Nitartha Digital Library
Tibetan
 
previousརྫོགས་ཆེན་སྙན་བརྒྱུད་ཐོད་རྒལ་གྱི་ཁྲིད་ཁ་གསར་པ།next

རྫོགས་ཆེན་སྙན་བརྒྱུད་ཐོད་རྒལ་གྱི་ཁྲིད་ཁ་གསར་པ།


CMR057_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་ཆེན་སྙན་བརྒྱུད་ཐོད་རྒལ་གྱི་ཁྲིད་ཁ་གསར་པ༔


CMR057_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཐོད་རྒལ་བཤད་པར་བྱ་སྟེ༔ འདི་ལ་སྔོན་འགྲོ་དངོས་གཞི་རྗེས་དང་གསུམ་ལས༔ དང་པོ་ཐེག་པ་དགུའི་ཡང་རྩེ་གདམས་པ་ཟབ་མོ་སྟོན་པའི་སྣོད་བརྟག་པར་བྱ་སྟེ༔ ཀློང་གསལ་ལས༔ གསང་སྔགས་སྙིང་པོའི་དོན་འདི་སྟོན་པ་ལ༔ སྣོད་ཀྱི་དམ་པ་བརྟག་པ་མཆོག་ཏུ་གཅེས༔ ཞེས་གསུངས་སོ༔ འོ་ན་སྣོད་ཅི་ལྟ་བུ་ཞེ་ན༔ དད་ལྡན་སྙིང་རྗེ་གཏོང་ཕོད་ཆེ༔ རྒྱུད་དུལ་སྡིག་འཛེམ་དབང་པོ་རྣོ༔ གསང་ཐུབ་ཉམས་ལེན་བརྟུལ་ཞུགས་ཆེ༔ སྐྱོ་ཤས་སྡུག་བསྲན་སྙིང་རུས་ཆེ༔ppདེ་ནི་གསང་སྔགས་གསང་བའི་སྣོད་ཡིན་པས༔ བདུད་རྩིའི་


CMR057_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

ཐིགས་པ་སྙིང་གི་ཡང་ཞུན་འདི༔ བུ་ཡི་བུ་མཆོག་དེ་ལ་བསྟན་པར་བྱ༔ ཞེས་དང་༔ རང་ཤར་ལས༔ དད་པའི་སྟོབས་དང་བརྩོན་འགྲུས་ཆེ༔ ཤེས་རབ་ཆེ་ཞིང་འཛིན་ཞེན་མེད༔ ཕུ་དུད་ཆེ་ཞིང་གསང་སྔགས་སྤྱོད༔ རྟོག་མེད་སེམས་ལ་གཡེངས་བ་མེད༔ དམ་ཚིག་ལྡན་ཞིང་བསྒྲུབ་ལ་བརྩོན༔ ཞེས་གསུངས་སོ༔ དེ་ལྟར་སྣོད་བཟང་བའི་ཡོན་ཏན་ནི༔ ཀློང་གསལ་ལས༔ གསང་སྔགས་སྙིང་པོའི་སྣོད་དུ་རུང་༔ འགྲོ་བ་འདྲེན་པའི་གྲུབ་ཆེན་མཆོག༔ ཅེས་གསུངས་སོ༔ སྣོད་མིན་ལ་བསྟན་པའི་ཉེས་པ་ནི༔ ཡང་སྙིང་བཅུད་ཀྱི་བདུད་རྩི་


CMR057_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

འདི༔ སྣོད་ངན་རྣམས་སུ་བླུགས་གྱུར་ན༔ སྣོད་ཆག་བཅུད་འབོ་དམྱལ་བར་ལྟུང་༔ ཞེས་གསུངས་སོ༔ དེ་ནས་ཐོད་རྒལ་བསྟན་པའི་གནས་ནི༔ ཀློང་གསལ་ལས་གངས་ཁྲོད་ལུང་སྟོང་རི་རྩེ་དུར་ཁྲོད་དམ༔ ཤིན་ཏུ་དབེན་པ་དྭངས་ཤིང་མཐོ་བའི་སར༔ སྐལ་ལྡན་སྐྱེས་བུས་ཉམས་ལེན་བྱེད་པའི་གནས༔ ཞེས་གསུངས་སོ༔ གནས་དེ་ལྟ་བུ་བཙལ་བའི་ཡོན་ཏན་ནི༔ ཀློང་གསལ་ལས༔ གསང་སྔགས་གནས་ཀྱི་ཁྱད་པར་འབྱུང་༔ ཞེས་དང་༔ བསམ་གཏན་འཕེལ་ཞིང་བརྟན་པ་མྱུར་དུ་འཐོབ༔ ཅེས་སོ༔ གནས་ངན་པའི་སྐྱོན་ནི༔ མཚན་ལྡན་གནས་བྲལ་རྐྱེན་དབང་ཉིད་དུ་འགྱུར༔ ཞེས་གསུངས་སོ༔ ངོ་སྤྲོད་པའི་དུས་ནི༔ དབྱར་མ་སྟོན་དང་དགུན་ཆུང་དཔྱིད་ཀྱི་དུས༔ ཟེར་གཉིས་དུས་ནི་མཆོག་ཏུ་བཤད་པ་ཡིན༔ ཞེས་གསུངས་སོ༔ དུས་དེར་ངོ་སྤྲད་པའི་ཡོན་ཏན་ནི༔ ངོ་སྤྲོད་མགྱོགས་ཤིང་ཉམས་སྣང་གོང་དུ་འཕེལ༔ ཞེས་སོ༔ དུས་མིན་དུ་སྤྱད་པའི་སྐྱོན་ནི༔ མཁས་པས་དུས་གནད་བསྟན་པར་མ་བྱས་ན༔ ངོ་བོ་འགག་ཅིང་ཉམས་ཀྱི་འཕེལ་བ་བྲལ༔ ཞེས་གསུངས་སོ༔ དེར་ཆོས་གྲོགས་བཟང་བ་གལ་ཆེ་སྟེ༔


CMR057_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ལས༔ དམ་ཚིག་གཙང་ལྡན་དག་པའི་སྣང་བ་ཆེ༔ དུག་ལྔའི་ཤུགས་ཆུང་བློ་བརྟན་ཁོང་ཡངས་ཆེ༔ ངང་རྒྱུན་རིང་ཞིང་བརྩེ་བའི་གྲོགས་དང་འགྲོགས༔ ཞེས་གསུངས་སོ༔ དེ་ནས་ཡོ་བྱད་ཚང་བ་དགོས་ཏེ༔ ཀློང་གསལ་ལས༔ ཕྱག་རྟེན་མེ་ཏོག་དབང་ཡོན་གཏོར་ཚོགས་རྒྱུ༔ ཉམས་ལེན་དུས་སུ་ཁམས་ཀྱི་བསྟན་སོ་བཙལ༔ མཐུན་པའི་ཡོ་བྱད་ཀུན་དང་ལྡན་པར་བྱ༔ ཞེས་དང་༔ ཡོ་བྱད་ཀུན་ལྡན་ཆོས་ཀྱི་དངོས་གྲུབ་འབྱུང་༔ ཞེས་དང་༔ རྟེན་འབྲེལ་རྫས་མེད་དངོས་གྲུབ་ཡལ་བར་དོར༔ ཞེས་གསུངས་སོ༔ དེ་ནས་ལོ་རྒྱུས་བཤད་པ་དང་དབང་བསྐུར་བ་སོགས་བྱ་དགོས་ཏེ༔ དེ་དག་སྔོན་ཁྲེགས་ཆོད་སྐབས་སུ་སོང་བས་འཐུས་ལ༔ འདིར་ཁྱད་པར་དུ་མངོན་སུམ་རིག་པའི་རྩལ་དབང་བསྐུར་བར་བྱས་ཏེ༔ བདག་ཉིད་སྐད་ཅིག་གིས་ཐུགས་རྗེ་ཆེན་པོར་བསྒོམས་པས་འཐུས་སོ༔ རྒྱས་པར་ན་འབུ་སུ་ཀུའི་མངོན་རྟོགས་འདོན་ནོ༔ ད་ནི་ཁྱེད་རང་རྣམས་ཐོད་རྒལ་གྱི་ཁྲིད་ཟབ་མོ་ཞུ་བའི་ཐོག་མར་རིག་པའི་རྩལ་དབང་ཞུ༔ དེའི་ཐོག་མར་མཎྜལ་འབུལ་ཞིང་གསོལ་བ་འདེབས་སྙམ་པས་རྗེས་ཟློས་མཛོད༔ རི་རྒྱལ་རི་བོ་མཆོག་


CMR057_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

རབ་དང་༔ གླིང་བཞི་གླིང་ཕྲན་ཉི་ཟླས་བརྒྱན༔ བླ་མ་ཡི་དམ་ལྷ་ལ་འབུལ༔ppརྒྱུན་ཆད་མེད་པར་ཐུགས་རྗེས་ཟུངས༔ ཞེས་མེ་ཏོག་དོར༔ བླ་མ་ཐུགས་རྗེ་ཆེན་པོ་ལ༔ གསོལ་བ་འདེབས་སོ་རིག་པ་ཡི༔ རྩལ་གྱི་དབང་མཆོག་བསྐུར་དུ་གསོལ༔ གསུམ༔ ད་འདིའི་རྗེས་ཟློས་མཛོད༔ ཐུགས་རྗེ་ཅན་ལ་སྐྱབས་སུ་མཆི༔ མི་དགེ་གང་བྱས་བཤགས་པར་བགྱི༔ དགེ་བ་ཀུན་ལ་བདག་ཡི་རང་༔ ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ༔ མྱ་ངན་མི་འདའ་བཞུགས་གསོལ་འདེབས༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ འགྲོ་བ་བྱང་ཆུབ་ཐོབ་ཕྱིར་བསྔོ་༔ གསུམ༔ དེ་ནས་ཁྱེད་རང་རྣམས་ཐུགས་རྗེ་ཆེན་པོར་གསལ་བའི་གནས་ལྔར་འོད་ཀྱི་ཡིག་ལེ་དཀར་དམར་མཐིང་སེར་ལྗང་གུ་འཇའ་ཚོན་སྣ་ལྔས་བསྐོར་བའི་དབུས་སུ་ཨོཾ་ཨཱཿཧཱུྃ་ཧཱུྃ་ཕཊ༔ཁ་དོག་སོ་སོར་སྒོམས་ཤིག༔ ད་སྤྱི་བོའི་ཨོཾ་ལས་འོད་ཟེར་འཕྲོས་རང་ལུས་ཨོཾ་དཀར་པོར་གྱུར༔ དེ་ལས་འོད་ཟེར་འཕྲོས་པས༔ སྣང་སྲིད་ཐམས་ཅད་ཨོཾ་ཡིག་དཀར་པོ་ཤ་སྟག་ཏུ་གྱུར་པས་རང་གཞན་གྱི་ལུས་སྒྲིབ་དག་པར་སྒོམས་ཤིག༔ppདབྱངས་རོལ་མོ་དང་བཅས་ཨོཾ་མང་དུ་བརྗོད༔ དེས་ལུས་ཀྱི་སྒྲིབ་པ་དག་ནས་སངས་རྒྱས་སྐུའི་


CMR057_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཐོབ་བོ༔ ཡང་མགྲིན་པའི་ཨཱལས་འོད་ཟེར་འཕྲོས་པས་རང་ལུས་ཨཱདམར་པོར་གྱུར༔ དེ་ལས་འོད་འཕྲོས་པས་སྣང་སྲིད་ཐམས་ཅད་ཨཱཡིག་དམར་པོའི་རང་བཞིན་དུ་གྱུར་པས་རང་གཞན་ཐམས་ཅད་ཀྱི་ངག་སྒྲིབ་དག་པར་སྒོམས་ཤིག༔ppདབྱངས་རོལ་མོ་དང་བཅས་མང་དུ་བརྗོད༔ དེས་ངག་སྒྲིབ་དག་ནས་སངས་རྒྱས་ཀུན་གྱི་གསུང་གི་དབང་ཐོབ་པ་ཡིན་ནོ༔ སྙིང་གའི་ཧཱུྃ་མཐིང་ལས་འོད་ཟེར་འཕྲོས་པས༔ རང་ཉིད་ཧཱུྃ་དུ་གྱུར་དེ་ལས་འོད་འཕྲོས་སྣང་སྲིད་ཐམས་ཅད་ཧཱུྃ་དུ་གྱུར༔ རང་གཞན་གྱི་ཡིད་སྒྲིབ་དག་པར་སྒོམས་ཤིག༔ དབྱངས་རོལ་མོ་དང་ཧཱུྃ་བཅས་མང་དུ་བརྗོད༔ དེས་ཡིད་སྒྲིབ་དག་ནས་སངས་རྒྱས་ཐུགས་ཀྱི་དབང་ཐོབ་བོ༔ ལྟེ་བའི་ཧཱུྃལས་འོད་ཟེར་འཕྲོས་རང་ལུས་དུ་གྱུར༔ དེ་ལས་འོད་ཟེར་འཕྲོས་པས་སྣང་སྲིད་ཐམས་ཅད་ཧཱུྃ༔དུ་གྱུར་པས་བདག་གཞན་གྱི་ང་རྒྱལ་དག་པར་སྒོམས་ཤིག༔ དབྱངས་རོལ་མོ་དང་བཅས་ཏྲཱཾཿམང་དུ་བརྗོད་དོ༔ དེས་ང་རྒྱལ་གྱི་སྒྲིབ་པ་དག་ནས་སངས་རྒྱས་ཡོན་ཏན་དབང་ཐོབ་བོ༔ གསང་གནས་ཕཊཿལྗང་གུ་ལས་འོད་ཟེར་འཕྲོས༔ རང་ལུས་ཕཊཿདུ་གྱུར་དེ་ལས་འོད་འཕྲོས་སྣང་སྲིད་ཐམས་ཅད་ཕཊཿདུ་གྱུར་ནས་


CMR057_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གཞན་གྱི་ཕྲག་དོག་དག་པར་སྒོམས་ཤིག༔ དབྱངས་རོལ་མོ་དང་བཅས་ཕཊ་མང་དུ་བརྗོད༔ དེས་ཕྲག་དོག་དག་ནས་སངས་རྒྱས་ཕྲིན་ལས་དབང་ཐོབ་བོ༔ སྐབས་འདིར་ཚོགས་དུམ་མཐེབ་སྐུ་རེ་འབྱེད་ཅིང་བཟའ་བཅུག་དགོས་པས༔ འདིར་ཚོགས་བྱས་ན་ལེགས༔ ཀློང་གསལ་ལས༔ ཁྱད་པར་རིག་པའི་དབང་ལྔ་བསྐུར༔ དེ་ནས་མངོན་སུམ་རང་ཐོག་དབབ༔ ལྷུན་གྲུབ་རིག་པའི་རྩལ་དབང་བསྐུར༔ ཞེས་གསུངས་པ་ལྟར༔ རིག་པའི་དབང་ལྔ་ཐུན་མོང་མ་ཡིན་པ་སོང་ནས༔ ད་རྨ་བྱའི་སྒོ་འདི་ལ་རང་བྱུང་གི་ཁ་དོག་ལྔའི་ཐིག་ལེ་ཡོད་པ་དང་༔ རྡོ་རྗེ་སེམས་དཔའ་ཐུགས་ཀྱི་མེ་ལོང་ཞེས་བྱ་སྟེ་ཤེལ་འདི་ལ་འོད་ལྔ་འཆར་བ་འདི༔ རིགས་ལྔ་དང་ཡེ་ཤེས་ལྔ་མཚོན་བྱེད་ཡིན་པས་ལེགས་པར་ལྟོས་ལ་དབང་ཚིག་འདི་ཉོན་ཅིག༔ppཧཱུྃ༔ ཁ་དོག་ལྔ་ལྡན་འདི་ལ་ལྟོས༔ སྔོན་པོ་རྡོ་རྗེ་སེམས་དཔའ་ཡིན༔ སེར་པོ་རིན་ཆེན་འབྱུང་ལྡན་ཡིན༔ དམར་པོ་སྣང་བ་མཐའ་ཡས་ཡིན༔ ལྗང་གུ་དོན་ཡོད་གྲུབ་པ་ཡིན༔ དཀར་པོ་རྣམ་པར་སྣང་མཛད་ཡིན༔ དེ་ཀུན་རང་གི་སེམས་ལས་བྱུང་༔ སེམས་ནི་ངོས་བཟུང་གང་ཡང་མེད༔ ཆོས་ཀུན་རང་གི་སེམས་ལས་བྱུང་༔ སྐྱེ་རྒ་ན་འཆི་


CMR057_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་སེམས༔ སྐྱིད་སྡུག་བྱ་བའི་མིང་ཡང་མེད༔ རང་གི་སེམས་ནི་ཡེ་ནས་སྟོང་༔ མེད་པ་མ་ཡིན་འཕྲོ་བ་ཡོད༔ ཡོད་པ་མ་ཡིན་ངོ་བོ་སྟོང་༔ རིག་པའི་རྩལ་དབང་ཐོབ་པར་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཨ་བྷི་ཥིཉྩཧཱུྃ༔ ཞེས་རྨ་བྱའི་མདོངས་དང་ཤེལ་རྡོ་བསྟན་ནོ༔ དེ་ནས་རྩལ་དབང་ངོ་སྤྲོད་ནི༔ མངོན་སུམ་རྩལ་དབང་བསྐུར་བ་ནི༔ རྐྱེན་བྲལ་དང་མཐོ་དབེན་ས་རུ༔ ཟེར་གཉིས་དུས་སུ་མཆོད་པ་བཤམས༔ གསོལ་བ་མཆི་མ་བྱུང་བར་གདབ༔ ཅེས་གསུངས་སོ༔ གནམ་ཆོས་ལས་བྱུང་བའི་གསོལ་འདེབས་གཉིས་པོ་གང་རུང་ངམ༔ ཨུ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས་སོ༔ ཞེས་བརྒྱ་ཚར་ཙམ་འུར་འདོན་བྱ༔ གན་རྐྱལ་ཟིམ་བུས་སུརླ་བལྟ༔ ཐིག་ལེ་འཇའ་ཚོན་ལུག་རྒྱུད་འབྱུང་༔ ཡང་ན་ཙོག་པུར་འདུག་སྟངས་གཟིར༔ ཕབ་བཟློག་ཟུར་ལ་མནན་པས་འབྱུང་༔ དེ་ནི་ཀུན་བཟང་རིག་པའི་དབང་༔ དེ་ལས་འབྲལ་བར་མི་བྱའོ༔ ལྷག་མེད་ཀུན་བཟང་ཉིད་དུ་འགྱུར༔ ཞེས་གསུངས་པས་ཁྱེད་རང་རྣམས་མིག་ཟིམ་བུས་བཙུམས་པ་རང་ནི་མིན་ཙམ་དུ་ཉི་མའི་དཀྱིལ་འཁོར་ལ་ལྟོས་ཤིག༔ འོད་ཁ་དོག་ལྔ་དང་ཐིག་ལེ་དང་ཐིག་ཕྲན་སྣ་


