Nitartha Digital Library
Tibetan
 
previousཤོག་ལྷེབ་ ༡༠༡ ནས་ ༢༠༠ བར།next

ཤོག་ལྷེབ་ ༡༠༡ ནས་ ༢༠༠ བར།


CMR057_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡང་སང་ང་འཆི་བསམ་པ་མེད་དེ༔ འབྱུང་བཞི་ལ་བློ་གཏད་ཟན་རྡོག་གཅིག་ཟ་རིང་ཡང་མེད་པ་ལ༔ དབུགས་རླངས་པ་ཙམ༔ དྲོད་མེ་སྟག་ཙམ་འདི་སྐད་ཅིག་ལ་ཆོད་པས་ཡ་ཆ་བ་ཡིན་ནོ༔ ལེགས་པར་སོམ་ཞིག༔ སྔར་སྐྱེས་པ་ཐམས་ཅད་ཤཱི༔ ཕྱིས་འབྱུང་བ་ཐམས་ཅད་ཀྱང་འཆི༔ ད་ལྟ་ཡོད་པ་ཐམས་ཅད་ཀྱང་ཧྲེང་ངེ་༔ ཟག་སེ༔ ཅོ་ལེ་བ་ཐམས་ཅད་འཆི༔ ན་སོ་ལ་གཞོན་རྒན་མེད་དེ༔ གཟུགས་བྱད་ལ་ལེགས་ཉེས་མེད༔ ངེས་པར་འཆི་ཞིང་ནམ་འཆི་ཆ་མེད་དེ༔ ཉེ་བ་དང་ལབ་འཕྲོ༔ ལས་ཀྱི་བྱེད་འཕྲོ༔ གོས་ཀྱི་གོན་འཕྲོ༔ ཟས་ཀྱི་ཟ་འཕྲོ༔ ཉལ་མལ་དང་ལུས་ཆས་ལྟོ་ཕོར་ཡན་ཆད༔ འཕྲོ་ལོང་ངེ་༔ ཤུལ་ཝང་ངེ་༔ ཐབ་སྐོར་གྱི་གྲལ་ནས་ཧ་རེ་འགྲོ་དགོས་ཏེ༔ ཁོ་ཤི་ལོ༔ མོ་ཤི་ལོ་ཟེར་བའི་གཏམ་གྱི་རྗེས་ཤིག་མིན་པ་མེད་པར༔ ཐམས་ཅད་ཀྱི་དཀྱིལ་ནས་རང་གཅིག་པུ་མར་གྱི་དཀྱིལ་ནས་སྤ་བཏོན་པ་ལྟར་འགྲོ་དགོས་པའི་དུས་ཅིག་འབྱུང་བ་ལ་ཨ་རེ་འཇིགས་ན༔ ཞེས་དང་༔ ཡང་ཨུ་རྒྱན་རིན་པོ་ཆེས༔ ནང་བཅུད་སེམས་ཅན་མི་རྟག་སྟེ༔ སྔར་འཇིག་རྟེན་ན་དུ་ཡོད་པ་ཐམས་ཅད་ཤི༔ ད་ལྟ་ས་


CMR057_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

ཐོག་ན་དུ་ཙམ་ཡོད་པ་དེ་ཐམས་ཅད་འཆི༔ རྒྱལ་ཁམས་ན་དུས་འཛིང་མི་ཕྱེད་མཚོན་དུ་འགུམ༔ སུ་ཤི་གང་ཤི་ཇི་ཙམ་ཤི༔ ཇི་ཙམ་ཞིག་ཐོས་ལར་སྙིང་པོ་མེད་པ་སྐྱོན་ཆེ་སྙམ་དུ་བསྒོམ༔ དེ་ནས་ཡང་ག་རེ་བདག་གི་དྲན་པ་རང་ཡང་༔ ཡུལ་མི་གྲོང་པ་ཕ་སྤུན་གཉེན་ཉེ་རིང་༔ བླ་མ་མཆེད་གྲོགས༔ ཕ་མ་སྤུན་ཟླ༔ བཟའ་ཚོ་ཁྱོ་ཤུག་བྱིས་པ་དུ་ཙམ་ཤཱི༔ གང་ཙམ་ཤཱི༔ བདག་རང་ད་བར་མ་ཤི་བ་ཡ་མཚན་ཆེ༔ མ་ཤི་ཡང་ངས་ཕྱི་མ་གདེང་ཐོབ་པའི་ཆོས་མ་བྱས་སྐྱོན་ཆེ༔ ལར་སྣོད་བཅུད་གང་ཅི་ཐམས་ཅད་མི་རྟག་པ་འདི་ཡ་ཆ་བསམ་སྐྱོ་བ་སྐྱེ་ཏུང་ཏུང་༔ མིད་པ་ན་ཀྱུར་ཀྱུར་བ་བློ་རྡེགས་སུ་བསྒོམ་ཞེས་གསུངས་སོ༔ དེ་དང་མཚུངས་པར་རྗེ་སྲོང་བཙན་སྒམ་པོའི་ཞལ་ནས་ཀྱང་༔ ཆེ་བ་དགེ་བའི་བཤེས་གཉེན་དང་༔ བཟང་བ་ས་བདག་རྒྱལ་པོ་མན་ཆད༔ ཕྱུག་པོ་འཁོར་ལོས་སྒྱུར་བའི་རྒྱལ་པོ་ནས༔ ལྟོགས་པ་ལོང་སྤྲང་ཡན་ཆད༔ ཆུང་ངུ་མ་ལ་སྐྱེས་ཕྲལ་ནས་རྒན་པོ་དྲུག་ཅུ་ལོན་པ་མན་ཆད༔ འཆི་བདག་གི་དབང་དུ་མི་འགྲོ་བ་གཅིག་ཀྱང་མེད༔ ཅེས་དང་༔ ཞག་གཅིག་མི་འཆི་བའི་དབང་མེད་དེ༔ ཡེངས་མ་ལམ་ལ་ཚེ་མ་ཚོར་བར་ཟད་


CMR057_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

ནས༔ རིང་པོར་མི་ཐོགས་པར་ལུས་ནམ་འབོར་ཆ་མེད༔ རུལ་མྱག་མི་གཙང་བའི་རོ་འདི་འབུ་སྲིན་བྱ་ཁྱི་གཅན་སྤྱང་གི་ཟས་སུ་ནམ་འགྲོ་ཆ་མེད་དོ༔ ཞེས་གསུངས་སོ༔ དེ་དང་མཚུངས་པར་སྤྱོད་འཇུག་ལས༔ དཀའ་བ་མང་པོས་སྒྲུབ་པ་ཡི༔ ཟས་དང་གོས་ཀྱིས་བསྐྱང་བའི་ལུས༔ ཁྱོད་དང་མི་འགྲོགས་བྱ་ཁྱིས་ཟ༔ ཡང་ན་འབར་བའི་མེ་ཡིས་འཚིག༔ ཡང་ན་ཆུ་ཡི་ནང་དུ་འདྲུལ༔ ཡང་ན་ས་ཡི་འོག་ཏུ་སྦ༔ ཞེས་གསུངས་སོ༔ དེ་ལྟར་དུས་རྒྱུན་དུ་མ་བརྗེད་པར་ཉིན་རེ་ལན་གསུམ་འཆི་བ་མ་བརྗེད་པ་གལ་ཆེ་ཞིང་དེ་རིང་ནས་སང་ཉིན་བར་འཆི་བ་ཁོ་ན་རྩེ་གཅིག་ཏུ་བསྒོམ་དགོས་སོ༔ དེ་ལྟར་འཆི་བ་བསྒོམ་པའི་ཕན་ཡོན་ཅི་ཡོད་ཅེ་ན༔ བཅོམ་ལྡན་འདས་ཀྱི་ཞལ་ནས༔ མི་རྟག་པ་མང་དུ་བསྒོམ་ན་སངས་རྒྱས་ཐམས་ཅད་ལ་མཆོད་པ་བྱས་པ་ཡིན་ནོ༔ མི་རྟག་པ་མང་དུ་བསྒོམ་ན་སངས་རྒྱས་ཐམས་ཅད་ཀྱིས་དབུགས་ཕྱུང་བ་ཡིན་ནོ༔ མི་རྟག་པ་མང་དུ་བསྒོམ་ན་སངས་རྒྱས་ཐམས་ཅད་ཀྱིས་ལུང་བསྟན་པ་ཡིན་ནོ༔ མི་རྟག་པ་མང་དུ་བསྒོམ་ན་སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱིས་བརླབས་པ་ཡིན་ནོ༔ དཔེར་ན་རྗེས་


CMR057_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་ནང་ནས་གླང་པོ་ཆེའི་རྗེས་མཆོག་ཡིན་ནོ༔ དེ་བཞིན་དུ་ནང་པ་སངས་རྒྱས་པའི་བསྒོམ་པའི་འདུ་ཤེས་རྣམས་ཀྱི་ནང་ནས་མི་རྟག་པ་བསྒོམ་པའི་འདུ་ཤེས་ཁོ་ན་མཆོག་ཡོན་ནོ༔ ཞེས་དང་༔ མྱ་ངན་འདས་ཆེན་ལས་ཞིང་རྨོ་བ་རྣམས་ཀྱི་ནང་ནས་སྟོན་གྱི་ལོ་ཐོག་མཆོག་གོ༔ རྗེས་རྣམས་ཀྱི་ནང་ནས་བ་གླང་གི་རྗེས་མཆོག་གོ༔ འདུ་ཤེས་རྣམས་ཀྱི་ནང་ནས་མི་རྟག་པ་དང་འཆི་བའི་འདུ་ཤེས་མཆོག་ཡིན་ཏེ༔ འདི་དག་གིས་ནི་ཁམས་གསུམ་གྱི་འདོད་པ་དང་མ་རིག་པ་དང་ང་རྒྱལ་ཐམས་ཅད་སེལ་ལོ༔ ཞེས་གསུངས་ཤིང་སྔོན་གྱི་གྲུབ་ཐོབ་རིག་འཛིན་གོང་མ་རྣམས་ཀྱང་འཆི་བས་ཐུགས་བསྔངས་ནས༔ ཚེ་འདི་བློས་བཏང་ལྟོ་གོས་གཏམ་གསུམ་ལ་གྱོང་བསྐུར་ནས༔ སྒྲུབ་པ་རྩེ་གཅིག་མཛད་པས་དོན་འགྲུབ་པར་སྣང་༔ སྐྱེ་བོ་ཕལ་པ་ཆོས་མི་དྲན་པ་དང་༔ ལོངས་སྤྱོད་ཅན་སེར་སྣས་བཅིངས་པ་དང་༔ དབང་ཡོད་རྣམས་སྡིག་པ་རྔམས་པོ་ཆེ་བྱེད་པ་དང་༔ མི་ངན་པ་རྣམས་མི་དགེ་བ་མཚམས་མེད་སྣ་ཚོགས་བྱེད་པ་དང་༔ ཆོས་སྒོར་ཞུགས་པ་རྣམས་མཐར་མི་ཕྱིན་པ་ཐམས་ཅད་འཆི་བ་མ་དྲན་པའི་སྐྱོན་ཡིན་པས༔ ད་རེས་ཁྱེད་རྣམས་འཆི་བ་མི་རྟག་པ་ཁོ་


CMR057_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

ན་རྩེ་གཅིག་ཏུ་བསྒོམ་པ་གལ་ཆེ༔ ད་རེས་མི་རྟག་པ་གོ་བ་སྐྱེས་ནས་རྒྱུན་དུ་ཡང་མ་བརྗེད་པ་གལ་ཆེ༔ ཆོས་ཐུན་གསུམ་པའོ༔ ༈ དེ་ནས་ལས་རྒྱུ་འབྲས་འཆད་པ་ནི༔ རྡོ་རྗེའི་ཚིག་རྐང་ལས༔ དགེ་བའི་ཆོས་ལ་འབད་ན་སངས་རྒྱས་རྒྱུ༔ སྡིག་པ་གང་བྱས་དེ་ལྟའི་རིགས་དྲུག་འཁྱམས༔ ཞེས་དང་༔ དེའི་རང་འགྲེལ་ཐུགས་རྗེ་ཆེན་པོས་གསུངས་པ་ལས༔ དགེ་བ་སྣ་ཚོགས་ཀྱི་ཆོས་ལ་ཤིན་ཏུ་འབད་ན་ནི་སངས་རྒྱས་པའི་རྒྱུ་ཡིན་ནོ༔ སྡིག་པ་གང་བྱས་པ་དེ་ལྟ་བུའི་འགྲོ་བ་རིགས་དྲུག་ཏུ་འཁྱམས་ཏེ༔ གཏི་མུག་དུད་འགྲོ་སེར་སྣ་ཡི་དྭགས་ལ་སོགས༔ ཞེས་གསུངས་པའི་དོན་རྒྱས་པར་འཆད་ན༔ གོང་དུ་བཤད་པའི་འཆི་བ་མི་རྟག་པས་ཚེའི་དུས་བྱས་ཀྱང་སྐྱོན་མེད་དེ་ཡང་སྐྱེ་ནི་འོང་སྙམ་ན༔ ཤི་ནས་གར་སྐྱེ་ལས་དབང་ཆེ་སྟེ༔ ལས་བརྒྱ་པ་ལས༔ ལས་རྣམས་ཀྱང་ནི་སྣ་ཚོགས་ལས༔ དེ་ཡི་འགྲོ་འདི་སྣ་ཚོགས་བྱས༔ ཞེས་དང་༔ སྙིང་རྗེ་པདྨ་དཀར་པོ་ལས་ཀྱང་༔ འཇིག་རྟེན་ལས་ཀྱི་བྱས་པ་ལས་ཀྱིས་སྤྲུལ་པའོ༔ སེམས་ཅན་རྣམས་ནི་ལས་ཀྱི་བྱས་པ་ལས་ཀྱི་རྒྱུ་ལས་བྱུང་བ༔ ལས་ཀྱིས་རབ་ཏུ་ཕྱེ་བའོ༔


CMR057_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་སོ༔ ཆོས་མངོན་པ་མཛོད་ལས་ཀྱང་༔ འཇིག་རྟེན་སྣ་ཚོགས་ལས་ལ་སྐྱེ༔ ཞེས་གསུངས༔ ཕལ་ཆེན་ལས༔ འགྲོ་བ་རྣམས་ཀྱི་རང་བཞིན་ལས་ཀྱི་རྒྱུ༔ བསམ་གྱིས་མི་ཁྱབ་སངས་རྒྱས་མ་ལུས་གསུངས༔ ཇི་ལྟར་ས་བོན་ཁྱད་པར་གྱི༔ འབྲས་བུ་སྣ་ཚོགས་བཏང་བ་ལྟར༔ དེ་བཞིན་ལས་ཀྱི་ཁྱད་པར་གྱིས༔ སེམས་ཅན་རྣམས་དང་ཞིང་འབྱུང་ངོ་༔ ཞིང་གི་རྣམ་པ་ཤིན་ཏུ་མང་༔ སེམས་ཅན་ལས་ཀྱིས་བསགས་པ་ཡིན༔ ཞེས་དང་༔ དྲན་པ་ཉེར་བཞག་ལས༔ དེ་ལྟར་ལས་ཀྱིས་ཡོང་འཁོར་བས༔ འཇིག་རྟེན་འཁོར་ལོ་བཞིན་དུ་འཁོར༔ འདོད་པའི་དབང་དུ་མི་འགྲོ་སྟེ༔ དགོས་པའི་དབང་དུ་འགྲོ་ཕྱིར་རོ༔ ཞེས་དང་༔ ཨུ་རྒྱན་རིན་པོ་ཆེས༔ རྒྱུ་འབྲས་མི་བསླུ་ཞིང་སྤངས་དཀའ་བའི་ཐ་ཚིག༔ ཅེས་གསུངས་སོ༔ ལ་ལ་དག་ལས་རྒྱུ་འབྲས་མི་བདེན་པར་འདོད་པ་ནི་མུ་སྟེགས་ཆད་ལྟའི་རིགས་ཡིན་ཏེ༔ དེས་རང་གཞན་ཐམས་ཅད་མནར་མེད་དུ་ཁྲིད་པ་སྟེ༔ བྱམས་པ་འཁོར་ལོ་བཅུ་པའི་མདོ་ལས༔ ལས་ཀྱི་རྒྱུ་འབྲས་མེད་པར་གང་འདོད་པ༔ དེ་ནི་མུ་སྟེགས་ཆད་པར་ལྟ་བ་ཡིན༔ ཤི་མ་ཐག་ཏུ་མནར་མེད་དམྱལ་


CMR057_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

བར་སྐྱེ༔ དེས་ནི་རང་ཕུང་གཞན་ཡང་རླག་པར་བྱེད༔ ཅེས་དང་༔ པདྨ་བརྩེགས་པ་ལས༔ ལས་ལ་རྣམ་སྨིན་དགེ་སྡིག་མེད་ཅེས་ཟེར༔ དེ་ཡི་དམ་ཆོས༔ ཅེས་གསུངས་སོ༔ འོ་ན་ལས་དེ་ཅི་ཞིག་ཡིན་ཞེ་ན༔ སེམས་པའི་ལས་དང་བསམ་པའི་ལས་གཉིས་ཡིན་ཏེ༔ མངོན་པ་ཀུན་ལས་བཏུས་པར༔ ལས་གང་ཞེ་ན་སེམས་པའི་ལས་དང་བསམ་པའི་ལས་ཏེ༔ ཞེས་དང་༔ མངོན་པ་མཛོད་ལས་ཀྱང་༔ ལས་ནི་སེམས་པ་དང་དེས་བྱས༔ ཞེས་དང་༔ མདོ་ལས༔ དྲང་སྲོང་མཆོག་གིས་ལས་རྣམས་ནི༔ སེམས་པ་དང་ནི་བསམ་པར་གསུངས༔ ཞེས་གསུངས་སོ༔ དེ་གཉིས་ཀྱང་ཅི་ལྟར་ཡིན་ཞེ་ན༔ ཡིད་ལ་བསམ་པ་ནི་སེམས་པའི་ལས༔ སེམས་ཀྱིས་བསྐྱེད་དེ་བྱས་པ་དག་ནི་བསམ་པའི་ལས་ཏེ༔ མངོན་པ་མཛོད་ལས༔ སེམས་པ་ཡིད་ཀྱི་ལས་ཡིན་ཏེ༔ དེས་བསྐྱེད་ལུས་དང་ངག་གི་ལས༔ ཞེས་གསུངས་སོ༔ ལས་དེ་ལ་ཡང་དབྱེ་བ་དང་༔ སོ་སོའི་མཚན་ཉིད་དང་༔ བདག་གིར་བྱ་བ་དང་༔ བགོ་སྐལ་ལ་སྤྱོད་པ་དང་༔ ཆུང་ངུ་ལས་ཆེར་སྨིན་པ་དང་༔ ཆུད་མི་ཟ་བ་དང་དྲུག་གི་དང་


CMR057_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

པོ༔ དབྱེ་བ་སྤྱིར་བཤད་པ་ནི༔ དགེ་བ་དང་༔ མི་དགེ་བ་དང་༔ མི་གཡོ་བའི་ལས་རྒྱུ་འབྲས་གསུམ་དུ་འདུས་སོ༔ རྒྱས་པར་ནི་མང་ན་ཡང་བསོད་ནམས་མ་ཡིན་པ་ནི་མི་དགེ་བ་བཅུར་འདུས་ཏེ༔ ལུས་ཀྱི་སྒོ་ནས་སྲོག་གཅོད་མ་བྱིན་ལེན་མི་ཚངས་སྤྱོད་དང་གསུམ་མོ༔ ངག་གི་སྒོ་ནས་རྫུན་ཕྲ་མ་ཚིག་རྩུབ་ངག་འཁྱལ་དང་བཞི༔ ཡིད་ཀྱི་སྒོ་ནས་བརྣབ་སེམས་གནོད་སེམས་ལོག་ལྟ་དང་གསུམ་མོ༔ བསོད་ནམས་ཀྱི་ལས་ནི་དགེ་བ་བཅུ་སྟེ༔ མི་དགེ་བ་བཅུ་སྤངས་བ་ནི་དགེ་བ་བཅུའོ༔ མི་གཡོ་བའི་ལས་ནི་སྙོམས་འཇུག་གི་བསམ་གཏན་བསྒོམ་པ་སྟེ༔ དོན་བསྡུ་ན་ལྷག་མཐོང་མེད་པའི་ཞི་གནས་ཁྱད་པར་ཅན་བསྒོམ་པའོ༔ དེ་ཡང་མི་དགེ་བའི་ལས་ཀྱིས་ངན་འགྲོ་དང་༔ དགེ་བའི་ལས་ཀྱིས་བདེ་འགྲོ་དང་༔ མི་གཡོ་བའི་ལས་ཀྱིས་ཁམས་གོང་མའི་ལྷར་སྐྱེ་སྟེ༔ འཕགས་པ་དེས་པས་ཞུས་པའི་མདོ་ལས༔ ས་བོན་ཚ་བ་རྣམས་ལ་ནི༔ འབྲས་བུ་ཚ་བ་སྐྱེ་བར་འགྱུར༔ ས་བོན་མངར་བ་རྣམས་ལ་ནི༔ འབྲས་བུ་མངར་བ་སྐྱེ་བར་འགྱུར༔ དེས་ཟླར་བྱས་པ་དེ་ཡིས་ནི༔ སྡིག་པའི་རྣམ་སྨིན་ཚ་བ་དང་༔ དཀར་བའི་འབྲས་བུ་མངར་བ་ཡང་༔ མཁས་


