ཐམས་ཅད་མྱུར་དུ་


CMR057_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་གྱི་བརྒྱུད་ཐོབ་འདོད་ན་ཨོ་རྒྱན་རིན་པོ་ཆེ་བསྒོམ་པ་ཟབ་སྟེ༔ གུ་རུ་རིན་པོ་ཆེ་ཉིད་ཀྱི་ཞལ་ནས༔ ཁྱད་པར་བྱིན་རླབས་དངོས་གྲུབ་མྱུར་འདོད་ན༔ རྡོ་རྗེ་དྲག་རྩལ་པདྨ་ང་ཉིད་སྒོམས༔ དུས་གསུམ་སངས་རྒྱས་ཡོན་ཏན་བདག་ལ་རྫོགས༔ རྒྱལ་བ་ཞི་ཁྲོ་གསང་སྔགས་ཕྱི་ནང་དང་༔ དཔའ་བོ་མཁའ་འགྲོའི་བྱིན་རླབས་དངོས་གྲུབ་རྣམས༔ ནོར་བུ་རིན་ཆེན་ཡོན་ཏན་ཀུན་ལྡན་ལྟར༔ དེ་དག་ཐམས་ཅད་མ་ལུས་བདག་ལ་རྫོགས༔ ང་ཉིད་སྒོམས་དང་དྲན་པ་ཙམ་གྱིས་ཀྱང་༔ རྒྱལ་བ་སྲས་བཅས་ཐུགས་རྗེས་དེ་ལ་གཟིགས༔ གསང་སྔགས་ཕྱི་ནང་ལྷ་ཚོགས་ཐམས་ཅད་ཀྱིས༔ དབང་བསྐུར་བྱིན་རླབས་དངོས་གྲུབ་སྟེར་བར་བྱེད༔ མ་མོ་མཁའ་འགྲོ་ཐམས་ཅད་སྤྲིན་ལྟར་འདུ༔ བཀའ་སྲུང་ཆོས་སྐྱོང་ཐམས་ཅད་བྲན་ལྟར་ཉན༔ སྣང་སྲིད་ལྷ་འདྲེ་ཐམས་ཅད་བཀའ་བཞིན་བསྒྲུབ༔ ཡོན་ཏན་ཐམས་ཅད་ང་ཉིད་བསྒོམས་པས་འབྱུང་༔ དངོས་གྲུབ་ཐམས་ཅད་ང་ཉིད་བསྐྱེད་པས་འགྲུབ༔ ཕྲིན་ལས་ཐམས་ཅད་ང་ཉིད་བསྒོམས་པས་འགྲུབ༔ ཅེས་གསུངས་སོ༔ དེ་ཡང་བླ་མ་ཐོ་བརྩེགས་སུ་སྒོམ་པ་དང་༔ ཁྲོམ་འཚོགས་སུ་སྒོམ་ལུགས་ཡོད་ཀྱང་༔ འདིར་ནི་


CMR057_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པ་ཟིན་སླ་ཕྱིར་ཀུན་འདུས་སུ་བསྒོམ་སྟེ༔ ཐུགས་རྗེ་ཆེན་པོས་དངོས་སུ་གསུངས་པའི་རྩ་ཚིག་གི་རང་འགྲེལ་ལས༔ རང་གི་སྤྱི་བོར་ཨོ་རྒྱན་གུ་རུ་པདྨ་འབྱུང་གནས་ལ༔ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་འདུས་པའི་ངོ་བོར་བསམ༔ དེའི་ཆ་ལུགས་ནི་པདྨ་འབྱུང་གནས་ཡིན་པ་ལ་ངོ་བོ་་རང་གི་རྩ་བའི་བླ་མ་ངོ་བོ་དང་ཆ་ལུགས་གཉིས་དབྱེར་མེད་གུ་རུ་པདྨ་དང་། ཁྱད་པར་ཞི་ཁྲོ་གཞན་བསྒོམས་ཀྱང་། ངོ་བོ་ལ་རྣམ་པ་གཞན་གྱི་གཟུགས་གསུངས་སོ།། རང་གི་རྩ་བའི་བླ་མ་དེ་ལ་རང་གི་གསོལ་བ་རྩེ་གཅིག་ཏུ་བཏབ༔ ཅེས་གསུངས་པའི་དོན་ཏེ༔ རང་ཉིད་ཐ་མལ་པར་གནས་པའི་སྤྱི་བོའི་གཙུག་ཁྲུ་གང་ཙམ་གྱི་ནམ་མཁར༔ པདྨ་དཀར་དམར་མཐིང་གསུམ་འདབ་མ་སྟོང་ལྡན་སུམ་བརྩེགས་ཀྱི་སྟེང་དུ་ཉི་མ་དང་ཟླ་བའི་གདན་ལ༔ རང་གི་རྩ་བའི་བླ་མ་དང་དབྱེར་མེད་པའི་ཨོ་རྒྱན་ཆེན་པོ་པདྨ་འབྱུང་གནས༔ སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ་ཞལ་འཛུམ་ཞིང་སྤྱན་ཞི་མ་ཁྲོ༔ མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་༔ དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ༔ དབུ་སྐྲ་སིལ་མས་སྐུ་རྒྱབ་ནོན་ཅིང་༔ དབུ་གཙུག་ཏོར་གྱི་སྟེང་དུ་པད་ཞྭ་པདྨ་


CMR057_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་གྲོལ་གསོལ་བ༔ ཟ་འོག་གི་ཕོད་ཁ་སྟག་གི་གོང་ལག་ཅན་གྱི་སྟེང་ན་ཆོས་གོས་རྣམ་གསུམ་བཀླུབས་པ༔ རིན་པོ་ཆེའི་སྙན་ཆ་དང་མགུལ་རྒྱན་ཕྱག་གདུབ་ཞབས་གདུབ་གསོལ་བ༔ ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་ཐུགས་ཀར་འཛིན་ཅིང་༔ གཡོན་ཡེ་ཤེས་ཀྱི་ཀ་པཱ་ལ་བདུད་རྩིས་བཀང་བའི་སྟེང་དུ་འཆི་མེད་ཚེའི་བུམ་པ་བསྣམས་པ༔ གྲུ་མོ་གཡོན་ན་ཡུམ་རྡོ་རྗེ་ཕག་མོ་ཁཊཾ་གི་ཚུལ་དུ་དཀུ་ལ་བརྟེན་པ༔ ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་ལྷམ་མེ་ལྷན་ནེ་ལྷང་ངེར་བཞུགས་པ༔ འོད་ཟེར་ཉི་མ་འབུམ་བས་ལྷག་ཅིང་སྲིད་གསུམ་ཟིལ་གྱིས་ནོན་པ༔ དེའི་སྐུ་མི་ཟད་རྒྱན་གྱི་འཁོར་ལོ་ནི་དགེ་འདུན་དཀོན་མཆོག༔ གསུང་མི་ཟད་རྒྱན་གྱི་འཁོར་ལོ་ནི་ཆོས་དཀོན་མཆོག༔ ཐུགས་མི་ཟད་རྒྱན་གྱི་འཁོར་ལོ་ནི་སངས་རྒྱས་དཀོན་མཆོག༔ ཡོན་ཏན་དང་དངོས་གྲུབ་མི་ཟད་རྒྱན་གྱི་འཁོར་ལོ་ནི་ཡི་དམ༔ ཕྲིན་ལས་དང་ནུས་མཐུ་མི་ཟད་རྒྱན་གྱི་འཁོར་ལོ་ནི་མཁའ་འགྲོ་དང་ཆོས་སྐྱོང་༔་ཐམས་ཅད་ཀུན་འདུས་ཡིན་ལ་ཡིན་པར་ཤེས་པར་བྱས་ལ༔ དེའི་དཔྲལ་བར་ཨོཾ་དཀར་པོ༔ མགྲིན་པར་ཨཱཿདམར་པོ༔ ཐུགས་ཀར་ཧཱུྃ་མཐིང་ཀ༔ ལྟེ་བར་ཧྲི་ལྗང་གུ༔ ཕྱག་