CMR057_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་འཆར་རོ༔ དེ་ནི་རང་གི་སྙིང་གི་ནང་ན་ཞི་བའི་ལྷ་ཚོགས་བཞུགས་ཤིང་བར་དོར་ཡང་འོད་དང་ཐིག་ལེ་ཐིག་ཕྲན་དང་ཞི་བའི་ལྷ་ཚོགས་འཆར་བའི་སྔ་ལྟས་ཡིན་ནོ༔ འོད་ལྔ་ནི་ཡེ་ཤེས་ལྔའི་རང་མདངས་ཡིན་ནོ༔ ད་ཕྱིན་ཆད་རྫོགས་པ་ཆེན་པོ་ཐོད་རྒལ་ཉམས་སུ་ལེན་པ་དང་མི་འབྲལ་བར་མཛོད་ཅིག༔ ད་དམ་ཚིག་ཁས་ལེན་པ་འདིའི་རྗེས་ཟློས་མཛོད་ཅིག༔ དུས་གསུམ་སངས་རྒྱས་ཐམས་ཅད་དང་༔ ཡི་དམ་བླ་མ་དབྱེར་མེད་ཀྱི༔ ཅི་གསུངས་བཞིན་དུ་བདག་ཉིད་ནི༔ འབུལ་ལོ་སླད་མེད་བསྒྲུབ་པར་བྱ༔ དེས་ཐོག་མར་རྩ་ལ་དབང་བསྐུར་ནས་སྣོད་རུང་དུ་བྱ་བ་སྟེ་ཆོས་ཐུན་གཅིག་པའོ༔་ལ་ཡང་ཡ༈ ངང་ལ་དེ་ནས་འདིའི་གཞུང་དངོས་ནས་རུ་ཤན་ཕྱེ་བ་མ་གསུངས་ཀྱང་༔ ཆེར་སྤྲོ་འདོད་ན་རྫོགས་ཆེན་གཞན་དང་འདི་མཐུན་ནོ༔ ཞེས་གསུངས་ཤིང་༔ ཐལ་འགྱུར་ལས༔ འཁོར་འདས་རུ་ཤན་མ་ཕྱེས་ན༔ ཁམས་གསུམ་ལུས་ངག་ཡིད་གསུམ་ཀྱང་༔ འབྲེལ་པ་ཆོད་པར་མི་འགྱུར་བས༔ འཁོར་འདས་རུ་ཤན་དབྱེ་བར་བཤད༔ ཅེས་གསུངས་སོ༔ དང་པོ་དབྱེ་བ་ལ་ཡང་སྔོན་འགྲོ་དང་དངོས་གཞི་གཉིས་རེ་ཡོད་པའི༔ ལུས་ཀྱི་


CMR057_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་འགྲོ་ནི༔ འདས་རྗེས་ལས༔ ལུས་ཀྱི་སྔོན་འགྲོ་བྱ་བའི་ཕྱིར༔ རིགས་དྲུག་སྤྱོད་པ་སྣ་ཚོགས་སྤྱད༔ དཀོན་མཆོག་གསུམ་གྱི་སྤྱོད་པ་སྤྱད༔ ཅེས་གསུངས་པས༔ ལུས་འདི་དེ་སྔ་ཕན་ཆད་འཁོར་བར་འཁྱམས་ཤིང་ལུས་སྣ་ཚོགས་བླངས༔ ད་རུང་ཡང་རིགས་དྲུག་ཏུ་ལུས་སྣ་ཚོགས་ལེན་དགོས་པའི་ལས་དང་བག་ཆགས་མང་པོ་ཡོད་པ༔ ད་རེས་ཐབས་ཟབ་མོ་འདིས་ལུས་འཁོར་འདས་གཉིས་སུ་རུ་ཤན་དབྱེ་སྟེ༔ppད་ཕན་ཆད་འཁོར་བར་མི་འཁྱམས་པར་བྱ་སྙམ་པ་གྱིས་ལ༔ མི་མེད་ཅིང་དབེན་ས་གཞན་གྱིས་མི་མཐོང་བར་སོང་ལ༔ ལུས་འདི་དམྱལ་བར་བཙོ་བསྲེགས་ཚ་གྲང་སྡུག་བསྔལ་མྱོང་སྟངས་བྱའོ༔ དེ་བཞིན་དུ་ཡི་དྭགས་བཀྲེས་སྐོམ་མྱོང་ཚུལ༔ དུད་འགྲོ་གླེན་ལྐུགས༔ ལྷ་མ་ཡིན་འཐབ་རྩོད༔ ལྷའི་བདེ་སྐྱིད༔ མིའི་སྤྱོད་པ་སྣ་ཚོགས༔ སངས་རྒྱས་རྣམས་ཀྱི་བཞུགས་སྟངས༔ ཁྲོ་བོའི་སྟངས་སྟབས་སྣ་ཚོགས་བྱའོ༔ དེ་དག་གི་བར་བར་དུ་རང་གི་སེམས་ལ་ལྟའོ༔ རིགས་དྲུག་སོ་སོའི་ལུས་ཡིན་སྙམ་པ་བྱས་ལ༔ སོ་སོའི་སྤྱོད་པ་བྱེད༔ ཡང་སེམས་ལ་ལ༔ དེ་ལྟ་བུ་ཞག་གཅིག་ཏུ་ལུས་ཆད་དུབ་ཏུ་འགྲོ་བ་ཙམ་དུ་


CMR057_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

བྱོས་ཤིག༔ ཆོས་ཐུན་གཉིས་པའོ༔ དེ་ནས་ལུས་འཁོར་འདས་རུ་ཤན་ཕྱེ་བ་དངོས་ནི༔ ཐལ་འགྱུར་ལས༔ རྡོ་རྗེའི་སྐྱིལ་ཀྲུང་དང་བཅས་ཏེ༔ ལུས་སྦྱང་སེམས་ལ་ཕན་པའོ༔ ཞེས་གསུངས་པས༔ ལུས་རྡོ་རྗེའི་སྐྱིལ་ཀྲུང་རྐང་མཐིལ་གཉིས་སྤྱད་དེ་ལུས་དྲང་པོར་བསྲངས༔ ལག་གཉིས་སྤྱི་བོར་ཐལ་མོ་སྦྱར་ལ་ཉིན་མཚན་མེད་པར་གནས་པར་བྱའོ༔ དེའི་དགོས་པ་ནི་ལུས་ཀྱི་སྡིག་པ་དག་པ་དང་ལུས་རྡོ་རྗེ་མེ་འབར་བ་ལྟར་མཐོང་ནས༔ ལུས་ཀྱི་བར་ཆད་ཞི༔ ལུས་ཀྱི་ཞེན་པ་བཟློག༔ ད་ཕྱིན་ཆད་འཁོར་བར་ལས་ཀྱི་དབང་གིས་ལུས་མི་ལེན༔ ལུས་སྤྲུལ་སྐུར་གྲོལ་ལུས་དེ་སངས་རྒྱས་ཐམས་ཅད་ཀྱི་སྐུ་དང་གཉིས་སུ་མེད་པར་སངས་རྒྱས་པར་གསུངས་སོ༔ དེ་ལྟར་ལུས་རུ་ཤན་ཕྱེ་པའི་རྟགས་ནི༔ ལུས་ལ་ཆགས་ཞེན་མེད་ཅིང་བཀྲེས་སྐོམ་ཚ་གྲང་མེད་པ་སྙམ་པ་འབྱུང་ངོ་༔ ཆོས་ཐུན་གསུམ་པའོ༔ དེ་ནས་ངག་རུ་ཤན་ཕྱེ་བའི་སྔོན་འགྲོ་ནི༔ འདས་རྗེས་ལས༔ ངག་གི་སྔོན་འགྲོ་བྱ་བའི་ཕྱིར༔ རིགས་དྲུག་སྒྲ་སྐད་སྣ་ཚོགས་བརྗོད༔ ཞི་ཁྲོའི་སྒྲ་དང་འབྱུང་བའི་སྒྲ༔ རྣམ་པ་


CMR057_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ཚོགས་ཉིད་ལ་སྤྱད༔ ཅེས་གསུངས༔ དེ་ཡང་ངག་བྱ་བའི་སྒྲ་འདིས་འཁོར་བར་འཁྱམས་གདའ་བས་ངག་དང་འཁོར་བ་གཉིས་རུ་ཤན་དབྱེ་སྙམ་པ་གྱིས་ལ༔ དབེན་པའི་གནས་མི་གཞན་མེད་ས་ཞིག་ཏུ་སོང་ལ༔ དམྱལ་བའི་སྡུག་སྐད༔ ཡིདྭགས་ཀྱི་ལྟོགས་སྐད༔ དུད་འགྲོ་སོ་སོའི་སྐད༔ ལྷ་མ་ཡིན་རྒྱོབ་སོད་སྐད༔ ལྷའི་གླུ་དབྱངས༔ མིའི་སྐད་ཆ་སྣ་ཚོགས༔ ལྷ་ཞི་བའི་ཆོས་སྒྲ༔ ཁྲོ་བོའི་ཧཱུྃ་ཕཊ༔ གད་མོ༔ འབྱུང་བའི་སྒྲ་སྣ་ཚོགས་ཀྱི་སྐད་ཐོན་ཅིག༔ དེ་ལྟར་ངག་ཐང་ཆད་ཆད་དུ་ཞག་གཅིག་སྦྱང་ལ་ཤོག༔ དེ་དག་གི་བར་བར་དུ་སེམས་ལ་ཡང་ཡང་ལྟོས་ཤིག༔ ཆོས་ཐུན་བཞི་པའོ༔ ༈ ཐལ་འགྱུར་ལས༔ ངག་གི་ཧཱུྃ་ཞེས་གནས་པ་ལ༔ རྒྱས་གདབ་པ་དང་རྩལ་སྦྱང་ཉིད༔ གཉེན་བཙལ་ལམ་དུ་ཞུགས་པ་ཡི༔ དེ་ལྟར་ངག་སྦྱངས་སེམས་ལ་ཕན༔ ཞེས་གསུངས་པའི་དོན༔ དང་པོ་ཕྱི་སྣང་བ་ལ་རྒྱས་གདབ་པ་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་རིང་པོར་བརྗོད་པས་སྣང་བ་ཐམས་ཅད་ཧཱུྃ་དུ་རང་ངེ་བ་ལ་ཤེས་པ་གཏད་དོ༔ དེ་ནས་སོ་དང་མཆུ་མ་རེག་ཙམ་བྱས་ཏེ༔ རླུང་དང་སྣང་བ་རྟོག་པ་


CMR057_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གཅིག་ཏུ་གཏད་དོ༔ དེས་ཕྱི་སྣང་བ་ཐམས་ཅད་རང་བཞིན་མེད་པར་གྲོལ་ལོ༔ དེ་ལྟར་ཞག་གཅིག་དེ་ཁོ་ན་ལྟར་སྒོམས་ཤིག༔ ཆོས་ཐུན་ལྔ་པའོ༔ དེ་ནས་ནང་ཕུང་པོ་ལ་རྒྱས་གདབ་པ་ནི༔ ལུས་སྐྱིལ་ཀྲུང་དུ་དྲང་པོར་བསྲངས་ལ་ངག་ཏུ་ཧཱུྃ་བརྗོད་ཅིང་ཕུང་པོའི་ནང་དུ་ཧཱུྃ་གཅིག་བྱུང་གཉིས་བྱུང་ཧཱུྃ་དུ་རོང་ངེ་བ་ལ་ཤེས་པ་གཏད༔ ནང་དུ་ཧཱུཾ་རོང་ངེ་ཡོད་སྙམ་པ་བྱུང་ན་རླུང་གདམས་པ་གནད་དོ༔ ཞག་གཅིག་ལ་དེ་ཁོ་ན་སྒོམས་ཤིག༔ppདེ་ལྟར་བྱས་པས་ཕུང་པོ་རང་བཞིན་མེད་པར་གྲོལ་བའི་དགོས་པ་ཡོད་དོ༔ ཆོས་ཐུན་དྲུག་པའོ༔་ན་ཡང་། དེ་ནས་རྩལ་སྦྱང་བ་ལ་གཉིས་ལས༔ དང་པོ་ཕྱིའི་སྣང་བ་ལ་རྩལ་སྦྱང་བ་ནི༔ ཧཱུྃ་དྲག་ལ་ཐུང་བ་མང་དུ་བརྗོད་པས༔ ཕྱི་སྣང་བའི་ཡུལ་ཅི་སྣང་ཐམས་ཅད་ལ་ཐལ་ཐལ་འགྲོ་བར་སྒོམས་ཤིག༔ དེ་ལྟར་རྩལ་སྦྱངས་པས་ཕྱིའི་སྣང་བ་ཐམས་ཅད་བདེ་གསལ་དུ་འགྲོ་བར་གསུངས་སོ༔ ཕྱིའི་སྣང་བ་ཐམས་ཅད་སང་སེང་ཁྲལ་ཁྲོལ་དུ་འགྲོ་ན་འབྱོངས་པའི་རྟགས་ཡིན་ནོ༔ ཞག་གཅིག་ལ་དེ་ཁོ་ན་ལྟར་སྒོམས་ཤིག༔ ཆོས་ཐུན་དམིགས་པ་བདུན་པའོ༔ ༈ དེ་ནས་ནང་


CMR057_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

ཕུང་པོ་ལ་རྩལ་སྦྱང་བ་ནི༔ ཧཱུྃ་དྲག་པོར་བརྗོད་པས་ཧཱུཾ་དེ་དག་ལུས་ལ་ཕྱི་ཐལ་ནང་ཐལ་དུ་འགྲོ་བར་བསྒོམ་མོ༔ དེ་ལྟར་བསྒོམས་པས་རྟགས་ནི་ལུས་ཀྱི་ཤ་ཁོ་རྩེར་ཆེར་འཕར་བ་དང་༔ ཁྲལ་ཁྲོལ་དུ་སོང་བ་སྙམ་འབྱུང་༔ དེས་ནད་གདོན་ཞི་བ་དང་ཕུང་པོ་འོད་གསལ་དུ་འགྲོ་བའི་དགོས་པ་ཡོད་དོ༔ ཞག་གཅིག་ལ་དེ་ལྟར་དུ་སྦྱངས་ཤིག༔ དམིགས་ཐུན་བརྒྱད་པའོ༔ དེ་ནས་གཉེན་བཙལ་དང་ལམ་ཞུགས་གཉིས་ལས༔ དང་པོ་གཉེན་བཙལ་བ་ནི༔ མདུན་དུ་ཤིང་སོགས་དངོས་པོ་གང་རུང་ཞིག་བལྟས་ལ༔ ཧཱུྃ་བརྗོད་པས་ཧཱུྃ་གི་ཐག་པ་དེའི་དྲུ་བུ་ལྟར་དཀྲིས་པར་བསྒོམ༔ ཡང་ཧཱུྃ་བརྗོད་པས་ཧཱུྃ་གི་ཐག་པ་དེ་གྲོལ་བ་ལ་ཤེས་པ་གཏད་དེ་བསྒོམ༔ དེས་དཀྲིས་དུས་དཀྲིས་སྙམ་པ་གྲོལ་དུས་གྲོལ་སྙམ་པ་འབྱུང་༔ དེས་དམིགས་པ་གང་ཡང་བསྒྱུར་བཏུབ་པའི་གནད་དོ༔ ལུས་སྒྱིད་ལུག་ནས་ཉལ་ཉོལ་བྱེད་པ་སྙམ་བྱུང་ན་འབྱོངས་རྟགས་སོ༔ དེ་ལ་ཞག་གཅིག་སྒོམས་ཤིག༔ དམིགས་ཐུན་དགུ་པའོ༔་ན་སྣང་དེ་ནས་ལམ་དུ་འཇུག་པ་ནི༔ ཧཱུྃ་བརྗོད་པས་མདུན་དུ་ཧཱུྃ་ཁྲུ་གང་བ་གཅིག་ལ་


CMR057_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ་རྩེ་གཅིག་ཏུ་གཏད་ལ་སྒོམས་ཤིག༔ppདེས་ལུས་ངག་ལམ་སྲོལ་དུ་ཚུད་པའི་གནད་ཡོད་དོ༔ ཤེས་པ་བདེ་ལམ་པ་དང་འབོལ་ཤིག་པ་འབྱུང་ན་འབྱོངས་པའི་རྟགས་སོ༔ དེ་ལྟར་ངག་གི་སྤྱོད་པ་བྱས་པས་ངག་གི་སྡིག་པ་འདག་པ་དང་༔ ཡོན་ཏན་ཐོབ་པ་དང༔ ངག་གི་ཞེན་པ་བཟློག་པ་དང་ད་ཕྱིན་ཆད་འཁོར་བར་མི་བཟློག་པ་དང་༔ ངག་ལོངས་སྐུ་གྲོལ་ནས་ངག་དེ་སངས་རྒྱས་ཐམས་ཅད་ཀྱི་གསུང་དང་དབྱེར་མེད་དུ་མྱ་ངན་ལས་འདའ་བའི་དགོས་པ་ཡོད་དོ༔ དམིགས་ཐུན་བཅུ་པའོ༔ དེ་ནས་ཡིད་ཀྱི་སྔོན་འགྲོ་ནི༔ འདས་རྗེས་ལས༔ ཡིད་ཀྱི་སྔོན་འགྲོ་བྱ་བའི་ཕྱིར༔ རིགས་དྲུག་སྡུག་བསྔལ་བློ་ལ་བླང་༔ ཞེས་གསུངས་པའི་དོན་ནི༔ སེམས་ཀྱི་ངོ་བོ་ཆོས་སྐུ་ཡིན་ཀྱང་༔ ངོ་མ་ཤེས་འཁོར་བར་འཁྱམས་གདའ་བས༔ སེམས་འཁོར་བ་དང་རུ་ཤན་ཕྱེ་ན་ད་ཕྱིན་ཆད་འཁོར་བར་མི་འཁྱམས་པར་བྱ་སྙམ་དུ་མཛོད་ལ༔ དབེན་ས་གཅིག་ཏུ་སོང་ལ་རང་ཉིད་དམྱལ་བར་སྐྱེས་ནས་ཚ་གྲང་གི་སྡུག་བསྔལ་བཟོད་གླགས་མེད་པར་སྒོམས༔ ཡང་དེའི་ངོ་བོ་སེམས་ལ་ལྟོས༔ དེ་བཞིན་དུ་ཡི་དྭགས་དུད་འགྲོ་ལྷ་མིན་ལྷ་དང་མིའི་བདེ་སྡུག་སོ་སོར་