CMR057_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་ཀྱིས་ཤེས་བྱས་ལ༔ རྟག་ཏུ་ལུས་དང་ངག་ཡིད་ཀྱིས༔ སྡིག་པ་རྣམ་གསུམ་མི་བྱ་ཞིང་༔ གཞན་དག་བྱེད་ཀྱང་མཁས་པ་ཡིས༔ རྗེས་སུ་དགའ་བར་མི་བྱའོ༔ ལུས་དང་ངག་དང་ཡིད་རྣམས་ཀྱིས༔ དཀར་པོ་རྣམ་གསུམ་རྟག་ཏུ་བྱ༔ གང་དག་དགེ་བ་སྤྱད་བྱེད་པ༔ གཞན་དག་ལ་ཡང་ཡིད་རང་བྱ༔ ཞེས་དང་༔ བཅོམ་ལྡན་འདས་ཀྱི་ཞལ་ནས༔ ལས་ཀྱི་རྣམ་སྨིན་མཐོང་དེ་བདེ་བར་རབ་ཏུ་བདེ༔ འགྲོ་བ་བཟང་པོར་སོང་བས་ཕྱིར་ཞིང་བདེ༔ སྡིག་པ་བྱེད་པས་འདིར་སྡུག་ཕྱི་མ་སྡུག༔ ལས་ཀྱི་རྣམ་སྨིན་མ་མཐོང་རབ་ཏུ་སྡུག༔ འགྲོ་བ་ངན་པར་སོང་བས་ཕྱིར་ཞིང་སྡུག༔ ཅེས་དང་༔ བཅོམ་ལྡན་འདས་ཀྱིས༔ དགེ་སློང་དག་དེ་ལྟ་བས་ན་ལས་གཅིག་ཏུ་མནག་པ་རྣམས་ཀྱི་རྣམ་པར་སྨིན་པ་ནི་གཅིག་ཏུ་མནག་པ་ཡིན་ལ༔ གཅིག་ཏུ་དཀར་བ་རྣམས་ཀྱི་རྣམ་པར་སྨིན་པ་ནི་གཅིག་ཏུ་དཀར་བ་ཡིན༔ འདྲེས་མ་རྣམས་ནི་འདྲེས་མ་ཡིན་པས༔ དགེ་སློང་དག་དེ་ལྟ་བས་ན༔ ལས་གཅིག་ཏུ་མནག་པ་དང་འདྲེས་མ་རྣམས་ནི་སྤངས་ལ༔ གཅིག་ཏུ་དཀར་བ་རྣམས་ལ་བརྩལ་བར་བྱ་སྟེ༔ དགེ་སློང་དག་ཁྱེད་ཀྱིས་དེ་ལྟ་བུ་ལ་


CMR057_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

བསླབ་པར་བྱའོ༔ ཞེས་གསུངས་སོ༔ དེ་ལྟ་བུའི་ལས་དེ་ལ་ཡང་མུ་བཞི་བཞིར་བཤད་པས་རྣམ་གྲངས་བཅུ་སྟེ༔ ངེས་མ་ངེས་དང་༔ བྱས་ལ་བསགས་མ་བསགས་དང་༔ ཚེ་ཚད་རྫོགས་མ་རྫོགས་དང་༔ བདེ་སྡུག་དང་༔ གཏོང་ཕོད་ཆེ་ཆུང་དང་༔ ལུས་སེམས་བདེ་སྡུག་དང་༔ ཚེ་ཚད་ཟད་མ་ཟད་དང་༔ ངན་སོང་གི་གཟུགས་དང་༔ ཀུན་སློང་དང་༔ འཕེན་བྱེད་རྫོགས་བྱེད་རྣམས་སོ༔ དང་པོ་ནི༔ མདོ་སྡེ་ལས་རྣམ་འབྱེད་ལས༔ དེ་ལ་ངེས་པར་སྐྱེ་བར་འགྱུར་བའི་ལས་གང་ཞེ་ན༔ དགེ་བའི་ལས་གང་བྱས་ནས་འདི་ནི་བདག་ལྟ་བུ་གཅིག་ཏུ་སྐྱེ་བར་གྱུར་ཅིག༔ ཅེས་ངེས་པར་བསྔོ་བ་དང་༔ མཚམས་མེད་པ་ལྔ་བྱས་པ་སྟེ༔ འདི་ནི་ངེས་པར་སྐྱེ་བར་འགྱུར་བའོ༔ ཞེས་གསུངས་སོ༔ མ་ངེས་པ་ནི་མདོ་དེ་ཉིད་ལས༔ དེ་ལ་སྐྱེ་བར་འགྱུར་བ་མ་ངེས་པའི་ལས་གང་ཞེ་ན༔ དགེ་བའི་ལས་གང་བྱས་ནས་ཅིར་ཡང་ཡོངས་སུ་མི་བསྔོ་བའོ༔ ལས་འདི་ནི་སྐྱེ་བར་འགྱུར་བ་མ་ངེས་པའོ༔ དེ་ལ་ལས་གཞན་རྣམ་པར་སྨིན་པར་འགྱུར་བ་གང་ཞེ་ན༔ འདིར་དགེ་བ་དང་མི་དགེ་བའི་ལས་ཡུལ་གཞན་དུ་སྨིན་པར་འགྱུར་བ་དཔེར་ན་ཚོང་པ་མཛའ་བོའི་བུ་


CMR057_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

མོ་ལྟ་བུའོ༔ ལས་འདི་ནི་ཡུལ་གཞན་ན་སྨིན་པའོ༔ ཞེས་གསུངས་སོ༔ གཉིས་པ་ནི༔ ལས་རྣམ་འབྱེད་ལས༔ དེ་ལ་ལས་བྱས་ལ་བསགས་པ་མ་ཡིན་པ་གང་ཞེ་ན༔ ལས་གང་བྱས་ནས་འགྱོད་པ་དང་༔ སྨོད་པ་དང་༔ འཆགས་པ་དང་༔ མཐོལ་བ་དང་༔ འདོར་བ་དང་༔ སྤངས་པ་དང་༔ ཕྱིན་ཆད་སྡོམ་པར་བྱེད་པ་སྟེ༔ འདི་ནི་བྱས་ལ་མ་བསགས་པ་ཡིན་པའོ༔ དེ་ལ་ལས་བསགས་ལ་མ་བྱས་པ་གང་ཞེ་ན༔ ལས་གང་ལུས་ཀྱིས་ཡོངས་སུ་རྫོགས་པར་མ་བྱས་པ་སྟེ༔ སེམས་ཀྱིས་ཡོངས་སུ་རྫོགས་པར་བྱས་ཤིང་ཚིག་ཏུ་ཡང་མི་བྱའོ་ཞེས་སྨྲས་ན་དེ་མ་བྱས་པ་སྟེ༔ ལས་འདི་ནི་བསགས་ལ་མ་བྱས་པའོ༔ དེ་ལ་ལས་བྱས་ལ་བསགས་པའི་ལས་དེ་གང་ཞེ་ན༔ ལས་གང་བྱས་ནས་མི་འཛེམ་མི་ལྡོག་མི་འགྱོད་མི་སྨོད་མི་འཆགས་མི་མཐོལ་མི་འདོར་མི་སྤངས་ཕྱིན་ཆད་མི་སྡོམ་པ་སྟེ༔ འདི་ནི་བྱས་ལ་བསགས་པའོ༔ དེ་ལ་ལས་མ་བྱས་མི་བསགས་པའི་ལས་གང་ཞེ་ན༔ ལས་གང་ཡང་ཆེད་དུ་མ་བྱས་པ་སྟེ༔ ལས་འདི་ནི་མ་བྱས་མ་བསགས་པའོ༔ གསུམ་པ་ཚེ་ཚད་རྫོགས་མི་རྫོགས་ནི༔ མདོ་དེ་ཉིད་ལས༔ དེ་ལ་གང་བྱས་


CMR057_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སེམས་ཅན་དམྱལ་བར་སྐྱེས་ནས་དམྱལ་བའི་ཚེ་ཚད་རྫོགས་པར་བྱས་ནས་འཕོ་བའི་ལས་གང་ཞེ་ན༔ འདི་ལ་གང་ཟག་འགའ་ཞིག་དམྱལ་བར་སྐྱེ་བའི་ལས་བྱས་ཤིང་བསགས་པར་འགྱུར་ལ༔ དེ་ལ་དེས་མི་འཛེམ་མི་ལྡོག་མི་འགྱོད་པ་ནས་ཕྱིན་ཆད་སྡོམ་པར་མི་བྱེད་པ་སྟེ༔ དཔེར་ན་ལྷས་སྦྱིན་ལྟ་བུའོ༔ འདི་ནི་ལས་གང་དང་ལྡན་ན་དམྱལ་བར་སྐྱེས་ནས་ཅན་དམྱལ་བར་འགྱུར་བའི་ལས་བྱས་ནས་ཅུང་ཟད་འཛེམས་པ་དང་༔ ཅུང་ཟད་བཤགས་པ་དང་༔ ཅུང་ཟད་སྡོམ་པར་བྱེད་པ་སྟེ༔ འདི་ནི་ལས་གང་དང་ལྡན་ན་སེམས་ཅན་དམྱལ་བ་རྣམས་སུ་སྐྱེས་ཏེ་དམྱལ་བའི་ཚེ་ཕྱེད་ཟད་ནས་འཆི་འཕོ་བའི་ལས་སོ༔ དེ་ལ་ལས་གང་དང་ལྡན་ན་གང་ཟག་སེམས་ཅན་དམྱལ་བ་རྣམས་སུ་སྐྱེས་མ་ཐག་ཏུ་འཆི་འཕོ་བའི་ལས་གང་ཞེ་ན༔ འདི་ལ་གང་ཟག་འགའ་ཞིག་གིས་སེམས་ཅན་དམྱལ་བར་འགྱུར་བའི་ལས་བྱས་ཤིང་བསགས་པར་འགྱུར་ལ༔ དེས་ལས་དེ་བྱས་པས་རབ་ཏུ་འཛེམས་པ་དང་༔


CMR057_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་བཤགས་པ་དང་༔ རབ་ཏུ་སྡོམ་པར་བྱེད་པ་སྟེ༔ འདི་ནི་ལས་གང་དང་ལྡན་ན་སེམས་ཅན་དམྱལ་བ་རྣམས་སུ་སྐྱེས་མ་ཐག་ནས་འཆི་འཕོ་བའི་ལས་ཏེ༔ དཔེར་ན་རྒྱལ་པོ་མ་སྐྱེས་དགྲས་ཕ་བསད་པ་ལྟ་བུའོ༔ ཞེས་གསུངས་ཏེ༔ མ་སྐྱེས་དགྲས་ཕ་བསད་ཀྱང་དེ་ལ་འགྱོད་པ་དང་བཤགས་པ་རྒྱ་ཆེར་བྱས་པས༔ དམྱལ་བར་ཡུད་ཙམ་སྐྱེས་ནས་ཐར་བ་ཡིན་སྐད་དོ༔ དེ་ལྟར་སྡིག་པ་ཆེན་པོ་བཤགས་པས་བསྲབ་པར་འགྱུར་གྱི༔ རྩོད་ནས་བྱང་བར་དཀའ་སྟེ༔ མདོ་ལས༔ ཤིན་ཏུ་མི་བཟད་ལས་རྣམས་བྱས་པ་ནི༔ བདག་ལ་སྨོད་དང་རབ་ཏུ་བཤགས་པ་དང་༔ སྡོམ་པར་བྱེད་པས་དེ་དག་སྲབ་འགྱུར་གྱི༔ ཤིན་ཏུ་རྩད་ནས་ཕྱུང་ཅེས་མི་སྨྲའོ༔ ཞེས་གསུངས་སོ༔ བཞི་པ་བདེ་སྡུག་མུ་བཞིའི་ཁྱད་པར་ནི༔ མདོ་སྡེ་ལས་རྣམ་འབྱེད་ལས༔ དེ་ལ་ལས་གང་དང་ལྡན་ན་གང་ཟག་སྔར་བདེ་ལ་ཕྱིས་སྡུག་བསྔལ་བའི་ལས་གང་ཞེ་ན༔ འདི་ལ་གང་ཟག་འགའ་ཞིག་སྦྱིན་པ་བྱིན་ནས་ཡིད་དགའ་བ་དང་བདེ་བ་སྐྱེས་ལ༔ ཕྱིས་ནས་འགྱོད་པ་ཡིན་ཏེ༔ གང་ཟག་དེ་ནི་མི་རྣམས་ཀྱི་ནང་དུ་སྐྱེས་པ་ན༔ ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་


CMR057_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་བ་དང་༔ འབྱོར་པ་ཐམས་ཅད་དང་ལྡན་པའི་ཁྱིམ་དུ་སྐྱེས་ཏེ་བདེ་བར་སྤྱད་ནས༔ ཕྱིས་ཡོངས་སུ་ཉམས་ཤིང་ཟད་པར་འགྱུར་ཏེ༔ དེའི་གཞིས་སྡུག་བསྔལ་བར་འགྱུར་ཏེ༔ འདི་ནི་ལས་གང་དང་ལྡན་ན་སྔར་བདེ་ལ་ཕྱིས་སྡུག་བསྔལ་བར་འགྱུར་བའི་ལས་སོ༔ དེ་ལ་ལས་གང་དང་ལྡན་ན་སྔར་སྡུག་བསྔལ་ལ་ཕྱིས་བདེ་བར་འགྱུར་བའི་ལས་གང་ཞེ་ན༔ འདི་ལ་གང་ཟག་འགའ་ཞིག་སྦྱིན་པ་བྱིན་པ་ན༔ གནོད་གནོད་ལྟར་འཇུག་ཅིང་སྦྱིན་ལ༔ བྱིན་ནས་མི་འགྱོད་པར་གྱུར་ཅིང་དགའ་བ་དང་ཡིད་བདེ་བ་སྐྱེས་པ་ཡིན་ཏེ༔ གང་ཟག་དེ་ནི་མིའི་ནང་དུ་སྐྱེ་བ་ན་དབུལ་པོ་བཟའ་བཏུང་ལོངས་སྤྱོད་ཆུང་བའི་ཁྱིམ་རྣམས་སུ་སྐྱེས་ནས་དེར་ཚེགས་ཆེན་པོས་བཟའ་བ་དང་བགོ་བ་རྣམས་རྙེད༔ དེ་ཆེས་རྒྱག་པར་གྱུར་པ་དང་ལོངས་སྤྱོད་དེ་དག་འཕེལ་ཞིང་རྒྱས་པར་འགྱུར་ཏེ༔ འདི་ནི་ལས་གང་དང་ལྡན་ན་གང་ཟག་སྔར་སྡུག་བསྔལ་བར་འགྱུར་ལ་ཕྱིས་བདེ་བར་འགྱུར་བའི་ལས་སོ༔ ལས་གང་དང་ལྡན་ན་གང་ཟག་སྔར་བདེ་བར་འགྱུར་ལ་ཕྱིས་ཀྱང་བདེ་བར་འགྱུར་བའི་ལས་གང་ཞེ་ན༔ འདི་ལ་གང་ཟག་འགའ་ཞིག་གིས་སྦྱིན་པ་བྱིན་པ་ན་ཡིད་དགའ་བཞིན་དུ་བྱིན་ནས་དགའ་བ་


CMR057_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

དང་༔ ཡིད་བདེ་བ་སྐྱེས་ནས་ཕྱིས་ཀྱང་མི་འགྱོད་པ་ཡིན་ཏེ༔ གང་ཟག་དེ་གང་གི་ཚེ་མི་རྣམས་ཀྱི་ནང་དུ་སྐྱེ་བ་ན༔ ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ་དང་༔ འབྱོར་པ་ཐམས་ཅད་དང་ལྡན་པའི་ཁྱིམ་རྣམས་སུ་སྐྱེ་བར་འགྱུར་ཏེ༔ ཁྱིམ་དེ་རྣམས་སུ་སྐྱེས་ནས་ཤིན་ཏུ་སྐྱིད་ལ་བཞོན་པ་ལ་ཞོན་ཅིང་བདེ་བར་སྤྱོད་ལ་དེའི་ལོངས་སྤྱོད་དེ་དག་ཕྱིས་ཀྱང་འཕེལ་བ་སྟེ༔ འདི་ནི་ལས་གང་དང་ལྡན་ན་གང་ཟག་སྔར་བདེ་བར་གྱུར་པ་དེ་ཕྱིས་ཀྱང་བདེ་བར་འགྱུར་བའི་ལས་སོ༔ དེ་ལ་གང་ཟག་གང་སྔར་སྡུག་བསྔལ་བར་གྱུར་ལ་ཕྱིས་ཀྱང་སྡུག་བསྔལ་བར་འགྱུར་བའི་ལས་གང་ཞེ་ན༔ འདི་ལ་གང་ཟག་འགའ་ཞིག་དགེ་བའི་བཤེས་གཉེན་དང་བྲལ་བར་འགྱུར་ཏེ༔ དེས་སུས་ཀྱང་སྦྱིན་པ་ཡང་དག་པར་འཛིན་མ་བཅུག༔ དེས་ཀྱང་སྦྱིན་པ་མ་བཏང་བ་ཡིན༔ དེ་སྡིག་པའི་ལས་ཀྱང་ཅི་མ་བྱས་ཤིང་མ་བསགས་པ་ཡིན་ཏེ༔ གང་ཟག་དེ་གང་གི་ཚེ་མི་རྣམས་ཀྱི་ནང་དུ་སྐྱེ་བ་དབུལ་པོ་བཟའ་བཏུང་ཉུང་བ་སྡུག་བསྔལ་བས་འཚོ་བའི་ཁྱིམ་དུ་སྐྱེ་བར་འགྱུར་ཏེ༔ འདི་ནི་ལས་གང་དང་ལྡན་ན༔ གང་ཟག་སྔར་ཡང་སྡུག་བསྔལ་བ་ལ་ཕྱིས་ཀྱང་སྡུག་བསྔལ་བའི་


CMR057_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སོ༔ ཞེས་གསུངས་སོ༔ གཏོང་ཕོད་ཆེ་ཆུང་གི་ཁྱད་པར་ཡང་༔ མདོ་སྡེ་དེ་ཉིད་ལས༔ ལས་གང་དང་ལྡན་ན་གང་ཟག་ཕྱུག་པོར་གྱུར་ལ་གཏོང་ཕོད་པ་དང་ལྡན་པའི་ལས་གང་ཞེ་ན༔ འདི་ལ་གང་ཟག་འགའ་ཞིག་གིས་ཞིང་བཟང་པོར་གྱུར་པ་རྣམས་ལ་སྦྱིན་པ་དཔག་ཏུ་མེད་པ་བྱིན་པ་ཡིན༔ དེས་གཏོང་བ་ལ་གོམས་པར་བྱས་པ་ཡིན༔ དེ་བསོད་ནམས་དག་གོམས་པས་ཕྱུག་པོར་འགྱུར༔ གཏོང་བ་ལ་གོམས་པས་གཏོང་བ་དང་ལྡན་པར་འགྱུར་ཏེ༔ འདི་ནི་ལས་གང་དང་ལྡན་ན་གང་ཟག་ཕྱུག་པོར་འགྱུར་ལ་གཏོང་བ་དང་ལྡན་པའི་ལས་སོ༔ དེ་ལ་ལས་གང་དང་ལྡན་ན་གང་ཟག་ཕྱུག་པོར་འགྱུར་ལ་སེར་སྣ་ཅན་དུ་འགྱུར་བའི་ལས་གང་ཞེ་ན༔ འདི་ལ་གང་ཟག་འགའ་ཞིག་གིས༔ ཞིང་དག་པ་རྣམས་ལ་སྦྱིན་པ་ཉུང་ངུ་ཙམ་བྱིན་པ་ཡིན་གྱི༔ དེ་ལ་གཏོང་བ་ཆེར་གོམས་པར་བྱས་པ་མ་ཡིན་གྱི༔ གང་ཟག་དེ་གང་གི་ཚེ་མི་རྣམས་ཀྱི་ནང་དུ་སྐྱེས་པ་ན་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ་དང་༔ ནོར་དང་ཡོ་བྱད་མང་བ་བདག་དབང་མང་བའི་ཁྱིམ་དུ་འགྱུར་ཏེ༔ འདི་ནི་ལས་གང་དང་ལྡན་ན་གང་ཟག་ཕྱུག་པོར་འགྱུར་ལ་སེར་སྣ་ཅན་དུ་འགྱུར་བའི་ལས་སོ༔