CMR057_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་བཞི་ལ་ཧ་རི་ནི་ས་ར་ཙ་ཧཱིཡ་བཞིས་མཚན་པར་བསྒོམ༔ འདི་རྫོགས་རིམ་གྱི་སྐབས་ཡིན་པས་དམ་ཡེ་དབྱེར་མེད་བསྒོམ་ནས་སྤྱན་འདྲེན་མེད་ཀྱང་ཆོག་མོད༔ སྤྱན་འདྲེན་བྱས་ན་ལས་དང་པོ་པ་རྣམས་ཡིད་ཚིམ་པར་འགྱུར་བས༔ ཨོ་རྒྱན་རིན་པོ་ཆེས་གནས་ལྔ་ནས་འོད་ཟེར་ཁ་དོག་སྣ་ཚོགས་ཕྱོགས་བཅུར་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་ཁ་བ་བུ་ཡུག་ལྟར་སྤྱན་དྲངས་ཏེ༔ བྱང་ཆུབ་སེམས་དཔའ་དང་དགེ་འདུན་བླ་མ་ཐམས་ཅད་དཔྲལ་བར་ཐིམ༔ སྔགས་ཕྲེང་དང་གླེགས་བམ་ཐམས་ཅད་མགྲིན་པར་ཐིམ༔ སངས་རྒྱས་ཐམས་ཅད་ཐུགས་ཀར་ཐིམ༔ ཡི་དམ་ཐམས་ཅད་ལྟེ་བར་ཐིམ༔ མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་གསང་བར་ཐིམ་པར་བསྒོམ་མོ༔ ཡང་ཨོ་རྒྱན་ཉིད་ཀྱི་ཞལ་ནས༔ མོས་གུས་ཀྱི་འཁྱེར་སོ་ནི༔ ང་ཡི་བླ་མ་དུས་གསུམ་གྱི་སངས་རྒྱས༔ ཕྱོགས་དུས་རྒྱལ་བ་ཐམས་ཅད་ཀྱི་ངོ་བོ༔ རིགས་འདུས་དཀྱིལ་འཁོར་ཐམས་ཅད་ཀྱི་བདག་ཉིད༔ སངས་རྒྱས་ཐམས་ཅད་ཀྱི་སྤྱི་གཟུགས༔ འགྲོ་བ་ཐམས་ཅད་ཀྱི་སྐྱབས་མགོན༔ ངའི་ཚེ་འདི་དང་ཕྱི་མ་བར་དོ་གསུམ༔ མཐོར་


CMR057_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

བཏང་དམར་བཏང་༔ ཅི་ཤེས་མི་ཤེས་ཁ་ཙམ་མེད་པས༔ བླ་མ་མཁྱེན་སྙམ་དུ༔ བཅོས་མ་མ་ཡིན་པ་བྱེད་པ་གལ་ཆེ༔ ཞེས་གསུངས་པ་ལྟར་མོས་གུས་རྩེ་གཅིག་པས། ཚིག་བདུན་གསོལ་འདེབས་སམ༔ ལེའུ་བདུན་མའི་སྐུ་གསུམ་གསོལ་འདེབས་སམ༔ སྐུ་གསུམ་སྒྲུབ་པའི་གསོལ་འདེབས་སམ༔ ཀུན་དྲིལ་ཡིད་བཞིན་ནོར་བུའི་གསོལ་འདེབས་སམ༔ མ་ནམ་བཞི་སྐོར་བྱས་ཀྱང་རུང་མོད་ཀྱི༔ ཁྱད་པར་འདི་དང་འབྲེལ་བ་གནམ་ཆོས་ཉིད་ལས་བྱུང་བའི་རྫོགས་ཆེན་གསོལ་འདེབས༔ གཏེར་མའི་གསོལ་འདེབས་འདི་བྱའོ༔ སྐབས་འདིར་གསོལ་འདེབས་དེའི་ལུང་ཡང་བྱའོ༔ དེ་ལྟར་གསོལ་འདེབས་མི་ཤེས་མ་ལྕོག་ན༔ བཛྲ་གུ་རུ་ཉིད་གསོལ་འདེབས་ཚུལ་དུ་བཟླས་པས་ཆོག་ཡིག་འབྲུ་བཅུ་གཅིག་སྔགས་ཀྱི་ཕྲེང་བ་འདི༔ ཕྱི་ལྟར་གསོལ་བ་འདེབས་པའི་སྙིང་པོ་ཡིན༔ ཞེས་དང་༔ བསྙེན་དུས་བླ་མ་སྤྱི་བོར་བསྒོམ༔ གསོལ་འདེབས་ཚུལ་དུ་འཛབ་འདི་བཟླས༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་དང་༔ ཅིས་ཀྱང་དགོས་མེད་བླ་མའི་རྣལ་འབྱོར་བསྒོམ༔ སྙིང་པོ་གུ་རུ་པདྨ་སིདྡྷི་བགྲངས༔ གུ་རུ་དམྱལ་བའི་གུ་རུ་རྣམ་


CMR057_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

པར་གནོན༔ སྐུ་མདོག་དམར་ནག་སྡིག་པ་རྡོ་རྗེ་བསྣམས༔ དམྱལ་བ་ཚ་གྲང་སྡུག་བསྔལ་སྐྱོབ་པར་བྱེད༔ པད་ནི་ཡི་དྭགས་གུ་རུ་རྣམ་སྣང་བྱེད༔ སྐུ་མདོག་སྨུག་ནག་རྡོ་རྗེ་ལྕགས་ཕུར་བསྣམས༔ ཡི་དྭགས་བཀྲེས་སྐོམ་སྡུག་བསྔལ་སྐྱོབ་པར་བྱེད༔ མ་ནི་བྱོལ་སོང་གུ་རུ་སེང་ཧ་བརྟན༔ སྐུ་མདོག་མཐིང་ནག་ཅང་ཏེའུ་དྲིལ་བུ་བསྣམས༔ བྱོལ་སོང་བཀོལ་སྤྱད་སྡུག་བསྔལ་སྐྱོབ་པར་བྱེད༔ སིད་ནི་མི་ཡི་གུ་རུ་པདྨ་འབྱུང་༔ སྐུ་མདོག་དཀར་དམར་ཀཱ་ལི་རྡོ་རྗེ་བསྣམས༔ མི་རྣམས་སྐྱེ་རྒས་ན་འཆི་སྐྱོབ་པར་བྱེད༔ དྷི་ནི་ལྷ་མིན་གུ་རུ་རྣམ་པར་རྒྱལ༔ སྐུ་མདོག་དུད་ཁ་ཁཊཾ་ཀཱ་ལི་བསྣམས༔ ལྷ་མིན་འཐབ་རྩོད་སྡུག་བསྔལ་སྐྱོབ་པར་བྱེད༔ ཧཱུྃ་ནི་ལྷ་ཡི་གུ་རུ་སྲིད་ཐུབ་འཛིན༔ སྐུ་མདོག་དཀར་སེར་རྡོར་དྲིལ་ཕྱག་ན་བསྣམས༔ ལྷོ་རྣམས་ལྟུང་བའི་སྡུག་བསྔལ་སྦྱོང་བར་བྱེད༔ རིགས་དྲུག་སྡུག་བསྔལ་གུ་རུ་དྲུག་གིས་སྐྱོབ༔ འགྲུབ་ཐག་ཉེ་ཞིང་བྱིན་རླབས་མྱུར་བ་ཡིན༔ ཞེས་དང་༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཚིག་གི་བར་མ་ཆོད་པར་བཟླས་པས༔ རིག་འཛིན་གྱི་ལྷ་ཚོགས་རྣམས་ཀྱིས་རང་དབང་མེད་པར་བྱིན་གྱིས་བརླབ་