CMR057_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

མྱོང་བར་སྒོམས༔ དེ་དག་གི་རྗེས་ཤེས་སེམས་ལ་ལྟོས༔ དེ་ལྟར་ཞག་གཅིག་སྒོམས་ཤིག༔ དེ་ལྟར་བསྒོམས་པས་རིགས་དྲུག་སོ་སོའི་གནས་སྦྱངས་ཏེ་དེར་མི་སྐྱེ་བའོ༔ དམིགས་ཐུན་བཅུ་གཅིག་པའོ༔་ནང་དཔལ་དེ་ནས་སྒྲ་ཐལ་འགྱུར་རྒྱུད་ལས༔ སེམས་ནི་ཐོག་མ་བྱུང་ས་དང་༔ བར་དུ་གནས་དང་ཐ་མ་འགྲོ༔ དེ་ལྟར་གསུམ་ལ་བརྟགས་དཔྱད་ན༔ སེམས་སྦྱངས་སེམས་ལ་ཕན་པའོ༔ ཞེས་གསུངས་པའི་དོན་ནི༔ དང་པོ་སེམས་འདི་གང་ནས་བྱུང་བརྟགས༔ ཕྱི་སྣོད་ནང་བཅུད་གང་ནས་བྱུང་༔ སྟོང་པ་ཡིན་ནམ་སྣང་བ་ཡིན་ནམ༔ ཡོད་པ་ཡིན་ནམ་མེད་པ་ཡིན་ནམ༔ ལེགས་པར་རྟོགས་ཤིག༔ རྒྱུ་མཚན་བྱུང་ས་ཡེ་མ་རྙེད་ན་སེམས་ཆོས་ཉིད་སྟོང་པ་ངོས་བཟུང་དང་བྲལ་བར་གཏན་ལ་ཕེབས་ནས་ཆོས་སྐུ་ངོ་སྤྱོད་ཡིན་ནོ༔ དེ་ལྟར་ཞག་གཅིག་སེམས་ཀྱི་བྱུང་ས་ཚོལ་ཞིག༔ ཆོས་ཐུན་དམིགས་པ་བཅུ་གཉིས་པའོ༔ དེ་ནས་སེམས་ཀྱི་གནས་ས་བཙལ་ཏེ༔ ཕྱི་ནང་སྣོད་བཅུད་ལུས་མགོ་མཇུག་གང་དུ་སེམས་གནས་པར་འདུག་ལྟོས༔ དེ་ལྟར་ཞག་གཅིག་ལ་བརྟག་དཔྱད་མཛོད་


CMR057_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

དང་༔ བརྟག་མཁན་གྱི་ཤེས་པ་གསལ་ཡང་སྣང་ལ་རང་བཞིན་མེད་པ་གཞི་མེད་རྩ་བྲལ་དུ་གཏན་ལ་ཕེབས་ན་དེ་ལོངས་སྐུ་དང་ངོ་སྤྲད་པ་ཡིན་ནོ༔ དམིགས་ཐུན་བཅུ་གསུམ་པའོ༔ ༈ དེ་ནས་སེམས་འགྲོ་ས་བརྟག་པ་ནི༔ སེམས་འདི་ཕྱི་ནང་སྣོད་བཅུད་ཡོད་པ་དང་མེད་པ་དང་སྣང་བ་དང་སྟོང་པ་སོགས་གང་དུ་འགྲོ་བརྟག་པས༔ གང་དུ་ཡང་འགྲོ་བྱ་དང་འགྲོ་བྱེད་མ་རྙེད་པ་ནི་སེམས་སྐྱེ་མེད་གཏན་ལ་ཕེབས་པ་སྟེ༔ སྤྲུལ་སྐུ་དང་ངོ་སྤྲད་པའོ༔ དེ་ལྟར་སེམས་ཀྱི་སྤྱོད་པ་བྱས་པས༔ སེམས་ཀྱི་སྡིག་པ་དག་སེམས་ཀྱི་བར་ཆད་ཞི་སེམས་ཀྱི་ཞེན་པ་ཟློག་སེམས་ཆོས་སྐུར་གྲོལ་ཏེ་སེམས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་དང་གཉིས་སུ་མེད་པར་མྱ་ངན་ལས་འདའ་བའི་དགོས་པ་ཡོད་དོ༔ དེ་ལྟར་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་རྟགས་ཐོན་པར་བྱས་ན་ཕྱི་འཁྲུལ་པའི་སྐྱེན་སྣང་ཟད་པར་བྱེད་པའོ༔ དམིགས་ཐུན་བཅུ་བཞི་པའོ། དེ་ནས་ཀློང་གསལ་ལས༔ ནང་གི་འཁྲུལ་རྒྱུ་ཟད་པའི་ཕྱིར༔ འཁོར་འདས་རུ་ཤན་ནང་ལྟར་དབྱེ༔ ཞེས་གསུངས་པའི་དོན་ནང་ལུས་ངག་ཡིད་གསུམ་གྱི་འཁྲུལ་པའི་རྒྱུ་དང་ས་


CMR057_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

བོན་ཟད་པའི་ཕྱིར་དུ་རུ་ཤན་དབྱེ་དགོས་ཏེ༔ འདས་རྗེས་ལས༔ ལུས་འདི་མ་རིག་རྒྱུས་བསྐྱེད་ཕྱིར༔ རིགས་དྲུག་ས་བོན་ཉིད་དུ་གནས༔ ཞེས་དང་༔ ཀློང་གསལ་ལས༔ སྤྱི་བོ་མགྲིན་པ་སྙིང་ག་དང་༔ ལྟེ་བ་གསང་བ་རྐང་མཐིལ་དུ༔ ཨ་ཏྲི་ནཾ་སུ་པྲ་དུ་དྲུག་གནས་སོ༔ ཞེས་དང་༔ ས་བོན་དེ་རྣམས་མ་དག་པས༔ རྒྱུན་དུ་རིགས་དྲུག་ཏུ་འཁྱམས་ཤིང་༔ ཁམས་གསུམ་འཁོར་བས་སྡུག་བསྔལ་མྱོང་༔ ཞེས་དང་༔ ས་བོན་དེ་རྣམས་དག་པར་བྱ་ཐབས༔ འདས་རྗེས་ལས༔ རིག་པ་སྐུ་གསུམ་དངོས་ཡིན་པས༔ སྐུ་གསུམ་ཡིག་འབྲུ་གསུམ་དུ་ཤར༔ ཞེས་གསུངས་སོ༔ དེའི་དོན་ཅི་ལྟར་ཉམས་སུ་ལེན་ཚུལ་ནི༔ རྡོ་རྗེའི་ཚིག་རྐང་ལས༔ སྤྱི་བོ་ནས་བཟུང་རྐང་མཐིལ་བར༔ གནས་དྲུག་རིགས་དྲུག་ས་བོན་ཏེ༔ ཨ་སུ་ནི་ཏྲི་པྲ་དུའོ༔ སླར་ཡང་གནས་གསུམ་འབྲུ་གསུམ་གྱི༔ ཧཱུྃ་ལས་མེ་འབར་ས་བོན་བསྲེགས༔ ཞེས་དང་༔ དེའི་འགྲེལ་པ་ཐུགས་རྗེ་ཆེན་པོས་གསུངས་པ་ལས༔ སྤྱི་བོ་ནས་བཟུང་སྟེ་མགྲིན་པ་སྙིང་ཁ་ལྟེ་བ་གསང་གནས་རྐང་མཐིལ་གྱི་བར་དུ༔ གནས་དྲུག་ཏུ་རིགས་དྲུག་གི་ས་བོན་བསམ་སྟེ༔ ཨ་


CMR057_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ནྲྀ་ཏྲི་པྲ་དུ་དེ་རྣམས་ཡིན་པའོ༔ སླར་ཡང་རང་གི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་འབྲུ་གསུམ་གྱི༔ ཧཱུྃ་ལས་མེ་འབར་ཏེ་རིགས་དྲུག་གི་ས་བོན་དེ་རྣམས་བསྲེགས༔ ཞེས་པ་ལྟར་བསྒོམས་ཏེ་ཡི་གེ་གསུམ་ཀ་ལས་མེ་འབར་བས་རིགས་དྲུག་ས་བོན་སྦྱང་བར་བསྒོམས་ལ༔ ཨོཾ་ཨཱཿཧཱུྃ་བདུན་འབུམ་སོགས་བསྙེན་ནོ༔ རིགས་དྲུག་ས་བོན་བསྲེགས་པའི་རྗེས་ཤེས་སེམས་ལ་བལྟའོ༔ དེས་ལུས་ངག་ཡིད་གསུམ་ཐ་མལ་གྱི་ཞེན་པ་འགགས་ན་རུ་ཤན་ཕྱེ་བའོ༔ དེ་ལྟར་ལུས་ངག་ཡིད་གསུམ་རུ་ཤན་ཕྱེ་བས༔ སྒོ་གསུམ་གྱི་སྡིག་པ་དག་ལུས་ངག་ཡིད་གསུམ་གྱི་བར་ཆད་ཞི༔ སྒོ་གསུམ་གྱི་ཞེན་པ་ལྡོག་པས་འཁོར་བར་མི་འཁྱམས༔ སྒོ་གསུམ་སྐུ་གསུམ་དུ་གྲོལ་ནས་སངས་རྒྱས་ཀྱི་སྐུ་གསུང་ཐུགས་དང་གཉིས་སུ་མེད་པར་སངས་རྒྱ་བའི་དགོས་པ་ཡོད་དོ༔ འདི་ལ་ཞག་བདུན་སྒོམས་ཤིག༔ དམིགས་ཐུན་བཅོ་ལྔ་པའོ༔ ༈ དེ་ནས་སྒོ་གསུམ་རྣལ་དུ་དབབ་པ་དང་སོར་གཞུག་པར་བྱ་སྟེ༔ ཀློང་གསལ་ལས༔ ལུས་ངག་ཡིད་གསུམ་འབྱུང་འཁྲུགས་པས༔ དེ་དག་གྲོལ་ཕྱིར་རྣལ་དུ་དབབ༔ ཅེས་དང་༔ སྒྲོན་མ་འབར་བ་ལས༔ འཁོར་


CMR057_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

འདས་རུ་ཤན་ཕྱེ་ནས་ནི༔ ལུས་ངག་རྣམས་ནི་རྣལ་དུ་དབབ༔ ཅེས་དང་༔ དེ་ལ་གོང་དུ་སྤྱོད་པ་བྱས་པས་འབྱུང་བ་འཁྲུགས་ཏེ་དགེ་སྦྱོར་ལ་མི་འཇུག་པས༔ རྣལ་དུ་ཕབ་ནས་འབྱུང་བ་མི་འཁྲུགས་པའོ༔ དང་པོ་ལུས་རྣལ་དུ་དབབ་པ་ནི་སྟན་བདེ་བ་ལ་ལུས་ཀྱི་ཆ་ཀློད་དེ་འདུག་པར་བྱའོ༔ དེ་ལ་དམིགས་པ་མེད་དེ་ངལ་གསོ་བ་ལྟ་བུ་ཡིན༔ ལུས་མི་འགུལ་བར་སྡོད་ཚུགས་ན་རྣལ་དུ་ཕེབས་པའོ༔ དེ་ལ་ཞག་གཅིག་མཛོད༔ ཆོས་ཐུན་བཅུ་དྲུག་གོ༔་ལ་༈ དེ་ནས་ངག་རྣལ་དུ་དབབ་པ་ནི༔ ངག་ཅི་ཡང་མི་སྨྲ་བར་ཞག་གཅིག་སྨྲ་བ་ཆོད་ལ་སྡོད་ཅིག༔ སྨྲ་མི་འདོད་ན་རྣལ་དུ་ཕེབས་པ་ཡིན་ནོ༔ དམིགས་བྱ་མེད་ཀྱང་ཆོས་ཐུན་བཅུ་བདུན་ནོ༔ ༈ ཡིད་རྣལ་དུ་དབབ་པ་ནི་སེམས་ཀྱི་དྲན་བསམ་ཐམས་ཅད་བཀག་ནས་ཀློད་དེ་སྡོད་ཅིག༔ འཇིག་རྟེན་གྱི་བྱ་བ་ཡིད་ལ་མི་འགྱུ་ན་རྣལ་དུ་ཕེབས་པའོ༔ དེ་ལྟར་སྒོ་གསུམ་རྣལ་དུ་ཕེབས་པས་གནས་སྐབས་སུ་འབྱུང་བ་མི་འཁྲུགས་པས་ནད་རྐྱེན་མི་འབྱུང་༔ མཐར་ལུས་ངག་ཡིད་གསུམ་གྱི་འཛིན་པ་རང་དག་ཏུ་གྲོལ་བའི་གནད་ཡོད་དོ༔ ཀློང་གསལ་ལས༔


CMR057_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལྟར་རྣལ་དུ་སུས་ཕབ་པ༔ འབྱུང་འཁྲུགས་ནད་རྐྱེན་ཞི་བ་དང་༔ འཛིན་པ་རང་གྲོལ་ཉིད་དུ་འགྱུར༔ ཞེས་གསུངས་སོ༔ ཆོས་ཐུན་བཅོ་བརྒྱད་པའོ༔ ༈ དེ་ནས་སོར་གཞུག་པ་ནི༔ ཀློང་གསལ་ལས༔ རྣལ་དུ་དབབ་ནས་སོར་ནི་འཇུག༔ ཀ་དག་དོན་ནི་རྟོགས་བྱའི་ཕྱིར༔ ཞེས་དང་༔ འདས་རྗེས་ལས༔ ཉན་ཐོས་བྱང་སེམས་ཁྲོ་བོ་ཡི༔ ལྟ་སྟངས་ཉིད་ཀྱིས་སོར་ཡང་གཞུག༔ དེས་ནི་གསུམ་པོ་སོར་ཆུད་ནས༔ ཉམས་ལེན་ཉིད་ལ་བརྩོན་པར་འགྱུར༔ ཞེས་གསུངས་པས༔ ལུས་ངག་ཡིད་གསུམ་གྱི་བྱ་བ་བཏང་སྟེ་རྩེ་གཅིག་ཏུ་ཁྲིད་མ་ཚར་བར་དུ་ཉམས་སུ་བླང་ངོ་༔ ད་ནི་ལུས་རྣལ་དུ་དབབ་པ་རྣམ་སྣང་ཆོས་བདུན་བཅའ༔ ངག་རྣལ་དུ་དབབ་པ་སྨྲ་བ་བཅད༔ ཡིད་རྣལ་དུ་དབབ་པ་མིག་གི་སྣ་རྩེའི་ཐད་དུ་བལྟ༔ སེམས་ཡང་དེར་རྩེ་གཅིག་ཏུ་གཏད་ལ་ཞོག་ཅིག༔ དེ་ནི་བྱང་ཆུབ་སེམས་དཔའི་ལྟ་སྟངས་ཏེ༔ བོ་དྷི་སཏཱའི་ལྟ་སྟངས་ཀྱིས༔ རྣལ་དབབ་བདེ་བ་ཉིད་ཐོབ་འགྱུར༔ ཞེས་གསུངས་སོ༔ དེ་ལྟར་ཞག་གཅིག་སྒོམས་ཤིག༔ ཆོས་ཐུན་བཅུ་དགུ་པའོ༔ ༈ དེ་ནས་ལུས་ཁྲོ་བོའི་ལྟ་སྟངས་སྤྱན་


CMR057_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ཀུན་བསྒྲད༔ ངག་ཏུ་ཧ་ཧ་ཧི་ཧི་ཧཱུཾ་ཧཱུཾ་ཕཊ་ཕཊ་བརྗོད༔ དེ་ནས་མིག་བར་སྣང་ལ་བསྡད་དེ་མ་འགུལ་བར་བལྟས་པས་རྣམ་རྟོག་ཟིལ་གྱིས་ནོན་ཏེ་གསལ་སྟོང་གི་ཉམས་སྐྱེའོ༔ ཁྲོ་བོ་ཉིད་ཀྱི་ལྟ་སྟངས་ཀྱིས༔ རྣལ་འབེབས་ཡོན་ཏན་གསུམ་ཡང་འགྲུབ༔ ཅེས་གསུངས་སོ༔ ཉན་ཐོས་ཀྱི་ལྟ་སྟངས་ནི་གོང་དུ་དོན་གྱིས་ཚང་ངོ་༔ དེ་ལྟར་སོར་ཆུད་པས་བདེ་གསལ་མི་རྟོག་པའི་ཉམས་སྐྱེ་བ་དང་ལྷག་མཐོང་ཀ་དག་གི་དགོངས་པ་རྟོགས་པར་འགྱུར་རོ་གསུངས་སོ༔ ཆོས་ཐུན་ཉི་ཤུའོ༔ ༈ ལ་ད་དངོས་གཞི་ཟག་མེད་ཀྱི་ཡེ་ཤེས་རྒྱུད་ལ་བསྟན་ཕྱིར་བྱ་བ་བཏང་བ་ནི༔ ཀློང་གསལ་ལས༔ བྱ་བ་དགུ་ཕྲུགས་ཉིད་དུ་གཏོང་༔ ཞེས་དང་༔ མངོན་སུམ་གནད་དུ་དབབ་པའི་ཕྱི་ནང་གསང་བའི་བྱ་བ་ནི༔ ལུས་ངག་ཡིད་གསུམ་དགུ་ཕྲུགས་བཏང་༔ ཞེས་པས༔ ལུས་ཕྱིའི་བྱ་བ་འཇིག་རྟེན་གྱི་བྱ་བ་སྤོངས༔ ནང་གི་བྱ་བ་ཆོས་སྤྱོད་སྤོངས༔ གསང་བའི་བྱ་བ་གྲོགས་མེད་ཅིག་པུར་སྡོད་དོ༔ ངག་ཕྱིའི་བྱ་བ་འཇིག་རྟེན་གྱི་གཏམ་ཐམས་ཅད་སྤྲོངས༔ ངག་ནང་གི་བྱ་བ་འཇིག་རྟེན་གྱི་འཁྲུལ་གཏམ་སྤོངས༔ གསང་བའི་བྱ་


CMR057_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལྐུགས་པ་ལྟར་སྨྲ་བ་བཅད༔ ཡིད་ཕྱིའི་བྱ་བ་འཇིག་རྟེན་པའི་བསམ་མནོ་སྤོངས༔ ནང་གི་བྱ་བ་ཆོས་སྤྱོད་ཀྱི་རྟོག་པ་སྤོངས༔ གསང་བའི་བྱ་བ་བསམ་མནོ་ཐམས་ཅད་སྤོངས༔ བྱ་བ་ཐེངས་རྟགས་ལུས་ངག་ཡིད་གསུམ་བྱ་བ་གང་ལ་ཡང་འཇུག་སྙིང་མི་འདོད་པ་འབྱུང་ངོ་༔ དེས་ལུས་ངག་ཡིད་གསུམ་གྱི་བྱ་བ་ཐེངས་པས༔ སྒོ་གསུམ་འཁྲུལ་ཕྱིར་མི་འབྲང་བས་ཟག་མེད་ཀྱི་ཡེ་ཤེས་མྱུར་དུ་འཆར་བའི་གནད་ཡོད་དོ༔ འདི་ཁྲིད་མ་ཚར་བར་དགོས་ཀྱང་ད་རེས་དང་པོ་ཞག་གཅིག་དེ་ལྟར་བྱ་བ་ཐོང་ལ་སྡོད་ཅིག༔ དེས་ནི་ལུས་ངག་འཁྲུལ་པ་རྒྱུན་བཅད་ནས༔ ཡེ་ཤེས་རྒྱུད་ལ་གནས་པར་འགྱུར༔ ཞེས་གསུངས་སོ༔ ཆོས་ཐུན་ཉེར་གཅིག་པའོ༔ ༈ལས་དེ་ནས་ལུས་ངག་ཡིད་གསུམ་གྱི་གནད་གཟིར་དགོས་ཏེ༔ ཐལ་འགྱུར་ལས༔ དེ་ཡང་ལུས་ནི་སྐུ་གསུམ་ལས༔ རྒྱུན་དུ་འདའ་བར་མི་བྱའོ༔ ཞེས་དང་༔ འདས་རྗེས་ལས༔ གླང་སེང་དྲང་སྲོང་བཞུགས་སྟངས་བྱ༔ ཞེས་གསུངས་པས༔ སྦྲུལ་གཅུས་ན་རྐང་ལག་མངོན་པའི་དཔེ༔ ལུས་གནད་གཅུན་པས་ཡེ་ཤེས་དངོས་སུ་འཆར་རོ༔ དེ་ལ་ཆོས་སྐུའི་བཞུགས་སྟངས་ནི༔ སྟན་གྱི་སྟེང་དུ་སེང་