CMR057_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་ལས་གང་དང་ལྡན་ན་གང་ཟག་དབུལ་པོར་འགྱུར་ལ་གཏོང་བ་དང་ལྡན་པའི་ལས་གང་ཞེ་ན༔ འདི་ལ་གང་ཟག་འགའ་ཞིག་ཞིང་དག་པ་མ་ཡིན་པ་རྣམས་ལ་པ་མང་དུ་བྱིན་པ་ཡིན་ཏེ༔ དེ་ལ་འཁོར་བ་ན་འཁོར་བའི་ཚེ༔ བསོད་ནམས་དེ་དག་ཉམས་ཤིང་ཡོངས་སུ་ཟད་པར་འགྱུར་ལ༔ གཏོང་བའི་རྒྱུ་ཡང་ཕྱིར་ཕྱིར་ཞིང་གོམས་པ་ཡིན་ཏེ༔ འདི་ནི་བསོད་ནམས་ཡོངས་སུ་ཟད་པའི་ཕྱིར་དབུལ་པོར་འགྱུར་ལ༔ སྔོན་གོམས་པར་བྱས་པས་གཏོང་བ་དང་ལྡན་པར་འགྱུར་ཏེ༔ འདི་ནི་ལས་གང་དང་ལྡན་ན་གང་ཟག་དབུལ་པོར་འགྱུར་ལ་གཏོང་བ་དང་ལྡན་པའི་ལས་སོ༔ དེ་ལ་གང་ཟག་ལས་གང་དང་ལྡན་ན་དབུལ་པོར་གྱུར་ལ་སེར་སྣ་ཅན་དུ་འགྱུར་བའི་ལས་གང་ཞེ་ན༔ འདི་ལ་གང་ཟག་འགའ་ཞིག་དགེ་བའི་བཤེས་གཉེན་དང་བྲལ་བར་གྱུར་ཏེ༔ དེ་སུས་ཀྱང་སྦྱིན་པ་ཡང་དག་པར་འཛིན་དུ་མ་བཅུག་པ་ཡིན༔ དེས་ཀྱང་སྦྱིན་པ་ཅི་ཡང་མ་བྱིན་པ་ཡིན༔ སྡིག་པའི་ལས་ཀྱང་མ་བྱས་ཤིང་མ་བསགས་པ་ཡིན་ཏེ༔ གང་ཟག་དེ་གང་གི་ཚེ་མི་རྣམས་ཀྱི་ནང་དུ་སྐྱེ་བ་ན་དབུལ་བ་བཟའ་བཏུང་ཉུང་བས་སྡུག་བསྔལ་བས་འཚོ་བའི་ཁྱིམ་དུ་སྐྱེ་བར་འགྱུར་


CMR057_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ༔ དེ་དེ་ནས་ཚེགས་ཆེན་པོས་བཟའ་བ་དང་བཏུང་བ་ཅུང་ཟད་རྙེད་པར་འགྱུར་རོ༔ གཏོང་བ་ལ་མ་གོམས་པས་དབུལ་ཞིང་སེར་སྣ་ཅན་དུ་འགྱུར་ཏེ། འདི་ནི་ལས་གང་དང་། ལྡན་ན་གང་ཟག་དབུལ་པོར་འགྱུར་ལ་སེར་སྣ་ཅན་དུ་འགྱུར་བའི་ལས་སོ༔ ལུས་སེམས་བདེ་སྡུག་གི་ཁྱད་པར་ནི༔ ལས་རྣམ་འབྱེད་ལས༔ གང་དང་ལྡན་ན་གང་ཟག་དེའི་ལུས་བདེ་ལ་སེམས་བདེ་བ་མ་ཡིན་པའི་ལས་གང་ཞེ་ན༔ བསོད་ནམས་བྱས་པའི་སོ་སོ་སྐྱེ་བོ་སྟེ༔ དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལྟ་བུ་སྟེ༔ གང་ཟག་འདི་ནི་ལུས་བདེ་ལ་སེམས་མི་བདེའོ༔ དེ་ལ་ལས་གང་དང་ལྡན་ན་གང་ཟག་སེམས་བདེ་ལ་ལུས་བདེ་བ་མ་ཡིན་པའི་ལས་གང་ཞེ་ན༔ བསོད་ནམས་མ་བྱས་པའི་དགྲ་བཅོམ་པ་སྟེ༔ དཔེར་ན་གནས་བརྟན་ལི་ཀུན་ཙི་ཀ་ལྟ་བུ་སྟེ༔ གང་ཟག་འདི་ནི་ལུས་མ་བདེ་ལ་སེམས་བདེ་བ་ཡིན་ནོ༔ དེ་ལ་ལས་གང་དང་ལྡན་ན་གང་ཟག་ལུས་ཀྱང་བདེ་ལ་སེམས་ཀྱང་བདེ་བའི་ལས་གང་ཞེ་ན༔ བསོད་ནམས་བྱས་པའི་དགྲ་བཅོམ་པ་སྟེ༔ དཔེར་ན་གནས་བརྟན་སྟོབས་རྒྱས་ལྟ་བུའོ༔ གང་ཟག་འདི་ནི་ལུས་ཀྱང་བདེ་ལ་སེམས་ཀྱང་བདེའོ༔ དེ་ལ་ལས་གང་


CMR057_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་ན་ལུས་ཀྱང་མི་བདེ་སེམས་ཀྱང་མི་བདེ་བའི་ལས་གང་ཞེ་ན༔ བསོད་ནམས་མ་བྱས་པའི་སོ་སོ་སྐྱེ་བོ་སྟེ༔ གང་ཟག་འདི་ནི་ལུས་ཀྱང་མི་བདེ་ལ་སེམས་ཀྱང་མི་བདེའོ༔ ལས་དང་ཚེ་ཟད་མ་ཟད་ནི༔ ཡང་མདོ་སྡེ་དེ་ཉིད་ལས༔ དེ་ལ་ལས་གང་དང་ལྡན་ན་གང་གི་ཚེ་ཟད་པར་གྱུར་ལ་ལས་མ་ཟད་པ་གང་ཞེ་ན༔ གང་ཟག་སེམས་ཅན་དམྱལ་བ་དང་ཡི་དྭགས་དང་དུད་འགྲོ་དང་ལྷ་དང་མི་རྣམས་ཀྱི་ནང་ནས་ཚེ་འཕོས་ཏེ༔ དེ་དང་དེ་དག་ཏུ་སྐྱེ་བར་འགྱུར་བ་སྟེ༔ གང་ཟག་དེ་ཚེ་ཟད་པར་གྱུར་ལ་ལས་མ་ཟད་པའོ༔ དེ་ལ་གང་ཟག་གང་གི་ལས་ཟད་པར་གྱུར་ལ་ཚེ་མ་ཟད་པའི་ལས་གང་ཞེ་ན༔ གང་ཟག་བདེ་བར་གྱུར་པ་ལ་ཕྱིས་སྡུག་བསྔལ་བར་གྱུར་པ་དང་༔ སྔར་སྡུག་བསྔལ་བར་གྱུར་པ་ལ་ཕྱིས་བདེ་བར་གྱུར་པ་སྟེ༔ གང་ཟག་དེ་ནི་ལས་ཟད་པར་གྱུར་ལ་ཚེ་མ་ཟད་པའོ༔ དེ་ལ་གང་ཟག་གང་གི་ལས་ཀྱང་ཟད་ལ་ཚེ་ཡང་ཟད་པར་འགྱུར་བའི་ལས་གང་ཞེ་ན༔ གང་ཟག་སེམས་ཅན་དམྱལ་བ་ནས་ཤི་འཕོས་ཏེ་དུད་འགྲོར་སྐྱེ་བ་དང་༔ དེ་བཞིན་དུ་དུད་འགྲོ་ནས་ཡི་དྭགས༔ ཡི་དྭགས་ནས་མི༔ མི་ནས་ཤི་སྟེ་ལྷའི་ནང་དུ་སྐྱེ་བ་ལྟ་བུ་


CMR057_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ༔ གང་ཟག་དེ་ནི་ཚེ་ཟད་ལ་ལས་ཀྱང་ཟད་པ་ལྟ་བུའོ༔ དེ་ལ་གང་ཟག་གང་གི་ཚེ་ཡང་མ་ཟད་ལས་ཀྱང་མ་ཟད་ལ༔ དེའི་ཉོན་མོངས་པ་ཟད་པའི་གང་ཟག་གང་ཞེ་ན༔ འབྲས་བུ་བཞི་ཐོབ་པའི་གང་ཟག་སྟེ༔ གང་ཟག་དེ་ནི་ཚེ་ཡང་མ་ཟད་ལས་ཀྱང་མ་ཟད་དེའི་ཉོན་མོངས་པ་ཟད་པའོ༔ ཞེས་གསུངས་སོ༔ ངན་སོང་གི་གཟུགས་ཀྱི་ཁྱད་པར་བཞི་ནི༔ ལས་རྣམ་པར་འབྱེད་པ་ལས༔ དེ་ལ་གང་ཟག་ལས་གང་དང་ལྡན་ན་ངན་སོང་རྣམས་སུ་སྐྱེ་ལ་གཟུགས་བཟང་བ་དང་མཛེས་པ་བལྟ་ན་སྡུག་པར་འགྱུར་བའི་ལས་གང་ཞེ་ན། ཞེ་སྡང་གིས་ཀུན་ནས་བསླང་བའི་ཚུལ་ཁྲིམས་བསྲུང་བ་སྟེ༔ འདི་ནི་ལས་གང་དང་ལྡན་ན་གང་ཟག་ངན་སོང་རྣམས་སུ་སྐྱེས་ནས་གཟུགས་བཟང་བ་དང་མཛེས་པ་བལྟ་ན་སྡུག་པར་འགྱུར་བའི་ལས་སོ༔ དེ་ལ་ལས་གང་དང་ལྡན་ན་གང་ཟག་ངན་སོང་རྣམས་སུ་སྐྱེས་ནས་མདོག་མི་སྡུག་པ་ལུས་རྩུབ་པ་བལྟས་ནས་མི་སྡུག་པ་བལྟ་བ་དང་མི་མཐུན་པར་འགྱུར་བའི་ལས་གང་ཞེ་ན༔ ཞེ་སྡང་གིས་ཀུན་ནས་བསླང་བའི་ཚུལ་ཁྲིམས་འཆལ་པ་སྟེ༔ འདི་ནི་ལས་གང་དང་ལྡན་ན་གང་ཟག་ངན་སོང་རྣམས་སུ་སྐྱེས་ནས་མདོག་མི་སྡུག་པ་བལྟ་ན་མི་སྡུག་


CMR057_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར་བའི་ལས་སོ༔ དེ་ལ་ལས་གང་དང་ལྡན་ན་གང་ཟག་ངན་སོང་རྣམས་སུ་སྐྱེས་ནས་དྲི་མི་ཞིམ་པ་དང་༔ དབང་པོ་མི་གསལ་བ་དང་དབང་པོ་རྟུལ་པོར་འགྱུར་བའི་ལས་གང་ཞེ་ན༔ གཏི་མུག་གིས་ཀུན་ནས་བསླང་བའི་འཆལ་པའི་ཚུལ་ཁྲིམས་ཏེ༔ འདི་ནི་ལས་གང་དང་ལྡན་ན་གང་ཟག་ངན་སོང་རྣམས་སུ་སྐྱེས་ལ༔ དྲི་མི་ཞིམ་པ་དང་དབང་པོ་མི་གསལ་བ་དང་༔ དབང་པོ་རྟུལ་པོར་འགྱུར་བའི་ལས་སོ༔ ཞེས་གསུངས་སོ༔ ཀུན་སློང་གི་ཁྱད་པར་བཞི་ནི༔ བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས༔ རིགས་ཀྱི་བུ་ལས་གང་དང་ལྡན་ན་ལས་དགེ་བ་ལ་འབྲས་བུ་སྡུག་བསྔལ་འབྱུང་བའི་ལས་ཀྱང་ཡོད་དེ༔ དེ་གང་ཞེ་ན༔ བསམ་པ་གཞན་ལ་གནོད་པའི་བསམ་པས༔ སྦྱོར་བ་དགེ་བ་ལྟར་བཅོས་ནས་བྱེད་པའོ༔ དེ་ལ་སྡིག་པའི་ལས་ལ་འབྲས་བུ་བདེ་བ་འབྱུང་བའི་གནས་ཀྱང་ཡོད་དེ༔ དེ་གང་ཞེ་ན༔ བསམ་པ་བྱང་ཆུབ་ཀྱི་སེམས་ཀྱིས་ཀུན་ནས་བསླང་ནས༔ འདི་ལྟ་སྟེ་སྲོག་གཅོད་པ་དང་མི་ཚངས་པར་སྤྱོད་པ་དང་མ་བྱིན་པར་ལེན་པ་དང་རྫུན་སྨྲ་བ་ལྟ་བུ་རྣམས་སོ༔ ལས་གང་གི་སྡིག་པའི་ལས་འབྲས་བུ་སྡུག་བསྔལ་འབྱུང་བ་དག་


CMR057_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ཡོད་དེ༔ གང་ཞེ་ན༔ བསམ་པ་སྡིག་པའི་སེམས་ཀྱིས་ཀུན་ཏུ་རབ་ཏུ་བསླང་ནས་སྡིག་པའི་ལས་ཉིད་བྱེད་པའོ༔ ལས་གང་གི་དགེ་བའི་ལས་ཀྱི་འབྲས་བུས་བདེ་བ་འབྱུང་བའི་ལས་ཀྱང་ཡོད་དེ༔ དེ་གང་ཞེ་ན་བྱང་ཆུབ་ཀྱི་སེམས་ཀྱིས་ཀུན་ནས་རབ་ཏུ་བསྲུང་ནས་དགེ་བ་བསྒྲུབ་པ་གང་ཡིན་པ་དེ་ཉིད་དོ༔ ཞེས་གསུངས་སོ༔ འཕེན་རྫོགས་ཀྱི་ཁྱད་པར་བཞི་ནི༔ བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས༔ གང་དང་ལྡན་ན་འཕེན་བྱེད་དགེ་བས་འཕང་ལ༔ རྫོགས་བྱེད་སྡིག་པས་རྫོགས་པ་ཞེས་བྱ་བའི་ལས་ཀྱང་ཡོད་དེ༔ གང་ཞེ་ན་གང་ཟག་དེའི་བསམ་པ་དགེ་བས་མཐོ་རིས་རྣམས་སུ་སྐྱེས་ནས༔ དེའི་སྦྱོར་བ་སྡིག་པ་བྱེད་པའི་ལས་ཀྱིས་ཡི་དྭགས་དང་དུད་འགྲོ་དང་དམྱལ་བ་ལ་སོགས་པ་ལྟ་བུའི་སྡུག་བསྔལ་མྱོང་སྟེ༔ ལས་འདི་ནི་འཕེན་བྱེད་དགེ་བས་འཕང་ལ་རྫོགས་བྱེད་སྡིག་པས་རྫོགས་པ་ཞེས་བྱའོ༔ དེ་ལ་ལས་གང་དང་ལྡན་ན་འཕེན་བྱེད་སྡིག་པས་འཕང་ལ་རྫོགས་བྱེད་དགེ་བས་རྫོགས་པ་ཞེས་བྱ་བའི་ལས་ཀྱང་ཡོད་དེ༔ གང་ཞེ་ན་གང་ཟག་དེའི་བསམ་པ་སྡིག་པ་དང་ལྡན་པའི་ལས་ཀྱིས་ངན་སོང་རྣམས་སུ་སྐྱེས་ནས་དེའི་སྦྱོར་བ་དགེ་བ་སྤྱད་པའི་ལས་ཀྱིས་ལྷ་


CMR057_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

དང་མིའི་ལོངས་སྤྱོད་ལ་དབང་བ་དང་བདེ་བ་གྱ་ནོམ་པ་ལ་སྤྱོད་པའོ༔ འདི་ནི་འཕེན་བྱེད་སྡིག་པས་འཕང་ལ་རྫོགས་བྱེད་དགེ་བས་རྫོགས་པའི་ལས་ཞེས་བྱའོ༔ ལས་གང་དང་ལྡན་ན་འཕེན་བྱེད་སྡིག་པས་འཕང་ལ་རྫོགས་བྱེད་སྡིག་པས་རྫོགས་པ་ཞེས་བྱ་བའི་ལས་ཀྱང་ཡོད་དེ༔ གང་ཞེ་ན་དེའི་བསམ་པ་སྡིག་པ་དང་ལྡན་ཞིང་སྡིག་པའི་ལས་སྤྱོད་པའོ༔ ལས་གང་དང་ལྡན་ན་འཕེན་བྱེད་དགེ་བས་འཕང་ནས་རྫོགས་བྱེད་དགེ་བས་རྫོགས་པ་ཞེས་བྱ་བའི་ལས་ཀྱང་ཡོད་དེ༔ གང་ཞེ་ན་གང་ཟག་དེའི་བསམ་པ་དགེ་བས་མཐོ་རིས་རྣམས་སུ་སྐྱེས་ནས༔ དེའི་སྦྱོར་བ་དགེ་བ་སྤྱད་པའི་ལས་ཀྱིས་ལྷ་དང་མིའི་དཔལ་འབྱོར་མཆོག་ལ་སྤྱོད་ཅིང་དེ་ཉིད་རྣམ་པ་ཀུན་ཏུ་བདེ་བར་འགྱུར་བའོ༔ ལས་འདི་ནི་འཕེན་བྱེད་དགེ་བས་འཕང་ལ་རྫོགས་བྱེད་དགེ་བས་རྫོགས་པ་ཞེས་བྱ་བའི་ལས་སོ༔ ཞེས་གསུངས་སོ༔ དེ་དག་གི་དོན་འཇམ་དཔལ་རྩ་རྒྱུད་ལས༔ ལས་རྣམས་སྣ་ཚོགས་བདག་ཉིད་ཆེ༔ རྟག་ཏུ་དཀར་ལ་དཀར་བ་འབྱུང་༔ ནག་ལ་ནག་པའི་ལས་རྣམས་ནི༔ ནག་པོ་ཉིད་དུ་སོ་སོར་སྨིན༔ འདྲེས་ལ་འདྲེས་མའི་ལས་རྣམས་ནི༔ འདྲེས་མ་ཉིད་


CMR057_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སོ་སོར་སྨིན༔ ཞེས་གསུངས་སོ༔ གཞན་ཡང་གཟུགས་དབྱངས་དང་དབང་འབྱོར་ཡང་དེ་བཞིན་དུ་མུ་བཞིར་མདོ་སྡེ་དེ་ཉིད་ལས་བཤད་དོ༔ དེ་ནས་ལས་བདག་གིར་བྱ་བ་ནི༔ དཀོན་མཆོག་བརྩེགས་པ་ལས༔ ཅི་འདྲ་བ་ཡི་ལས་བྱས་པ༔ རྣམ་པར་སྨིན་པའང་དེ་འདྲར་འགྱུར༔ བསྐལ་པ་བྱེ་བ་བརྒྱར་ཡང་ནི༔ དེ་ནི་ཅུང་ཟད་འགྱུར་བ་མེད༔ ཅེས་དང་༔ ཚོམས་ལས༔ མཁའ་ལ་བྱ་དག་གནས་པ་དེའི༔ གྲིབ་མ་ལྷན་ཅིག་འགྲོ་བ་བཞིན༔ ལེགས་པར་བྱས་དང་ཉེས་པར་བྱས༔ དེ་དག་འགྲོ་བའི་རྗེས་སུ་འབྲང་ཅི་ལྟར་ལམ་བརྒྱག་ཉུང་བ་དག༔ ལམ་ཞུགས་སྡུག་བསྔལ་འགྲོ་བ་ལྟར༔ དེ་བཞིན་ལས་བཟང་མ་བྱས་པ༔ སེམས་ཅན་དག་ནི་ངན་འགྲོར་འགྲོ༔ ཇི་ལྟར་ལམ་བརྒྱག་མང་བདོག་པ༔ ལམ་ཞུགས་བདེ་བར་འགྲོ་བ་ལྟར༔ དེ་བཞིན་ལས་བཟང་བྱས་པ་ཡིས༔ སེམས་ཅན་དག་ནི་བདེར་འགྲོར་འགྲོ༔ ཞེས་དང་༔ ཟླ་བ་སྒྲོན་མེ་ལས༔ ཅི་འདྲ་བ་ཡི་ལས་བྱས་པ༔ འབྲས་བུ་དེ་འདྲ་ཐོབ་པར་འགྱུར༔ ཞེས་དང་༔ བཅོམ་ལྡན་འདས་ཀྱི་ཞལ་ནས༔ ལྷས་སྦྱིན་གྱི་བྱས་པའི་ལས་ནི་ས་དང་ཆུ་ལ་སོགས་པ་ལ་མི་སྨིན་གྱི༔