CMR057_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར་རོ༔ ཅིའི་ཕྱིར་ན་བདག་ཉིད་པདྨའི་ཐུགས་རྒྱུད་ཀྱི་བྱིན་རླབས་ཐམས་ཅད་ཡིག་འབྲུ་འདི་རྣམས་ལ་བསྟིམ་ནས་ཡོད་པའི་ཕྱིར་རོ༔ ཞེས་གསུངས་སོ༔ དེས་ན་ད་རེས་སྐབས་འདིར་བཛྲ་གུ་རུའི་ཁས་ལེན༔ རབ་དུང་ཕྱུར་རམ༔ དུང་གི་ཁ་བཀང་༔ འབྲིང་བྱེ་ཆེན་ནམ་ས་ཡ་སྟེ་བྱེ་ཆུང་བས༔ ཐ་མ་ས་ཡའམ་བྱེ་ཆུང་སྟེ་འབུམ་ཕྲག་བཅུ༔ ཡང་མཐའ་ཡང་འབུམ་ཕྲག་རེ་རེའམ༔ རྒྱུན་དུ་ཕྲེང་སྐོར་རེ་མ་ཆག་པར་འདོན་པའི་ཁས་ལེན་མཛོད་ཅིག༔ ཁྱེད་རང་རྣམ་པ་ཚེ་འདིའི་རྐྱེན་སེལ་བ༔ ཕྱི་མའི་ལམ་སྣ་འདྲེན་པ་ལ་འདི་བས་ཐུགས་རྗེ་མྱུར་བ་གཞན་མེད་དོ༔ ཞེས་ཁས་ལེན་བྱེད་ཚར་ནས༔ འོ་དེ་ལྟར་བླ་མ་ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་བཏབ་པསཿ༔ སྤྱི་བོའི་ཨོ་རྒྱན་དེའི་དཔྲལ་བ་མགྲིན་པ་ཐུགས་ཀ་ལྟེ་བ་བཞི་ནས་འོད་ཀྱི་ཐིག་ལེ་ཨོཾ་དཀར་པོས་མཚན་པ་དང་༔ དམར་པོ་ཨཱདམར་པོས་མཚན་པ་དང་༔ སྔོན་པོ་ཧཱུྃ་མཐིང་ཁས་མཚན་པ་དང་༔ ལྗང་ཁུ་ཧྲིལྗང་ཁུས་མཚན་པ་བར་མ་ཆད་པར་བྱོན་ནས༔ རང་གི་དཔྲལ་བ་མགྲིན་པ་སྙིང་ཁ་སྟེ་བ་བཞིར་ཐིམ་པས༔ སྒྲིབ་པ་བཞི་དག༔ དབང་བཞི་ཐོབ་སྐུ་བཞི་མངོན་དུ་བྱེད་པའི་སྐལ་བ་དང་


CMR057_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པར་བྱས༔ སླར་ཡང་སྐུའི་ཆ་དང་ཕྱག་ཞབས་བཞི་ནས་འོད་ཟེར་ཁ་དོག་སྣ་ཚོགས་བྱུང་ནས་རང་གི་ལུས་ཐམས་ཅད་ལ་ཐིམ་པས༔ སྐུ་གསུང་ཐུགས་ཡོན་ལས་ཀྱི་བྱིན་རླབས་འཇུག་ཅིང་ཕྲིན་ལས་གང་བརྩམ་འགྲུབ་པར་བསྒོམ༔ དེ་ལྟར་དམིགས་པ་དེ་རྣམས་གསལ་འདེབས་པའི་ཕྱིར་རྡོ་རྗེའི་ཚིག་རྐང་འདིའི་རྗེས་ཟློས་མཛོད༔ རང་གི་སྤྱི་བོར་པདྨ་འབྱུང་གནས་ལ༔ སངས་རྒྱས་བྱང་སེམས་ཐམས་ཅད་འདུས་པར་བསམ༔ ཨུ་རྒྱན་རིན་པོ་ཆེའི་ངོ་བོ་ལ་རྣམ་པ་གཞན་གྱི་གཟུགས༔ ཞེས་གསུངས་སོ༔་ཆ་ལུགས་པདྨ་ངོ་བོ་རྩ་བའི་བླ་མ་ལ༔ དེ་ལ་གསོལ་བ་རྩེ་གཅིག་བཏབ་པ་ཡི༔ མཐར་ནི་དེ་རྣམས་རང་ལ་ཐིམ་པར་གྱུར༔ དེ་ནས་སྤྱི་བོའི་ཨོ་རྒྱན་རིན་པོ་ཆེ་འོད་དུ་ཞུ་ནས་རང་ལ་ཐིམ༔ ཨོ་རྒྱན་རིན་པོ་ཆེའི་སྐུ་གསུང་ཐུགས་དང་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་གྱུར་པར་བསྒོམས་ལ༔ སེམས་མ་བཅོས་པ་རང་བབས་སུ་ཀློད་ལ་ཞོག༔ རྡོ་རྗེའི་ཚིག་རྐང་གི་འགྲེལ་པ་ལས༔ མཐར་ནི་བསྐྱེད་པ་དེ་རྣམས་རང་ཉིད་ལ་ཐིམ་པར་གྱུར་བསམ་མོ༔ ཞེས་གསུངས་པའི་དོན་ཡིན་ནོ༔ དེ་ལྟར་ཐུན་དུ་བཅད་ལ་ཉམས་སུ་


CMR057_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

བླངས་པས༔ ཕྱི་རྟགས་སུ་བླ་མ་ལ་མོས་གུས་དང་གདུང་ཤུགས་ཚད་མེད་པ་འབྱུང་༔ བླ་མ་རྩ་ན་ཡོད་ཀྱང་མིང་ནས་འདོན་ཅིང་མི་ཟུག་པ་ལྟ་བུ་དང་༔ དྲུང་དུ་ཕྱིན་དུས་འབྲལ་མི་ཕོད་པ་བློ་སྣ་བླ་མས་ཕྲོག་ནས་བསམ་རྒྱུ་བླ་མ་ལས་མེད་པ་དེས་བསྐུལ་ནས༔ གསོལ་འདེབས་ཆོག་ཤེས་མེད་པར་ཉིན་མཚན་འཁོར་བར་འཁོར་ཡུག་ཏུ་འགྲོ་བ་འབྱུང་༔ ནང་རྟགས་ལ་རྗེ་དྲན་ཙམ་ལ་ཉམས་འབར༔ ཕྱིའི་སྣང་བ་བན་བུན་ལང་ལོང་དུ་འགྲོ༔ ནང་གི་ཤེས་པ་གསལ་སྟོང་རྗེན་པར་འགྲོ༔ བར་གྱི་རྟོག་པ་རྒྱུན་ཆད་ནས་སྔོན་འགྲོ་རང་ལ་ངོ་སྤྱད་པས་ཆོག་པ་འབྱུང་༔ ངོ་སྤྲོད་མ་ཐོབ་ཀྱང་བླ་མ་ལ་མོས་གུས་དྲག་པོས་གསོལ་བ་ཐེབ་ན༔ རྟོག་པ་རང་ཤར་ལ་འོང་སྟེ་གང་ཤར་དེ་སྐྱོང་བས་ཆོག་པར་བཤད༔ གསང་རྟགས་སུ་རྨི་ལམ་དུ་བླ་མ་དང་ཡང་ཡང་མཇལ་བ་དང་༔ དབང་བསྐུར་བ༔ ཆོས་བཤད་པ༔ འོད་ཟེར་སྤྲོ་བསྡུ་བྱས་པ་ལ་སོགས་རྨིང་ན་ཅུང་ཟད་བྱིན་རླབས་འཇུག་པའི་ལྟས་སུ་བཤད་དོ༔ ཨོ་རྒྱན་རིན་པོ་ཆེས༔ དེ་ལྟར་ཐུན་བཞིར་ཉམས་སུ་བླངས་ན༔ བླ་མའི་བྱིན་རླབས་བུམ་པ་གང་བྱོའི་ཚུལ་དུ་ཐོབ་ནས༔ ཚེ་གཅིག་གིས་མགོན་པོ་རྡོ་རྗེ་འཆང་གི་