CMR057_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

གེའི་འདུག་སྟངས་རྐང་མཐིལ་གཉིས་སྤྱད༔ པུས་མོ་ཕྱིར་བསྒད་ལ༔ ལག་མཐིལ་ས་ལ་བཙུགས་ཏེ་མཐེ་བོང་བཅངས་རོ་སྟོད་སེང་གེའི་ལྟར་ཤིག་གེ་བྱས་མཇིང་པ་ཡིད་ཙམ་གྱེན་དུ་སྟོད་ལ་སྨིན་ཕྲག་གི་ནམ་མཁའ་ལ་མིག་མི་འགུལ་བར་བལྟའོ༔ ཐལ་འགྱུར་ལས༔ ཆོས་སྐུའི་བཞུགས་སྟངས་སེང་གེ་ཡིས༔ འཁྲུལ་པའི་འཇིགས་པ་ཀུན་བྲལ་ནས༔ རྡོ་རྗེའི་མིག་གིས་མཐོང་བར་འགྱུར༔ ཞེས་གསུངས་སོ༔ དེས་ལུས་ཀྱི་འབྱུང་བ་འཛད་ཅིང་ཀ་དག་གི་དོན་རྟོགས་སོ༔ དེ་ལྟར་ཆོས་སྐུའི་བཞུགས་སྟངས་གྱིས་ལ་རྗེས་སུ་བློ་ལ་བྱང་བ་གལ་ཆེའོ༔ ཆོས་ཐུན་ཉེར་གཉིས་སོ༔ ༒ དེ་ནས་ལོངས་སྐུའི་བཞུགས་སྟངས་ནི༔ གདན་གྱི་ཐོག་ཏུ་ལུས་ཁ་སྦུབས་སུ་གླང་པོ་ཆེ་ཉལ་བ་ལྟར་བྱས༔ པུས་མོ་བྲང་ལ་སྦྱར་གྲུ་མོ་ས་ལ་བཙུགས་ཏེ༔ ལག་མཐིལ་གཉིས་ཀྱིས་ཨོག་ལྐོག་བརྟེན་ཏེ༔ སོར་མོ་འགྲམ་པ་ལ་སྦྱར་སྒལ་པ་བསྲངས་ཏེ་མིག་ནམ་མཁའ་ལ་ཟུར་གྱིས་ཧྲིལ་པོར་བལྟའོ༔ ཐལ་འགྱུར་ལས༔ ལོངས་སྤྱོད་རྫོགས་སྐུའི་བཞུགས་སྟངས་ཀྱིས༔ གླང་ཆེན་ཉལ་བ་ལ་བརྟེན་ནས༔ ཆོས་ཉིད་རྣམས་ལ་ལོངས་སྤྱོད་ཅིང་༔


CMR057_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

པདྨའི་སྤྱན་གྱིས་མཐོང་བར་འགྱུར༔ ཞེས་གསུངས་པས་གཡོ་བྱེད་ཀྱི་རླུང་ཟིན་ནས་ལྷུན་གྲུབ་ཀྱི་དོན་འཆར་རོ༔ ཞེས་གསུངས་པས་དེ་ལྟར་ལོངས་སྐུའི་བཞུགས་སྟངས་ཞག་གཅིག་མཛོད་ལ་རྗེས་སོར་ཡང་ཡིད་ལ་བྱུང་བ་གལ་ཆེའོ༔ ཆོས་ཐུན་ཉེར་གསུམ་པའོ༔ ༈ དེ་ནས་སྤྲུལ་སྐུའི་བཞུགས་སྟངས་ནི༔ སྟན་གྱི་ཐོག་ཏུ་རྐང་པའི་ལོང་བུ་གཤིབས་ཏེ་ཙོག་པུར་འདུག་ལ༔ ལག་གཉིས་མཁལ་ཁུང་ངམ་པུས་མོ་ལ་བསྐོར༔ སྒལ་ཚིགས་བསྲངས་ཏེ་མིག་ཟིམ་བུར་བར་སྣང་ལ་གཏད་དོ༔ ཐལ་འགྱུར་ལས༔ སྤྲུལ་པའི་སྐུ་ཡི་བཞུགས་སྟངས་ཀྱིས༔ དྲང་སྲོང་ཙོག་པུ་ལ་བརྟེན་ནས༔ ཆོས་ཉིད་སྣང་བ་རང་སྤྲུལ་པས༔ ཆོས་ཀྱི་མིག་གིས་མཐོང་བར་འགྱུར༔ ཞེས་གསུངས་པས༔ དྲོད་སྐྱེ་ཞིང་འབྱུང་བ་སྙོམས་འཁྲུལ་སྣང་ཞིང་ཁམས་སུ་འཆར་རོ༔ སྤྲུལ་སྐུའི་བཞུགས་སྟངས་ཞག་གཅིག་སྦྱངས་ལ་རྒྱུན་དུ་ངེས་པར་མཛོད་ཅིག༔ དེ་ལྟར་གནད་གསུམ་གྱིས་གཟིར་བར་ལུས་བཞུགས་སྟངས་ལ་མི་བདེ་བ་མེད་པ་དང་༔ ངག་ལྐུགས་པ་ལྟར་སྨྲ་བ་ཉུང་༔ སེམས་གཏད་པའི་འབེན་ལ་རྟག་ཏུ་གནས་ན་འབྱོངས་རྟགས་སོ༔ ཆོས་ཐུན་ཉེར་བཞི་


CMR057_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

པའོ༔ ༈ དེ་ནས་ངག་གནད་གཟེར་བ་ནི༔ ཀློང་གསལ་ལས༔ དེ་ལྟར་ངག་གནད་མ་གཟིར་ན༔ བརྗོད་མེད་དོན་ནི་མི་རྟོགས་ཤིང་༔ འཁྲུལ་པའི་གཏམ་གྱིས་དོན་ལ་བསྒྲིབ༔ ངག་གི་གནད་གཟིར་མཆོག་ཏུ་གཅེས༔ ཞེས་དང་༔ ཐལ་འགྱུར་ལས༔ ངག་ནི་བསླབ་དང་གནས་པ་དང་༔ ལ་བཟླ་ཉིད་ལ་གནས་པར་བྱ༔ ཞེས་གསུངས་པས༔ སྨྲ་བ་མ་བཅད་ན༔ བརྗོད་མེད་ཀྱི་དོན་རྒྱུད་ལ་མི་སྐྱེ་ཞིང་འཆལ་གཏམ་གྱིས་ཉོན་མོངས་སྐྱེ་བས༔ དང་པོ་སྨྲ་བ་བཅད་ཡུན་ཐུང་བར་བྱ་དེ་ནས་ཡུན་ཇེ་རིང་བྱ༔ སྐབས་སུ་ཆོས་སྤྱོད་སོགས་གསལ་པོར་བརྗོད་གཞན་གཏམ་མི་སྨྲ༔ གཞན་ལ་ལག་བརྡ་སོགས་བྱ༔ དེ་ནས་བརྗོད་པ་ཐམས་ཅད་དགག་ལ་ལྐུགས་པ་ལྟར་གནས་པར་བྱའོ༔ དེས་ཉོན་མོངས་མི་སྐྱེ་རིག་པའི་དོན་མྱུར་དུ་རྟོགས་ནས་སངས་རྒྱས་ཀྱི་གསུང་གི་ཀློང་དུ་མྱ་ངན་ལས་འདའ་སྟེ༔ རྒྱུད་ལས༔ དེ་ལྟར་ངག་གནད་སུས་གཟིར་བ༔ ངག་གི་སྐྱོན་ཟད་མྱ་ངན་འདའ༔ ཞེས་གསུངས་སོ༔ འབྱོངས་རྟགས་ངག་ལྐུགས་པ་ལྟར་འགྱུར་རོ༔ དེ་ལྟར་ཞག་གཅིག་ངག་ཆོད་ཅིག༔ ཆོས་ཐུན་ཉེར་ལྔ་


CMR057_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

༈ ལ་ལས་དེ་ནས་སེམས་ཀྱི་གནད་གཟིར་བ་ནི༔ ཀློང་གསལ་ལས༔ སེམས་ཀྱི་གནད་ཉིད་མ་གཟིར་ན༔ དབྱིངས་དང་རིག་པ་མི་མཐོང་བས༔ གནད་གཟིར་གཏད་པའི་འབེན་ཉིད་བཅའ༔ ཞེས་དང་༔ སེམས་ཉིད་ཕྱི་ཡི་མཁའ་ལ་གཏད༔ ནང་གི་སྒྲོན་མ་མངོན་དུ་སྣང་༔ ཞེས་དང་༔ ཐལ་འགྱུར་ལས༔ སེམས་ནི་དབྱིངས་ལ་གཏད་པས་འགྲུབ༔ ཅེས་དང་༔ འདས་རྗེས་ལས༔ སེམས་ནི་སྨིན་ཕྲག་མཁའ་ལ་བལྟ༔ སྐུ་གསུམ་རིག་པ་སྟོང་པར་འཆར༔ ཡི་གེ་མེད་པ་ལས༔ མིག་ནི་ནམ་མཁའི་དབྱིངས་སུ་བལྟ༔ ཞེས་གསུངས་པས༔ སེམས་གཏད་པའི་འབེན་ནི་ཕྱིའི་དབྱིངས་ནམ་མཁའ་སྟོང་པ་ལ་སེམས་མ་ཡེངས་པར་གཏད་པས་ཡུལ་སྟོང་པ་དེ་ལ༔ ནང་དབྱིངས་རྣམ་པར་དག་པའི་སྒྲོན་མ་རིག་པ་སྟོང་གསལ་དུ་འཆར་བས་སོ༔ དེ་ལྟར་སེམས་ཀྱི་གནད་གཟིར་བས་རིག་པ་མངོན་དུ་གསལ་བས༔ མཐར་ལྷག་མེད་དུ་སངས་རྒྱའོ༔ རང་རིག་ངོས་སུ་ཟིན་པ་དང་༔ ཐ་མ་ལྷག་མེད་འགྲུབ་པར་འགྱུར༔ ཞེས་གསུངས་སོ༔ སེམས་གཏད་པའི་འབེན་ལ་རྟག་ཏུ་གནས་ན་འབྱོངས་རྟགས་སོ༔ དེ་ལྟར་ཞག་གཅིག་


CMR057_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ནམ་མཁའི་དབྱིངས་སུ་གཏོད་ཅིག༔ ཆོས་ཐུན་ཉེར་དྲུག་གོ༔ ༈ དེ་ནས་མངོན་སུམ་རང་ཐོག་དབབ་པ་ལ་གནད་གསུམ་གཟིར་མི་དགོས་ཏེ༔ ཀློང་གསལ་ལས༔ གནད་གསུམ་མངོན་དུ་མ་གཟིར་ན༔ མངོན་སུམ་རང་ཐོག་མི་ཕེབས་ཏེ༔ ཡིད་དཔྱོད་འཛིན་དང་ཁྱད་པར་མེད༔ གནད་གསུམ་བཙལ་བ་མཆོག་ཏུ་གཅེས༔ ཞེས་གསུངས་སོ༔ དེ་ལ་ལུས་ཙིཏྟ་རིན་པོ་ཆེའི་ནང་ན་རིག་པའི་ཡེ་ཤེས་གནས་པ་དེ༔ ཡེ་ཤེས་འཆར་བའི་སྒོ་མིག་གཉིས་རྩ་བ་མེན་གྱི་རྭ་ལྟ་བུ་སྙིང་དང་འབྲེལ་བའི་ནང་ནས་མིག་ལ་ཡེ་ཤེས་འཆར་བའི་སྒོ་ཡིན༔ དེ་འཆར་བྱེད་སྐུ་གསུམ་གྱི་གཟིགས་སྟངས་ཀྱིས་བལྟས་པས་ནམ་མཁའ་སྤྲིན་དང་བྲལ་བ་ལ་འཆར་རོ༔ དེ་ཡང་རླུང་གི་གནད་དལ་བར་རྒྱུན་མཆུ་སོ་མ་རེག་ཙམ་དུ་ཁ་ནས་བཏང་ཕྱི་རྒྱུནང་རྒྱུ་ཆ་སྙོམས་པ་ལ་ཕྱིར་བག་ཙམ་འདུར་རོ༔ ཕྱི་དབྱིངས་ནམ་མཁའ་སྟོང་པ་ལ་ནང་དབྱིངས་རྣམ་པར་དག་པའི་སྒྲོན་མ་འཇའ་ལྟ་བུ་ལ་དེའི་ནང་དུ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་མུ་ཏིག་གམ་མེ་ཏོག་གི་དྲ་བ་རླུང་གིས་བསྐྱོད་པ་ལྟ་བུ་མང་དུ་འཆར་བས༔ དེ་གང་དུ་ཡང་མི་གཏོང་བར་འདུན་པ་རྩེ་གཅིག་


CMR057_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

གིས་གཟུང་ངོ་༔ ཐལ་འགྱུར་ལས༔ དབྱིངས་ནི་ཕྱི་དང་ནང་དུ་སྟེ༔ ཕྱི་ནི་སྤྲིན་བྲལ་ནམ་མཁའ་འཛིན༔ ནང་ནི་སྒྲོན་མའི་ལམ་དུའོ༔ ཞེས་དང་༔ ཐལ་འགྱུར་ལས་རླུང་རིག་དལ་བས་ཡེ་ཤེས་འགྲུབ༔ ཅེས་དང་༔ འདས་རྗེས་ལས༔ ལུག་རྒྱུད་རིག་པ་བཙོན་དུ་བཟུང་༔ ཞེས་གསུངས་སོ་༔ དེ་དག་གི་དོན་རྡོ་རྗེའི་ཚིག་རྐང་ལས་དཀར་ནག་དམར་ལ་ཟིམ་བུས་བལྟ༔ ཐིག་ལེ་ཐིག་ཕྲན་ལུ་གུ་རྒྱུད༔ ཅེས་དང་༔ དེའི་འགྲེལ་པ་ཐུགས་རྗེ་ཆེན་པོས་གསུངས་པ་ལས༔ ཉི་མ་ལ་བལྟ་བ་དཀར་པོ༔ ཟླ་བ་ལ་བལྟ་བ་ནག་པོ༔ མར་མེ་ལ་བལྟ་བ་དམར་པོ༔ དེ་གསུམ་ཁ་ལ་མིག་ཟིམ་བུར་བལྟའོ༔ འོད་ཐིག་ལེ་དང་ཐིག་ཕྲན་དང་ལུ་གུ་རྒྱུད་རྣམས་ནི༔ ཞེས་གསུངས་པས༔ རིག་པ་སྙིང་གི་དཀྱིལ་དུ་གནས་པ་ཙིཏྟ་ཤའི་སྒྲོན་མ༔ སྙིང་དང་མིག་གཉིས་འབྲེལ་བ་དེ་དཀར་འཇམ་རྩ་ཡི་སྒྲོན་མ༔ མིག་གིས་མཐོང་བ་མ་འགགས་པར་གསལ་བ་རྒྱང་ཞགས་ཆུའི་སྒྲོན་མ༔ རྒྱུ་བདེ་གཤེགས་སྙིང་པོ་སེམས་ཅན་ཡོངས་ལ་གནས་པ་ནི་གནས་པ་གཞིའི་སྒྲོན་མ༔ བར་དོར་འཇའ་འོད་ཐིག་ལེ་སོགས་འཆར་བ་རང་ངོ་ཤེས་ཏེ་གྲོལ་བ་ནི་


CMR057_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

བར་དོ་དུས་ཀྱི་སྒྲོན་མ༔ ཚེ་འདིར་འདི་ཁོ་ན་ཉམས་སུ་བླངས་ན་ཆོས་ཉིད་ཟད་པའི་སྣང་བ་མཐར་ཕྱིན་ཏེ་ཕྱིར་མི་ལྡོག་པ་ནི་མཐར་ཐུག་འབྲས་བུའི་སྒྲོན་མ་ཞེས་བྱ་བ་ཡིན་ཏེ༔ དེ་དག་གི་དོན་རྒྱུད་གཞུང་རྣམས་ལས་རྒྱ་ཆེར་བཤད་དོ༔ དེས་ན་ད་ལམ་ནས་བཟུང་སྟེ་ནམ་མཁར་སུརླ་ལ་མིག་ཟིམ་བུར་ལྟོས་ཤིག༔ ཆོས་ཐུན་ཉེར་བདུན་ནོ༔ ༈ ལ་དེ་ནས་དུས་རྒྱུན་དུ་བཞུགས་སྟངས་གསུམ་པོ་གང་རུང་དང་མ་བྲལ་བར༔ ཕྱི་ནམ་མཁའ་སྟོང་པ་ལ་དབང་པོ་མདུང་ཚུགས་སུ་གཏད་པས་ཕྱིའི་དབྱིངས་མྱུར་དུ་མཐོང་ངོ་༔ ཀློང་གསལ་ལས༔ ཙཀ་ཟིམ་བུས་སཱུརྱ་བལྟ༔ ཤར་གྱི་རྒྱུ་སྐར་བཞིན་དུ་གསལ༔ ཞེས་གསུངས་པས༔ དབང་པོ་སུརླའི་ཕྱོགས་སུ་ཧྲིལ་པོར་གཡས་གཡོན་དུ་བལྟ་བའམ༔ ཟིམ་བུས་བལྟས་པས་ནང་གི་དབྱིངས་རིག་པའི་སྒྲོན་མ་མྱུར་དུ་མཐོང་ཞིང་༔ དེ་ནས་དབང་པོ་བར་སྣང་ལ་ཁྲིད་ཅིང་བལྟས་པས་འཁྲུལ་སྣང་ཐམས་ཅད་ཞིང་ཁམས་སུ་འཆར་བར་གསུངས་སོ༔ དེ་ཡང་ཉི་མ་ལ་ཡུན་རིང་བལྟས་ཤིང་༔ མཚན་ཟླ་བ་ལའང་དེ་ལྟར་བལྟས་པས་མིག་ལ་མི་གནོད་པར་མིག་ཤེད་སྐྱེའོ༔ ཟླ་བ་མེད་