CMR057_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཉིད་ཀྱི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སྨིན་པར་འགྱུར་ཏེ༔ གཞན་སུ་ཞིག་ལ་སྨིན་པར་མི་འགྱུར༔ ཞེས་གསུངས་སོ༔ དེ་ནས་ལས་ཀྱི་བགོ་སྐལ་ལ་སྤྱོད་པ་ནི༔ མངོན་པ་ཀུན་ལས་བཏུས་པར༔ ཅི་ལྟར་ན་ལས་ཀྱི་བགོ་སྐལ་ལ་སྤྱོད་པ་ཡིན་ཞེ་ན༔ རང་གིས་བྱས་པའི་རྣམ་པར་སྨིན་པ་མྱོང་བ་དེ་དགེ་བ་དང་མི་དགེ་བའི་ལས་སོ་སོའི་བགོ་སྐལ་ལ་སྤྱོད་པའི་ཕྱིར་རོ༔ ཞེས་དང་༔ རྒྱལ་པོ་ལ་གདམས་པ་ལས༔ དུས་ཀྱིས་བསྙེགས་ཏེ་ཁོ་བོ་འགྲོ་གྱུར་ན༔ ལོངས་སྤྱོད་མཛའ་དང་གཉེན་བཤེས་རྗེས་མི་འབྲང་༔ སྐྱེས་བུ་དེ་ནི་གང་དང་གར་སྐྱེས་ཀྱང་༔ ལས་རྣམས་གྲིབ་མ་བཞིན་ཏུ་རྗེས་སུ་འབྲང་༔ ཞེས་དང་༔ སྤོབས་པའི་བློ་གྲོས་ཀྱི་མདོ་ལས་རྒྱས་པར་གསུངས་པའི་དོན་བསྡུས་ཏེ་བཤད་ན༔ ཕ་མ་ལ་མི་གུས་པ་དང་སེམས་གང་དཀའ་བ་དང་སྡིག་པ་མི་སྤོང་བ་དང་ནོར་འཕྲོག་པ་དང་བུ་ལོན་འཕྲོག་ནས་མི་འཇལ་བ་རྣམས་ནི༔ ཕྱི་མ་སྐལ་པ་ངན་ཞིང་བྲན་དང་བྲན་མོར་སྐྱེ༔ དད་པས་ཆོས་ཉན་པ་དང་༔ ཐེག་པ་ཆེ་ཆུང་ཐམས་ཅད་ལ་མི་སྨོད་ཅིང་འཆད་ཉན་བྱེད་པ་དང་༔ ངག་གི་སྐྱོན་བཞི་སྤངས་ནས་སྐུར་པ་མི་འདེབས་པ་


CMR057_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

དང་༔ སེམས་ཅན་སྡིག་པ་ཅན་ལ་སྙིང་རྗེས་སྐྱོང་ཞིང་སྡིག་སྤོངས་དགེ་སྒྲུབ་ལ་བཀོད་པ་དང་༔ གཞན་སྐྱོན་མི་བརྗོད་པ་རྣམས་ཀྱི་འབྲས་བུ་སྐལ་པ་བཟང་ཞིང་དྲི་ཞིམ་པ་དང་༔ གནོད་པ་མེད་པ་དང་༔ ལུས་སེམས་ཤིན་ཏུ་སྦྱང་བ་དང་༔ བལྟ་ན་སྡུག་པ་དང་སྐྱེ་བོ་མང་པོས་བསྟོད་པར་འགྱུར༔ རང་ཡང་དཀོན་མཆོག་ལ་སྐྱབས་སུ་སོང་ནས་གཞན་ལ་འབོགས་པ་དང་༔ སངས་རྒྱས་ཀྱི་སྐུ་གཟུགས་ཆེ་ཞིང་ལེགས་པ་བཞེངས་འཇུག་པ་དང་༔ མཁན་པོ་དང་སློབ་དཔོན་ལ་གུས་པ་དང་༔ བཀའ་བློ་བདེ་ཞིང་མཐུན་པར་བྱེད་པ་དང་༔ སེམས་ཅན་ཀུན་ལ་བྱམས་པ་བསྒོམ་པ་དང་༔ མདོ་སྒྲུབ་ཅིང་ཁ་ཐོན་དང་ལུང་དང་བཤད་པ་དང་བསྒོམ་པ་སྟེ༔ ལྔ་པོ་དང་ལྡན་ན་སྐྱེ་བ་ཐམས་ཅད་དུ་དཀོན་མཆོག་གསུམ་དང་མི་འབྲལ་ཞིང་སངས་རྒྱས་དང་མཇལ་ཏེ་ཆོས་ཐོས་ནས་བྱང་ཆུབ་འཐོབ་པ་ལ་སོགས་གསུངས་སོ༔ ལས་ཆུང་ངུ་ལ་ཆེར་སྨིན་པ་ནི༔ བཅོམ་ལྡན་འདས་ཀྱི་ཞལ་ནས༔ སྡིག་པ་ཆུང་ངུ་དག་གིས་ཀྱང་༔ མི་གནོད་སྙམ་དུ་མི་བྱ་སྟེ༔ མེ་སྟག་ཆུང་ངུ་དག་གིས་ཀྱང་༔ རྩྭ་ཕུང་རི་བོ་བསྲེགས་ལ་ལྟོས༔ དགེ་བ་ཆུང་ངུ་དག་གིས་ཀྱང་༔ མི་ཕན་སྙམ་


CMR057_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བསམ་མི་བྱ༔ ཆུ་ཡི་ཐིགས་པ་བསགས་པ་ཡིས༔ རྒྱ་མཚོ་ཆེན་པོར་གྱུར་ལ་ལྟོས༔ ཞེས་དང་༔ ཆེད་དུ་བརྗོད་པའི་ཚོམས་ལས༔ སྡིག་པ་ཆུང་ངུ་བྱས་པས་ཀྱང་འཇིག་རྟེན་ཕ་རོལ་ཆེན་པོ་དང་༔ ཕུང་ཁྲོལ་ཆེན་པོ་བྱེད་འགྱུར་ཏེ༔ ཁོང་པར་སོང་བའི་དུག་བཞིན་ནོ༔ བསོད་ནམས་ཆུང་ངུ་བྱས་པས་ཀྱང་༔ འཇིག་རྟེན་ཕ་རོལ་བདེ་བ་འདྲེན༔ དོན་ཆེན་པོ་ཡང་བྱེད་འགྱུར་ཏེ༔ འབྲུ་རྣམས་ཕུན་སུམ་ཚོགས་པ་བཞིན༔ ཅེས་དང་༔ སྡིག་པ་ཤིན་ཏུ་ཆུང་ངུ་ལའང་༔ མི་གནོད་སྙམ་དུ་བརྙས་མི་བྱ༔ ཆུ་ཡི་ཐིགས་པ་བསགས་པས་ཀྱང་༔ སྣོད་ཆེན་ཁད་ཀྱིས་གང་བར་འགྱུར༔ ཞེས་དང་༔ སྡིག་པ་ཆུང་བྱས་བདག་ཉིད་ཀྱི༔ ཕྱི་བཞིན་མི་འོང་མ་སེམས་ཤིག༔ ཆུ་ཡི་ཐིགས་པ་ལྟུང་བ་ཡིས༔ སྣོད་ཆེན་གང་བ་དེ་བཞིན་ཏུ༔ ཅུང་ཟད་བསགས་པའི་སྡིག་པས་ཀྱང་༔ བྱིས་པ་རབ་ཏུ་འགང་བར་འགྱུར༔ དགེ་བ་ཆུང་ངུ་བདག་ཉིད་ཀྱིས༔ རྗེས་སུ་མི་འོང་མ་སེམས་ཤིག༔ ཆུ་ཡི་ཐིགས་པ་སོང་བ་ཡིས༔ བུམ་ཆེན་གང་བ་ཅི་བཞིན་ཏུ༔ ཅུང་ཟད་བསགས་པའི་དགེ་བ་ཡིས༔ བསྟན་པ་རབ་ཏུ་འགང་བར་འགྱུར༔ ཞེས་


CMR057_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་སོ༔ རྒྱུ་མཚན་དེས་ན་སྡིག་པ་ཆུང་ངུ་ལ་ཡང་འཛེམ༔ དགེ་བ་ཆུང་ངུ་ཡང་བསྒྲུབ་པ་གལ་ཆེའོ༔ དེ་ནས་ལས་འབྲས་ཆུད་མི་ཟ་བར་བསྟན་པ་ནི༔ དྲན་པ་ཉེར་བཞག་ལས༔ མེ་ནི་གྲང་བར་འགྱུར་ཡང་སྲིད༔ རླུང་ནི་ཞགས་པས་ཟིན་ཡང་སྲིད༔ ཉི་ཟླ་ཐང་ལ་ལྷུང་ཡང་སྲིད༔ ལས་ཀྱི་རྣམ་སྨིན་བསླུ་མི་སྲིད༔ ཅེས་དང་༔ ལས་བརྒྱ་པ་ལས༔ ལུས་ཅན་རྣམས་ཀྱི་ལས་དག་ནི༔ བསྐལ་པ་བརྒྱར་ཡང་ཆུད་མི་ཟ༔ འཚོགས་ཤིང་དུས་ལ་བབ་པ་ན༔ འབྲས་བུ་ཉིད་དུ་སྨིན་པར་འགྱུར༔ ཞེས་དང་༔ དཔལ་སྦས་ཞུས་མདོར༔ དགེ་དང་མི་དགེ་སྔོན་བྱས་ཆུད་མི་ཟ༔ མཁས་པ་རྣམས་ལ་བསྟན་པ་ཆུད་མི་ཟླ༔ འཕགས་པའི་ཚོགས་ཀྱི་ལེགས་བཤད་ཆུད་མི་ཟ༔ བྱས་ལ་བྱས་བཟོ་ནམ་ཡང་ཆུད་མི་ཟ༔ ཞེས་དང་༔ ཆེད་དུ་བརྗོད་པའི་ཚོམས་ལས༔ གང་དུ་གནས་ཀྱང་ལས་ཀྱིས་མི་ཚུགས་པའི༔ ས་ཕྱོགས་དེ་ནི་གང་དུའང་ཡོད་མིན་ཏེ༔ བར་སྣང་ན་མེད་རྒྱ་མཚོའི་སྟེང་ན་མེད༔ རི་བོ་རྣམས་ཀྱི་གསེབ་ཏུ་ཞུགས་ཀྱང་མིན༔ ཅེས་དང་༔ མྱ་ངན་འདས་མདོ་ལས༔ ནམ་མཁའི་ཁམས་དང་རྒྱ་མཚོ་དང་༔ རི་དང་བྲག་ཏུ་སོང་བ་


CMR057_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

དང་༔ ས་ཕྱོགས་གང་དང་གར་སོང་ཡང་༔ བྱས་པའི་ལས་ལ་ཐར་མི་འགྱུར༔ ཞེས་གསུངས་སོ༔ དེ་ནས་སྔོན་ལ་གང་སྦྱིན་བཤད་པ་ནི༔ འཕགས་པ་འཛིན་བཟང་པོའི་ཞལ་ནས༔ ལས་ཀྱི་འབྲས་བུ་ལྕི་བ་གང་༔ ཉེས་པ་གང་དང་གང་གོམས་པ༔ སྔར་བྱས་གང་ཡིན་དེ་དག་ལས༔ འབྲས་བུ་ཐོག་མར་འབྱུང་བར་འགྱུར༔ ཞེས་གསུངས་ཏེ༔ སྟོབས་གང་ཆེ་སྔོན་ལ་སྨིན༔ མཉམ་ན་གོམས་ཤས་གང་ཆེ༔ དེ་མཉམ་ན་སྔོན་ལ་གང་བྱས༔ དེ་མཉམ་ན་འཆི་ཁའི་སེམས་ལ་གང་གསལ་སྔོན་ལ་སྨིན་པར་བཤད་དོ༔ དེ་ལྟ་བུའི་ལས་འབྲས་དེ་ལ་ལོག་རྟོག་བསལ་བ་ནི༔ གཞན་གྱིས་བྱས་པ་གཞན་ལ་མི་སྨིན༔ མ་བྱས་པའི་ལས་དང་མི་ཕྲད༔ གཞན་གྱི་དོན་དུ་བྱས་ཀྱང་རང་ལ་སྨིན་ཏེ༔ ཁྱད་པར་འཕགས་བསྟོད་ལས༔ བྲམ་ཟེ་རྣམས་ནི་དགེ་སྡིག་དག༔ བྱིན་པ་ལེན་བཞིན་འཕོ་བར་སྨྱ༔ ཁྱོད་ཀྱིས་བྱས་ཆུད་མི་ཟ་དང་༔ མ་བྱས་པ་དང་འཕྲད་མེད་གསུངས༔ ཞེས་དང་༔ ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་ནས༔ སྨོན་ལམ་དགེ་རྩ་ཀུན་ལ་བསྔོ༔ འགྲོ་དོན་དཔག་མེད་འགྲུབ་པར་གསུངས༔ ཏིང་ངེ་འཛིན་


CMR057_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོར༔ དེ་ཡང་བྱས་ན་རེག་པར་མི་འགྱུར་མིན༔ གཞན་གྱིས་བྱས་པ་ཚོར་བར་འགྱུར་བའང་མེད༔ ཅེས་གསུངས་པས་འཆི་ཁ་སྔར་ངས་ཡིག་དྲུག་བྱེ་བ་གསུམ་བཞི་བཏོན་པ་ཁྱོད་ལ་སྦྱིན་ནོ༔ ཞེས་སམ་སྔར་བསྐོར་བ་འབུམ་ཐེར་བྱས་པ་ཁྱོད་ལ་སྦྱིན་ནོ༔ ཟེར་བ་སོགས་ནི་མི་ཐོབ་སྟེ༔ གཞན་གྱིས་བྱས་པ་གཞན་ལ་མི་སྨིན་པ་དང་བྱིན་པས་ཐོབ་པར་མ་བཤད་དོ༔ ཤི་བའི་རྗེས་སུ་ཡིག་དྲུག་འདི་འདོན་ཏེ་ཁྱོད་ལ་བསྔོའོ༔ ཞེས་སོགས་དགེ་བ་བྱས་ཏེ་རྗེས་སུ་བསྔོས་ན་ཐོབ་པར་གསུངས་ཏེ༔ ཡོན་ཏན་ཡོངས་སུ་བཟུང་བའི་རྒྱུད་ལས༔ ཉེ་དུ་འབྲེལ་པ་ཤུལ་དུ་མཆིས་པ་ཡིས༔ གཤིན་པོའི་ཆེད་དུ་དགེ་བ་གང་བསྒྲུབ་པ༔ ཅི་ལྟར་བ་ཕྱིར་བེའུ་འབྲང་བ་བཞིན༔ གང་དུ་གནས་པ་དེ་ཡི་རྗེས་སུ་འབྲང་༔ ཞེས་དང་༔ རྣམ་པར་སྨིན་པ་མ་ཕྱིར་བེའུ་བཞིན༔ གང་དུ་སོང་བ་དེ་ཡི་རྗེས་སུ་འབྲང་༔ ཞེས་གསུངས་སོ༔ དེ་བཞིན་དུ་ཡིག་དྲུག་དང་བསྐོར་བ་སྔར་བྱས་པ་ཉོས་པས་མི་ཐོབ་ཀྱི༔ གསར་དུ་འདོན་པ་དང་བསྐོར་བ་སོགས་བྱེད་བཅུག་ནས་དེའི་ཟ་མ་དང་ཡོན་བྱིན་ན་དགེ་བ་བགྱིད་དུ་སྩལ་བ་ཡིན་པས་ཐོབ་བོ༔ དེ་བཞིན་དུ་དཔོན་དང་ཉེ་དུའི་ཕྱིར་དུ་སྡིག་པ་


CMR057_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ཀྱང་དེ་དག་གིས་ཁུར་རོགས་མི་བྱེད༔ རང་གཅིག་པུས་ཁུར་དགོས་ཏེ༔ བཤེས་སྤྲིང་ལས༔ ཁྱོད་ཀྱི་བྲམ་ཟེ་དགེ་སློང་ལྷ་དང་ནི༔ མགྲོན་དང་ཡབ་ཡུམ་དག་དང་བཙུན་མོ་དང་༔ འཁོར་གྱི་སླད་དུ་སྡིག་པ་མི་བྱ་སྟེ༔ དམྱལ་བའི་རྣམ་སྨིན་སྐལ་ནོད་འགའ་མ་མཆིས༔ ཞེས་གསུངས་སོ༔ འོ་ན་སྡིག་པ་ཚབས་གང་ཆེ་བྱེད་པ་རྣམས་ད་ལྟ་བདེ་སྐྱིད་དང་ལྡན་པ་ཅི་ཞེ་ན༔ བཤེས་སྤྲིང་ལས༔ སྡིག་པའི་ལས་རྣམས་སྤྱོད་པ་འགའ་ཡང་ནི༔ དེ་ཡི་མོད་ལ་མཚོན་བཞིན་མི་གཅོད་སྟེ༔ འཆི་བའི་དུས་ལ་བབ་ན་སྡིག་པ་ཡི༔ ལས་ཀྱི་འབྲས་བུ་གང་ལགས་མངོན་སུམ་འགྱུར༔ ཞེས་དང་༔ ཆེད་དུ་བརྗོད་པའི་ཚོམས་ལས༔ ཇི་སྲིད་སྡིག་པ་མ་སྨིན་པ༔ དེ་སྲིད་བྱིས་པ་མངར་བར་སེམས༔ གང་ཚེ་སྡིག་པ་སྨིན་གྱུར་པ༔ དེ་ཡི་ཚེ་ནི་ཚ་བར་འགྱུར༔ ཇི་སྲིད་སྡིག་པ་མ་སྨིན་པ༔ དེ་ཡི་ཚེ་ནི་རུང་བར་ལྟ༔ གང་ཚེ་སྡིག་པ་སྨིན་གྱུར་པ༔ དེ་ཚེ་སྡུག་བསྔལ་མཐོང་བར་འགྱུར༔ ཞེས་གསུངས་པས་སྡིག་པ་བྱས་པས་སྐྱིད་པར་བྱུང་བ་ནི༔ ཚེ་སྔ་མའི་དགེ་རྩ་ཐམས་ཅད་འདིར་ཟད་ནས༔ ཕྱི་མ་ངན་སོང་དུ་གཏན་ཡུལ་བྱེད་པའི་རྟགས་


CMR057_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

སོ༔ དེ་བཞིན་དུ་ཆེད་དུ་བརྗོད་པའི་ཚོམས་ལས༔ ཅི་སྲིད་བཟང་པོ་མ་སྨིན་པ༔ དེ་སྲིད་དགེ་བ་དམན་པར་མཐོང་༔ གང་ཚེ་དགེ་བ་སྨིན་གྱུར་པ༔ དེ་ཚེ་དགེ་བ་བདེ་བར་མཐོང་༔ ཞེས་དང་༔ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས༔ ཤེར་ཕྱིན་འཛིན་འཆང་ཀློག་པ་དང་༔ ནན་ཏན་དུ་བསྒོམ་པ་དེ་དག་ནི་མནར་བར་འགྱུར༔ ཤིན་ཏུ་མནར་བར་འགྱུར་རོ༔ དེ་ཅིའི་ཕྱིར་ཞེ་ན་འདི་ལྟར་སེམས་ཅན་དེ་དག་གིས་ཚེ་སྔ་མའི་མི་དགེ་བའི་ལས་ངན་སོང་ཏུ་སྐྱེ་བར་འགྱུར་བའི་ལས་དེ་དག་ཚེ་འདི་ལ་མནར་བས་བྱང་བར་འགྱུར་ཏེ༔ སངས་རྒྱས་ཀྱི་བྱང་ཆུབ་ཀྱང་ཐོབ་པར་འགྱུར་རོ༔ ཞེས་དང་༔ མྱ་ངན་འདས་མདོར༔ དམ་པའི་ཆོས་འདོད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་ནི་སྡིག་པ་གྲངས་མེད་པ་བྱས་པ་རྣམས༔ ཀླད་པ་ན་བ་དང་རིམས་ཀྱིས་བཏབ་པ་དང་ནད་དང་ཟུག་རྔུ་དང་གཞན་གྱིས་སྐུར་པ་བཏབ་པ་ཙམ་གྱིས་བྱང་བར་འགྱུར་ལ་མྱུར་དུ་བླ་ན་མེད་པའི་བྱང་ཆུབ་ཀྱང་ཐོབ་པར་འགྱུར་རོ༔ ཞེས་གསུངས་པས་ཆོས་ཞུ་བ་དང་བསྒོམ་པ་སོགས་བྱས་པས་ནད་དང་སྡུག་བསྔལ་བྱུང་བ་ནི་སྒྲིབ་པ་དག་པའི་རྟགས་ཡིན་པས་ལོག་རྟོག་མི་བྱའོ༔