CMR057_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

གོ་འཕང་ཐོབ་པར་བྱེད་པ་ལ་ཟབ་མོ་བླ་མའི་རྣལ་འབྱོར་རོ༔ ཞེས་གསུངས་སོ༔ དེ་ལྟར་བླ་མའི་རྣལ་འབྱོར་ཞུས་པ་དང་༔ བཛྲ་གུ་རུའི་ཁས་ལེན་བྱས་པའི་དགེ་བ་དེས་སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཐོབ་པའི་ཆེད་དུ་བསྔོ་སྙམ་པ་གྱིས་ལ་རྗེས་ཟློས་ལན་གསུམ་མཛོད༔ དགེ་བ་མ་རྒན་འགྲོ་དྲུག་ཀུན་ལ་བསྔོ༔ ལན་གསུམ༔ དེས་ཁྱད་པར་གྱི་སྔོན་འགྲོ་བླ་མའི་རྣལ་འབྱོར་ཏེ༔ ཆོས་ཐུན་བཅུ་གསུམ་པའོ༔ དེས་གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས་རྫོགས་པ་ཆེན་བྱེད་སངས་རྒྱས་ལག་བཅང་ཞེས་བྱ་བའི་སྔོན་འགྲོའི་ཁྲིད་ཀྱི་སྐོར་དེ་ལེགས་པར་གྲུབ་པ་ཡིན་ནོ༔ ༈ དེ་ཡང་རྒྱུ་སེམས་ཅན་ལ་འབྲས་བུ་སངས་རྒྱས་སྒྲུབ་པའི་ཐབས་ཐེག་པ་ཆེན་པོ་འདི་ལ་ཡང་རྒྱུ་དང་འབྲས་བུའི་ཐེག་པ་གཉིས་ལས༔ རྒྱུ་མཚན་ཉིད་ཀྱི་ཐེག་པ་ལས་འབྲས་བུ་སྔགས་ཀྱི་ཐེག་པ་ཁྱད་པར་དུ་འཕགས་ཏེ༔ ཚུལ་གསུམ་སྒྲོན་མ་ལས༔ དོན་གཅིག་ནའང་མ་རྨོངས་དང་༔ ཐབས་མང་དཀའ་བ་མེད་པ་དང་༔ དབང་པོ་རྣོན་པོའི་དབང་བྱས་པས༔ སྔགས་ཀྱི་ཐེག་པ་ཁྱད་པར་འཕགས༔


CMR057_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་སོ༔ དཀའ་བ་མེད་ཚུལ་ནི་མདོ་ལྟར་གྲངས་མེད་གསུམ་དུ་ཚོགས་བསགས་པ་དང་མགོ་དང་རྐང་ལག་སྦྱིན་པ་སོགས་མི་དགོས་ཏེ༔ སཾ་བྷུ་ཊི་ལས༔ མདོར་ནི་སངས་རྒྱས་ཉིད༔ བསྐལ་པ་བྱེ་བ་གྲངས་མེད་པས༔ ཇི་སྲིད་སངས་རྒྱས་གང་ཐོབ་པ༔ གང་གི་དམ་པས་བདེ་བ་ཁྱོད༔ སྐྱེ་བ་འདི་ལ་ཐོབ་པར་འགྱུར༔ ཡང་ན་རྡོ་རྗེ་འཛིན་པ་ཉིད༔ ཡང་ན་འཁོར་ལོས་སྒྱུར་བའམ༔ འདི་ནི་དངོས་གྲུབ་ཆེན་པོ་བརྒྱད༔ གཞན་ཡང་ཡིད་ལ་འདོད་པ་ཐོབ༔ ཅེས་གསུངས་སོ༔ དེ་ཡང་བྱ་ལྟར་གཙང་སྦྲ་དང་སྨྱུང་གནས་སོགས་ཀྱང་བླ་མེད་འདི་ལ་མི་དགོས་ཏེ༔ རྡོ་རྗེ་རྩེ་མོའི་རྒྱུད་ལས༔ ཁྲུས་དང་གཙང་སྦྲ་འདིར་མི་དགོས༔ དཀའ་ཐུབ་དཀའ་སྤྱད་དགོས༔ སངས་རྒྱས་རྣམས་དང་སེམས་དཔའ་ཆེ༔ རྟག་ཏུ་སྦྱོར་བས་འགྲུབ་པར་འགྱུར༔ ཞེས་གསུངས་སོ༔ སྡིག་ཆེན་ཡིན་ཀྱང་གསང་སྔགས་བླ་མེད་འདིར་ཞུགས་ཤིང་རྩེ་གཅིག་བསྒྲུབ་ན་ཚེ་གཅིག་སངས་རྒྱས་འགྲུབ་སྟེ༔ དུས་འཁོར་རྩ་རྒྱུད་ལས༔ གདོལ་པ་སྨིག་མ་མཁན་ལ་སོགས༔ མཚམས་མེད་ལྔ་ནི་བྱེད་པ་ན༔ སྔགས་ཀྱི་སྤྱོད་པ་རྗེས་


CMR057_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱད་ན༔ སྐྱེ་བ་འདི་ཉིད་སངས་རྒྱས་འགྱུར༔ ཞེས་པ་དང་༔ འདུས་པར༔ སེམས་ཅན་མཚམས་མེད་ལྔ་ལ་སོགས༔ སྡིག་པ་ཆེན་པོ་བྱས་པས་ཀྱང་༔ རྡོ་རྗེ་ཐེག་པ་རྒྱ་མཚོ་སྟེ༔ ཐེག་མཆོག་འདི་ལ་འགྲུབ་པར་འགྱུར༔ ཞེས་དང་༔ མཉམ་སྦྱོར་ལས༔ གསང་སྔགས་འདི་ཡི་ཆོ་ག་ཡི༔ ཚེ་འདི་ཉིད་ལ་འགྲུབ་པར་འགྱུར༔ ཞེས་གསུངས་སོ༔ འོ་ན་ཚེ་གཅིག་ལ་སངས་རྒྱས་པ་དེ་སྤྲུལ་པ་སོགས་ཀྱིས་གསང་སྔགས་ཆེ་བ་སྟོན་པའི་ཕྱིར་ཡིན་གྱི༔ ཐ་མལ་སྐྱེ་བོས་མི་འགྲུབ་བམ་སྙམ་ན་འགྲུབ་སྟེ༔ རྡོ་རྗེ་རྩེ་མོ་ལས༔ སོ་སོ་སྐྱེ་བོས་སངས་རྒྱས་ཉིད༔ འགྲུབ་པར་འགྱུར་ཏེ་གཞན་དུ་མིན༔ ཞེས་གསུངས་སོ༔ གསང་སྔགས་འདི་རྩེ་གཅིག་ཏུ་བསྒྲུབ་ན་ཚེ་གཅིག་ལ་འཚང་བརྩོན་འགྲུས་ཆུང་ན་ཡང་བར་དོར་སངས་རྒྱས་ཏེ༔ ཡེ་ཤེས་ཐིག་ལེ་ལས༔ ཡང་ན་ལུས་འདི་སྤངས་མ་ཐག༔ བརྩོན་པ་མི་ལྡན་པས་ཀྱང་འགྲུབ༔ ཅེས་གསུངས་སོ༔ གལ་ཏེ་གསང་སྔགས་ཀྱི་ཆོས་འདིར་ཞུགས་ནས༔ ཉམས་སུ་མ་བླང་ན་ཡང་སྐྱེ་བ་བདུན་ནམ་ཐ་ན་བཅུ་དྲུག་ན་འཚང་རྒྱ་སྟེ༔ རྡོ་རྗེ་རྩེ་མོའི་རྒྱུད་ལས༔ སྐྱེ་དང་སྐྱེ་བ་ཐམས་ཅད་དུ༔


CMR057_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ཅན་ནི་མངོན་བརྩོན་འགྱུར༔ སྐྱེ་བ་བཅུ་དྲུག་མཐར་ཐུག་ལས༔ ཞི་བ་སངས་རྒྱས་ཉིད་ཐོབ་འགྱུར༔ ཞེས་དང་༔ དབང་བསྐུར་ཡང་དག་སྦྱིན་ལྡན་ན༔ སྐྱེ་ཞིང་སྐྱེ་བར་དབང་བསྐུར་འགྱུར༔ དེ་ཡི་སྐྱེ་བ་བདུན་ལ་ནི༔ མ་བསྒོམས་པར་ཡང་དངོས་གྲུབ་ཐོབ༔ ཅེས་གསུངས་སོ༔ དེ་ལྟར་གསང་སྔགས་ལམ་ཉེ་བ་ཡང་དབང་བསྐུར་ཡོད་པའི་གནད་ཡིན་ཞིང་༔ ཁྱད་པར་རྫོགས་པ་ཆེན་པོ་འཆད་པ་ལ་ཐོག་མར་དབང་བསྐུར་དགོས་ཏེ༔ སྙིང་གི་མེ་ལོང་གི་རྒྱུད་ལས༔ གསང་སྔགས་དབང་ལ་མ་བརྟེན་པར་འགྲུབ་པར་ག་ལ་འགྱུར༔ དཔེར་ན་མཉེན་པ་ལག་སྐྱ་མེད་པ་བཞིན༔ ཕ་རོལ་སྒྲོལ་བར་ག་ལ་འགྱུར༔ ཞེས་དང་༔ གསང་སྔགས་དབང་ནི་མ་ཐོབ་ན༔ ཟབ་དོན་དངོས་གྲུབ་ག་ལ་འགྲུབ༔ ཅེས་དང་༔ གསང་བ་སྙིང་པོའི་རྒྱུད་ལས༔ སློབ་དཔོན་མཉེས་པར་མ་བྱས་ཤིང་༔ དབང་རྣམས་ཐོབ་པར་མ་བྱས་པར༔ ཉན་པ་ལ་སོགས་རྩོམ་པ་ནི༔ འབྲས་བུ་མེད་ཅིང་བརླག་པར་འགྱུར༔ ཞེས་དང་༔ རྡོ་རྗེ་ཕྲེང་བའི་རྒྱུད་ལས༔ དབང་སྐུར་མེད་པར་རྒྱུད་བཤད་པ༔ བསྒྲུབ་པ་སྔགས་ཀྱི་དོན་ཤེས་ཀྱང་༔ སློབ་དཔོན་སློབ་མ་