CMR057_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དུས་མར་མེ་ལ་ཡང་བལྟའོ༔ ལུས་ཚད་པ་ཤས་ཆེ་ན་ཆོས་སྐུའི་བཞུགས་སྟངས༔ གྲང་བ་ཤས་ཆེ་ན་སྤྲུལ་སྐུའི་བཞུགས་སྟངས༔ ཚ་གྲང་སྙོམས་ན་ལོངས་སྐུའི་བཞུགས་སྟངས་བྱས་ལ་བལྟའོ༔ དེ་ཡང་གཟིགས་སྟངས་གསུམ་གྱིས་བལྟ་བ་ཡིན་ཏེ༔ འདས་རྗེས་ལས༔ སྒོ་གན་བཟློག་ཕབ་ཟུར་གྱིས་ནི༔ གཟིགས་སྟངས་རྣམ་པ་གསུམ་དུ་བལྟ༔ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་ཡི༔ གཟིགས་སྟངས་གསུམ་ལས་འདས་པ་མིན༔ ཞེས་པས་ཆོས་སྐུའི་གཟིགས་སྟངས་ནི༔ མིག་གྱེན་དུ་བཟློག་ལ་བལྟས༔ དེ་ལྟར་བྱས་པས་མཚན་མ་དང་བྲལ་བའི་ཀློང་དུ་མྱ་ངན་ལས་འདའོ༔ ལོངས་སྐུའི་གཟིགས་སྟངས་ཟུར་གྱིས་ཧྲིག་པོར་བལྟས་པས༔ དབྱིངས་རིག་མྱུར་དུ་མཐོང་ངོ་༔ སྤྲུལ་སྐུའི་གཟིགས་སྟངས་ཡུད་ཙམ་ཕབ་ལ་བཏང་ལ་བལྟས་པས་འཁྲུལ་སྣང་ཞིང་ཁམས་སུ་འཆར་རོ༔ དེ་ལྟར་ཡང་ནམ་མཁའ་དང་མཉམ་པ་ལས༔ ཆོས་ཀྱི་སྐུ་ཡི་གཟིགས་སྟངས་ཀྱིས༔ ཁམས་གསུམ་འཁོར་བ་དབྱིངས་ནས་འདོན༔ ལོངས་སྐུ་སྲིད་པའི་གཞི་མ་འཛིན༔ སྤྲུལ་སྐུ་སངས་རྒྱས་ཞིང་དུ་སྒྲོལ༔ ཞེས་གསུངས་སོ༔ དེ་ལྟར་བཞུགས་སྟངས་གསུམ་དང་གཟིགས་སྟངས་


CMR057_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པོ་གང་རུང་མ་འཆུགས་པར་ལྟོས་ཤིག༔ ཆོས་ཐུན་ཉེར་བརྒྱད་པའོ༔ ༈ དེ་ནས་ངོ་སྤྲོད་པ་ནི༔ སྐྱེ་བ་མེད་པའི་སེམས་ཉིད་འདི་ལ་རང་བཞིན་གྱི་རྩལ་ལྔའི་ཆོ་འཕྲུལ་དག་པ་ཡེ་ཤེས་ལྔའི་རྣམ་པར་འཆར་བ་སྟེ༔ དབྱིངས་རིག་གཉིས་ལ་ཕྱི་དབྱིངས་ནམ་མཁའ་རྣམ་པར་དག་པ་ནང་དབྱིངས་སྟོང་པའི་འོད་གསལ༔ གསང་དབྱིངས་རྣམ་དག་སྒྲོན་མ་འཇའ་ཚོན་དང་རྨ་བྱའི་སྒོ་ལྟ་བུ་ཁ་དོག་སྣ་ཚོགས་འཆར༔ དེ་ཁོ་ན་ཉིད་ཀྱི་དབྱིངས་སེམས་ཀྱི་ངོ་བོ་འབྱུང་ལྔ་འདུས་པའི་འོད་སྐྱེ་མེད་ཀྱི་ངོ་བོའོ༔ རིག་པའི་རྟགས་ཐིག་ལེ་འགྱུ་བ་དང་བཅས་པ་ཤིན་ཏུ་ཕྲ་བ་རྟ་རྔའི་མདུད་པའམ་ལྕགས་ཐག་གམ་དྲྭ་བ་དྲྭ་ཕྱེད་རླུང་གིས་བསྐྱོད་པ་ལྟ་བུ་རིམ་པར་འཆར༔ དང་པོ་ཕྱི་དབྱིངས་ནམ་མཁའི་ཀློང་དུ་འཆར༔ དེ་ནས་ནང་དབྱིངས་སྟོང་པའི་འོད་ལ་འཆར༔ དེ་ནས་གསང་དབྱིངས་འཇའ་ཚོན་རྨ་བྱའི་སྒོ་ལྟ་བུའི་དབུས་སུ་འཆར་རོ༔ འོད་ལྔ་དེའི་ཀློང་དུ་ཐིག་ལེ༔ འགྱུར་མེད་རིག་པ་ཉིད་རྫི་མའི་རྒྱུད་ལ་བཙོན་དུ་བཟུང་སྟེ༔ ཕོ་བྲང་འཇའ་ཟླུམ་གྱི་དཀྱིལ་འཁོར་འཆར་རོ༔ ཡང་སྔས་འབོལ་སྟེང་དུ་ལུས་ཆ་བསྲང་སྟེ་གན་རྐྱལ་ཉལ་བའི་


CMR057_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

གདོང་ལ་རས་སམ་དར་རམ་སྣམ་བུ་སྲབ་མོས་དམ་ལྷོད་རན་པར་ཁ་དོག་དམར་པོས་གདོང་དགབ་སྟེ་ཉི་མ་ལ་བལྟས་པས༔ ཐིག་ལེ་བསེ་ཕུབ་ཙམ་འོད་ལྔས་བསྐོར་བའི་ནང་དུ་ལུག་རྒྱུད་འཆར་རོ༔ ཉི་མ་ལ་ཡུད་རེ་བལྟས་ནས་ཉི་མ་མེད་པའི་ཕྱོགས་སུ་བལྟས་ཀྱང་ཐིག་ལེ་ཁ་དོག་སྣ་ཚོགས་འཆར་བ་ལ་བལྟའོ༔ ཆོས་ཐུན་ཉེར་དགུའོ༔ ༈ དང་དེ་ལྟར་འོད་དང་ཐིག་ལེ་ཐིག་ཕྲན་འཆར་བ་ལ་ལྟ་བ་དེ་ཡང་ཁྲེགས་ཆོད་ཀྱི་བོགས་འདོན་ཡིན་པས༔ ཨུ་རྒྱན་རིན་པོ་ཆེས༔ དོན་ལ་བལྟ་བ་ནི་ཐིག་ལེ་འོད་ཀྱི་སྣང་བ་ཅི་ཤར་ཡང་ཞེན་མེད་བདེ་སྟོང་གི་ངང་དུ་ཉམས་སུ་བླངས་པས༔ བདེ་གསལ་མི་རྟོག་པའི་ཉམས་ཅི་ཤར་ཡང་ཞེན་འཛིན་མི་བྱ༔ བྱིང་རྒོད་འབྱམས་གསུམ་གྱི་སྐྱོན་སྤང་༔ བློ་འདས་ཀྱི་དོན་དང་མི་བྲལ་བར་ཉམས་སུ་བླངས་པས་ཡེ་ཤེས་ཀྱི་སྐུ་དང་གཉིས་སུ་མེད་པར་འདྲེས་ནས༔ ཡེ་ཤེས་འོད་ལུས་ཀྱི་སྐུ་དབྱིངས་སུ་ཡལ་ནས་མྱ་ངན་ལས་འདས་པར་འགྱུར་རོ༔ ཞེས་དང་༔ ཁྲེགས་ཆོད་ཀྱི་སྐྱེ་བ་མེད་པའི་གདེང་ཐོབ་ནས༔ ངོ་བོ་མཉམ་ཉིད་ལ་གནས་པར་བྱ༔ དེའི་སྟེང་དུ་ཐོད་རྒལ་གྱི་རང་བཞིན་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་སྣང་བ་དག་པ་


CMR057_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ཀྱི་ཆ་མ་འགགས་པར་མངོན་སུམ་དུ་རྩལ་རྫོགས་པར་བྱས༔ ཞེས་དང་༔ ཟུང་འཇུག་ཏུ་གྲུབ་པ་ན་རིག་པ་མངོན་སུམ་གྱི་ཡེ་ཤེས་རྩལ་རྫོགས་པར་རྟོགས་པར་བྱའོ༔ ཞེས་དང་༔ དེ་གཉིས་ཟུང་འཇུག་ཏུ་བསྒོམ་སྦྱངས་པས་ངོ་བོ་སྐྱེ་བ་མེད་པ་དང་༔ རང་བཞིན་ལྷུན་གྱིས་གྲུབ་པའི་ཟུང་འཇུག་རྟོགས་པར་བྱའོ༔ ཞེས་གསུངས་པས༔ ཐིག་ལེ་དང་ལུ་གུ་རྒྱུད་སོགས་འཆར་ཚེ་རྣམ་པ་དེ་ལྟར་གསལ་བའི་ངང་ནས་ངོ་བོ་སྟོང་ཉིད་ཀྱི་དོན་ལ་བལྟ་བ་ནི་གལ་ཆེའོ༔ ཆོས་ཐུན་སུམ་ཅུ་པའོ༔ དེ་ནས་ཉམས་སུ་བླངས་པས་ས་ལམ་ཇི་ལྟར་བགྲོད་ཚུལ་སྣང་བ་བཞིའི་འཆར་ལུགས་ནི༔ རྡོ་རྗེའི་ཚིག་རྐང་ལས༔ ཐིག་ལེ་ཐིག་ཕྲན་ལུ་གུ་རྒྱུད༔ འོད་མདངས་ཇེ་ལས་ཇེ་ཆེར་གསལ༔ ཆོས་ཉིད་མངོན་སུམ་སྣང་བ་ཡིན༔ ཡིད་དཔྱོད་འཛིན་པའི་སྣང་བ་ནུབ༔ ཅེས་དང་༔ དེའི་འགྲེལ་པ་ཐུགས་རྗེ་ཆེན་པོས་གསུངས་པ་ལས༔ འོད་ཐིག་ལེ་དང་ཐིག་ཕྲན་དང་ལུ་གུ་རྒྱུད་རྣམས་ནི༔ འོད་དང་མདངས་རྣམས་རྗེ་ལས་ཇེ་ཆེ་ལས་ཇེ་ཆེར་གསལ་འོང་༔ ཆོས་ཉིད་མངོན་སུམ་དུ་རྟོག་པའི་སྣང་བ་ཡིན།


CMR057_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་ཀྱི་དཔྱོད་པ་འཛིན་པ་རྣམས་ཀྱི་སྣང་བ་ནུབ་པར་འགྱུར་རོ༔ ཞེས་པའི་དོན་ནི༔ བླ་མས་ངོ་སྤྲད་པས་རང་གི་སྨིན་མཚམས་སུ་དབྱིངས་རྣམ་པར་དག་པའི་སྒྲོན་མ་ཞེས་བྱ་བ༔ འཇའ་འམ་རྨ་བྱའི་མདོངས་ལྟ་བུ་འཆར༔ དེ་དག་གི་ནང་དུ་ཐིག་ལེ་སྟོང་པའི་སྒྲོན་མ་ཕུབ་ཀྱི་སྦ་འཁོར་རམ་ཀོ་མོག་རུ་རྡོ་བོར་བ་ལྟ་བུ་ལ༔ ཉུངས་འབྲུའམ་སྲན་འབྲུ་ཙམ་འཆར༔ དེའི་ནང་དུ་རིག་པ་རང་གི་ངོ་བོ་རྡོ་རྗེ་ལུ་གུ་རྒྱུད་ཕྲ་བ་རྟ་རྔ་མདུད་པ་བྱས་པ་ལྟ་བུ༔ མུ་ཏིག་བལྟར་ལ་བརྒྱུས་པ་ལྟ་བུའམ༔ རིག་པ་འདུ་འབྲལ་མེད་པ་ཉི་མ་དང་འོད་ཟེར་ཚུལ་དུ་གནས་སོ༔ དེ་ཡང་དབྱིངས་ཀྱི་རྟགས་སུ་ཁྱིམ༔ ཡེ་ཤེས་ཀྱི་རྟགས་སུ་ཐིག་ལེ༔ སྐུའི་རྟགས་སུ་ལུ་གུ་རྒྱུད་དོ༔ དེ་དག་ཙིཏྟ་རིན་ཆེན་གནས་ན་ངོ་བོ་ཀ་དག་རང་བཞིན་སྐུ་དང་འོད་དུ་གསལ་ཞིང་ཐུགས་རྗེ་ཀུན་ལ་ཁྱབ་པར་བཞུགས་པ་དེ་དབང་པོའི་མངོན་སུམ་དུ་མཐོང་བས༔ ཡིད་དཔྱོད་འཛིན་པའི་ལྟ་བ་ཚིག་དང་བློ་དང་ཤེས་རབ་ཀྱི་རྟོག་དཔྱོད་ཀྱི་ལྟ་བ་ནུབ་བོ༔ དེ་ལྟར་ཡང་ཐལ་འགྱུར་ལས༔ ཆོས་ཉིད་མངོན་སུམ་སྣང་བ་ནི༔ དབང་པོའི་སྒོ་ལ་ངེས་ཐོན་ཏེ༔ སྤྲིན་མེད་པ་ཡི་མཁའ་ལ་གསལ༔ ཞེས་དང་༔ ཀློང་གསལ་


CMR057_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

ལས༔ རྐྱེན་བྲལ་མཁའ་ལ་བླ་མ་ཡིས༔ གཟིགས་སྟངས་གཅུན་ཅིང་ངོ་སྤྲད་པས༔ དབང་པོའི་སྒོ་ལ་སྒོན་མ་ནི༔ འཇའ་འམ་རྨ་བྱའི་མདོངས་ལྟ་བུ༔ ཐིག་ལེ་ལུག་རྒྱུད་འབྲེལ་བ་ལས༔ འགུལ་འཕྲིག་རྒྱུ་བའི་རྣམ་པར་བརྒྱུད༔ ཅེས་གསུངས་སོ༔ དེ་མངོན་སུམ་དུ་མཐོང་བའི་ཡོན་ཏན་ནི༔ འདས་རྗེས་ལས༔ མངོན་སུམ་གནད་འདི་སུས་མཐོང་བས༔ ཁམས་གསུམ་བཟློག་པ་མ་ཡིན་ནོ༔ ཞེས་དང་༔ ཀློང་གསལ་ལས༔ རིག་པ་མངོན་སུམ་མཐོང་བ་ནི༔ བདེན་པ་མཐོང་བའི་གནད་ཀྱིས་སུ༔ ཁམས་གསུམ་བཟློག་པ་མ་ཡིན་ནོ༔ ཞེས་གསུངས་པས༔ གནས་སྐབས་སུ་ཡིད་དཔྱོད་དང་བྲལ༔ མཐར་ཐུག་ཕྱིར་མི་ལྡོག་གོ༔ ཆོས་ཐུན་སུམ་ཅུ་གཅིག་པའོ༔ ༈ དེ་ནས་ཉམས་གོང་འཕེལ་གྱི་སྣང་བ་འཆར་ལུགས་ནི༔ རྡོ་རྗེའི་ཚིག་རྐང་ལས༔ བདེ་དང་གསལ་དང་མི་རྟོག་ཉམས༔ གང་ཅི་ཤར་ཡང་མི་བརྟན་ཅིང་ཉམས་སྣང་གང་དང་གང་འཕེལ་ཡང་༔ ཐུན་མོང་བར་དོར་མངོན་སངས་རྒྱས་ཞེས་དང་༔ དེའི་འགྲེལ་པ་ཐུགས་རྗེ་ཆེན་པོས་གསུངས་པ་ལས༔ བདེ་བ་དང་གསལ་བ་དང་


CMR057_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

མི་རྟོག་པའི་ཉམས་ནི༔ གང་དང་ཅི་ཤར་ཡང་མི་བརྟན་ཅིང་༔ རང་གི་ཉམས་དང་སྣང་བ་གང་དང་གང་འཕེལ་ཡང་༔ ཐུན་མོང་གི་ལམ་བར་དོར་མངོན་པར་སངས་རྒྱས་སོ༔ ཞེས་གསུངས་པའི་དོན་ནི༔ ཤེས་ཉམས་དང་སྣང་ཉམས་གཉིས་ལས་འདིར་སྣང་ཉམས་ཏེ་གདམས་པ་ཉམས་སུ་བླངས་པས་དབྱིངས་དང་རིག་པ་རེས་གསལ་རེས་མི་གསལ་བ་འབྱུང་༔ དེ་ནས་འོད་ལྔ་དུམ་བུ་དང་གྱེན་འགྲེངས་དང་རྩིབ་ཤར་དང་༔ མདུང་རྩེ་དང་རེ་ལྡེའི་རྣམ་པ་ལྟ་བུར་འབྱུང་ཞིང་༔ འོད་ཀྱིས་རང་མདུན་ཁྱབ་པ་ལ་ཐིག་ལེ་ཡང་མེ་ལོང་ཙམ་དུ་འགྲོ༔ རིག་པ་ནི་འདབ་ཆགས་འཕུར་སྐྱེན་ཙམ་དུ་འགྲོ༔ དེ་ནས་དབྱིངས་ཀྱི་སྣང་བ་དེ་ལ་རིན་པོ་ཆེའི་དྲྭ་བ་དང་༔ འོད་ཀྱི་དྲ་བ་དྲྭ་ཕྱེད་མིག་མང་རིས་དང་༔ མིག་ཚག་དང་མདུང་རྩེ་དང་མདའ་དང་པདྨ་སྟོང་ལྡན་ལྟ་བུ་དང་༔ ཉི་ཟླ་དང་མཁར་ཐབས་རལ་གྲི་རྡོ་རྗེ་འཁོར་ལོ་གྲི་ཁུག་མེ་ལྕེ་དང་ཉ་མིག་ལྟ་བུར་འཆར༔ འོད་དེས་ལུང་པ་འགེངས་ཤིང་ཐིག་ལེ་ནི་འཁར་ཕོར་ཙམ་དུ་འགྱུར༔ རིག་པ་རི་དྭགས་སྤང་རྩིབ་ལ་རྒྱུག་པ་ཙམ་དུ་འགྲོ༔ དེ་ནས་འོད་ཀྱིས་ཡུལ་ཁམས་ཁྱབ་པར་འཆར་ཞིང་ཐིག་ལེ་བསེ་ཕུབ་ཙམ་དུ་


CMR057_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ༔ རིག་པ་བུང་བ་བཅུད་ལ་འཁོར་བ་ཙམ་འགྲོ༔ དེ་ནས་འོད་ནི་སྟོང་གསུམ་ཙམ་དུ་ཁྱབ་ཅིང་དབྱིངས་རིག་ཉིན་མཚན་མེད་པར་གསལ༔ ཐིག་ལེའི་ནང་དུ་སྐུ་རྐྱང་པ་རེ་སྣང་ལ་རིག་པའི་བར་དུ་ཡང་སྐུ་ཕྲ་མོ་འབྱུང་༔ རིག་པ་ནི་འགུལ་ཕྲིག་མེད་པར་བསྡད་དོ༔ དེ་བྱུང་ན་བར་དོའི་སྣང་བ་ད་ལྟ་གཏན་ལ་ཕེབས་པས་ཕྱིས་བར་དོ་མེད་དོ༔ དེ་ལྟར་ཡང་ཐལ་འགྱུར་ལས༔ ཉམས་ཀྱི་སྣང་བ་གོང་འཕེལ་ནི༔ ཡེ་ཤེས་ཁ་དོག་ཕྱིར་བྱུང་ནས༔ གྱེན་འགྲེང་དང་ནི་རྩིབ་ཤར་དང་༔ ཐིག་ལེ་སྣ་ཚོགས་སྐུ་ཉིད་དོ༔་རིག་པ་སྣང་བའི་ཡུལ་ལ་གསལ༔ ཞེས་དང་༔ སྐུ་ཤར་ཉམས་ཀྱི་འཕེལ་རྫོགས་ནས༔ བར་དོའི་སྣང་བ་འདིར་ཆོད་ནས༔ ལོངས་སྤྱོད་ངོས་ཟིན་བར་དོ་སྟོང་༔ ཞེས་གསུངས་སོ༔ ཆོས་ཐུན་སུམ་ཅུ་རྩ་གཉིས་པའོ༔ ༈ དེ་ནས་རིག་པ་ཚད་ཕེབས་ཀྱི་སྣང་བ་ནི༔ རྡོ་རྗེའི་ཚིག་རྐང་ལས༔ དཀར་ནག་དམར་ལ་བལྟས་པ་ཡིས༔ ཁ་དོག་ལྷ་སྐུ་ཇེ་ཆེར་གསལ༔ ཡང་ན་ཐིག་ལེ་དཀར་པོའི་ནང་༔ རྣམ་པར་སྣང་མཛད་ལ་སོགས་ཤར༔ ཡང་ན་ཐིག་ལེ་རེ་རེ་ལ༔ རྒྱལ་བ་རིགས་ལྔ་གསལ་བར་