CMR057_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ན་དེ་རིང་ཞག་འདི་ལ༔ ལས་རྒྱུ་འབྲས་ཁོ་ན་ལ་རྩི་བགྲང་ཐོང་ལ་ཚེ་འདི་ཕྱིའི་བདེ་སྡུག་ཐམས་ཅད་ལས་དབང་ཆེ༔ ཚེ་འདིའི་བདེ་སྡུག་སྔོན་གྱི་ལས་ཕྱི་མིའི་བདེ་སྡུག་ཚེ་འདིའི་ལས་ཡིན་པར་ཐག་ཆོད་པར་མཛོད་ཅིག༔ ཆོས་ཐུན་བཞི་པའོ༔ ༈ ལ་དེ་ནས་ལས་འབྲས་སྤྱིར་བཤད་པ་སོང་ནས་བྱེ་བྲག༔ བསོད་ནམས་ཀྱི་རྒྱུ་འབྲས་དགེ་བའི་ཕན་ཡོན་བཤད་པ་ནི༔ རྡོ་རྗེའི་ཚིག་རྐང་ལས༔ དགེ་བའི་ཆོས་ལ་འབད་ན་སངས་རྒྱས་རྒྱུ༔ ཞེས་དང་དེའི་འགྲེལ་པ་ཐུགས་རྗེ་ཆེན་པོ་ཉིད་ཀྱིས་གསུངས་པ་ལས༔ དགེ་བ་སྣ་ཚོགས་ཀྱི་ཆོས་ལ་ཤིན་ཏུ་འབད་ན་ནི་སངས་རྒྱས་པའི་རྒྱུ་ཡིན་ནོ༔ ཞེས་གསུངས་པའི་དོན་རྒྱས་པར་འཆད་ན༔ ཆོས་སྤྱོད་བཅུ་ནི་དབུས་མཐའ་རྣམ་འབྱེད་ལས༔ ཡི་གེ་འབྲི་མཆོད་སྦྱིན་པ་དང་༔ ཉན་དང་ཀློག་དང་འཛིན་པ་དང་༔ འཆད་དང་ཁ་ཏོན་བྱེད་པ་དང་༔ དེ་སེམས་པ་དང་བསྒོམ་པ་སྟེ༔ སྤྱོད་པ་འདི་བཅུའི་བདག་ཉིད་ནི༔ བསོད་ནམས་ཕུང་པོ་དཔག་མེད་འཐོབ༔ ཅེས་དེ་བཅུ་ལ་ཕན་ཡོན་དཔག་མེད་གསུངས་པ་དང་༔ སྦྱིན་པའི་ཕན་ཡོན་ནི༔ བཤེས་སྤྲིང་ལས༔


CMR057_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་སྤྱོད་གཡོ་བ་སྙིང་པོ་མེད་མཁྱེན་ནས༔ དགེ་སྦྱོང་བྲམ་ཟེ་བཀྲེས་དང་བཤེས་རྣམས་ལ༔ སྦྱིན་པ་ཚུལ་བཞིན་རྩོལ་གྱིས་ཕ་རོལ་ཏུ༔ སྦྱིན་ལས་གཞན་པའི་གཉེན་མཆོག་མ་མཆིས་སོ༔ ཞེས་དང་༔ བྱང་ཆུབ་སེམས་དཔའི་ས་ལས༔ ཟས་སྦྱིན་པས་ཀྱང་སྟོབས་ཆེན་འགྱུར༔ གོས་སྦྱིན་པས་ནི་ཁ་དོག་ལྡན༔ བཞོན་པ་བྱིན་པས་བདེ་འགྱུར་བརྟན༔ མར་མེ་བྱིན་པས་མིག་དང་ལྡན༔ ཞེས་དང་༔ སའི་མདོ་ལས༔ འཁོར་བར་ཡོངས་སུ་འཁོར་བ་ན༔ སྦྱིན་པ་མ་གཏོགས་གཉེན་མེད་པས༔ བློ་ལྡན་ཕུན་སུམ་འཚོགས་འདོད་ཀྱི༔ རབ་ཏུ་འབད་དེ་སྦྱིན་པ་བྱིན༔ ཅེས་དང་༔ སྡུད་པ་ལས༔ བྱང་ཆུབ་སེམས་དཔའི་སྦྱིན་པས་ཡི་དྭགས་འགྲོ་བ་གཅོད༔ དབུལ་བ་དང་ནི་དེ་བཞིན་ཉོན་མོངས་ཐམས་ཅད་གཅོད༔ སྤྱོད་ཚེ་ལོངས་སྤྱོད་མཐའ་ཡས་རྒྱས་པ་ཐོབ་པར་འགྱུར༔ སྦྱིན་པས་སྡུག་བསྔལ་འགྱུར་པའི་སེམས་ཅན་ཡོངས་སྨིན་བྱེད༔ ཅེས་གསུངས་སོ༔ མདོ་སྡེ་ལས་རྣམ་འབྱེད་ནས་གསུངས་པ་ཚིག་ཅུང་ཟད་བསྡུས་ཏེ་བཤད་ན༔ ཟས་བྱིན་པའི་ཕན་ཡོན་བཅུ་སྟེ༔ ཚེ་རིང་བ་དང་༔ མདོག་བཟང་བ་དང་༔ སྟོབས་དང་ལྡན་པ་


CMR057_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

དང་༔ དྲན་པ་དང་ལྡན་ཞིང་སྤོབས་པ་དང་ལྡན་པ་དང་༔ བག་ཚ་བ་མེད་པར་འཁོར་གྱི་ནང་དུ་འགྲོ་བ་དང་༔ འཁོར་འདུན་པ་དང་༔ ལྷ་དང་མི་རྣམས་དགའ་བ་དང་༔ ལོངས་སྤྱོད་ཆེ་བ་དང་༔ མཐོ་རིས་སུ་སྐྱེ་བ་དང་༔ ཡོངས་སུ་མྱ་ངན་ལས་འདའ་བ་དང་བཅུར་གསུངས་སོ༔ དེས་ན་རང་གིས་ཅི་འབྱོར་བའི་ཟས་གོས་ཞིང་དག་པ་ལ་སྦྱིན་པའམ༔ ཉམ་ཐག་ལ་བྱིན་ན་ཕན་ཡོན་དེ་ལྟར་ཆེ་ཞིང་༔ གཞན་ཡང་མདོ་དྲན་པ་ཉེར་བཞག་ལས༔ གང་ཞིག་འདི་ལ་ཟས་བྱིན་པ༔ ཚེ་དང་མདོག་དང་སྟོབས་ལྡན་ཞིང་༔ དཔལ་དང་ལྡན་ཞིང་ནད་སྤོངས་དང་༔ རྟག་པར་བདེ་དང་ལྡན་པར་འགྱུར༔ གང་ཞིག་གོས་ནི་སྦྱིན་བྱེད་དེ༔ འཛེམ་བཅས་གཟུགས་བཟང་ལོངས་སྤྱོད་ལྡན༔ བྱིན་ཅན་སྲོག་ཆགས་རྣམས་ལ་སྡུག༔ གོས་རྣམས་ཀྱང་ནི་རྙེད་པར་འགྱུར༔ མི་གང་ལྷམ་དང་ཆགས་པ་ལ༔ སོགས་པའི་སྦྱིན་པ་བྱེད་པ་དེ༔ རྟག་ཏུ་བདེ་དང་ལྡན་པ་དང་༔ བཞོན་པ་དག་ཀྱང་རྙེད་པར་འགྱུར༔ རིག་པ་སྦྱིན་པས་ཤེས་རབ་ལ༔ གོམས་པས་མཁས་པ་ཉིད་དུ་འགྱུར༔ སྨན་དང་མི་འཇིག་སྦྱིན་པ་ཡི༔ ནད་མེད་པར་ནི་སྐྱེ་བར་


CMR057_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར༔ མལ་སྟན་དག་ནི་སྦྱིན་པ་ཡི༔ མི་དེ་བདེ་དང་ལྡན་པར་འགྱུར༔ གང་ཞིག་འདི་ལ་བ་ལ་སོགས༔ སྤྱད་པའི་འོ་མ་ཡོན་ཏན་ལྡན༔ སྦྱིན་བྱེད་མི་དེ་སྟོབས་ལྡན་ཞིང་༔ མདོག་ལྡན་ཚེ་རིང་ལོངས་སྤྱོད་ལྡན༔ ཞེས་དང་༔ མདོ་སྡེ་ལས་རྣམ་འབྱེད་ནས་བཏུང་བ་བྱིན་པའི་ཕན་ཡོན་བཅུ་གསུངས་པ་ཚིག་བསྡུས་ཏེ་བཤད་ན༔ དབང་པོ་ཚང་བ་དང་༔ དཔྲལ་བ་དག་ཅིང་འཛུམ་པ་བཞིན་ཏུ་འགྱུར་བ་དང་༔ ཡོན་ཏན་དང་ལྡན་པ་དང་༔ སེམས་རྒྱུད་མཉན་པ་དང་༔ སྐོམ་པར་མི་འགྱུར་བ་དང་༔ སྐོམ་པ་ན་ཆུ་འབྱུང་བར་འགྱུར་བ་དང་༔ ཡི་དྭགས་སུ་མི་སྐྱེ་བ་དང་༔ ལོངས་སྤྱོད་ཆེ་བ་དང་༔ མཐོ་རིས་སུ་སྐྱེ་བ་དང་༔ མྱུར་དུ་མྱ་ངན་ལས་འདའ་བ་ཐོབ་པར་གསུངས་སོ༔ བཏུང་བ་སྦྱིན་པ་ནི་ཞིང་དག་པ་དགེ་འདུན་ལ་མང་ཇ་དང་༔ ཉམ་ཐག་ལ་ཇ་ཐུག་འོ་ཞོ་བླུད་པ་ཡིན་ནོ༔ སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས༔ ཁ་ཟས་སྦྱིན་པ་བྱིན་ན་ནི༔ དེས་ན་ཚེ་དང་ཁ་དོག་དང་༔ སྟོབས་དང་བདེ་བ་ལྔ་པ་སྤོབ༔ ཤེས་རབ་ཅན་གྱི་སྦྱིན་པ་ཡིན༔ ཁ་ཟས་བྱིན་པ་དགའ་བ་དང་༔ ཚེ་རིང་སྟོབས་ལྡན་བདེ་སྐྱིད་འགྱུར༔ སྐྱིད་ཅིང་བརྟན་


CMR057_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་དག་ནི༔ ཐོགས་མེད་སྤོབས་དང་ལྡན་པར་འགྱུར༔ ཕྱུག་ཅིང་ནོར་མང་དཔལ་དང་ལྡན༔ མི་ནི་དེས་ཤིང་བློ་ལྡན་ལ༔ བསོད་ནམས་ལྡན་ཞིང་མཁས་ལ་ཞི༔ ཁ་ཟས་བྱིན་པས་དེ་ལྟར་འགྱུར༔ ཞེས་དང་༔ སྐོམ་བྱིན་པས་ནི་མཁས་པ་སྟེ༔ ཀུན་ཏུ་འབར་ཞིང་རབ་འབར་བའི༔ ཡི་དྭགས་ཉམ་ང་མི་སྐྱེ་ཞིང་༔ སྐོམ་གྱི་གནོད་པ་འབྱུང་མི་འགྱུར༔ ཞེས་དང་༔ གོས་སྦྱིན་ཤིན་ཏུ་དཔལ་དང་ལྡན༔ རྟག་ཏུ་རིགས་ལྡན་གཟུགས་བཟང་ཞིང་༔ མི་དེ་ངོ་ཚ་ཤེས་པར་འགྱུར༔ མི་ནི་གྲགས་ལྡན་སྐལ་བར་ལྡན༔ ཞེས་གསུངས་སོ༔ དེ་ཡང་ཞིང་རབ་ཏུ་བྱུང་བ་ལ་བྱིན་ན་ཕན་ཡོན་ལྷག་པར་ཆེ་སྟེ༔ བཅོམ་ལྡན་འདས་ཀྱི་ཞལ་ནས༔ སུ་དག་རབ་ཏུ་བྱུང་དང་མཚམས་པ་ཁ་ཟས་བཟང་པོ་དགེ་འདུན་སྦྱིན་བྱེད་པའི༔ དེ་དག་འཁོར་བའི་དགོན་པར་གནས་པ་ན༔ ཁ་ཟས་ཁ་དོག་རོ་ལ་སོགས་ལྡན་ཐོབ༔ སུ་དག་རབ་ཏུ་བྱུང་དང་མཚམས་པ་ཡི༔ བཏུང་བ་རྒྱ་ཆེན་དགེ་འདུན་སྦྱིན་བྱེད་པ༔ དེ་དག་འཁོར་བའི་དགོན་པར་གནས་པ་ན༔ བཏུང་བ་ཁ་དོག་རོ་ལྡན་སྣ་ཚོགས་ཐོབ༔ ཅེས་གསུངས་སོ། ཞིང་དག་པ་


CMR057_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་གཡོག་འཁོར་བྱིན་པའི་ཕན་ཡོན་ནི༔ སའི་མདོ་ལས༔ སྐྱེས་པའམ་ཡང་ན་བུད་མེད་དག༔ ཚུལ་ཁྲིམས་ལྡན་པའི་མི་ལ་བྱིན༔ གང་དང་གང་དུ་སྐྱེ་འགྱུར་བ༔ ཅི་ལྟར་མི་ཡི་རྒྱལ་པོ་བཞིན་ལྷ་རྣམས་ཀྱིས་ནི་མཆོག་འགྱུར་ཞིང་༔ ལྷག་པའི་རྒྱལ་པོ་བྱེད་པར་འགྱུར༔ ཞེས་གསུངས་སོ༔ ཞིང་དག་པ་ལ་ས་གཞི་བྱིན་པའི་ཕན་ཡོན་ནི༔ སའི་མདོ་ལས༔ གང་ཞིག་ས་ནི་ལེན་པ་དང་༔ གང་ཞིག་ས་ནི་གཏེར་བྱེད་པ༔ གཉིས་ཀ་ཕན་བྱེད་ཡིན་པའི་ཕྱིར༔ ངེས་པར་མཐོ་རིས་དག་ཏུ་འགྲོ༔ ས་དང་མཉམ་པའི་སྦྱིན་པ་མེད༔ སྦྱིན་དང་མཉམ་པའི་གཏེར་མེད་ལ༔ བདེན་དང་མཉམ་པའི་བསོད་ནམས་མེད༔ ཅེས་དང་༔ ས་བོན་འབྲུ་ཡི་ཕྲེང་བཅས་པ༔ རྨོས་པ་མཚན་མར་བཅས་བྱིན་ན༔ བསྐལ་པ་བྱེ་བ་སྟོང་ཕྲག་ཏུ༔ དེ་ཡི་སྐྱེ་བ་ཉམས་མི་འགྱུར༔ ཚུལ་ཁྲིམས་ལྡན་ལ་ཁྱད་པར་དུ༔ འབྲུ་ཡི་ཞིང་ནི་གང་གིས་བྱིན༔ ཞིང་གི་སྦྱིན་པ་དེ་ཡི་ནི༔ འབྲས་བུ་མི་ཟད་དེ་ཐོབ་འགྱུར༔ ས་ནི་ས་ལུ་བུ་རམ་ཤིང་༔ ནས་ཀྱི་ལྗང་པས་བརྒྱན་པ་དག༔ གང་ཞིག་སྦྱིན་པར་བྱེད་པ་དེ༔ ལྷ་མཆོག་བདེ་བར་རབ་འཕེལ་འགྱུར༔ ཞེས་


CMR057_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པས་ན༔ རྒྱལ་པོ་དང་དཔོན་རིགས་རྣམས་ཀྱིས༔ ཆེ་བའི་དགོན་པ་དང་མཆོད་གཞིས༔ ཆུང་བའི་རི་ཁྲོད་ཀྱི་ཁང་པ་དང་ཞིང་རེ་ཙམ་བྱིན་ན་ཡང་ཕན་ཡོན་དེ་ལྟར་ཆེ་བར་གསུངས་སོ༔ གཞན་ཡང་སྦྱིན་པའི་ཕན་ཡོན་བསྟན་པའི་མདོ་ལས༔ བཞོན་པ་བྱིན་ན་རྣམ་པར་སྨིན་པ་རྫུ་འཕྲུལ་རྐང་པ་བཞི་རབ་ཏུ་ཐོབ་པར་འགྱུར་རོ༔ དར་སྦྱིན་པ་བྱིན་ན་རྣམ་པར་སྨིན་པ་ལྷ་དང་མིའི་ནང་ན་རྣམ་པར་གྲོལ་བའི་དར་གྱིས་བཅིང་བ་རབ་ཏུ་ཐོབ་པར་འགྱུར་རོ༔ ཞེས་དང་༔ རིན་པོ་ཆེའི་རིགས་བྱིན་པའི་ཕན་ཡོན་ཡང་༔ སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས༔ ནོར་བུ་མུ་ཏིག་བྱིན་པས་ནི༔ གང་དང་གང་དུ་དེ་སྐྱེ་བ༔ སྐྱེ་གནས་དེ་དང་དེ་དག་ཏུ༔ རིན་ཆེན་ཆར་ནི་འབབ་པར་འགྱུར༔ ཞེས་དང་༔ རྟ་སོགས་བྱིན་པའི་ཕན་ཡོན་ནི༔ མདོ་དེ་ཉིད་ལས༔ བཞོན་པ་བྱིན་པས་དྲང་སྲོང་ཆེ༔ སངས་རྒྱས་ཞིང་ནས་ཞིང་དག་ཏུ༔ བློ་ལྡན་བྱ་ཡི་ཤུགས་འདྲ་བར༔ རྫུ་འཕྲུལ་གྱིས་ནི་མཁའ་ལ་འགྲོ༔ ཞེས་གསུངས་སོ༔ དེ་ལྟར་སྦྱིན་པ་བྱིན་ན་ཤི་ཡང་སྡུག་བསྔལ་མི་དགོས་ཏེ༔ བསོད་ནམས་སྟོབས་ཀྱི་རྟོགས་པ་ལས༔ གང་


CMR057_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

དག་སེར་སྣ་སྤངས་ནས་ཀྱང་༔ དུས་སུ་སྦྱིན་པ་སྦྱིན་བྱེད་ན༔ ཤི་ཡང་དེ་ནི་ཤི་མ་ཡིན༔ ལམ་རྒྱགས་བཟང་བའི་མགྲོན་པོ་བཞིན༔ ཞེས་དང་༔ ཆོས་གསུམ་པའི་མདོ་ལས་ཀྱང་༔ དུས་སུ་སྦྱིན་པ་སྦྱིན་བྱེད་ན༔ ཤི་ཡང་དེ་ནི་ཤི་མ་ཡིན༔ རྒྱགས་བཟང་བ་ཡི་མགྲོན་པོ་བཞིན༔ ཞེས་གསུངས་སོ༔ ཕ་མ་ལ་བཀུར་སྟི་དང་ཟས་གོས་ལེགས་པར་བྱས་ན་ཡང་༔ བྱམས་པའི་སྦྱིན་པ་སྟེ་ཕན་ཡོན་ཆེ་བར་གསུངས་ཏེ༔ ཕ་མའི་མདོ་ལས་ཕ་མ་གཉིས་ནི་ཚངས་པ་སྟེ༔ དེ་བཞིན་དང་པོ་སློབ་དཔོན་ཡིན༔ བུ་ཡིས་ཀུན་སྦྱིན་འོས་གྱུར་པ༔ མི་ཡང་ཡིན་ལ་ལྷ་ཡང་ཡིན༔ དེ་ཕྱིར་དེ་གཉིས་ཕྱག་གི་གནས༔ དྲིལ་བ་དང་ནི་ཁྲུས་རྣམས་དང་༔ རྐང་པ་དག་ཀྱང་བསྐུམ་པ་དང་༔ ཡང་ན་ཟས་དང་སྐོམ་རྣམས་དང་༔ གོས་དང་མལ་ཆ་སྟན་རྣམས་ཀྱིས༔ མཁས་པ་དག་གི་བཀུར་སྟི་བྱ༔ ཕ་མ་དག་ལ་བཀུར་བྱས་པ༔ དེས་ན་མཁས་པ་དེ་དག་ནི༔ འདིར་ཡང་སྨད་པ་མེད་འགྱུར་ལ༔ ཤི་ཡང་མཐོ་རིས་འགྲོ་བར་འགྱུར༔ ཞེས་གསུངས་སོ༔ ཞིང་གི་ཁྱད་པར་ཡང་༔ མཛོད་ལས༔ འཕགས་པ་མིན་ཡང་ཕ་མ་དང་༔ ནད་པ་དང་ནི་ཆོས་སྨྲ་