CMR057_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

མཚུངས་པར་ནི༔ ཤི་ནས་ངུ་འབོད་ཆེན་པོར་ལྟུང་༔ ཞེས་གསུངས་སོ༔ འོ་ན་དབང་ཐོབ་པའི་ཕན་ཡོན་ཅི་ལྟ་བུ་ཞེ་ན༔ ཀློང་གསལ་ལས༔ དབང་ཐོབ་རྒྱུད་སྨིན་ཆོས་སྒོ་ཕྱེད༔ གསང་སྔགས་དོན་ཀུན་འགྲུབ་པར་འགྱུར༔ ཞེས་དང་༔ སྙིང་གི་མེ་ལོང་ལས༔ དབང་རྣམས་རབ་ཏུ་ཐོབ་བྱས་ན༔ གསང་སྔགས་ཐམས་ཅད་མ་བསྒྲུབ་འགྲུབ༔ ཅེས་དང་༔ མཁའ་འགྲོ་སྡོམ་པ་རྒྱ་མཚོ་ལས༔ སངས་རྒྱས་ཀུན་གྱི་ཡེ་ཤེས་ནི༔ དབང་ལ་ཡང་དག་ཤེས་པར་འགྱུར༔ དབང་མཆོག་རིག་པ་ཡེ་ཤེས་ནི༔ འབྲས་བུ་ལམ་དུ་འགྱུར་བ་ཡིན༔ ཞེས་དང་༔ རྡོ་རྗེ་སྙིང་པོའི་རྒྱུད་ལས༔ དབང་བསྐུར་བ་ཡི་ཆོ་ག་མཆོག༔ གང་གི་ལེགས་པར་བྱས་གྱུར་ན༔ དེ་ནི་སངས་རྒྱས་ཉིད་དུ་འགྲུབ༔ ཅེས་དང་༔ རིན་པོ་ཆེའི་འཁོར་ལོ་ལས༔ སྐྱེས་བུ་རིག་པའི་དབང་ཐོབ་ནས༔ དེ་ནི་ཚེ་གཅིག་མཁའ་སྤྱོད་འགྲོ༔ ཞེས་དང་༔ དགོངས་པ་ལུང་སྟོན་ལས་དབང་སྐུར་དམ་པ་ཐོབ་པ་ནི༔ དེ་ནི་སྐྱེ་བ་བདུན་ནས་ཀྱང་༔ མ་བསྒོམས་པར་ཡང་སངས་རྒྱས་འགྲུབ༔ ཅེས་གསུངས་སོ༔ དབང་གིས་སྒྲིབ་པ་དག་པ་ནི༔ དཔལ་མཆོག་


CMR057_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ལས༔ དབང་སྐུར་དམ་པ་དབང་ལས་བྱུང་༔ ལུས་ངག་ཡིད་གསུམ་སྒྲིབ་པ་དག༔ དབང་གིས་རབ་ཏུ་དབང་བྱས་ནས༔ དཔལ་མཆོག་དམ་པ་ཐོབ་པར་ཤོག༔ ཅེས་དང་༔ དབང་སྐུར་རྒྱལ་པོའི་རྒྱུད་ལས༔ དབང་སྐུར་བ་ཡི་ཡོན་ཏན་གྱིས༔ ཡང་དག་ཏུ་ནི་བཤད་བྱ་སྟེ༔ ཆོས་ཀྱི་འཁོར་ལོ་སྐོར་བ་ཡང་༔ དབང་སྐུར་ནས་ནི་བསྐོར་བར་བྱ༔ སྒྲུབ་པ་ཡི་ནི་དཀྱིལ་འཁོར་ཡང་༔ དབང་བསྐུར་ནས་ནི་བསྒྲུབ་པར་བྱ༔ ཕྲིན་ལས་ཐམས་ཅད་བྱ་བ་ཡང་༔ དབང་སྐུར་ནས་ནི་གནང་བར་བྱ༔ དབང་བསྐུར་གནང་བ་།ཐོབ་ནས་ནི༔ གང་རྩོམ་ལས་ནི་འགྲུབ་པར་འགྱུར༔ སངས་རྒྱས་སེམས་ཅན་ཐམས་ཅད་ལ༔ ཡིད་ལ་ཅི་དགའ་དབང་ལ་འགྲུབ༔ མ་མོ་མཁའ་འགྲོ་བྲན་བཞིན་འཁོར༔ ཚེ་དང་ལོངས་སྤྱོད་ཕུན་སུམ་ཚོགས༔ འཇིག་རྟེན་འདི་ཡི་ཡོན་ཏན་ཡང་༔ བསམ་གྱིས་མི་ཁྱབ་འགྲུབ་པར་འགྱུར༔ དམྱལ་བར་སྐྱེ་བར་ངེས་ན་ཡང་༔ དབང་བསྐུར་བ་ཡི་ཡོན་ཏན་གྱིས༔ དམྱལ་བར་ནམ་ཡང་མི་ལྟུང་སྟེ༔ ངན་སོང་གསུམ་པོ་ཀུན་སྤངས་ནས༔ བླ་མེད་འབྲས་བུ་འགྲུབ་པར་འགྱུར༔ ཚེ་ཟད་འཆི་བར་ངེས་ན་ཡང་༔ དབང་འདི་རབ་


CMR057_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་བསྐུར་ནས་ནི༔ ཚེ་ཚད་དཔག་མེད་ཐོབ་པར་འགྱུར༔ ཞེས་དང་༔ དབང་མ་ཐོབ་པར་གསང་སྔགས་ཉམས་སུ་བླངས་ན་རྨིས་ལྟས་ངན་པ་འབྱུང་སྟེ༔ བོང་བུ་ལ་ཐལ་བའི་སྐྱེ་དོ་བཀལ་ནས་སོང་བ་དང་༔ ངུས་པ་དང་ཐུར་དུ་སོང་བ་དང་༔ ཕ་མ་བསད་བསམ་པ་རྨིང་བ་དང་༔ གོས་ནག་པོ་གྱོན་པ་ལ་སོགས་པ་སྣ་ཚོགས་རྨིས་འཆ་སོ༔ དབང་ཐོབ་པའི་རྟགས་ཀྱང་༔ མགོ་ལ་ཉི་མ་ཤར་བ་དང་༔ དར་ཕྱར་བ་དང་༔ དུང་འབུད་པ་དང་༔ ཉི་ཟླ་ཤར་བ་དང་༔ ངོ་ཚ་མེད་པར་གཅེར་བུར་བུད་པ་དང་། ནམ་མཁའ་ལ་འཕུར་བ་དང་༔ མཆོད་རྟེན་ལ་སྐོར་བ་བྱེད་པ་དང་༔ གངས་ལ་འཛེགས་པ་དང་༔ སྐས་ལ་འཛེགས་པ་དང་༔ རིན་པོ་ཆེའི་གླིང་ན་ཕེབས་པ་དང་༔ དུས་གསུམ་བདེ་བར་གཤེགས་པའི་ཞལ་མངོན་སུམ་དུ་གཟིགས་པ་དང་༔ ཡི་དམ་གྱིས་ལུང་སྟོན་པ་དང་༔ བུད་མེད་གཙང་མས་ཟས་བྱིན་པ་དང་༔ གོས་བཀོན་པ་དང་༔ མེ་ལོང་མགུལ་དུ་བཏགས་པ་དང་༔ དམག་དཔོན་དང་༔ ཆུ་བོ་ལ་གྲུ་གཟིངས་འདོར་བ་དང་༔ གཡུལ་ཁ་འགྱེད་ནས་རྒྱལ་ཁ་རང་གིས་ལོན་པ་དང་༔ རྨིས་ལྟས་བཟང་པོ་འབྱུང་བར་