CMR057_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

འཆར༔ རིག་པ་ཚད་ཕེབས་ལོངས་སྐུ་ཟིན༔ ཞེས་དང་༔ དེའི་འགྲེལ་པ་ཐུགས་རྗེ་ཆེན་པོས་གསུངས་པ་ལས༔ ཡང་ཉི་མ་ལ་བལྟ་བ་དཀར་པོ་དང་༔ ཟླ་བ་ལ་བལྟ་བ་ནག་པོ་དང་༔ མར་མེ་ལ་བལྟ་བ་དམར་པོ་རྣམས་བལྟས་པའི་ཐིག་ལེ་ཐིག་ཕྲན་ལུ་གུ་རྒྱུད་རྣམས་ཀྱི༔ ཁ་དོག་དང་ལྷའི་སྐུ་ཇེ་ལས་ཇེ་གསལ་ལོ༔ ཐིག་ལེ་དང་ཐིག་ཕྲན་ཡང་རེ་འགའ་ཕུབ་ཙམ་གྱི་ནང་དུ་ལྷ་ཆེན་པོ༔ རེས་འགའ་ཉུངས་ཀར་གྱི་འབྲུ་ཙམ་གྱི་ནང་དུ་དེ་ཙམ་གྱི་ལྷ་བཞུགས་པ་འོང་ངོ་༔ ཡང་ན་ཐིག་ལེ་དཀར་པོའི་མཐའ་ལ་ཁ་དོག་སྣ་ཚོགས་ཀྱིས་བསྐོར་བའི་ནང་དུ༔ རྣམ་པར་སྣང་མཛད་སོགས་ཁ་དོག་སོ་སོའི་ཐིག་ལེའི་ནང་དུ་རྒྱལ་བ་རིགས་ལྔ་འཆར་འོང་ངོ་༔ ཡང་ན་ཐིག་ལེ་ཐིག་ཕྲན་རེ་རེ་ལའང་༔ རྒྱལ་བ་རིགས་ལྔ་ཐམས་ཅད་གསལ་བར་ཡང་འཆར་རོ༔ རིག་པ་ཚད་དུ་ཕེབས་ཏེ་ལོངས་སྐུ་ངོས་ཟིན་ནོ༔ ཞེས་གསུངས་པའི་དོན་ཐིག་ལེ་རེ་རེའི་ནང་དུ་སྐུ་ཡབ་ཡུམ་ལྔ་ལྔ་འཆར༔ དེ་དག་ཀྱང་གྲངས་ལས་འདས་པ་ལ༔ འགྱུར་བ་མེད་པར་ཚད་ལ་ཕེབས་ཏེ་མ་བསྒོམས་ཀྱང་ཆོག་གོ༔ དེ་དུས་ཙམ་ན་ལུས་འོད་གསལ་དུ་གྲོལ༔ འབྱུང་བ་རང་སར་དག་པས་


CMR057_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

གདོས་བཅས་ཕུང་པོ་རང་སར་གྲོལ་ནས༔ སྣང་ལ་རང་བཞིན་མེད་པ་ལོངས་སྤྱོད་རྫོགས་པའི་སྐུ་རང་གྲོལ་བའོ༔ དེ་ལྟར་ཡང་ཐལ་འགྱུར་ལས༔ རིག་པ་ཚད་ཕེབས་སྣང་བ་ཡི༔ ལོངས་སྐུ་མཚན་དཔེ་གསལ་བ་ནི༔ མ་ངེས་ཁ་དོག་འཇའ་ཚོན་ལས༔ རིགས་ལྔ་ཡབ་དང་ཡུམ་དུ་སྣང་༔ དེ་ནས་ལྔ་ལྔ་ཟུང་དུ་བཅས༔ རབ་ཏུ་གསལ་བའི་ཐིག་ལེ་འབྲེལ༔ ཡབ་ཡུམ་སྐུ་ཡི་རྣམ་པ་ཅན༔ འཁྲུལ་སྣང་ཟད་ནས་ཞིང་ཁམས་སོ༔ ཞེས་དང་༔ རིག་པ་ཚད་ལ་ཕེབས་པ་ཡིས༔ ལོངས་སྤྱོད་སྐུ་ཉིད་མངོན་དུ་འགྱུར༔ ཞེས་གསུངས་སོ༔ ཆོས་ཐུན་སོ་གསུམ་པའོ༔ ༈ དེ་ནས་ཆོས་ཉིད་ཟད་པའི་སྣང་བ་ནི༔ རྡོ་རྗེའི་ཚིག་རྐང་ལས༔ དེ་ནས་ཉམས་རྟོགས་འཕེལ་བ་ཟད༔ འཛིན་པ་མེད་པའི་ངོ་བོ་ནི༔ འཁྲུལ་པ་མེད་པར་རྟོགས་འོང་ངོ་༔ བྱ་བའི་ཆོས་རྣམས་ཐམས་ཅད་ཟད༔ ཆོས་ཟད་སྣང་བ་བྱ་བྲལ་བའི༔ འབྲས་བུ་ཐོབ་པར་འགྱུར་བ་ཡིན༔ ཞེས་དང་༔ དེའི་འགྲེལ་པ་ཐུགས་རྗེ་ཆེན་པོས་གསུངས་པ་ལས༔ དེ་ནས་ཉམས་དང་རྟོགས་པ་འཕེལ་བ་ཐམས་ཅད་ཟད། འཛིན་པ་ཅི་ཡང་མེད་


CMR057_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ངོ་བོ་ནི༔ ཡེ་ནས་འཁྲུལ་པ་མེད་པར་རྟོགས་པ་འོང་ངོ་༔ དེ་ནས་རང་གི་བྱ་བའི་ཆོས་རྣམས་ཐམས་ཅད་ཟད༔ ཆོས་ཐམས་ཅད་ཟད་པའི་སྣང་བ་རྫོགས་པ་ཆེན་པོ་བྱ་བ་བྲལ་བའི་འབྲས་བུ་ཐོབ་པར་འགྱུར་བ་ཡིན་ནོ༔ ཞེས་གསུངས་པའི་དོན་ནི༔ ཉམས་ཀྱི་འཕེལ་བ་ཟད་དེ་སྣང་བའི་ཉམས་དགེ་ལ་སྣང་དང་མི་སྣང་དུ་འཛིན་པའི་ངོ་བོ་མེད་པའོ༔ ཉམས་དང་ལུས་དང་དབང་པོ་དང་རྟོག་ཚོགས་དང་ཚིག་དང་འཁྲུལ་པ་ཐམས་ཅད་ཟད་ནས༔ ཟག་བཅས་ཀྱི་ཕུང་པོ་མི་སྣང་བར་སངས་རྒྱས་སོ༔ ཐལ་འགྱུར་ལས༔ ཆོས་ཉིད་ཟློཟད་པའི་སྣང་བ་ནི༔ ཉམས་ཀྱི་སྣང་བ་སྟོང་ནས་ནི༔ ཡུལ་ཟད་དབང་པོའི་ཡུལ་ཡང་ཟད༔ རྟོག་ཚོགས་འཁྲུལ་པ་ལས་གྲོལ་ནས༔ བརྗོད་གཞིའི་ཚིག་དང་བྲལ་བའོ༔ ཞེས་དང་༔ དེ་ལྟར་ལུས་འབྱུང་རྒྱུན་ཆད་ནས༔ ཟག་བཅས་ཕུང་པོ་མི་སྣང་བའི༔ འདི་ལ་མངོན་པར་སངས་རྒྱས་སོ༔ ཞེས་གསུངས་སོ༔ དེ་ལྟར་ཆོས་ཉིད་ཟད་པའི་སྣང་བ་དེ་མ་བྱུང་གི་བར་དུ་ཉམས་རྟོགས་ཇི་ལྟར་བཟང་ཡང་ཕུང་པོ་ལྷག་མེད་དུ་མི་འགྱུར་ཏེ༔ རྒྱུད་ལས༔ ཆོས་ཉིད་ཟད་པར་མ་གྱུར་ན༔ ལྷག་མེད་ཉིད་དུ་འགྱུར་བ་མེད༔ ཅེས་


CMR057_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་སོ༔ དེས་ཐོད་རྒལ་ཉམས་སུ་བླངས་པས་སྣང་བཞིའི་ལམ་བགྲོད་ཚུལ་མདོ་ཙམ་སོང་བ་སྟེ་ཆོས་ཐུན་སོ་བཞི་པའོ༔ དེ་ནས་མཐར་ཐུག་འབྲས་བུ་ཐོབ་ཚུལ་ནི༔ རྡོ་རྗེའི་ཚིག་རྐང་ལས༔ ཟག་བཅས་ཟད་ན་སངས་རྒྱས་ཏེ༔ མཁྱེན་བརྩེ་ནུས་ཡོན་བསམ་འདས་འཐོབ༔ ཅེས་དང་༔ དེའི་འགྲེལ་པ་ཐུགས་རྗེ་ཆེན་པོས་གསུངས་པ་ལས༔ ཟག་པ་དང་བཅས་པ་ཟད་ནས་སངས་རྒྱས་པ་སྟེ༔ མཁྱེན་བརྩེའི་ནུས་མཐུ་ཡོན་ཏན་བསམ་ལས་འདས་པ་ཐོབ་བོ༔ ཞེས་གསུངས་པའི་དོན་ནི་གདོས་བཅས་ཀྱི་ལུས་དང་ཕྱིའི་སྣང་བ་ཟད་ནས་ལོངས་སྐུར་གྲོལ་ལོ༔ ལས་རླུང་ཟད་པས་འཁྲུལ་པའི་སེམས་ཟད་ནས་རྟོག་ཚོགས་ཉོན་མོངས་ཡེ་ཤེས་སུ་གྲོལ་ལོ༔ གདེང་ཆེན་པོ་བཞི་སྟེ་ཡར་སངས་རྒྱས་ཐོབ་ཏུ་རེ་བ་མ་ཐོབ་དོགས་པ་གཉིས༔ མར་འཁོར་བ་འཁྱམས་དོགས་དང་མི་འཁྱམས་པར་རེ་བ་ལས་གྲོལ་ལོ༔ འཆི་མེད་འཇའ་ལུས་རྡོ་རྗེའི་སྐུས་འཁོར་བ་ཇི་སྲིད་སེམས་ཅན་གྱི་དོན་མཛད་པ༔ སློབ་དཔོན་བི་མ་ལ་དང་ཨུ་རྒྱན་རིན་པོ་ཆེ་ལྟར་འཕོ་བ་ཆེན་པོའི་སྐུར་བཞེངས་པ་དང་༔ སློབ་དཔོན་དགའ་རབ་


CMR057_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་དང་འཇམ་དཔལ་བཤེས་གཉེན་ཤྲཱི་སེང་ཧ་ལྟར་དུ་ཟག་བཅས་ཀྱི་ཕུང་པོ་མི་སྣང་བར་འོད་ཕུང་དུ་ཡལ་ནས༔ དང་པོའི་སངས་རྒྱས་ཀུན་བཟང་དང་དབྱེར་མེད་པར་སངས་རྒྱས་པ་ན་ཡང་དག་རྫོགས་པར་སངས་རྒྱས་པ་ནི་འབྲས་བུ་མཐར་ཐུག་པའོ༔ དེ་ལ་ནི་མཁྱེན་བརྩེ་ནུས་པའི་ཡོན་ཏན་རྡོ་རྗེའི་ལྗགས་ཀྱིས་ཀྱང་བརྗོད་པར་མི་ནུས་ཏེ༔ མདོ་རྒྱུད་ཐམས་ཅད་ལས་སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་གསུངས་པ་ཐམས་ཅད་ཐོབ་པའོ༔ སྐུ་གདུང་འབར་བ་ལས༔ སྐྱེས་བུ་བློ་རྩ་ལ་རབ་ཉིད་ནི༔ འཁྲུལ་པའི་སྣང་བ་འདི་ཉིད་ལ༔ འབྱུང་བ་རང་གི་སར་དེངས་ནས༔ ངོ་བོ་ཉིད་ཀྱི་འབྲས་བུ་ལ༔ ཟག་བཅས་ཕུང་པོ་མི་སྣང་བར༔ འབྲས་བུ་རང་སངས་ཉིད་དུ་འགྱུར༔ ཞེས་གསུངས་སོ༔ ཡང་ཚེ་འདིར་རྟོགས་པ་བཟང་པོ་དང་ཐོད་རྒལ་ལ་གོམས་པ་ཆེ་བའི་གང་ཟག་དེ་འཆི་བའི་ཚེ༔ འབྱུང་བ་རྣམས་ཐིམ་ཞིང་སྡུད་དེ་དབུགས་ཕྱིར་རིང་ཞིང་ནང་དུ་སྡུད་དཀའ་བ་སྣང་བ་དཀར་ལམ་དང་དམར་ལམ་དུ་འཆར་ཚེ༔ ཤེས་པ་ཟི་ལངས་པའི་དུས་སུ༔ རྡོ་རྗེ་སེམས་དཔའི་གསང་ལམ་ཞེས་བྱ་བ༔ རང་གི་མདུན་གྱི་ནམ་མཁའ་ལ་རང་གི་མིག་གི་ནང་ནས་འོད་ཀྱི་ཐག་པ་


CMR057_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་པོ་བ་དག་འཐེན་པའམ༔ མདུང་ཤིང་བསླང་པ་ལྟ་བུའམ་སྐས་ཁ་ལྟ་བུ་ན་རེ་བ་ཅིག་ནམ་མཁའ་ལ་ཟུག་པར་འཆར་རོ༔ འོན་ཏེ་ཁ་དོག་ལྔ་ལྡན་དུ་འབྱུང་ཡང་སྲིད་དོ༔ དེའི་དུས་སུ་རང་རིག་དབང་པོ་ལ་གཏད༔ དབང་པོ་འོད་ཀྱི་ཐག་པ་ལ་གཏད་པས༔ རིག་པ་འོད་ལ་ཐིམ་ནས་དུས་དེ་ཉིད་དུ་མངོན་པར་རྫོགས་པར་སངས་རྒྱས་སོ༔ འདི་ནི་རྫོགས་པ་ཆེན་པོའི་མན་ངག་མདོ་རྒྱུད་གཞན་ན་མེད་པའི་ཟབ་ཁྱད་ཨུ་རྒྱན་ཆེན་པོའི་མན་ངག་དམ་པ་ཡིན་གསུངས་སོ༔ དེས་མ་གྲོལ་ན་ཕྱི་དབུགས་ཆད་ནས་རླུང་རྣམ་ཤེས་ལ་ཐིམ༔ སྣང་མཆེད་ཐོབ་གསུམ་གྱི་མཐར་གཞིའི་འོད་གསལ་འཆར་བ་དེ་ངོས་ཟིན་ནས་ཁྲེགས་ཆོད་ཀྱི་དོན་ལ་གནས་པས་གྲོལ་ལོ༔ དེ་ལ་གནས་མ་ནུས་ན་སྒོ་དགུ་གང་རུང་ནས་རྣམ་ཤེས་ཐོན་མ་ཐག་འོད་གསལ་གཉིས་པ་ཞེས་བྱ་བ་ཁྲེགས་ཆོད་ཀྱི་དོན་ངོས་ཟིན་ཏེ་དེ་ལ་གནས་པས་གྲོལ་ལོ༔ དེ་ལ་གནས་མ་ནུས་ན་ཆོས་ཉིད་བར་དོའི་སྣང་བ་སྒྲ་འོད་ཟེར་གསུམ་འཆར་དུས་ཐོད་རྒལ་གྱི་དོན་ཤེས་པས༔ རང་སྣང་དུ་ངོ་ཤེས་ཁྲེགས་ཆོད་ཐོད་རྒལ་ཟུང་འཇུག་གི་དོན་བསྒོམས་པས་ལོངས་སྐུར་སངས་རྒྱས་སོ༔ དེ་རང་སྣང་ཁྲེགས་


CMR057_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

ཆོད་ཀྱི་དོན་མ་རྟོགས་པར༔ ཐོད་རྒལ་གྱི་དོན་ནི་གོ་བས་འོད་དང་ཞི་ཁྲོའི་སྐུ་ཡི་དམ་དུ་ངོ་ཤེས་པས་འཇིགས་སྐྲག་སྤང་སྟེ་དད་འདུན་བྱས་པས་ནི༔ དག་པའི་ཞིང་ཁམས་སུ་པད་མོ་ལས་རྫུས་ཏེ་སྐྱེས་ནས༔ ཤར་ཕྱོགས་མངོན་པར་དགའ་བར་རྡོ་རྗེ་རིགས་ཀྱི་སྤྲུལ་པའི་ཞལ་མཐོང་༔ ལྷོ་ཕྱོགས་དཔལ་དང་ལྡན་པར་རིན་ཆེན་རིགས་ཀྱི་སྤྲུལ་པས་དབང་བསྐུར༔ ནུབ་པདྨ་བརྩེགས་པར་པདྨ་རིགས་ཀྱི་སྤྲུལ་པས་ལུང་བསྟན་ཏོ༔ བྱང་ལས་རབ་རྫོགས་པའི་སར་ལས་ཀྱི་རིགས་ཀྱི་སྤྲུལ་པས་དབུགས་དབྱུང་ནས༔ བར་དོ་མེད་པར་ལོ་ལྔ་བརྒྱ་ནས་སངས་རྒྱས་པར་གསུངས་སོ༔ རྒྱུད་བཀོད་པ་ཆེན་པོ་ལས༔ འདིར་ནི་དབུགས་དབྱུང་སྐྱེ་བ་གཅིག་པ་སྟེ༔ ལྔ་བརྒྱ་དག་ནས་ངེས་པའི་སར་གྲོལ་ལོ༔ ཞེས་གསུངས་སོ༔ དེ་ཡང་ཚེ་འདིར་ལྷག་མེད་དུ་སངས་རྒྱས་ན་མི་གཞན་གྱིས་རྟགས་མི་མཐོང་སྟེ༔ ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱའོ༔ ཕུང་པོ་ལྷག་བཅས་བར་དོར་སངས་རྒྱས་པ་དེ་ཕུང་པོ་དོར་དུས་སྒྲ་འོད་དང་ས་གཡོས་པ་ལ་སོགས་རྟགས་གཞན་ལ་མངོན་པའི་ཕྱིར་མངོན་པར་རྫོགས་པར་སངས་རྒྱས་པ་ཞེས་བྱ་སྟེ༔ རྡོ་རྗེ་སེམས་དཔའི་སྙིང་གི་མེ་ལོང་གི་རྒྱུད་