CMR057_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

དང་༔ སྐྱེ་མཐའི་བྱང་ཆུབ་སེམས་དཔའ་ལ༔ ཡོན་ནི་གཞལ་དུ་མེད་པར་གསུངས༔ ཞེས་གསུངས་སོ༔ དེ་ལྟར་སྦྱིན་པ་སྔོན་ལ་རྒྱ་ཆེར་བཤད་པའི་དོན་དབུ་མ་ལ་འཇུག་པ་ལས༔ སྐྱེ་བོ་འདི་ཀུན་བདེ་བ་མངོན་འདོད་ཅིང་༔ མི་རྣམས་བདེ་བའང་ལོངས་སྤྱོད་མེད་མིན་ལ༔ ལོངས་སྤྱོད་ཀྱང་ནི་སྦྱིན་ལས་འབྱུང་མཁྱེན་ནས༔ ཐུབ་པས་དང་པོར་སྦྱིན་པའི་གཏམ་མཛད་དོ༔ ཞེས་གསུངས་སོ༔ མཆོད་པ་དང་སྦྱིན་པ་གཉིས་ནི་ཡུལ་མཆོག་དམན་མ་གཏོགས་དོན་གཅིག་པར་སྦྱིན་པ་ཡིན་ཏེ༔ མྱ་ངན་འདས་མདོར༔ སངས་རྒྱས་ཆོས་དང་དགེ་འདུན་ལ༔ སྤོས་སམ་མར་མེ་གཅིག་ཙམ་མམ༔ མེ་ཏོག་གཅིག་ཙམ་མཆོད་བྱས་ན༔ མི་གཡོའི་ཞིང་དེར་སྐྱེ་བར་འགྱུར༔ ཞེས་དང་༔ སྐྱེས་རབས་ལས༔ རྟག་པར་ཚུལ་ཁྲིམས་ལྡན་པ་ལ༔ སྦྱིན་པ་བཀུར་སྟིས་བརྒྱན་པ་བྱིན༔ ནོར་རྣམས་དེ་ལྟར་གཏེར་བཅུག་པས༔ རྗེས་སུ་འབྲང་ཞིང་འཕྲོག་ཏུ་མེད༔ ཅེས་དང་༔ འཕགས་པ་སེང་གེས་ཞུས་པ་ལས༔ མར་མེ་བྱིན་པས་མིག་ཐོབ་འགྱུར༔ རོལ་མོའི་སྒྲ་ཡིས་རྣ་བ་དག༔ བཞོན་པ་བྱིན་པས་རྫུ་འཕྲུལ་ཐོབ༔ ཅེས་


CMR057_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

དང་༔ མར་མེ་འབུལ་བ་ཞེས་བྱ་བའི་མདོ་ལས༔ མར་མེ་དཀོན་མཆོག་གསུམ་ལ་ཕུལ་བའི་ཕན་ཡོན་གསུངས་པ་ནི༔ མར་མེ་འབུལ་བའི་རྣམ་སྨིན་འདི་ཡིན་ཏེ༔ འཆི་དུས་བྱེད་ཚེ་དྲན་པ་ཉམས་མི་འགྱུར༔ དེ་ལ་ཕྱོགས་རྣམས་སྣང་བར་བྱེད་པར་འགྱུར༔ སྔོན་ཆད་མ་མཐོང་གཟུགས་བཟང་རྣམས་ཀྱང་མཐོང་༔ དེ་ནི་ཤི་ནས་མཐོ་རིས་ངེས་འགྲོ་ཞིང་༔ ལྷ་ཡི་སྟན་ལ་དེ་ལུས་འདུག་པར་ཤེས༔ ཞེས་དང་༔ མཐའ་ཡས་ཆོས་བདག་དྲང་སྲོང་ཆེན་པོ་ཡི༔ མཆོད་རྟེན་རྣམས་ལ་མཁས་པ་གང་ཞིག་གིས༔ མར་མེ་འབུལ་བར་བྱེད་པའི་ལས་དེ་ཡིས༔ བདེ་དང་དོན་དང་རྙེད་པ་མཐའ་ཡས་ཐོབ༔ ཅེས་དང་༔ འཆི་དུས་བྱེད་ཚེ་སྡུག་བསྔལ་དེས་མི་མྱོང་༔ བྱང་ཆུབ་དམ་པ་མཆོག་ལ་སེམས་ཀྱང་དགའ༔ དེ་ལ་འཆི་བའི་འཇིགས་པ་འབྱུང་མི་འགྱུར༔ ཅེས་དང་༔ དྲང་སྲོང་མཆོད་རྟེན་མར་མེ་ཕུལ་བས་ནི༔ དེ་ཡི་ལུས་ནི་རབ་ཏུ་འོད་གསལ་ཞིང་༔ གཞན་གྱིས་མི་ཚུག་དཔལ་དང་ལྡན༔ ལྷ་སྟོང་གི་ནི་གཙོ་བོར་འགྱུར་ཞེས་དང་༔ དྲང་སྲོང་ཆེན་པོས་མཆོད་རྟེན་མར་མེ་ཕུལ༔ རྣམ་པར་གྲགས་པའི་ལོངས་སྤྱོད་ལྡན་པ་དང་༔ ཡོན་ཏན་


CMR057_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ལྡན་རབ་མཆོག་ཁྱིམ་དུ་སྐྱེ༔ སྐྱེས་ནས་ཚེ་རབས་དྲན་པ་ཉིད་དུ་འགྱུར༔ འཁོར་གཡོག་ཕུན་སུམ་ཚོགས་པ་མཆོག་ལྡན་འགྱུར༔ ཞེས་སོགས་རྒྱ་ཆེར་གསུངས་ཤིང་༔ སྤྱན་རས་གཟིགས་ཀྱི་མདོ་ལས༔ སངས་རྒྱས་མཆོད་རྟེན་མར་མེ་གཅིག་ཕུལ་ན༔ འདི་ནས་བཟུང་སྟེ་སྲིད་པའི་རྩེ་མོའི་བར༔ སངས་རྒྱས་ཞིང་ནི་འཛམ་གླིང་གསེར་གྱིས་གང་༔ དེ་འདྲའི་དཔལ་དེ་ཟད་པར་བྱ་མི་ནུས༔ དེ་ཡི་ལུས་ནི་མདོག་ངན་ཡོང་མི་འགྱུར༔ གཟུགས་མཆོག་བཟང་ཞིང་ལག་པ་གཟུ་བ་འདྲ༔ སྣང་བ་ཐོགས་ནས་འཇིག་རྟེན་ཀུན་ཏུ་རྒྱུ༔ གལ་ཏེ་ཁྲག་ཁྲིག་བརྒྱ་སྟོང་སངས་རྒྱས་ཞིང་༔ ཡུངས་འབྲུ་དག་གིས་ཕྱུར་བུར་གང་གྱུར་པ༔ བགྲང་བ་དང་ནི་གཞལ་ཞིང་བརྗོད་པར་ནུས༔ བདེ་གཤེགས་མར་མེ་གཅིག་ཕུལ་དེ་ལྟར་མིན༔ ཞེས་གསུངས་ཤིང་༔ བདེ་གཤེགས་མཆོད་རྟེན་མར་མེ་ཕུལ་བྱས་པས༔ དེ་ཡི་ལས་བྱས་པ་ནི་དེ་ཉིད་ཀྱིས༔ འཁོར་ལོས་སྒྱུར་བ་མི་བདག་སྟོབས་ཆེན་ལྡན༔ ཡིད་འོང་གཟུགས་བཟང་བལྟ་ན་དགའ་བར་འགྱུར༔ ཞེས་དང་༔ བདེ་གཤེགས་མཆོད་རྟེན་མར་མེ་ཕུལ་བས་ན༔ རྣམ་གྲོལ་བློ་མངའ་སྟོབས་


CMR057_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་རྣམས་ལྡན་ཞིང་༔ དེ་བཞིན་མ་འདྲེས་ཆོས་ཀྱི་ཕ་རོལ་བྱོན༔ ཀུན་ནས་སྤྱན་ལྡན་བདེ་བར་གཤེགས་པར་འགྱུར༔ ཞེས་གསུངས་པས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པའི་ཕྱིར་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་དམིགས་ནས་མར་མེ་ཅི་འབྱོར་འབུལ་བ་གལ་ཆེ་ཞིང་༔ ཚེ་འབར་ཁ་གསོ་བ་དང་༔ ཞི་ཁྲོ་བླུག་པ་སོགས་ལ་ཕན་ཡོན་བསམ་གྱིས་མི་ཁྱབ་བོ༔ དེ་ནས་ཚུལ་ཁྲིམས་བསྲུང་དགོས་ཏེ༔ བཤེས་སྤྲིང་ལས༔ ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་ཏུ༔ ཡོན་ཏན་ཀུན་གྱི་གཞི་རྟེན་ལེགས་པར་གསུངས༔ ཞེས་དང་༔ དྲན་པ་ཉེར་བཞག་ལས༔ ཚུལ་ཁྲིམས་དེ་ནི་སྔགས་པ་ཡིན༔ རྒྱལ་པོ་ཆོམ་རྐུན་མེ་དང་ཆུས༔ ཚུལ་ཁྲིམས་ནོར་ལ་འཕྲོག་མི་ནུས་དེ་བས་ཚུལ་ཁྲིམས་རྟག་ཏུ་བསྟན༔ ཞེས་དང་༔ དབྱིག་གཉེན་གྱི་ཚུལ་ཁྲིམས་ཀྱི་གཏམ་ལས༔ རྒྱུ་མཚོ་དང་ནི་གླང་རྗེས་ཀྱི༔ ཁྱད་པར་དག་ནི་གང་ཡིན་པ༔ སྦྱིན་པ་དང་ནི་ཚུལ་ཁྲིམས་ཀྱི༔ ཁྱད་པར་དག་ནི་དེ་ཡིན་ནོ༔ གང་ཞིག་འདོད་པའི་སེམས་ཀྱིས་ནི༔ ལོ་བརྒྱར་སྦྱིན་པ་བྱིན་པ་བས༔ གང་ཞིག་ཉིན་གཅིག་ཚུལ་ཁྲིམས་ནི༔ བསྲུང་བ་དེ་


CMR057_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཁྱད་པར་འཕགས༔ ཞེས་གསུངས་སོ༔ དེ་ལྟ་བུའི་ཚུལ་ཁྲིམས་ལ་སོ་སོར་ཐར་པ་རིགས་བརྒྱད་ཡོད་པའི་ནང་ནས་ཁྱིམ་པ་རྣམས་ཀྱི་བསྲུང་རྒྱུའི་ཚུལ་ཁྲིམས་དེ་ནི་བསྙེན་གནས་ཡན་ལག་བརྒྱད་པ་ཡིན་པས་དེ་བསྲུང་དགོས༔ དེའི་ཕན་ཡོན་ནི༔ བརྒྱ་བྱིན་གྱིས་སྨྲས་པ༔ ཟླ་བ་ཡར་གྱི་ཚེས་བརྒྱད་དང་༔ ཆོ་འཕྲུལ་གྱི་ནི་ཟླ་བ་ལ༔ བསྙེན་གནས་ཡན་ལག་བརྒྱད་བསྲུང་ན༔ དེ་ནི་ང་དང་འདྲ་བར་འགྱུར༔ ཞེས་པ་ལ༔ བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ༔ ཀོའུ་ཤི་ཀ་ཁྱོད་དེ་སྐད་མ་ཟེར་ཅིག༔ ཟླ་བ་ཡར་གྱི་ཚེས་བརྒྱད་དང་༔ ཆོ་འཕྲུལ་གྱི་ནི་ཟླ་བ་ལ༔ བསྙེན་གནས་ཡན་ལག་བརྒྱད་བསྲུང་ན༔ དེ་ནི་ང་དང་འདྲ་བར་འགྱུར༔ ཞེས་དང་༔ གནས་འཇོག་གི་མདོ་ལས་བསྙེན་གནས་ཡན་ལག་བརྒྱད་པའི་ཕན་ཡོན་རྒྱ་ཆེར་གསུངས་པའི་དོན་བསྡུས་ཏེ་བཤད་ན༔ རྒྱ་མཚོ་ཆེན་པོའི་ཆུ་བུམ་པའི་གྲངས་ཚད་བཟུང་བ་ཡོད་སྲིད་ཀྱི༔ བསྙེན་གནས་ལན་གཅིག་གིས་བསོད་ནམས་ཀྱི་ཚད་བཟུང་བར་མི་ནུས༔ མི་གཉིས་ཀྱི་གཅིག་གིས་ཇི་སྲིད་འཚོའི་བར་སྦྱིན་པ་བྱིན་པ་དང་༔ གཅིག་གིས་ཇི་སྲིད་འཚོའི་བར་དུ་བསྙེན་གནས་བསྲུང་བ་


CMR057_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་བསོད་ནམས་མཉམ༔ འཛམ་གླིང་ཐམས་ཅད་དགྲ་བཅོམ་པས་གང་བ་ལ་ཇི་སྲིད་འཚོའི་བར་དུ་རིན་པོ་ཆེ་སྣ་ཚོགས་དང་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་པ་བས༔ བསྙེན་གནས་ལན་གཅིག་བྱས་པ་བསོད་ནམས་བརྒྱ་སྟོང་གིས་ཆེ་བ་དང་༔ བསྙེན་གནས་ལན་གཅིག་གིས་རྒྱལ་ཆེན་བཞི་ནས་གཞན་འཕྲུལ་དབང་བྱེད་བར་གྱི་ལྷར་སྐྱེ་བར་གསུངས་སོ༔ དེ་ལྟར་བསྙེན་གནས་བསྲུང་ནི་མ་འོངས་པ་ན་རྒྱལ་བ་བྱམས་པ་དང་མཇལ་བར་ཡང་གསུངས་ཏེ༔ བྱམས་པ་ལུང་བསྟན་པའི་མདོ་ལས༔ བཅུ་བཞི་དང་ནི་བཅོ་ལྔ་དང་༔ དེ་བཞིན་ཟླ་ཕྱེད་ཚེས་བརྒྱད་དང་༔ ཆོ་འཕྲུལ་གྱི་ནི་ཟླ་བ་ལ༔ ཡན་ལག་བརྒྱད་ལེགས་མཉམ་གཞག་ཅིང་༔ བསྙེན་གནས་གསོ་སྦྱོངས་བྱས་ན་ནི༔ ང་ཡི་བསྟན་ལ་ལྷག་པ་ཞེས༔ དོན་འདི་རབ་ཏུ་གསུངས་པར་འགྱུར༔ ཞེས་གསུངས་སོ༔ བསྙེན་གནས་ཡན་ལག་བརྒྱད་པ་ནི་སྔ་དྲོ་ཟས་ཟ་རུང་བ་ཡིན་ཀྱང་༔ ཟས་ཀྱི་འཚོ་བ་རྣམ་པར་དག་པའི་མདོ་ལས༔ དེ་ལྟར་ཉིན་གཅིག་ཟས་གཅིག་པ་ཐུབ་ན༔ ཉི་མ་དྲུག་ཁྲིར་བསོད་ནམས་ཀྱི་ཟ་བ་རྣམ་པར་འཕེལ་ལོ༔ ཞེས་དང་༔ ཁྱད་པར་སྤྲུལ་པའི་རྒྱལ་པོ་སྲོང་བཙན་སྒམ་


CMR057_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དང་པཾ་ཀ་ར་སོགས་ཀྱི་གསུང་མཐུན་པར་ཚེས་བརྒྱད་ལ་སངས་རྒྱས་སྨན་བླ་དང་༔ བཅོ་ལྔ་ལ་འོད་དཔག་མེད༔ གནམ་གང་ལ་ཤཱཀྱ་ཐུབ་པ་འབྱོན་པས་དེ་ཉིན་གདན་གཅིག་བསྲུང་ན་དགེ་བ་འབུམ་འགྱུར་དུ་བཤད༔ ཁྱད་པར་མདོ་སྡེ་འཇིག་རྟེན་བཞག་པ་ལས༔ ཚེས་བརྒྱད་ལ་རྒྱལ་ཆེན་བཞིའི་འཁོར་རྣམས་དང་༔ བཅུ་བཞི་ལ་རྒྱལ་པོ་བཞིའི་བུ་རྣམས་དང་༔ བཅོ་ལྔ་ལ་རྒྱལ་པོ་བཞི་འོང་ནས་མི་རྣམས་ཀྱིས་དགེ་སྡིག་གང་བྱས་ཡི་གེར་བྲི་ནས༔ གཤིན་རྗེའི་རྒྱལ་པོ་ལ་གཏད་ཅིང་༔ དགེ་བ་བྱས་ན་ལྷ་རྣམས་དགའ་བས་བརྒྱ་བྱིན་ལ་ཞུ་སྟེ༔ ལྷ་རྣམས་ཀྱིས་བསྲུང་སྐྱབས་ཀྱང་བྱེད་པར་བཤད་པས༔ དེ་རྣམས་ལ་གདན་གཅིག་གང་འགྲུབ་བྱེད་པ་གལ་ཆེ༔ མར་ངོ་ཡང་དེ་དང་འདྲ་སྟེ༔ ཉི་ཤུ་གསུམ་ནི་མར་ངོའི་ཚེས་བརྒྱད་ཡིན༔ ཉེར་དགུ་མར་ངོའི་བཅུ་བཞི་ཡིན༔ གནམ་གང་མར་ངོས་བཅོ་ལྔ་ཡིན་པས་ཕན་ཡོན་ཡར་ངོ་དང་འདྲ་བ་ཡིན༔ ཁྱད་པར་དུས་ཆེན་བཞི་སྟེ༔ ལོ་སར་ཆེན་མཆུ་ཟླ་བའི་ཚེས་གཅིག་ནས་བཅོ་ལྔའི་བར་སྟོན་པས་ཆོ་འཕྲུལ་ཆེན་པོ་བསྟན་པའི་དུས་ཡིན༔ ཆུ་སྟོད་ཟླ་བ་དེང་སང་རམ་ཟླར་གྲགས་


CMR057_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚེས་བཞི་ལ་ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས་ཡིན༔ ཐ་སྐར་ཟླ་བ་ཞེས་དེང་སང་ཡུངས་རྐོ་ཟླར་གྲགས་པའི་བཅོ་ལྔ་ལ་ལྷ་བབ་ཞལ་བཞེས་དུས༔ དེའི་ཉི་ཤུ་གཉིས་ལ་ལྷ་ལས་བབ་པའི་དུས་ཏེ༔ དེ་རྣམས་ལ་བྱེ་བའི་འགྱུར་ཡོད༔ ས་ག་ཟླ་བ་ཞེས་དེང་སང་བྱ་གྲགས་ཟླ་བར་གྲགས་པའི་བཅོ་ལྔ་ལ་རྣམ་གསུམ་འཛོམ་པའི་དུས་ཏེ༔ བྱེ་བ་གསུམ་འགྱུར་ཡོད༔ ཟླ་བ་གཟས་འཛིན་ལ་བྱེ་བ་བརྒྱ་འགྱུར༔ ཉི་མ་གཟའ་འཛིན་ལ་བྱེ་བ་འབུམ་འགྱུར་ཡོད་པས༔ དུས་དེ་རྣམས་སུ་མི་དགེ་བ་བྱས་ཀྱང་སྡིག་པ་སྟོབས་ཆེ༔ དགེ་བ་བྱས་ན་ཡང་ཕན་ཡོན་འགྱུར་སྟོབས་ཆེ་བར༔ མདོ་སྡེ་བཀའ་དྲི་མ་མེད་པ་རྣམས་ནས་གསུངས་པས་ངེས་པར་གདན་གཅིག་དང་༔ དགེ་སྦྱོར་གང་འགྲུབ་ཤིན་ཏུ་གལ་ཆེ༔ མདོ་སྡེ་དྲན་པ་ཉེར་བཞག་ལས་སྲོག་གཅོད་སྤངས་བའི་ཕན་ཡོན་མང་དུ་གསུངས་པ་དོན་བསྡུས་ཏེ་བཤད་ན༔ སྲོག་བཅད་སྤང་ན་མི་འཇིགས་པའི་སྦྱིན་པར་འགྱུར་བ་དང་༔ ཚེ་འདིར་བསྔགས་པར་འགྱུར་བ་དང་༔ མདོག་དང་དབང་པོ་གསལ་ཞིང་ཚེ་རིང་བ་དང་༔ ལྷ་རྣམས་ཀྱིས་བསྲུང་བ་དང་༔ ལྷ་རྣམས་ཕྱི་བཞིན་ཏུ་འབྲང་ཞིང་བསྲུང་བ་དང་༔ ཤི་ནས་