CMR057_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་སོ༔ གཞན་ཡང་ནད་གདོན་བར་ཆད་ཞི་བ་དང་༔ ཚེ་བསོད་ནམས་རྒྱས་པ་ལ་སོགས་པ་ཚེ་འདིའི་འདོད་དོན་ཐམས་ཅད་ཀྱང་དབང་ཐོབ་ན་འགྲུབ་པ་ཡིན་ཏེ༔ བཅོམ་ལྡན་འདས་ཀྱིས་རྒྱུད་ལས་གསུངས་པ༔ དེ་ལྟར་གང་ཞིག་དབང་སྐུར་བ༔ དབང་སྐུར་ཆོ་ག་གཉིས་པ་ཡིས༔ སེམས་ནི་བགེགས་ཀྱིས་བརླབས་པ་དག༔ ཞི་བར་བྱ་བ་གང་ཡིན་པ༔ དེ་ནི་དབང་སྐུར་གསུམ་པ་སྟེ༔ ཕན་དང་བདེ་བ་ཐོབ་པར་བཤད༔ དཔལ་ལ་སོགས་པའི་དཀྱིལ་འཁོར་དུ༔ རྒྱལ་སྲིད་ཐོབ་ཕྱིར་དབང་བསྐུར་དང་༔ བྱུར་ནི་མེད་པར་བྱ་བ་དང་༔ དབང་ཐང་བསྐྱེད་པར་བྱ་བ་དང་༔ ནོར་དང་བུ་ཚ་འཕེན་པ་དང་༔ དེ་ལ་སོགས་པ་དབང་བསྐུར་གང་༔ དེ་ནི་བཞི་པ་མི་རྣམས་ལ༔ འབྱོར་པ་སྦྱིན་པ་ཤེས་པར་བྱ༔ དབང་བསྐུར་དང་པོ་ཐོབ་པ་ནི༔ སངས་རྒྱས་རྣམས་ཀྱིས་དགོངས་པར་འགྱུར༔ དེ་སྲས་གསང་སྔགས་སྤྱོད་པ་ལ༔ བརྩོན་པ་རྣམས་ཀྱིས་བཀུར་བར་འགྱུར༔ རིག་སྔགས་གསང་སྔགས་མང་པོ་དང་༔ འཕགས་པ་སྤྱན་རས་གཟིགས་དབང་དང་༔ དཔའ་བོ་རྡོ་རྗེ་འཛིན་པ་དང་༔ ཉིད་ཀྱི་བྱིན་གྱིས་བརླབས་པར་འགྱུར༔ དེ་ཡི་སྦྱར་ན་


CMR057_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པ་པོས༔ ལས་རྣམས་ཐམས་ཅད་འགྲུབ་པར་འགྱུར༔ དེ་ནི་ཅིས་ཀྱང་མི་ཚུགས་ཤིང་༔ ལྷ་རྣམས་ཀྱིས་ཀྱང་མཆོད་པར་འགྱུར༔ འཁོར་བ་འཁོར་བ་ན༔ དེ་ནི་ངན་སོང་ལྟུང་མི་འགྱུར༔ ཡན་ལག་ཉམས་ཤིང་དབུལ་བ་དང་༔ སྨད་པ་རྣམས་སུ་སྐྱེ་མི་འགྱུར༔ ཚེ་རབས་དྲན་ཞིང་ལོངས་སྤྱོད་ཆེ༔ ཚུལ་ཁྲིམས་ལྡན་ཞིང་གཟུགས་ཀྱང་བཟང་༔ རྟག་ཏུ་ལྷ་དང་མི་རྣམས་ཀྱི༔ མཐོ་རིས་རྣམས་སུ་སྐྱེ་བར་འགྱུར༔ དེ་ཡི་བསོད་ནམས་མཐུ་ཡིས་སུ༔ སངས་རྒྱས་བྱང་ཆུབ་ལས་མི་ལྡོག༔ དེས་ནི་རིང་པོར་མི་ཐོག་པར༔ བྱང་ཆུབ་མཆོག་ནི་རྫོགས་པར་འགྱུར༔ ཞེས་གསུངས་སོ༔ དེ་ལྟར་ཕན་ཡོན་བསམ་གྱིས་མི་ཁྱབ་ཅིང་༔ ཁྱད་པར་གསང་སྔགས་འཆད་པའི་སྣོད་དུ་རུང་བའི་ཕྱིར་དབང་བསྐུར་བ་གལ་ཆེ༔ དེ་ལ་སྤྲོས་བཅས་ཀྱི་དབང་རྒྱས་པ་རྣམས་ལ་ནི༔ བུམ་པ་དང་གཏོར་མ་དང་དཀྱིལ་འཁོར་སོགས་མང་དུ་དགོས་ཀྱང་༔ སྤྲོས་མེད་ལ་ཏིང་འཛིན་གྱི་དབང་ཁོ་ནས་ཆོག་སྟེ༔ རྒྱུད་ལས༔ དབང་བསྐུར་དབང་པོའི་བྱེ་བྲག་གིས༔ ཏིང་འཛིན་མེ་ཏོག་རྡུལ་ཚོན་ནོ༔ ཞེས་དང་༔ ཡེ་ཤེས་རྒྱ་མཚོའི་རྒྱུད་ལས༔


CMR057_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མའི་སྐུ་ཡི་དཀྱིལ་འཁོར་ལ༔ དབང་བཞི་ཡོངས་རྫོགས་བླངས་གྱུར་ན༔ ས་ལས་མ་ལུས་ཚེ་འདིར་བགྲོད༔ ཅེས་དང་༔ གསང་སྔགས་རྙིང་མའི་རྒྱུད་ལས༔ རྫས་དང་ཚིག་དང་གང་ཟག་གིས༔ ཀུན་རྫོབ་དབང་དེ་མ་ཐོབ་ཀྱང་༔ སེམས་ལ་ཆོས་ཀྱི་དབང་ཐོབ་ན༔ རྒྱལ་བ་རིག་འཛིན་ཐམས་ཅད་དང་༔ སྲིད་གསུམ་དབང་བྱེད་ཐམས་ཅད་ཀྱིས༔ དེ་ལ་དབང་ནི་བསྐུར་བར་འགྱུར༔ ཞེས་གསུངས་པ་ལྟར༔ ད་རེས་དབང་འདི་ཏིང་ངེ་འཛིན་གྱི་དབང་ཡིན་པས༔ དཀྱིལ་འཁོར་གཏོར་མ་དང་བུམ་པ་སོགས་དབང་རྫས་གང་ཡང་མ་གསུངས་སོ༔ དེ་ནས་དབང་ཞུ་བའི་ཐོག་མར་མཎྜལ་འབུལ་བའི་རྗེས་ཟློས་མཛོད༔ ཀྱེ་བླ་མ་ཐུགས་རྗེ་ཆེན་པོ་ལ༔ གླིང་བཞི་སྲིད་པའི་དགེ་ཚོགས་ནི་ཅི་མཆིས་བསྡུས་ཏེ་མཎྜལ་འབུལ༔ དེ་ལྟར་མཎྜལ་ཕུལ་ནས༔ བླ་མ་དང་ནི་ཡི་དམ་ལྷ༔ ཐ་དད་དུ་ནི་མ་ལྟ་ཞིག༔ ངེས་པར་དངོས་གྲུབ་དམ་པ་ནི༔ བདག་གིས་ཁྱོད་ལ་སྦྱིན་པར་བྱ༔ ཞེས་གསུངས་པས༔ བླ་མ་དང་ཡི་དམ་ཐུགས་རྗེ་ཆེན་པོ་དབྱེར་མེད་པའི་དྲུང་དུ༔ དབང་ཞུ་བའི་ཕྱིར་གསོལ་བ་འདེབས་ཤིང་༔ བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་