CMR057_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

ལས༔ ཡང་དག་པར་རྫོགས་པའི་སངས་རྒྱས་ནི་ཕུང་པོ་ལྷག་མ་མེད་པར་སངས་རྒྱས་པའོ༔ མངོན་པར་རྫོགས་པར་སངས་རྒྱས་པ་ནི་འོད་དང་སྒྲ་དང་སྐུ་དང་གདུང་དང་ས་གཡོ་བ་ལ་སོགས་པ་འབྱུང་ངོ་༔ འོད་ལ་ཡང་གཉིས་ཏེ་འོད་ཁྱིམ་གྱི་ཚུལ་དུ་འབྱུང་བ་དང་༔ འོད་གྱེན་ལ་འགྲེང་སྟེ་སྨྲས་པའི་ཚུལ་དུ་འབྱུང་བའོ༔ འོད་ཁྱིམ་གྱི་ཚུལ་དུ་བྱུང་ནས་ཞག་ལྔ་ནས་བརྟན་པ་ཐོབ་སྟེ་མངོན་པར་སངས་རྒྱས་པའོ༔ སྒྲ་ལ་ཡང་གཉིས་ཏེ་འུར་གྱིས་བྱུང་ན་ཞག་བདུན་ནས་སངས་རྒྱས་སོ༔ ཐུགས་ཀྱི་བྱུང་ན་ཞག་བཅུ་བཞི་ནས་སངས་རྒྱའོ༔ གདུང་ལ་ལྔ་སྟེ༔ ཁ་དོག་མཐིང་ག་རྣམ་པར་སྣང་མཛད༔ དཀར་པོ་མི་བསྐྱོད་པ༔ སེར་པོ་རིན་ཆེན་འབྱུང་ལྡན༔ དམར་པོ་སྣང་བ་མཐའ་ཡས༔ ལྗང་གུ་དོན་ཡོད་གྲུབ་པའོ༔ ཁ་དོག་སྣ་ཚོགས་སུ་འབྱུང་བ་ནི་སྐུ་ལྔའི་ས་ལ་ལྷུན་གྱིས་གྲུབ་པའོ༔ སྐུ་ལ་ཡང་གཉིས་ཏེ༔ ཞི་བའི་སྐུ་དང་ཁྲོ་བོའི་སྐུའོ༔ ཞི་བའི་སྐུ་བྱུང་ན་སྣང་བ་འདི་འགགས་མ་ཐག་ཏུ་བརྟན་པ་ཐོབ་སྟེ༔ སྤྲུལ་པ་འབྱིན་མི་ནུས་སོ༔ ཁྲོ་བོའི་སྐུ་བྱུང་ན་དེ་ཉིད་ལ་བརྟན་པ་ཐོབ་ནས༔ དེ་ནས་ཞག་ཉི་ཤུ་རྩ་གཉིས་ནས་སྤྲུལ་པའི་སྐུ་འབྱིན་ནུས་


CMR057_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

སོ༔ རྟགས་དེ་རྣམས་མ་བྱུང་ན་སྐྱེ་བ་གཅིག་གིས་ཐོགས་ཏེ་ཡང་དེ་བཞིན་དུ་མི་འབྱུང་མི་སྲིད་དོ༔ ཞེས་གསུངས་སོ༔ དེ་ཡང་རྫོགས་ཆེན་ཉམས་སུ་ལེན་པ་ལ་རྟགས་ཅི་ཡང་མ་བྱུང་ན་དེས་ད་དུང་འཁོར་བར་ལན་གཅིག་སྐྱེས་ནས༔ དེར་རྫོགས་པ་ཆེན་པོའི་ཆོས་དང་འཕྲད་དེ་ཉམས་སུ་བླངས་ནས་མངོན་པར་རྫོགས་པའི་སངས་རྒྱས་འགྲུབ་པའོ༔ དེས་འབྲས་བུ་ཐོབ་ཚུལ་ཅུང་ཟད་བཤད་པ་སྟེ་ཆོས་ཐུན་སོ་ལྔ་པའོ༔ ༈ དེ་ནས་མཐའ་རྟེན་རྗེས་ཀྱི་མན་ངག་འཆད་པ་ནི༔ རྡོ་རྗེའི་ཚིག་རྐང་ལས༔ སྤྲོ་འདོད་རྫོགས་ཆེན་གཞན་དང་མཐུན༔ ཞེས་དང་༔ དེའི་འགྲེལ་པ་ཐུགས་རྗེ་ཆེན་པོ་ཉིད་ཀྱིས་གསུངས་པ་ལས༔ ཆེར་སྤྲོ་འདོད་ན་རྫོགས་ཆེན་གཞན་དང་འདི་མཐུན་ནོ༔ ཞེས་གསུངས་པའི་དོན་ནི༔ ཆོས་མཇུག་བསྲིང་འདོད་ན་མཁའ་འགྲོ་སྙིང་ཐིག་དང་༔ ཀློང་གསལ་སྙིང་ཐིག་ལ་སོགས་ལུང་རྒྱུན་གང་ཡོད་ཀྱི་རྫོགས་ཆེན་རྣམས་ཀྱི་ལུང་བྱའོ༔ ཁྱད་པར་ཁྲིད་ཐམས་ཅད་ཀྱི་མཇུག་ཏུ་སྦྱར་བར་བཤད་པས་ཐོས་གྲོལ་ངོ་སྤྲོད་ཆེན་པོའི་ལུང་དང་༔ འདས་རྗེས་གསུམ་དང་བཏགས་གྲོལ་རྒྱུད་དྲུག་དང་བཏགས་གྲོལ་ཕུང་པོ་རང་གྲོལ་ལ་


CMR057_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པའི་ལུང་རིམ་པ་ལྟར་བྱའོ༔ ཁྱད་པར་མཐའ་རྟེན་དངོས་ནི་དུས་རྒྱུན་དུ་ལུས་འདུག་སྟངས་གསུམ་ལས་མི་འགུལ་བར་བྱ་སྟེ༔ དེས་ལུས་མ་འགུལ་བས་རྩ་དང་མིག་དང་རླུང་སེམས་མི་འགུལ་ཏེ༔ འགྱུ་བྱེད་ཀྱི་རྒྱུན་ཆད་ནས་རིག་པ་གནས་པའི་གནད་ཡོད་དོ༔ མིག་ཀྱང་གཟིགས་སྟངས་གསུམ་ལས་མི་འགུལ་བར་བྱས་པས་རྩ་དང་མིག་མི་འགུལ་བས་སྒྲོན་མ་མི་འགུལ་ཏེ་རྟོག་པ་མི་འབྱུང་སྟེ་དབྱིངས་རིག་འདུ་འབྲལ་མེད་པ་འོང་ངོ་༔ དེ་ནི་མི་འགུལ་བ་གསུམ་ལ་གཞི་བཅའ་བའོ༔ ཕྱི་དབྱིངས་རིག་འགྲོ་འོང་མེད་པར་སྡོད༔ ལུས་འགུལ་བ་མེད་པར་སྡོད༔ སེམས་རྟོག་པ་མི་འགྱུ་བ་ནི༔ སྡོད་པ་གསུམ་གྱིས་ཚད་བཟུང་བ་ཡིན་ནོ༔ ཀློང་གསལ་ལས༔ མཐའ་རྟེན་མན་ངག་རྣམ་པ་བཞི༔ གོང་མའི་རྒྱབ་ཏུ་མེད་ཐབས་མེད༔ ཅེས་དང་༔ ཐལ་འགྱུར་ལས༔ དེ་ལས་མཐའ་རྟེན་ཡིད་ཆེས་བྱ༔ མི་འགུལ་གསུམ་ལ་གཞི་བཅས་པས༔ རླུང་སེམས་གནད་ལ་ཕེབས་པའོ༔ ཞེས་གསུངས་སོ༔ དེ་ལྟར་ཉམས་སུ་བླངས་པས་བརྩོན་འགྲུས་རབ་རྨི་ལམ་དབྱིངས་སུ་ཐིམ༔ འབྲིང་རྨི་ལམ་འོད་གསལ་དུ་འཆར༔ ཐ་མ་རྨི་ལམ་དུ་ཤེས་པ་


CMR057_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་གསུངས་སོ༔ དེ་ལྟར་བརྩོན་འགྲུས་ཀྱིས་རྟགས་ཐོན་པར་མ་བསྒོམས་ན་དོན་གོ་ཡང་གྲོལ་བར་དཀའ་སྟེ༔ རྒྱུད་ལས༔ མཐའ་རྟེན་གནད་ཀྱི་རྒྱབ་མེད་ན༔ རྫོགས་ཆེན་ཉམས་ལེན་མཐར་མི་ཕྱིན༔ ཞེས་དང་༔ མཐའ་རྟེན་དག་གི་མན་ངག་གིས༔ གོང་མའི་ཡོན་ཏན་མཐའ་རུ་ཕྱིན༔ ཞེས་གསུངས་སོ༔ ཆོས་ཐུན་སོ་དྲུག་པའོ༔ དེ་ནས་ཞོར་འབྱུང་འཕྲོས་དོན་ཟུར་ཙམ་བརྗོད་པ་ནི༔ སྤྱིར་རྫོགས་པ་ཆེན་པོའི་ཆོས་འདི་རྟོག་གེ་བ་སྐལ་བ་དམན་པ་དག་གི་བློ་ལ་ཤོང་དཀའ་སྟེ༔ སྲིན་བུ་བ་ཤ་ཀའི་རྣ་བར་བསྐལ་པའི་འབྲུག་སྒྲ་མི་ཤོང་བ་དང་འདྲ༔ དཔེར་ན་ཉན་ཐོས་སན་པའི་བློར་ཐེག་ཆེན་མ་ཤོང་ནས༔ ཐེག་ཆེན་གྱི་མདོ་སྡེ་རྣམས་དང་སློབ་དཔོན་ཀླུ་སྒྲུབ་ལ་ཡང་སྐྱོན་བརྗོད་ཅིང་༔ ཐེག་ཆེན་ནི་སྟོན་པས་མ་གསུངས་ཏེ་ཀླུ་སྒྲུབ་ཀྱིས་རང་བཟོ་བྱས་པ་སྟེ༔ ཀླུ་སྒྲུབ་ནི་སྐྱེས་བུ་དམ་པ་མ་ཡིན་ནོ༔ ཞེས་སྐུར་པ་བཏབ་པའི་གནད་ཀྱིས༔ བྱམས་ཆོས་སོགས་ནས་ཐེག་ཆེན་བཀར་སྒྲུབ་དགོས་བྱུང་འདུག་པ་དང་༔ མདོ་ལུགས་རྒྱུ་མཚན་ཉིད་གྱི་ཐེག་པའི་བློར་གསང་སྔགས་མ་ཤོང་ནས༔ གསང་སྔགས་ནི་སྟོན་པས་གསུངས་པ་


CMR057_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

མིན་ཞེས་སྐུར་པ་བཏབ་པས༔ མདོ་སྡེ་དགོངས་པ་ངེས་འགྲེལ་སོགས་ཀྱི་ལུང་འདྲེན་ནས་གསང་སྔགས་བཀར་སྒྲུབ་དགོས་བྱུང་བར་སྣང་དེ་བཞིན་དུ་གསང་སྔགས་རྒྱུད་སྡེ་བཞི་པོའི་ཡང་འོག་མ་འོག་མའི་ནང་དུ་གོང་མ་གོང་མའི་ལྟ་སྤྱོད་མ་གསུངས་པས༔ གོང་མ་གོང་མ་ལ་ཐེ་ཚོམ་ཟ་བར་བྱས་སོ༔ དཔེ་དེ་བཞིན་དུ་གསང་སྔགས་རྫོགས་ཆེན་འདི་ལ་ཡང་ཕྱག་ཆེན་དང་ཞི་བྱེད་ལམ་འབྲས་སྦྱོར་དྲུག་སོགས་ལས་ཆེས་ཁྱད་པར་དུ་འཕགས་པའི་ཟབ་ཁྱད་ཅུང་ཟད་རེ་ཡོད་པ་ལ༔ ཞི་ཕྱག་དབུ་མའི་གང་ཟག་འགའ་ཞིག་གིས་ཟུར་ཟ་མཛད་མོད་ཀྱང་༔ གྲུབ་ཆེན་ཀརྨ་པཀྴིས་ཕྱག་རྫོགས་གཉིས་དོན་ལ་ཁྱད་པར་མེད་ཚིག་ལ་ཁྱད་པར་ཡོད་ཅེས་གསུངས་པ་འདི་ཉིད་རྡོ་རྗེའི་གསུང་ཡིན་པར་ངེས་སོ༔ དེ་ལ་ཁྱད་པར་ཅི་ལྟར་ཡོད་པ་དང་དེ་གཉིས་མི་འགལ་ཚུལ་ཟུར་ཙམ་འཆད་ན༔ གསར་མས་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་རྒྱུ་ཡིན་ཅིང་རྒྱུ་མེད་པའི་སངས་རྒྱས་མི་འདོད་ལ༔ རྫོགས་ཆེན་པས་ཀུན་ཏུ་བཟང་པོ་རྒྱུ་རྐྱེན་མེད་པར་རང་བྱུང་གི་སངས་རྒྱས་སུ་བཞེད་པ་གཉིས་མི་འགལ་ཏེ༔ ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཐོབ་པའི་


CMR057_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

ལྷན་ཅིག་བྱེད་སྐྱེན་གྱི་རྒྱུ་ཙམ་ཡིན་པས་རྒྱུ་ཡང་ཡིན་ལ༔ དོན་དམ་བྱང་ཆུབ་ཀྱི་སེམས་ནི་ཡེ་ནས་རང་ལ་གནས་པའི་རང་བྱུང་གི་ཆོས་སྐུ་ལ་ངོས་བཟུང་བས་དེ་ནི་རྒྱུ་ལས་བྱུང་བ་མ་ཡིན་པའོ༔ དེས་ན་དེ་གཉིས་མི་འགལ་བའོ༔ སངས་རྒྱས་ཐོག་མ་ཐ་མ་མེད་ཅེས་པས་སངས་རྒྱས་ལ་ཐོག་མ་མེད་པར་གསུངས་པ་དང་༔ ཐོག་མའི་སངས་རྒྱས་ཀུན་བཟང་དུ་བཤད་པ་ནི་མི་འགལ་ཏེ༔ སངས་རྒྱས་ཀུན་ཏུ་བཟང་པོ་བས་ཀྱང་ཡན་ལ་སངས་རྒྱས་གྲངས་མེད་པ་བྱུང་ཡང་དེའི་ས་མཚམས་བརྗོད་ལས་འདས་པས་སངས་རྒྱས་ཐོག་མ་མེད་པ་ཟེར་རོ༔ དཔེར་ན་འཕགས་བཞི་བསྐྱེད་པའི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ནི་སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡུམ་དུ་གསུངས་པས་དེ་ལ་ཐོག་མ་དང་ཐ་མ་མེད་མོད་ཅིང་དབྱིབས་དང་ཁ་དོག་ཞལ་ཕྱག་དུ་མ་གྲུབ་པ་ལས༔ རྗེ་བཙུན་མ་སྒྲོལ་མས་གསོལ་བ་བཏབ་པའི་ངོར་སེམས་ཅན་རྣམས་ཚོགས་བསགས་པའི་རྟེན་དུ་ཡུམ་ཆེན་མོ་སེར་མོ་ཕྱག་བཞི་པ་ལ་འཁོར་ཕྱོགས་བཅུའི་སངས་རྒྱས་ཀྱིས་བསྐོར་བ་གཞལ་ཡས་ཁང་དང་བཅས་པ་བྱུང་ཞེས་གསུངས་པའི་ལོ་རྒྱུས་ལྟར༔ ཀུན་ཏུ་བཟང་པོ་ནི་ཆོས་སྐུ་སྟོང་པ་ཉིད་ཞལ་ཕྱག་གི་རྣམ་པར་མེད་


CMR057_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་༔ འགྲོ་བའི་དོན་དུ་ཞལ་ཕྱག་གི་རྣམ་པར་བཞེངས་ནས་འཁོར་ཞི་ཁྲོའི་ལྷ་ཚོགས་ལ་རྫོགས་པ་ཆེན་པོའི་རྒྱུད་གཞུང་རྣམས་བརྗོད་པ་དང་བྲལ་བར་དགོངས་པས་བྱིན་གྱིས་བརླབས་པས་དེ་ནས་ས་མཚམས་བཟུང་སྟེ་སངས་རྒྱས་ཐམས་ཅད་ཀྱི་སྤྱི་མྱེས་སུ་བརྗོད༔ ཡུམ་ཆེན་མོ་ཞལ་ཕྱག་གི་རྣམ་པར་བཞེངས་པ་ནི་ཕྲིན་ལས་ལྟ་བུ་ཡིན་ཡང་༔ ངོ་བོ་སངས་རྒྱས་ཐམས་ཅད་སྐྱེད་བྱེད་ཀྱི་ཡུམ་ཡིན་པས༔ སངས་རྒྱས་ཐམས་ཅད་ཀྱི་ཡུམ་དུ་བརྗོད་པ་ལྟར༔ ཀུན་ཏུ་བཟང་པོ་ཞལ་ཕྱག་གི་རྣམ་པར་མ་བཞེངས་སྔོན་དུ་སངས་རྒྱས་གྲངས་མེད་པ་བྱོན་ཀྱང་༔ དེ་དག་ཀྱང་ངོ་བོ་ཀུན་ཏུ་བཟང་པོ་ཡིན་མོད་ཀྱང་༔ མཚན་ནི་མི་གཅིག་པ་ཡིན་ལ༔ སངས་རྒྱས་ཐམས་ཅད་ཆོས་སྐུ་གཅིག་ཡིན་ལ་དེའི་ཕྱིར་སངས་རྒྱས་སྤྱིའི་མཚན་ཡང་ཀུན་ཏུ་བཟང་པོར་བཤད་པས༔ སངས་རྒྱས་ཀུན་གྱི་སྤྱི་སྐྱེས་སུ་རུང་བའོ༔ དེ་ནི་ཕྱི་རོལ་པས་དབང་ཕྱུག་རྟོགས་པ་རང་བྱུང་གི་སངས་རྒྱས་སུ་འདོད་པ་དང་གཅིག་གམ་ཞེ་ན་མི་གཅིག་སྟེ༔ ཕྱི་པ་དབང་ཕྱུག་ཆེན་པོ་ཡེ་ནས་རང་བྱུང་ཡིན་ཅིང་འཇིག་རྟེན་གྱི་ཁམས་དབང་ཕྱུག་གིས་བསམས་བཞིན་དུ་བཟོས་ཤིང་༔ སྐྱེ་འགྲོའི་