CMR057_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

མཐོ་རིས་སུ་སྐྱེ་བ་དང་༔ དེའི་འབྲས་བུ་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་འདོད་དམ༔ བརྒྱ་བྱིན་ནམ༔ ཚངས་པའམ༔ ཉན་རང་ནས་སངས་རྒྱས་བཅོམ་ཐལྡན་འདས་ཀྱི་བར་གྱི་སྨོན་ལམ་གང་བཏབ་པ་འགྲུབ་པར་གསུངས་སོ༔ དེས་ན་སྲོག་བཅད་གཏན་དུ་སྤང་བ་རབ༔ ལོ་ཆོད་ཀྱི་སྤང་བ་འབྲིང་༔ ཐ་ན་སེམས་ཅན་འདི་དང་འདི་ཞེས་བྱེ་བྲག་སྤང་བ༔ ཚེ་ཐར་བྱེད་པ་ཡང་སེམས་ཅན་དེ་ཉིད་མི་གསོད་པའི་དམ་བཅའ་སྟེ༔ བྱམས་པའི་སྦྱིན་པ་ཡང་ཡིན་ཏེ༔ དྲན་པ་ཉེར་བཞག་ལས༔ སྲོག་བྱིན་པས་ནི་སྦྱིན་པའི་མཆོག༔ ཅེས་གསུངས་ཏེ༔ ཚེ་ཐར་བཏང་ན་ཚེ་འདིར་ཡང་ཚེ་རིང་༔ རིམ་གྲོའི་མཆོག་ཡིན༔ སྲོག་བྱིན་པ་དེ་སྦྱིན་པའི་མཆོག་ཡིན་པས་ཚེ་ཐར་བཏང་བ་དང་༔ ཁྱད་པར་སྡེ་དཔོན་རྣམས་ཀྱིས་མི་ཉེས་ཆེན་གསོད་འོས་པ་མ་བསད་པར་ཚེ་ཐར་བྱས་ན་ཕན་ཡོན་དཔག་ཏུ་མེད་པ་ཡོད་དོ༔ ཚེ་འདས་ཀྱི་དོན་དུ་ཚེ་ཐར་བཏང་ན་ཕན་ཡོན་ཆེ་སྟེ༔ སྐྱེ་ཤི་འཁོར་བའི་ཆོས་ལེའུར་བྱས་པ་ལས༔ འདས་པ་གཤེད་མས་གསོད་པ་ཀུན༔ མི་གསོད་སྲོག་ལ་ཚེ་ཐར་བཏང་༔ ཞེས་གསུངས་སོ༔ ཁང་བུ་བརྩེགས་པའི་མདོ་ལས༔ ཉིན་


CMR057_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་སྲོག་གཅོད་སྤང་བ་ཡང་དག་པར་བླང་ན་མཚོན་གྱི་བསྐལ་པར་མི་སྐྱེ་བར་གསུངས་སོ༔ མ་བྱིན་པ་ལེན་པ་སྤང་བའི་ཕན་ཡོན་ཡང་༔ མདོ་དྲན་ཉེར་ལས་གསུངས་པའི་དོན་བསྡུས་ཏེ་བཤད་ན༔ མ་བྱིན་ལེན་སྤང་ན་ཚེ་འདིར་ཐམས་ཅད་ཡིད་བརྟན་ཞིང་ཡིད་དུ་འོང་༔ ལོངས་སྤྱོད་རྟག་པ་དང་༔ རྒྱལ་པོ་དང་ཆུ་དང་ཆོམ་རྐུན་དང་མེའི་འཇིག་པ་མེད་པར་འགྱུར༔ ཕྱི་མ་མཐོ་རིས་སུ་སྐྱེ་ཞིང་༔ ཚངས་པ་དང་བརྒྱ་བྱིན་ནས་སངས་རྒྱས་ཀྱི་བར་གྱི་སྨོན་ལམ་ཅི་བཏབ་པ་དེ་ཉིད་ཐོབ་པར་གསུངས་སོ༔ མ་བྱིན་ལེན་ནི་ཕྲོག་པ་དང་བརྐུས་པ་ལ་ཟེར༔ དེ་ལྟ་བུ་བཤིས་ཀྱི་མི་བྱེད་པ་རྣམས་ཀྱིས་རང་ག་མ་བྱས་པ་བས༔ མ་བྱིན་ལེན་སྤང་བའི་ཁས་ལེན་དང་སྡོམ་པ་བླངས་ན་ཕན་ཡོན་ལྷག་པར་ཆེ༔ འདོད་པས་ལོག་པར་གཡེམ་པ་སྤང་བའི་ཕན་ཡོན་ཡང་མདོ་དེ་ཉིད་ཀྱི་དོན་བསྡུས་ཏེ་བཤད་ན༔ ཚེ་འདིར་སྔགས་པ་དང་ཡིད་ཆེས་པར་འགྱུར་བ་དང་༔ བུད་མེད་ཀྱི་ནང་དུ་འདུག་ཀྱང་དགོས་པ་མེད་པ་དང་༔ རྒྱལ་པོ་དང་བློན་པོ་ཡིད་བརྟན་པར་འགྱུར་བ་དང་༔ མྱ་ངན་ལས་འདས་པའི་སྐལ་བ་དང་ལྡན༔ འབྲས་བུ་ཡང་སྨོན་ལམ་གང་བཏབ་པའི་བདེ་ལེགས་ཐོབ་པར་


CMR057_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས༔ རྫུན་སྤང་བའི་ཕན་ཡོན་ཡང་མདོ་དྲན་ཉེའི་དོན་བསྡུས་ཏེ་བཤད་ན༔ རྫུན་སྤང་ན་ཡིད་ཆེས་པར་འགྱུར༔ ནོར་རྫས་མེད་ཀྱང་གཞན་གྱིས་སྟེར་བ་དང་༔ དབུལ་པོར་མི་འགྱུར༔ རིགས་ཆེ་བ་དང་གཟུགས་བཟང་བ་དང་༔ ཀུན་ལ་སྡུག་ཅིང་ཡིད་དུ་འོངས་བ་དང་༔ ཚིག་ལ་ཡིད་ཆེས་པ་དང་༔ ཤ་ཟ་དང་གནོད་སྦྱིན་རྣམས་ཀྱིས་མི་མཐོང་མི་འཚེ་བ་དང་༔ ཡུལ་གཞན་དུ་སོང་ཡང་ཕུན་སུམ་ཚོགས་པར་འགྱུར་བ་དང་༔ གང་བསམ་པ་འགྲུབ་པ་དང་༔ མིའི་བདེ་བ་མཆོག་མྱོང་ནས་མཐོ་རིས་སུ་སྐྱེ་བ་དང་༔ འབྲས་བུ་གང་དུ་བསྔོས་པ་དེ་བཞིན་དུ་འགྲུབ་པར་གསུངས་སོ༔ ཡང་མདོ་ཉིད་ནས་གསུངས་པའི་དོན་བསྡུས་ན༔ ཕྲ་མ་སྤངས་ན་ཚེ་འདིར་ཉེ་དུ་དང་འཁོར་རྣམས་བརྟན་པ་དང་གཞན་གྱིས་དབྱེ་མི་ནུས་པ་དང་༔ ནོར་དང་བྲལ་ཡང་ཉེ་དུ་དང་འཁོར་གྱིས་མི་གཏོང་མི་འབྲལ༔ དེ་རྒྱལ་པོའི་འཁོར་དུ་བརྟན་ནས་ཆུ་དང་མཚོན་ཆ་དང་མི་མཛའ་བའི་འཇིགས་པ་མེད་པར་འགྱུར༔ ཕྱི་མ་ལྟར་སྐྱེ་བ་དང་༔ འབྲས་བུ་ཡང་སྨོན་ལམ་གང་བཏབ་འགྲུབ་པར་གསུངས་སོ༔ མདོ་དེའི་དོན་བསྡུས་བཤད་ན༔ ཚིག་རྩུབ་


CMR057_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

སྤང་བས་གྲོང་པ་རྒྱང་རིང་ནས་སྐྱེ་བོས་བསུ་བ་དང་༔ མཛའ་བཤེས་མང་བ་དང་༔ ནོར་རྫས་མེད་ཀྱང་ཐམས་ཅད་དེའི་བྲན་ལྟར་ཉན་པ་དང་༔ སྡུག་བསྔལ་ཡང་གཞན་གྱིས་མི་གཏང་བ་དང་༔ དོན་ཐམས་ཅད་འགྲུབ་པ་དང་༔ དགྲ་དང་རྒྱལ་པོ་དང་ཆུ་དང་མེ་དང་མཚོན་ཆའི་འཇིགས་པ་མེད་པ་དང་༔ མཐོ་རིས་སུ་སྐྱེ་ཞིང་སྨོན་ལམ་གང་བཏབ་ཀྱི་འབྲས་བུ་ཐོབ་པར་གསུངས་སོ༔ མདོ་དེ་ཉིད་ནས་གསུངས་པའི་དོན་བསྡུས་ན༔ ངག་འཁྱལ་སྤང་བའི་ཕན་ཡོན་རིགས་བཙུན་པོར་སྐྱེ་བ་དང་༔ ཚིག་ལ་ཐམས་ཅད་དགའ་བ་དང་༔ སུས་ཀྱང་མི་འཆེ་བ་དང་༔ ངག་སྙན་པ་དང་༔ ནོར་རྫས་བརྟན་པ་དང་༔ མཐོ་རིས་སུ་སྐྱེ་ཞིང་སྨོན་ལམ་གང་བཏབ་ཀྱི་འབྲས་བུ་ཐོབ་པར་གསུངས་སོ༔ བརྣབ་སེམས་སྤང་༔ ཡ་བའི་ཕན་ཡོན་དྲན་ཉེའི་དོན་བཤད་ན༔ ཚེ་འདིར་ནོར་གཏོར་ན་ཡང་ཚུར་གཏོད་པ་དང་༔ རྟག་ཏུ་ནོར་དང་ལྡན་ཞིང་གཞན་གྱིས་མི་ཐུབ་པ་དང་ཕྱི་མ་ལྷར་སྐྱེས་ནས་ལྷ་མ་ཡིན་གྱིས་མི་ཐུབ་ཅིང་མི་རྡེག༔ ལྷ་ཐམས་ཅད་ཀྱིས་ཡིད་དུ་སྡུག་ཅིང་ལོངས་སྤྱོད་ཆེ་བ་དང་༔ འབྲས་བུ་སངས་རྒྱས་ཀྱི་བར་གྱི་སྨོན་ལམ་ཅི་བཏབ་འགྲུབ་བོ༔ ཡང་མདོ་དེའི་དོན་


CMR057_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་སེམས་སྤང་བའི་ཕན་ཡོན༔ ཚེ་འདིར་འབྱོར་པ་དང་ལྡན་ཞིང་བདེ་བར་གནས༔ སྐྱེ་བོ་ཐམས་ཅད་དགའ་ཞིང་ཡིད་དུ་འོང་༔ གཞན་གྱིས་བརྡེག་པ་དང་འཚེ་བར་མི་ནུས༔ རྒྱལ་པོའི་འཁོར་དང་ཆོམ་རྐུན་དང་གཡང་ས་དང་མེ་དང་ཆུ་དང་༔ གཡོ་བ་དང་གནོད་པའི་འཇིགས་པ་དང་བྲལ་ཞིང་ཐར༔ སྡིག་པའི་སྐྱེ་བོ་དག་དགེ་བའི་སྐྱེ་བོ་ལ་བུ་དང་སྤུན་དང་འདྲ་བར་སྡུད་པར་འགྱུར༔ ཕྱི་མ་ལྷ་ཡི་ལོངས་སྤྱོད་ལ་དབང་ཞིང་ལྷ་ཐམས་ཅད་དགའ་ཞིང་ལྷ་མ་ཡིན་གྱི་འཁྲུག་པ་འབྲལ༔ འབྲས་བུ་སངས་རྒྱས་ཀྱི་བར་གྱི་སྨོན་ལམ་གང་བཏབ་འགྲུབ༔ ཁྱད་པར་དུ་ཡང་རྒྱལ་སྲིད་བདུན་ཐོབ་པར་གསུངས་སོ༔ ལོག་ལྟ་སྤང་བའི་ཕན་ཡོན་ཡང་མདོ་དྲན་པ་ཉེར་བཞག་ནས་གསུངས་པའི་དོན་ནི། དོན་མེད་པ་ཐམས་ཅད་སྤང་བ་དང་༔ མྱ་ངན་ལས་འདའ་བ་དང་ཉེ་བ་དང་༔ འཁོར་བ་ལས་རིང་བར་འགྱུར་བ་དང་༔ རབ་ཏུ་བྱུང་བའི་སེམས་སྐྱེ་བ་སོགས་ཕན་ཡོན་རྒྱ་ཆེར་བཤད་དོ༔ ཆང་བཅད་པའི་ཕན་ཡོན༔ དྲན་ཉེ་ལས༔ ཆང་འཐུང་བ་ལ་མི་རྟེན་པས༔ མི་དེ་དྲན་པ་བརྟན་པ་དང་༔ རྨོངས་མེད་བདེན་པར་སྨྲ་བ་དང་༔ སྙན་པའི་བདེ་


CMR057_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་པར་སྐྱེ༔ ཐོས་པ་མང་དང་ཆོས་འཛིན་དང་༔ ཤེས་རབ་ལྡན་ཞིང་ཐར་བར་འདོད༔ ཡོན་ཏན་རྣམས་ལ་དགའ་བའི་མི༔ དེ་དག་དགའ་ལྡན་ཉེ་བར་འགྲོ༔ ཞེས་གསུངས་པས་ཚོགས་ཆང་མ་གཏོགས་པའི་ཆང་སྤངས་ན་ཕན་ཡོན་ཆེའོ༔ དེ་རྣམས་ནི་ཁྱིམ་པས་མི་དགེ་བ་སྤངས་ཤིང་བསྙེན་གནས་སོགས་བསྲུང་བའི་དབང་དུ་ཡིན་ལ༔ རབ་ཏུ་བྱུང་བས་བསྲུང་བ་ནི་དེ་བས་ཀྱང་ཕན་ཡོན་ཆེ་སྟེ༔ དྲག་ཤུལ་ཅན་གྱི་ཞུས་པའི་མདོ་དང་༔ དགའ་བོ་རབ་ཏུ་བྱུང་བའི་མདོ་ལས༔ ཁྱིམ་དུ་གནས་པ་ནི་ཉེས་པར་སྤྱོད་པའི་གཞིའོ༔ རབ་ཏུ་བྱུང་བ་ནི་ལེགས་པར་སྤྱོད་པའི་གཞིའོ༔ ཞེས་སོགས་ཁྱིམ་པ་བས་རབ་བྱུང་ཁྱད་པར་བརྒྱ་ཙམ་གྱིས་འཕགས་ཚུལ་རྒྱ་ཆེར་གསུངས་སོ༔ མདོ་སྡེ་འཛངས་བླུན་ལས༔ གང་ཞིག་རབ་ཏུ་བྱུང་བ་དེའི་བསོད་ནམས་ནི་རབ་ཏུ་མང་སྟེ༔ བདག་གི་བུའམ༔ བུ་མོའམ༔ བྲན་ཁོལ་རབ་ཏུ་བྱུང་བ་གནང་ངམ༔ བདག་ཉིད་རབ་ཏུ་བྱུང་ན་བསོད་ནམས་དཔག་ཏུ་མེད་དོ༔ གལ་ཏེ་གཅིག་གིས་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་མཆོད་རྟེན་རི་རབ་ཙམ་བྱས་པའི་བསོད་ནམས་བས་ཀྱང་ཁྱད་པར་དུ་འཕགས་སོ༔ དགེ་


CMR057_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཆོས་འདོད་པ་ནི་སངས་རྒྱས་ཆོས་མ་གཏོགས་པ་འདི་ལས་ལྷག་པ་མེད་དོ༔ དཔེར་ན་ལོང་བ་བརྒྱའི་མིག་ཕྱེ་བ་ཡང་བསོད་ནམས་དཔག་ཏུ་མེད༔ དེ་བས་ཀྱང་བདག་རབ་ཏུ་བྱུང་ངམ་གཞན་རབ་ཏུ་བྱུང་ན་བསོད་ནམས་བསམ་གྱིས་མི་ཁྱབ༔ བདག་གཞན་རབ་ཏུ་བྱུང་བ་ལ་གཅིག་གིས་གཅིག་བསྟན་ཅིང་དྲངས་བས༔ དེའི་བསོད་ནམས་ཀྱིས་ལྷ་མིའི་ནང་དུ་བདེ་བ་ཚད་མེད་པ་མྱོང་ཞིང་མཐར་མངོན་པར་རྫོགས་པར་སངས་རྒྱས༔ ཞེས་གསུངས་པ་དང་༔ ཆོ་འཕྲུལ་ཆེན་པོ་བསྟན་པའི་མདོར༔ གང་དག་སྟོང་ཆེན་སེམས་ཅན་དེ་དག་ཀུན༔ བྱང་ཆུབ་ཕྱིར་ནི་རབ་ཏུ་ཞུགས་གྱུར་ཅིང་༔ མ་ཞུམ་སེམས་ཀྱིས་བསྐལ་པ་རྫོགས་པར་ནི༔ བུ་དང་ཆུང་མའི་སྦྱིན་པ་བྱས་པ་བས༔ གང་གིས་བྱང་ཆུབ་ཏུ་ནི་སེམས་བསྐྱེད་ནས༔ དེ་བཞིན་གཤེགས་པའི་རྗེས་སུ་སློབ་པ་དང་༔ རབ་བྱུང་སེམས་ཀྱིས་གོམ་པ་གཅིག་བོར་བ༔ དེ་ནི་དེ་བས་བསོད་ནམས་ཁྱད་པར་འཕགས༔ ཞེས་གསུངས་པ་དང་༔ རང་ངམ་བུ་དང་བུ་མོ་ཉེ་འབྲེལ་འཁོར་འདབ་རྣམས་ཆོས་སྒོར་ཚུད་པའི་ཐབས་བྱས་ན་ཕན་ཡོན་དཔག་ཏུ་མེད་དོ༔ དེ་ནས་བཟོད་པ་བསྒོམ་


CMR057_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

པར་བཤད་དེ༔ འཇུག་པ་ལས༔ སྦྱིན་སོགས་ཆོས་གསུམ་འདི་དག་ཕལ་མོ་ཆེ༔ བདེ་བར་གཤེགས་པས་ཁྱིམ་པ་རྣམས་ལ་བསྔགས༔ བསོད་ནམས་ཞེས་བྱའི་ཚོགས་ཀྱང་དེ་ཉིད་དོ༔ ཞེས་གསུངས་པས་སོ༔ བཟོད་པ་དེ་ཡང་གསུམ་དུ་ཡོད་ནའང་༔ ད་རེས་སྐབས་སུ་བབ་པ༔ སྡུག་བསྔལ་དང་དུ་བླང་བའི་བཟོད་པའི་ཆ་ཤས་འགའ་རེའི་ཕན་ཡོན་བཤད་དེ༔ ཕྱག་དང་བསྐོར་བ་དང་སཱཙྪ་ལ་སོགས་པ་ཆོས་ཕྱིར་དཀའ་ལས་བྱས་པ་དེ་བཟོད་ནུས་པ་སྟེ༔ དང་པོ་བསྐོར་བའི་ཕན་ཡོན་ནི༔ མཆོད་རྟེན་བསྐོར་བའི་ཚིགས་སུ་བཅད་པ་ལས༔ སྐད་ཅིག་ཙམ་གྱི་བར་དུ་ཡང་༔ མཆོད་རྟེན་བསྐོར་བ་བྱས་པས་ནི༔ མི་ཁོམ་བརྒྱད་རྣམས་སྟོང་བར་འགྱུར༔ ཞེས་དང་༔ མཆོད་རྟེན་བསྐོར་བ་བྱས་པས་ནི༔ རིན་ཆེན་བདུན་དང་ལྡན་པ་ཡི༔ འཁོར་ལོས་སྒྱུར་བའི་རྒྱལ་པོ་སྟེ༔ ཆོས་ཀྱི་འཁོར་ལོ་བསྐོར་བར་བྱེད༔ མཆོད་རྟེན་བསྐོར་བ་བྱས་པ་ཡིས༔ འཇིག་རྟེན་དག་ཏུ་དེ་བཞིན་གཤེགས༔ མཚན་རྣམས་ཀྱིས་ནི་བརྒྱན་པ་ཡི༔ གསེར་གྱི་སྐུ་མདོག་འཐོབ་པར་འགྱུར༔ ཞེས་དང་༔ སྤྱན་རས་གཟིགས་ཀྱི་མདོ་ལས༔ མཆོད་རྟེན་བསྐོར་བ་བྱས་