CMR057_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་དེ༔ སེམས་ཅན་གྱི་དོན་རྒྱ་ཆེན་པོ་བྱའོ་སྙམ་པའི་མོས་པོས་རྗེས་ཟློས་འདི་ལན་གསུམ་མཛོད༔ བླ་མ་ཐུགས་རྗེ་ཆེན་པོ་ལ༔ གསོལ་བ་འདེབས་སོ་དབང་སྐུར་སྩོལ༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ གསུམ༔ དེ་ནས་དབང་བསྐུར་བ་དངོས་ལ་སློབ་མ་ལྷར་བསྐྱེད་པ་དང་༔ དབང་ཞུ་བའི་ཡུལ་གསལ་བཏབ་པ་དང་༔ དབང་ལྷ་གསལ་བཏབ་པ་གསུམ་དུས་གཅིག་ཏུ་བྱེད་པ་ཡིན་པས༔ ཁྱེད་རང་རྣམས་ཀྱང་ཐུགས་རྗེ་ཆེན་པོར་བསྒོམ༔ བླ་མ་ཡང་ཐུགས་རྗེ་ཆེན་པོར་གསལ༔ མདུན་གྱི་ནམ་མཁར་ཡང་ཐུགས་རྗེ་ཆེན་པོ་བསྒོམ༔ ཁྱེད་རང་རྣམས་ཀྱི་སྤྱི་གཙུག་ཏུ་ཡང་ཐུགས་རྗེ་ཆེན་པོ་བསྒོམ་སྟེ༔ དེ་ཡང་ཅི་ལྟ་བུ་ཞེ་ན༔ པདྨ་དཀར་པོ་འདབ་མ་དྲུག་པའི་དབུས་སུ་ཟླ་བའི་དཀྱིལ་འཁོར་དེའི་སྟེང་དང་འདབ་མ་དྲུག་ལ་གཙོ་བོ་ཐུགས་རྗེ་ཆེན་པོ་དང་འཁོར་འགྲོ་བ་རིགས་དྲུག་འདྲེན་པའི་ཐུགས་རྗེ་ཆེན་པོ་དྲུག་སྟེ༔ གཙོ་འཁོར་བདུན་སྐད་ཅིག་དྲན་རྫོགས་སུ་སྒོམས་ཤིག༔ དེ་ཡང་དཀྱིལ་འཁོར་དང་གཏོར་མ་མེད་དེ༔ ཏིང་ངེ་འཛིན་ཁོ་ནས་གསལ་འདེབས་པ་ཡིན་པས༔ མངོན་རྟོགས་ཐུགས་རྗེ་ཆེན་པོ་ཉིད་ཀྱིས་དངོས་སུ་


CMR057_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་འདི་ལྟར་རོ༔ ཐུགས་རྗེ་ཆེན་པོའི་སྒྲུབ་པ་ནི༔ དཀྱིལ་འཁོར་མེད་ཅིང་གཏོར་མ་མེད༔ རང་ཉིད་ཐུགས་རྗེ་ཆེན་པོ་ནི༔ དཀར་པོ་ཞལ་གཅིག་ཕྱག་བཞི་པ༔ ཐལ་སྦྱར་ཕྲེང་བ་པདྨ་འཛིན༔ སྐྱིལ་ཀྲུང་རཏྣ་དར་གྱིས་བརྒྱན༔ པདྨ་ཟླ་བའི་གདན་ལ་བཞུགས༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ལྷ་ཡི་འཇིག་རྟེན་དབང་ཕྱུག་དཀར༔ ཞལ་གཅིག་ཕྱག་བཞི་ཐལ་སྦྱར་དང་༔ པི་ཝཾ་པདྨ་ཟླ་བའི་སྟེང་༔ སྐྱིལ་མོ་ཀྲུང་གིས་བཞུགས་པར་བསམ༔ ཨོཾ་ཨོཾ་སྭཱ་ཧཱ༔ ལྷ་མིན་འཇིག་རྟེན་དབང་ཕྱུག་ལྗང་༔ ཞལ་གཅིག་ཕྱག་བཞི་ཐལ་སྦྱར་དང་༔ གོ་མཚོན་པདྨ་ཟླ་བའི་གདན༔ སྐྱིལ་མོ་ཀྲུང་གིས་བཞུགས་པར་བསམ༔ ཨོཾ་མ་སྭཱ་ཧཱ༔ མི་ཡི་འཇིག་རྟེན་དབང་ཕྱུག་ཕྲ༔ ཞལ་གཅིག་ཕྱག་བཞི་ཐལ་སྦྱར་དང་༔ ཕྲེང་བ་པདྨ་ཟླ་བའི་སྟེང་༔ སྐྱིལ་མོ་ཀྲུང་གིས་བཞུགས་པར་བསམ༔ ཨོཾ་ཎི་སྭཱ་ཧཱ༔ དུད་འགྲོའི་འཇིག་རྟེན་དབང་ཕྱུག་དུད༔ ཞལ་གཅིག་ཕྱག་བཞི་ཐལ་སྦྱར་དང་༔ པོ་ཏི་པདྨ་ཟླ་བའི་སྟེང་༔ སྐྱིལ་མོ་ཀྲུང་གིས་བཞུགས་པར་བསམ༔ ཨོཾ་པད་སྭཱ་ཧཱ༔ ཡི་དྭགས་འཇིག་རྟེན་དབང་ཕྱུག་དམར༔ ཞལ་གཅིག་ཕྱག་བཞི་ཐལ་སྦྱར་དང་༔ སྒྲོམ་བུ་


CMR057_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་ཟླ་བའི་སྟེང་༔ སྐྱིལ་མོ་ཀྲུང་གིས་བཞུགས་པར་བསམ༔ ཨོཾ་མེ་སྭཱ་ཧཱ༔ དམྱལ་བའི་འཇིག་རྟེན་དབང་ཕྱུག་ནག༔ ཞལ་གཅིག་ཕྱག་བཞི་ཐལ་སྦྱར་༣དང་༔ མེ་ཆུ་པདྨ་ཕྱག་ན་འཛིན༔ ཨོཾ་ཧཱུྃ་སྭཱ་ཧཱ༔ འོ་དེ་ལྟར་ཐུགས་རྗེ་ཆེན་པོ་བདུན་གྱི་གཙོ་བོའི་ཐུགས་ཀར་ཟླ་བའི་གདན་ལ་ཧིལ་ཡི་གེ་དྲུག་གིས་བསྐོར་བ༔ འཁོར་དྲུག་གི་ཐུགས་ཀར་ཨོཾ་སོགས་ཡིག་འབྲུ་རེ་རེ་ལ་ཡི་གེ་དྲུག་གིས་བསྐོར་བ༔ ཐམས་ཅད་དཔྲལ་བར་ཨོཾ་དཀར་པོ༔ མགྲིན་པར་ཨཱཙྪདམར་པོ༔ ཐུགས་ཀར་ཧཱུྃ་མཐིང་གས་མཚན་པར་སྒོམས་ཤིག༔ དེ་ནས་སྐུ་གསུང་ཐུགས་ཀྱི་རྗེས་གནང་གསུམ་ལས༔ དང་པོ་སྐུའི་རྗེས་གནང་གི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད༔ བླ་མ་ཐུགས་རྗེ་ཆེན་པོ་ལ༔ གསོལ་འདེབས་སྐུ་ཡི་དབང་སྐུར་སྩོལ༔ གསུམ༔ འོ་དེ་ལྟར་གསོལ་བ་བཏབ་པས༔ བླ་མ་དང་མདུན་བསྐྱེད་དང་སྤྱི་བོར་བཞུགས་པ་དང་ཁྱེད་རང་རྣམས་དང་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་ཆ་བཞིའི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས༔ འོག་མིན་འཐུག་པོ་བཀོད་པ་དང་༔ ནུབ་ཕྱོགས་བདེ་བ་ཅན་དང་༔ ལྷོ་ཕྱོགས་པོ་ཊ་ལ་ལ་