CMR057_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་སྡུག་དབང་ཕྱུག་དགའ་མ་དགའི་ཁྱད་ཀྱིས་བྱས་པར་འདོད་ལ༔ འདིར་ནི་འཇིག་རྟེན་ནི་སངས་རྒྱས་ཀྱི་མཐུ་དང་སེམས་ཅན་སྤྱི་མཐུན་གྱི་ལས་ཀྱིས་གྲུབ་ལ༔ སངས་རྒྱས་མ་མཉེས་པས་སེམས་ཅན་ངན་སོང་དུ་གཏང་བ་མེད་དོ༔ རང་གི་ལས་འབྲས་ཡིན་པར་གསུངས་སོ༔ དེ་ནས་གཞིའི་སྐབས་སུ་ཐེག་ཆེན་སེམས་ཙམ་པ་ཡན་ནས་ཞི་ཕྱག་མན་ཆད་ཐམས་ཅད་སེམས་དང་ཀུན་གཞི་བདེ་གཤེགས་སྙིང་པོ་ཆོས་སྐུ་ལ་སོགས་གཅིག་པར་བཞེད་པ་ནི་དངུལ་རྡོ་ལ་དངུལ་དུ་བརྗོད་པའམ་འོ་མ་ལ་མར་དུ་བརྗོད་པ་ལྟར་དྭངས་སྙིགས་མ་ཕྱེ་བར་སྤྱིར་བཏང་དུ་གསུངས་པ་ཡིན་ལ༔ རྫོགས་ཆེན་ནས་སེམས་དང་རིག་པ་ཕྱེས་ནས་སོ་སོར་བཞེད་པ་ནི་སེམས་ནི་མ་རིག་པའི་རྣམ་པར་རྟོག་པ་གཙོ་བོར་ལས་རླུང་ཡིན་པས་གློ་བ་དབུགས་ཀྱི་སྣོད་ཡིན་པས་དེར་གནས་པར་བཞེད་ཅིང་༔ རིག་པ་ཆོས་སྐུ་གཞི་ཀུན་བཟང་སྙིང་དཀྱིལ་དུ་གནས་པར་བཞེད་པ་ནི༔ དངུལ་ནི་དངུལ་རྡོ་མ་ཡིན་དངུལ་སླད་བྲལ་དེ་ཡིན༔ ཟེར་བ་ལྟར་ཅུང་ཟད་ཞིབ་པར་ཕྱེ་བ་སྟེ་སྔ་མ་སྤྱིར་བཤད་པ་དང་ཕྱི་མ་བྱེ་བྲག་ཕྱེས་ནས་བཤད་པ་སྟེ༔ ཚིག་ལ་ཁྱད་ཡོད་ཀྱང་དོན་ལ་ཁྱད་མེད་དོ༔ རྫོགས་ཆེན་ནས་


CMR057_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དག་བྱར་བཤད་པ་དང་༔ ཆོས་དྲུག་སྦྱོར་དྲུག་སོགས་ནས་ལས་རླུང་དག་བྱར་བཤད་པ་ཡང་དོན་གཅིག་གོ༔ དེ་ནས་ལམ་ཁྲེགས་ཆོད་སྐབས་སུ་ནི་ཞི་ཕྱག་རྫོགས་གསུམ་ཚིག་དོན་གཉིས་ཀ་མཐུན་ལ༔ བོགས་བདེ་བས་འདོན་ཐབས་གཏུམ་མོ་ཡང་མཐུན་ལ༔ ཆགས་ལམ་གསང་དབང་སོགས་ཀྱི་སྐབས་སུ་དུས་འཁོར་གྱི་ལུང་དྲངས་ནས་ཇོ་བོ་རྗེས་རབ་བྱུང་གིས་གསང་དབང་དང་ཤེས་རབ་ཡེ་ཤེས་དབང་དངོས་སུ་ཞུ་བ་བཀག་པ་ནི་རྩ་རླུང་ལས་སུ་མི་རུང་བའི་གང་ཟག་ལ་ཡིན་གྱི༔ རྩ་རླུང་ལས་རུང་ལ་དངོས་སུ་རུང་བ་རྫོགས་ཆེན་སོགས་གསར་རྙིང་མཐུན་ནོ༔ དེ་ནས་བོགས་འདོན་ཐོད་རྒལ་འདི་ཆོས་གཞན་ལ་མེད་པས་ལང་ཀར་གཤེགས་པའི་ལུང་དྲངས་ནས་བཀག་མཁན་བྱུང་ཀྱང་༔ ཁྲེགས་ཆོད་ཀྱི་ལྟ་བ་མ་རྟོགས་པར་འོད་དང་ཐིག་ལེ་ཐིག་ཕྲན་ཁོ་ན་བལྟས་པས་མི་གྲོལ་བ་རྫོགས་ཆེན་ཉིད་ནས་ཀྱང་གསུངས་པས༔ འདིར་ཁྲེགས་ཆོད་ལྟ་བའི་ངང་ནས་ཐོད་རྒལ་གསལ་སྟོང་གི་བོགས་འདོན་པ་ནི་གསར་མ་ལ་ཡང་མཚུངས་ཏེ༔ དུས་འཁོར་ནས་རྟགས་བཅུ་རྫོགས་ནས་ཐིག་ལེ་ཆེན་པོ་དང་རེ་ག་ནག་པོའི་རི་མོ་འཆར་ཞིང་༔ དེ་ནང་


CMR057_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བ་རིགས་དྲུག་དང་ཤིན་ཏུ་ཕྲ་བའི་སྤྲུལ་སྐུ་དང་ལོངས་སྐུ་དུ་མ་མཐོང་བ་དེ་འོད་གསལ་ཡིན་པར་གསུངས་པ་དང་ཆ་མཐུན་ནོ༔ སྤྱིར་ནི་དོན་གཅིག་ཀྱང་མིང་འདོགས་མི་གཅིག་པ་འབྱུང་སྟེ་སེམས་ཀྱི་ངོ་བོ་སྟོང་པ་རང་བཞིན་གསལ་བ་རྣམ་པ་འགག་མེད་དུ་གསུངས་ཀྱང་སྭ་བྷ་ཝའི་འགྲེལ་བཤད་དང་བསྟན་པ་སྤྱི་ལུགས་ཕལ་ཆེར་ནས་སེམས་ཀྱི་རང་བཞིན་སྟོང་པ་ངོ་བོ་གསལ་བ་རྣམ་པ་འགག་མེད་ཅེས་མིང་འདོགས་མ་གཅིག་པ་དང་༔ སེམས་ཀྱི་ངོ་བོ་སྟོང་གསལ་དེ་ལ་རིག་པའི་མིང་བཏགས༔ སེམས་ཀྱི་རྣམ་པ་ཉོན་མོངས་རྟོག་ཚོགས་སྣ་ཚོགས་ཅན་དེ་ལ་སེམས་སུ་བཏགས་པ་དང་༔ སེམས་ཀྱི་ངོ་བོ་སྟོང་པ་དེ་ལ་གནས་པའི་མིང་བཏགས༔ སྣ་ཚོགས་སུ་འཕྲོ་བ་ལ་འགྱུ་བ་དང་༔ དེ་རང་རིག་རང་གསལ་དེ་ལ་རིག་པའི་མིང་བཏགས་པ་རྣམས་ཚིག་མི་མཐུན་ཀྱང་དོན་གཅིག་གོ༔ ཆོས་སྤྱི་ནས་ཀུན་གཞི་ཆོས་སྐུར་བཞེད་པ་ཡང་གློ་བུར་དྲི་བཅས་དེ་ལ་ཆོས་སྐུར་འདོད་པ་ནི་མ་ལགས་ཏེ་ཀུན་གཞི་ཀ་དག་གི་ངོ་བོ་ཡེ་ནས་དྲི་མས་མ་གོས་པ་དེ་ལ་ཆོས་སྐུར་བཞེད་པ་ཡིན་པས༔ དེ་ཡང་ཚིག་ལ་ཁྱད་པར་ཆེ་ཡང་དོན་གཅིག་གོ༔ འོན་ཀྱང་རྫོགས་ཆེན་པས་གཞི་ཀ་དག་ངོ་སྤྱོད་དེ་ལ་


CMR057_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་བོར་མཛད༔ ཞི་བྱེད་པས་རིག་པ་ཐུག་འཕྲད་དེ་གཙོ་བོར་མཛད༔ ཕྱག་ཆེན་པས་ལམ་ཞི་ལྷག་ཟུང་འཇུག་དེ་གཙོ་བོར་མཛད་དེ༔ དོན་གྱི་གཙོ་བོ་ལྟ་བ་ནི་བརྗོད་པ་ལས་འདས་པས་གང་ལྟར་བཤད་ཀྱང་རུང་གནས་ཚུལ་ཇི་ལྟ་བ་ནི་སུས་ཀྱང་བརྗོད་མི་ཤེས་པའོ༔ དེ་ལ་གང་ཟག་གི་ཁྱད་ཀྱིས་ཅིག་ཆར་བའི་རིགས་ལ་རྫོགས་ཆེན་ལྟར་བརྟེན་ན་བོགས་ཆེ༔ རིམ་གྱིས་པ་ལ་དེ་བརྟེན་ན་ཁ་ལྟ་སྐམ་པོར་འགྲོ་བས་ཕྱག་ཆེན་ལྟར་རིམ་གྱིས་ཁྲིད་པས་ཕན་ཆེའོ༔ འབིར་བ་པའི་ལུགས་སོགས་ལ་ལྷན་ཅིག་སྐྱེས་དགའ་དེ་ཉིད་ཕྱག་ཆེན་གྱི་དོན་དུ་འཆད་པ་ལ༔ རྗེ་བྲམ་ཟེ་ཆེན་པོའི་ལུགས་ཀྱིས་དགའ་བ་བཞི་ལས་འདས༔ འོད་གསལ་ལས་ཁྱད་པར་དུ་གྱུར་པ༔ ཆེན་པོ་གསུམ་གྱི་བློས་མ་རེག་པ༔ ཞེས་བཞེད་པ་དང་༔ ཀླུ་སྒྲུབ་ཀྱིས་ཟུང་འཇུག་ལ་ལྟ་བའི་མཐར་ཐུག་བཞེད་མོད་ཀྱིས༔ རིམ་ལྔའི་ཟུང་འཇུག་དང་༔ ཕྱག་ཆེན་པའི་སྒོམ་མེད་དང་༔ རྫོགས་ཆེན་ཆོས་ཉིད་ཟད་པའི་སྣང་བ་ཞེས་སམ་ལྷུན་གྲུབ་ཀྱི་ཉམས་ཞེས་པ་དེ་ཙམ་སྐྱེས་ནས་ཐམས་ཅད་དོན་གཅིག་ཏུ་འགྱུར་བར་སེམས་ཏེ༔ ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་དང་བཞི་སྟོང་གསུངས་པ་ཐམས་


CMR057_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ནི༔ སྟོང་ཉིད་འདི་ལ་གཞོལ་ཞིང་འབབ༔ ཅེས་གསུངས་སོ༔ དེ་བཞིན་དུ་སེམས་འབྲས་བུར་འདོད་པ་ཡང་སེམས་ངོ་བོ་ཡེ་ནས་ཆོས་སྐུར་བཞུགས་པ་དེ་ཡིན་གྱི་དྲི་བཅས་སེམས་འབྲས་བུར་མི་བཞེད༔ རྫོགས་ཆེན་པས་སེམས་ལས་མ་བྱུང་སངས་རྒྱས་རྒྱུ་ལས་མ་བྱུང་འབྲས་བུ་གསུངས་པ་ཡང་༔ སེམས་ཉིད་དང་སེམས་སོ་སོར་ཕྱེ་ནས་སེམས་ཉིད་རིག་པ་ཆོས་སྐ༔ སེམས་གློ་བུར་འཁྲུལ་པར་བཞེད་པས༔ གློ་བུར་དྲི་མ་ལ་སེམས་ཀྱི་མིང་བཏགས༔ སེམས་ཀྱི་ངོ་བོ་དྲི་བྲལ་ལ་རིག་པ་དང་སེམས་ཉིད་དུ་མིང་བཏགས་པ་སྟེ། མིང་འདོགས་ལུགས་ཙམ་མ་གཏོགས༔ ཚིག་ལ་ཁྱད་པར་ཆེ་ཡང་དོན་ལ་ཁྱད་པར་མེད་དོ༔ ཡང་བར་དོར་ཞི་ཁྲོའི་ལྷ་ཚོགས་དང་སྒྲ་འོད་ཟེར་གསུམ་སོགས་འཆར་བར་གསར་མའི་རྒྱུད་གཞུང་ནས་མ་བཤད་ཟེར་བ་ཡོད་དེ༔ བཀའ་གདམས་གླེགས་བམ་ནས་ཞི་ཁྲོའི་ལྷ་ཚོགས་དཔག་མེད་འཆར་གསུངས་པས་གསར་རྙིང་མཐུན་ཏེ་རྒྱས་བཤད་གསལ་མི་གསལ་ཙམ་མོ༔ འདི་དག་གི་ལུང་འདྲེན་མཐའ་ཡས་པ་ཡོད་ཀྱང་འདིར་དོན་གྱི་གོ་བ་ཡིད་ལ་བཅང་བདེ་ཙམ་དུ་བྱས་པའོ༔ དེས་ན་ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་ཐམས་ཅད་བསྡུས་ན་ཐེག་


CMR057_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

པ་རིམ་པ་དགུ༔ དེ་ཡང་འོག་མ་འོག་མ་རྣམས་གོང་མ་གོང་མའི་ལམ་སྟེགས་སུ་ཡིན་པས་ཐམས་ཅད་མི་འགལ་ཞིང་༔ ཐམས་ཅད་འདིར་མ་རྫོགས་པའམ་མ་དུས་པ་གཅིག་ཀྱང་མེད་པས་རྫོགས༔ དེ་ལས་གོང་ན༔ ཐེག་པ་གཞན་མེད་པས་ཆེན་པོ་ཞེས་བྱ་བ་སྟེ༔ རང་ལ་ཡེ་ནས་ཡོད་པའི་སངས་རྒྱས་ངོ་སྤྲོད་ཟབ་མོས་ལག་བཅངས་སུ་གཏད་པ་སྟེ༔ དཔེར་ན་ཚོང་དཔོན་ཤི་བའི་ནོར་བུའི་ལག་ཏུ་གཏད་པ་ལྟ་བུ༔ སྙན་བརྒྱུད་ཟབ་མོའི་ཁྲིད་འདི༔ དམ་ཚིག་བསྲུང་བ་གལ་ཆེ་བས་ས་མ་ཡ༔ སྐུ་གསུང་ཐུགས་ཀྱི་རྒྱ་ཡོད་པས༔ རྒྱ་རྒྱ་རྒྱ༔ སྣོད་མིན་ལ་གསང་བས་ཁ་ཐཾ་གུ་ཧྱ༔ གནམ་གཏེར་ཐུགས་གཏེར་ཡིན་རྟགས༔ གཏེར་རྫིའི་རྒྱ་ཡིག་དང་བཅས་པའོ༔ དེས་ནི་ཁྲིད་ཆེན་ལེགས་པར་ཐོབ་པས་མཎྜལ་ཕུལ་བ་འདིའི་རྗེས་ཟློས་མཛོད༔ རི་རྒྱལ་རི་བོ་མཆོག་རབ་དང་༔ གླིང་བཞི་གླིང་བརྒྱུད་ཉི་ཟླས་བརྒྱན༔ བླ་མ་ཚེ་དཔག་མེད་ལ་འབུལ༔ རྒྱུན་ཆད་མེད་པར་ཐུགས་རྗེས་ཟུངས༔ གསུམ༔ དེ་ནས་ཚོགས་འཁོར་དང་བཀའ་སྲུང་ལ་བསྐང་གསོ་བཀྲ་ཤིས་བསྔོ་བ་སྨོན་ལམ་བྱའོ༔ ༈ ཨེ་མ་ཧོ༔ རྫོགས་ཆེན་སྙན་རྒྱུད་ཁྲིད་ཁ་གསར་


CMR057_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

པ་འདི༔ པད་འབྱུང་ཐུགས་རྗེས་སྙིགས་མའི་དུས་འདིར་བྱོན༔ སྤྲུལ་སྐུ་ཉིད་ཀྱིས་ཡང་ཡང་བཀས་བསྐུལ་ཕྱིར༔ རཱ་ག་ཨ་སྱ་བདག་གིས་འགྲེལ་པ་སྦྱར༔ གསེར་འཕྱང་ལོ་ཡི་མགོ་ཡི་ཟླ་བ་ཡི༔ ཡར་ཚེས་དྲུག་གི་ཉིན་པར་རྫོགས་པར་འགྲུབ༔ མཁས་རྣམས་མགུ་ཕྱིར་ལུང་འདྲེན་མང་བར་བྱས༔ རྨོངས་པས་གོ་ཕྱིར་དམིགས་རིམ་ཉུང་ངུར་བསྡུས༔ ཁྲོམ་དུ་བཤད་ཕྱིར་ཁྲེགས་ཆོད་ཆོས་ཐུན་མོང་༔་ཉུང་ཁྲིད་དམིགས་པས་ཆོག་ཕྱིར་ཆོས་ཐུན་བསྡུས༔ བྱིན་རླབས་ཆེ་ཕྱིར་མདོ་རྒྱུད་ལུང་རྣམས་བསྒྲིགས༔ རྗེས་འཇུག་ཕན་ཕྱིར་གབ་འཁྲུགས་བསྡེབས་ཏེ་བཀོད༔ བལྟས་ཆོག་འདི་འདྲ་སྔོན་ཆད་བྱུང་བ་དཀོན༔ འོན་ཀྱང་ས་བརྒྱད་ཡན་གྱི་སྤྱོད་ཡུལ་བས༔ བདག་འདྲ་སོ་སྐྱེས་ཇི་བཞིན་རྟོགས་དཀའ་བས་འགལ་འཁྲུལ་ཉེས་པའི་ཚོགས་རྣམས་གང་མཆིས་པ༔ རྩ་བ་གསུམ་གྱི་ལྷ་ཚོགས་རྣམས་ལ་བཤགས༔ འཕྲལ་དང་ཡུན་དུ་བསྒྲིབ་པར་མ་གྱུར་ཅིག༔ འདི་བྲིས་དགེ་བའི་རྩ་བ་ཅི་མཆིས་པ༔ འཁོར་འདས་དགེ་ཚོགས་ཀུན་དང་གཅིག་བསྡོམས་ནས༔ སྤྲུལ་སྐུ་ཉིད་ལ་བོར་ཆད་མེད་པ་དང་༔ སྐུ་ཚེ་བརྟན་ཞིང་ཕྲིན་ལས་ཕྱོགས་བཅུར་རྒྱས༔ ཟབ་གཏེར་མྱུར་ཐོན་ཕྲིན་ལས་རྒྱས་གྱུར་ཅིག༔ པད་འབྱུང་རྩ་གསུམ་ལྷ་ཡི་བདེན་སྟོབས་དང་༔ ཆོས་ཉིད་ཡེ་ནས་རྣམ་པར་དག་པའི་མཐུས༔ སྨོན་ལམ་དེ་དག་གེགས་མེད་འགྲུབ་པར་ཤོག༔ མངྒ་ལཾ༔ རཱ་ག་ཨ་སྱའི་ཕྱག་བྲིས་ལས་ཞལ་བཤུས་སོ།། ༈ གླེགས་བམ་འདི་ཉིད་བཞེངས་པ་དང་། །འཆང་དང་


CMR057_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

ཀློག་པའི་དགེ་བའི་མཐུས། །བདག་ཅག་མཆེད་གཉིས་འཁོར་བཅས་དང་། །འཚོ་བ་སྦྱོར་བའི་ཡོན་བདག་རྣམས། །ཚེ་འདིར་བཀྲ་ཤིས་ཚེ་རིང་ཞིང་། །བདེ་སྐྱིད་ཕུན་སུམ་ཚོགས་པ་དང་། །ནམ་ཞིག་འདི་ནས་འཕོས་མ་ཐག །བདེ་བ་ཅན་དུ་སྐྱེ་ཕྱིར་བསྔོ། །ཞེས་པ་ཨ་རཱགས་སོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousརྫོགས་ཆེན་སྙན་བརྒྱུད་ཐོད་རྒལ་གྱི་ཁྲིད་ཁ་གསར་པ།next