CMR057_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་ནས༔ བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་འགྲོ་བ་འདུལ་བའི་ལྷ་ཚོགས་སྐུ་ཆེ་ཕྲ་ཅི་རིག་པ༔ རྣམ་པ་དོད་པ༔ ཕྱག་མཚན་གསལ་བ༔ ནམ་མཁའ་ནས་ཆར་བབས་པ་ལྟ་བུ༔ བར་སྣང་ནས་ན་བུན་འཚུབ་པ་ལྟ་བུ༔ ས་གཞི་ནས་ས་རླངས་ཐོན་པ་ལྟ་བུ༔ བུན་ནེ་ཆིལ་ལེ་བྱོན་ནས་ཁྱེད་རྣམས་ལ་མཚོ་ལ་ཆར་ཆེན་པོ་བབས་པའམ༔ རྡོ་ཚན་ལ་ཁ་བ་བབས་པ་ལྟར་སིབ་སིབ་ཐིམ་པར་སྒོམས་ཤིག༔ དབྱངས་དང་བཅས་པས༔ ཁྱོད་ཉིད་སྤྱན་རས་གཟིགས་དབང་བསྒོམ༔ ཇོ་བོ་ཐུགས་རྗེ་ཆེན་པོ་ནི༔ དཔག་མེད་སྤྱན་དྲངས་རང་ལ་ཐིམ༔ སྤྱི་བོར་ཐུགས་ཆེན་རང་ལ་ཐིམ༔ རོལ་མོ་ཐམས་ཅད་འབུད་དཀྲོལ་བྱ་ཞིང་༔ ཕྱག་ནས་འཐོར་ལ༔ ཨོཾ་མ་ཎི་པདྨེ་ཧཱུྃ་བཛྲ་ཨ་ཝེ་ཤ་ཡ་ཨ་ཨཱ༔ ཞེས་ཡུན་རིང་དུ་བརྗོད་དོ༔ སངས་རྒྱས་ཀུན་གྱི་སྔོན་དུ་རྫོགས་སངས་རྒྱས༔ ཀུན་ཏུ་བཟང་པོས་འགྲོ་ལ་རྟག་ཏུ་གཟིགས༔ ཆོས་ཀྱི་དབྱིངས་སུ་སྟོང་པའི་ངང་ལ་བཞུགས༔ ཀུན་བཟང་མཉམ་གཞག་མཛད་ཀྱི་བཀྲ་ཤིས་ཤོག༔ ཅུང་ཟད་གཏོར༔ འོ་དེས་བྱིན་འབེབས་སྐུའི་རྗེས་གནང་ཞེས་བྱ་སྟེ༔ ལུས་ཀྱི་སྒྲིབ་པ་


CMR057_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

ཉིས་བརྒྱ་ཐམ་པ་དག༔ སྐུའི་དབང་ཐོབ༔ དེང་ཕྱིན་ཆད་ཡི་དམ་ཐུགས་རྗེ་ཆེན་པོའི་སྐུ་བསྒོམ་པར་དབང་༔ ལུས་ལ་སྐུ་རྡོ་རྗེའི་ས་བོན་ཐེབས་པས༔ མ་འོངས་པ་ན་སྤྲུལ་པའི་སྐུ་འགྲུབ་པའི་སྐལ་བ་དང་ལྡན་པ་ཡིན་ནོ༔ གཉིས་པ་གསུང་གི་རྗེས་གནང་ཞུ་བའི་ཕྱིར་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད༔ བླ་མ་ཐུགས་རྗེ་ཆེན་པོ་ལ༔ གསོལ་འདེབས་གསུང་གི་དབང་སྐུར་སྩོལ༔ གསུམ༔ འོ་དེ་ལྟར་གསོལ་བ་བཏབ་པས་མདུན་གྱི་ནམ་མཁར་བཞུགས་པའི་ཐུགས་རྗེ་ཆེན་པོ་དང་༔ སློབ་དཔོན་ཐུགས་རྗེ་ཆེན་པོར་གསལ་བའི་ཐུགས་ཀའི་ཧཱུྃལས་ཧཱུྃགཅིག་ཆད་དེ་ཁྱེད་རང་རྣམས་ཀྱི་ཞལ་ནས་ཞུགས་ཏེ་ཧིལ་ཐིམ་པས༔ ཁྱེད་རང་རྣམས་ཀྱི་ཐུགས་ཀར་ཟླ་བའི་སྟེང་དུ་ཧྲིདཀར་པོའི་མཐར་ཡི་གེ་དྲུག་པ་གཡས་སྐོར་དུ་སྒ་ར་ར་འཁོར་བར་སྒོམས་ཤིག༔ དབྱངས་དང་བཅས༔ མདུན་གྱི་ཐུགས་རྗེ་ཆེན་པོ་དང་༔ བདག་ཉིད་ཐུགས་རྗེ་ཆེན་པོ་ཡི༔ ཐུགས་ཀའི་ཧཱུྃལས་གཅིག་ཆད༔ ཞལ་ནས་ཞུགས་ཏེ་ཧྲིལ་ཐིམ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཞེས་རོལ་མོ་ཡུན་རིང་བྱ༔ ད་ལམ་དམིགས་པ་དེ་ཉིད་སྒོམས་ལ་སྔགས་འདིའི་རྗེས་ཟློས་མཛོད༔ ཨོཾ་


CMR057_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཎི་པདྨེ་ཧཱུྃ༔ དེ་ནས་ཁྱེད་རང་རྣམས་སྐད་ཅིག་གཅིག་ལ་གནས་གྱུར་ཏེ༔ ཁྱེད་རང་རྣམས་ལྷ་ཐུགས་རྗེ་ཆེན་པོའི་སྐུར་གྱུར་ནས་ལྷ་ཕམ་ལྟུང་གི་སྐྱེ་སྒོ་ཆོད་པར་སྒོམས་ལ་སྔགས་འདིའི་རྗེས་ཟློས་མཛོད༔ ཨོཾ་ཨོཾ་སྭཱ་ཧཱ༔ གསུམ༔ ཁྱེད་རང་རྣམས་ལྷ་མ་ཡིན་གྱི་ཐུགས་རྗེ་ཆེན་པོའི་སྐུར་གྱུར་ནས་ལྷ་མིན་འཐབ་རྩོད་ཀྱི་སྐྱེ་སྒོ་ཆོད་པར་སྒོམས་ལ་རྗེས་ཟློས་མཛོད༔ ཨོཾ་མ་སྭཱ་ཧཱ༔ གསུམ༔ ཡང་ཁྱེད་རང་རྣམས་མིའི་ཐུགས་རྗེ་ཆེན་པོའི་སྐུར་གྱུར་ནས་མི་སྐྱེ་རྒས་ན་འཆི་སྐྱེ་སྒོ་གཅོད་པར་སྒོམས་ལ་རྗེས་ཟློས་མཛོད༔ ཨོཾ་ཎི་སྭཱ་ཧཱ༔ གསུམ༔ དེ་ནས་ཁྱེད་རང་རྣམས་དུད་འགྲོའི་ཐུགས་རྗེ་ཆེན་པོའི་སྐུར་གྱུར་ནས་དུད་འགྲོ་གླེན་ལྐུགས་ཀྱི་སྐྱེ་སྒོ་བཅད་པར་སྒོམས་ལ་རྗེས་ཟློས་མཛོད༔ ཨོཾ་པད་སྭཱ་ཧཱ༔ གསུམ༔ དེ་ནས་ཁྱེད་རང་རྣམས་ཡི་དྭགས་ཀྱི་ཐུགས་རྗེ་ཆེན་པོའི་སྐུར་གྱུར་ནས་ཡི་དྭགས་བཀྲེས་སྐོམ་གྱི་སྐྱེ་སྒོ་བཅད་པར་སྒོམས་ལ་རྗེས་ཟློས་མཛོད༔ ཨོཾ་མེ་སྭཱ་ཧཱ༔ གསུམ༔ དེ་ནས་ཁྱེད་རང་རྣམས་དམྱལ་བའི་ཐུགས་རྗེ་ཆེན་པོའི་སྐུར་གྱུར་ནས་དམྱལ་བ་ཚ་གྲང་གི་སྐྱེ་སྒོ་བཅད་པར་སྒོམས་ལ་རྗེས་ཟློས་མཛོད༔ ཨོཾ་ཧཱུྃ་སྭཱ་ཧཱ༔ གསུམ༔ ཧཱུྃ༔ བདེ་ཆེན་ཞིང་དུ་


previousཤོག་ལྷེབ་ ༣༠༡ ནས་ ༤༠༠ བར།next