CMR057_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

ན་ནི༔ བརྩོན་འགྲུས་བརྟན་ཞིང་མཐུ་བརྟན་ལ༔ བརྟན་ཞིང་རྣམ་པར་གནོན་བརྟན་དང་༔ དེ་ནི་མྱུར་དུ་མཁས་པར་འགྱུར༔ ཞེས་དང་༔ གསལ་རྒྱལ་གྱིས་ཞུས་པ་ལས༔ སུ་དག་དད་པས་ཐུབ་པའི་མཆོད་རྟེན་ནམ༔ སྐུ་གཟུགས་དག་ལ་སྐོར་བ་བྱེད་པ་དག༔ ཕྱི་མའི་དུས་ན་དགྲ་ཆེན་རྣམས་ཀྱིས་བཏུད༔ བཟང་པོའི་སྣོད་འགྱུར་ཡོན་ཏན་རྣམས་དང་ལྡན༔ ཞེས་སོགས་གསུངས་པས་སྐོར་བ་ཕན་ཡོན་རྒྱ་ཆེའོ༔ ཕྱག་འཚལ་བའི་ཕན་ཡོན་ཡང་༔ སྤྱན་རས་གཟིགས་ཀྱི་མདོ་ལས༔ གང་ཞིག་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ལ༔ བསྐལ་པ་བྱེ་བ་གཞལ་ཡང་བསྟི་སྟང་བྱས་པ་བས༔ གང་ཞིག་ཕྱི་དུས་མི་བཟད་བསྐལ་པ་འདི་ལ་ནི༔ མཆོད་རྟེན་ཕྱག་འཚལ་དེ་ཡི་བསོད་ནམས་ཆེས་མང་ངོ་༔ སངས་རྒྱས་མཆོད་རྟེན་ཕྱག་འཚལ་ཐལ་སྦྱར་བ༔ མཐོ་རིས་འཇིག་རྟེན་གནས་ཤིང་ལྷ་དབང་འགྱུར༔ མིར་གྱུར་ན་ཡང་མི་ཡི་རྒྱལ་པོར་འོང་༔ དེ་ནི་གཞར་ཡང་ཡོངས་སུ་ཉམས་མི་འགྱུར༔ སངས་རྒྱས་མཆོད་རྟེན་ཐལ་སྦྱར་ཕྱག་འཚལ་བ༔ དེ་ནི་གཞར་ཡང་ངན་སོང་ཕྱིས་མི་ལྟུང་༔ འཇིག་རྟེན་འདིར་དེ་རྟག་ཏུ་འདོད་པ་


CMR057_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

སྤངས༔ ནོར་ཅན་ནང་ནས་ཕྱུག་ཅིང་མཛོད་མང་འགྱུར༔ ཞེས་དང་༔ རྒྱལ་པོ་གསལ་རྒྱལ་གྱིས་ཞུས་མདོར༔ མི་རྣམས་གང་དག་སངས་རྒྱས་མཆོད་རྟེན་ནམ༔ སྐུ་གཟུགས་དག་ལ་མགོས་བཏུད་གུས་ཕྱག་འཚལ༔ དེ་དག་ལྷ་རྣམས་དང་ནི་མི་རྣམས་ཀྱིས༔ ཆེར་ཡང་རྟག་ཏུ་བཀུར་བའི་གནས་སུ་འགྱུར༔ ཞེས་དང་༔ སྤྱན་རས་གཟིགས་ཀྱི་མདོར༔ སུ་ཞིག་བྱང་ཆུབ་སེམས་ཀྱིས་སུ༔ སྟོན་པའི་མཆོད་རྟེན་ཕྱག་འཚལ་བ༔ དེ་ནི་བསྐལ་པ་བྱེ་བ་ཡང་༔ ནམ་ཡང་འོན་ཅིང་འཐོམ་མི་འགྱུར༔ ཅེས་གསུངས་སོ༔ མཆོད་རྟེན་ནམ་སྐུ་གཟུགས་བཞེངས་པའི་ཕན་ཡོན་ཡང་༔ གསལ་རྒྱལ་ལ་ཚིགས་སུ་བཅད་པ་ལས༔ བཅོམ་ལྡན་འདས་ཀྱི་མཆོད་རྟེན་རྣམས་དང་ནི༔ སྐུ་གཟུགས་རྣམས་ལ་རྡུལ་ཕྲན་ཅི་སོང་བ༔ དེ་ཡི་གྲངས་སྙེད་དེ་བྱེད་མི་རྣམས་ཀྱིས༔ ལྷ་ཡུལ་ས་སྟེང་ངེས་པར་རྒྱལ་སྲིད་ཐོབ༔ གཟུགས་དང་གཟུགས་མེད་ཁམས་ཀྱི་ཏིང་ངེ་འཛིན༔ ཕུན་སུམ་ཚོགས་པའི་ས་མཆོག་ཀུན་མྱོང་ནས༔ ཐ་མར་སྐྱེ་དང་རྒ་ལ་སོགས་པ་ཡི༔ སྡུག་བསྔལ་མེད་པའི་སངས་རྒྱས་གོ་འཕང་ཐོབ༔ སུ་དག་འདིར་ནི་རྒྱལ་བའི་གཟུགས་བྱེད་པ༔ དེ་


CMR057_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་ལུས་ནི་དྲི་མ་མེད་པ་དང་༔ པདྨའི་སྙིང་པོ་ལྟ་བུར་འཇམ་ཞིང་ཡངས༔ ནད་དང་མྱ་ངན་སྡུག་བསྔལ་འཇིག་ལས་ཐར༔ ཞེས་དང་༔ སུ་དག་འཇིག་རྟེན་མགོན་པོའི་གཟུགས་བྱེད་པ༔ བྲན་དུ་མི་སྐྱེ་མངག་གཞུག་སྐྱེ་མི་འགྱུར༔ དབུལ་པོར་མི་འགྱུར་རིགས་དམན་མི་སྐྱེ་ཞིང་༔ དབང་པོ་རྣམས་ཀྱང་ཉམས་པར་ཡོངས་མི་འགྱུར༔ ཞེས་དང་༔ པདྨ་དཀར་པོ་ལས༔ སྐྱེས་བུ་དག་གམ་འོན་ཏེ་གཞོན་ནུའང་རུང་༔ རྩེད་མོ་དགའ་དང་གསང་བ་བྱེད་པ་ནི༔ རྩིགས་ངོས་སེན་མོ་ཤིང་བུས་སྐུ་གཟུགས་བྲིས༔ དེ་དག་ཐམས་ཅད་བྱང་ཆུབ་ཐོབ་པར་འགྱུར༔ ཞེས་དང་༔ དམ་ཆོས་པདྨ་དཀར་པོ་ལས༔ ས་དང་སོ་ཕག་ལ་ནི་བརྩེགས་པ་ཡི༔ རྒྱལ་བའི་མཆོད་རྟེན་དགའ་བཞིན་བྱས་པ་ཡི༔ བྱིས་པས་རྩེད་མོར་དེ་དང་དེ་དག་ཏུ༔ གང་གི་རྒྱལ་བ་དེ་ཕྱིར་མཆོད་རྟེན་དག༔ བྱེ་མ་ལ་ནི་ཕུང་པོར་བྱས་པ་ཡང་༔ དེ་རྣམས་ཀྱིས་ཀྱང་བྱང་ཆུབ་ཐོབ་པར་འགྱུར༔ ཞེས་དང་༔ རོ་ཉེ་དང་ནི་ལྕགས་སམ་ས་ཡང་རུང་༔ བདེ་བར་གཤེགས་པ་རྣམས་ཀྱི་གཟུགས་བྱས་ཏེ༔ བལྟ་ན་སྡུག་པ་འཇིམ་པའི་ལས་བྱེད་བཅུག༔ དེ་དག་ཐམས་ཅད་བྱང་


CMR057_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་ཐོབ་པར་འགྱུར༔ ཞེས་དང་༔ དཔུང་བཟང་གིས་ཞུས་པ་ལས༔ བདེ་གཤེགས་མཆོད་རྟེན་རྟེན་འབྲེལ་སྙིང་པོ་ཅན༔ སྡིག་པ་དག་ཕྱིར་རྟག་ཏུ་གདབ་པར་བྱ༔ ཞེས་གསུངས་པས་འབྱོར་པ་ཡོད་ན་སྐུ་གཟུགས་མཆོད་རྟེན་བཞེངས་པ་ལ་འབད༔ འབྱོར་པ་མེད་ན་ཡང་སཱཙྪ་དང་པར་སྐུ་མང་དུ་བཏབ་ན་ཕན་ཡོན་རྒྱ་ཆེར་གསུངས་སོ༔ གྲུ་དང་ཟམ་བཟོ་བ་དང་༔ དགེ་སེམས་ཀྱིས་གྲུ་ལ་ཕུད་རོགས་བྱས་ན་ཕན་ཡོན་ཆེ་སྟེ༔ ལས་ལེགས་ཉེས་བསྟན་པའི་མདོ་ལས༔ ཚེ་འདི་ལ་ཟམ་པ་དང་གྲུ་གཟིངས་བཅས་ནས་སྐྱེ་བོ་མང་པོ་སྒྲོལ་བར་མངོན་པར་དགའ་བ་གང་ཡིན་པ་ནི༔ སྐྱེ་བ་ཐམས་ཅད་དུ་རིན་པོ་ཆེ་སྣ་བདུན་ཕུན་སུམ་ཚོགས་པ་དང་༔ སྐྱེ་བོ་མང་པོ་ཀུན་གྱིས་བཀུར་ཞིང་བསྔགས་པ་བརྗོད་པ་དང་༔ ངོར་ལྟ་བ་དང་༔ ཕན་ཚུན་འགྲོ་ཞིང་འོང་བའི་ཚེ་མང་པོ་ཀུན་གྱིས་བསྙེན་བཀུར་བ་དང་༔ རིམ་གྲོ་བྱེད་པར་འགྱུར་རོ༔ ཞེས་གསུངས་སོ༔ སྔོན་མི་ཉམ་ཆུང་བྲན་གཅིག་གིས་བསམ་པ་བཟང་པོས༔ ལམ་དུ་གནོད་པའི་རྡོ་གཅིག་ཕུད་ནས་འཕང་བས༔ དེའི་ཕན་ཡོན་གྱིས་གཤིན་རྗེས་ཡར་བཏང་སྟེ་མིར་སྐྱེས་ནས་ཡིག་དྲུག་མང་དུ་བཏོན་པས་


CMR057_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཀྱི་ཞིང་དུ་སྐྱེས་སྐད༔ དེས་ན་གྲུ་ཟམ་དང་ལམ་ངན་བཅོས་ན་ཡང་ཕན་ཡོན་དེ་ལྟར་ཡོད་དོ༔ སངས་རྒྱས་ལ་དམིགས་ནས་མེ་ཏོག་གཅིག་ནམ་མཁའ་ལ་གཏོར་ན་ཡང་མཐར་སངས་རྒྱས་ཐོབ་པར་སྙིང་རྗེ་པདྨ་དཀར་པོ་ནས་བཤད༔ བྱིས་པ་ཞིག་གིས་སངས་རྒྱས་ལ་ས་སྙིམས་པ་གང་ཕུལ་བས༔ ཆོས་རྒྱལ་མྱ་ངན་མེད་ཅེས་བྱ་བ་འཛམ་གླིང་ཕྱེད་དབང་བའི་རྒྱལ་པོར་སྐྱེས་པ་དང་༔ སྲན་མ་ཚོང་མཁན་ཞིག་གིས་སངས་རྒྱས་འཕུར་ཤེས་བྱ་བ་ལ་སྲན་རྡོག་བཞི་ཕུལ་བའི་བསོད་ནམས་ཀྱིས༔ གླིང་བཞི་དང་ལྷ་གནས་སུམ་ཅུ་རྩ་གསུམ་གྱི་ཕྱེད་དབང་བའི་འཁོར་ལོས་སྒྱུར་རྒྱལ་གྲགས་པ་མཐའ་ཡས་ཞེས་བྱ་བར་གྱུར་པ་དང་༔ གྲོང་དཔོན་ཞིག་གིས་སྲོག་གཅོད་ཀྱི་སྡོམ་པ་ཉིན་གཅིག་བསྲུངས་བས་དེ་མཐར་སངས་རྒྱས་ཕན་བཞེད་བྱ་བར་སངས་རྒྱས་པ་དང་༔ ཕག་གཅིག་ལུས་ལ་འདམ་པས་གོས་པ་མཆོད་རྟེན་ལ་དྲུད་པས་གས་པ་སུབ་པས༔ དེའི་བསོད་ནམས་ཀྱིས་ལྷར་སྐྱེས་པ་དང་༔ བྲན་ཞིག་གིས་དགེ་སྦྱོང་གཅིག་ལ་ཟན་དྲོན་ཁེངས་པོ་གཅིག་དྲངས་བས༔ དེའི་བསོད་ནམས་ཀྱིས་རྒྱལ་པོར་སྐྱེས་པ་དང་༔ རྒན་མོ་ཞིག་གིས་


CMR057_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་ཀ་ཏ་ཡ་ན་ལ་ཆུ་ཞལ་གང་དྲངས་བས་ལྷར་སྐྱེས་པ་དང་༔ བྲམ་ཟེའི་བུ་མོ་ཞིག་མོ་བྱ་བས་དགེ་བསྙེན་ཞིག་ལ་ཁབ་གཅིག་ཕུལ་བས༔ དེ་འཕགས་པ་ཤཱ་རིའི་བུར་གྱུར་པ་དང་༔ སྐྱ་རུ་ར་ཞིག་ཕུལ་བས་འཁོར་ལོས་སྒྱུར་རྒྱལ་དང་འདྲ་བའི་ལོངས་སྤྱོད་ཅན་དུ་སྐྱེས་པ་དང་༔ མི་དབུལ་པོ་ཞིག་གིས་གཞན་ཅི་ཡང་མ་རྙེད་དེ༔ དད་པའི་སེམས་ཀྱིས་རྡོ་རུག་སྤར་གང་ནོར་བུར་དམིགས་ནས་དགེ་འདུན་ལ་གཏོར་བས༔ སྐྱེས་མ་ཐག་ཏུ་རིན་པོ་ཆེ་སྣ་བདུན་གྱི་ཆར་བབས་ནས་ཁྱིམ་གང་བ་དང་༔ སྔོན་ཚོང་དཔོན་ཞིག་གིས་མགྲོན་བུ་མང་པོ་རྙེད་པ་མ་ལ་ཕུལ་བས༔ ཚོང་དཔོན་ཉིད་ཚེ་འདིར་ལྷའི་ལོངས་སྤྱོད་ཐོབ་པར་བཤད་པས་ཕ་མའི་དོན་དུ་དགེ་བ་བྱས་ན་ཡང་རང་ལ་ཕན་ཡོན་ཆེན་པོ་དང་ཚེ་འདིར་ཡང་ཕྱུག་པོར་འགྱུར་བར་གསུངས༔ རྫི་བོ་ཞིག་གིས་འཛར་བའི་ལྷག་མ་སྐྱ་ཚུ་ཅུང་ཟད་གྲོག་ཚང་ལ་བཏབ་པས༔ ཡུལ་གྲུ་ཆེན་པོའི་རྒྱལ་པོར་གྱུར་པ་དང་༔ མི་ཞིག་གིས་ཟན་མར་བསྲེགས་ནས་ཟོས་པའི་སྣུམ་མེ་ནང་དུ་འཐིག་པ་ལ༔ མེ་ལྷ་མཆོད་སྨྲས་པས༔ སྐྱེ་བ་ཕྱི་མ་མིར་སྐྱེས་པ་ལ་མེ་ལྷས་དངོས་གྲུབ་བྱིན་ཏེ་ལོངས་སྤྱོད་དཔག་ཏུ་མེད་པར་གྱུར་པ་དང་༔


CMR057_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

སྦུར་པ་ཆུས་ཁྱེར་བ་མཆོད་རྟེན་ལ་བསྐོར་བ་ལྟར་གྱུར་པས༔ མཐར་ཁྱིམ་བདག་དཔལ་སྐྱེས་བྱ་བར་གྱུར་ཏེ་དགྲ་བཅོམ་པ་ཐོབ་པ་དང་༔ དེ་སོགས་བསམ་པ་རྣམ་དག་གིས་བྱས་ན་རྒྱུ་ཆུང་ཡང་ཕན་ཡོན་ཆེ་བའི་ལོ་རྒྱུས་མདོ་རྒྱུད་རྣམས་ནས་རྒྱ་ཆེར་གསུངས་པས༔ དགེ་བ་ཆུང་ཡང་མི་བརྙས་པར་སྒྲུབ་པ་གལ་ཆེ༔ དེ་ལྟར་ཕན་ཡོན་འབྱུང་བ་ཡང་བསམ་པ་རྣམ་པར་དག་པ་གལ་ཆེ་སྟེ༔ ཨཱརྱ་དེ་བའི་སེམས་ཀྱི་སྒྲིབ་སྦྱང་ལས༔ བསམ་པ་བཟང་པོས་མཆིལ་ལྷམ་ཞིག༔ ཐུབ་པའི་དབུ་ལ་བཞག་པ་དང་༔ དེ་བཞིན་གཞན་གྱིས་བསལ་བྱས་པ༔ གཉིས་ཀས་རྒྱལ་སྲིད་ཐོབ་པར་འགྱུར༔ དེ་བཞིན་བསམ་པའི་རྩ་བ་ལ༔ བསོད་ནམས་སྡིག་པ་རྣམ་པར་གནས༔ ཞེས་གསུངས་སོ༔ དེས་ན་བསམ་པ་རྣམ་པར་དག་པས་དགེ་བ་གང་འགྲུབ་ལ་བརྩོན་པ་གལ་ཆེ༔ ཆོས་ཐུན་ལྔ་པའོ༔ དེ་ནས་བསོད་ནམས་མ་ཡིན་པའི་སྡིག་པའི་ཉེས་དམིགས་བཤད་པ་ནི༔ རྡོ་རྗེའི་ཚིག་རྐང་ལས༔ སྡིག་པ་གང་བྱས་དེ་ལྟའི་རིགས་དྲུག་འཁྱམས༔ ཞེས་དང་༔ དེའི་འགྲེལ་པ་ཐུགས་རྗེ་ཆེན་པོས་དངོས་སུ་གསུངས་པ་


CMR057_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

ལས༔ སྡིག་པ་གང་བྱས་པ་དེ་ལྟ་བུའི་འགྲོ་བ་རིགས་དྲུག་ཏུ་འཁྱམས་ཏེ༔ གཏི་མུག་དུད་འགྲོ་སེར་སྣ་ཡི་དྭགས་སོགས༔ ཞེས་གསུངས་སོ༔ དེའི་དོན་རྒྱས་པར་འཆད་ན༔ བཞི་བརྒྱ་པར༔ ཕལ་མོ་ཆེ་ཡི་མི་རྣམས་ནི༔ དམ་པ་མ་ཡིན་ཕྱོགས་ཀྱང་འཛིན༔ དེས་ན་སོ་སོ་སྐྱེ་བོ་རྣམས༔ ཕལ་ཆེར་ངེས་པར་ངན་འགྲོར་འགྲོ༔ ཞེས་དང་༔ སྤྱོད་འཇུག་ལས༔ སྡུག་བསྔལ་ཡིད་མི་བདེ་བ་དང་༔ འཇིགས་པ་རྣམ་པ་སྣ་ཚོགས་དང་༔ འདོད་པ་རྣམས་དང་བྲལ་བ་ནི༔ སྡིག་པ་སྤྱོད་ལས་འབྱུང་བར་འགྱུར༔ སྡིག་པ་བྱེད་པ་བདེ་འདོད་ཀྱང་༔ གང་དང་གང་དུ་འགྲོ་འགྱུར་བ༔ དེ་དང་དེར་ནི་སྡིག་པ་དེས༔ སྡུག་བསྔལ་མཚོན་གྱིས་རྣམ་པར་འཇོམས༔ ཞེས་དང་༔ ཚོམས་ལས༔ བདག་ཉིད་བདེ་བ་འདོད་པའི་ཕྱིར༔ རྒོད་ཅིང་སྡིག་པའི་ལས་བྱས་པའི༔ སྡིག་ལས་དེ་ཡི་རྣམ་སྨིན་དག༔ ངུ་བཞིན་ཉམས་སུ་མྱོང་བར་འགྱུར༔ ལྕགས་ལ་གཡའ་ནི་ལངས་གྱུར་པ༔ ལངས་པ་དེས་ནི་རང་ཉིད་ཟ༔ དེ་བཞིན་མ་བརྟགས་བྱས་པ་ཡིས༔ རང་གི་ལས་ཀྱིས་ངན་འགྲོར་འགྲོ༔ ཞེས་དང་༔ རིན་ཆེན་ཕྲེང་བར༔ ཆགས་དང་ཞེ་སྡང་གཏི་མུག་


CMR057_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

དང་༔ དེས་བསྐྱེད་ལས་ནི་མི་དགེ་བ༔ མི་དགེ་བ་ལས་སྡུག་བསྔལ་ཀུན༔ དེ་བཞིན་ངན་འགྲོ་ཐམས་ཅད་དོ༔ ཞེས་དང་༔ མི་དགེ་བ་རེ་རེ་ལ་ཡང་༔ རྣམ་སྨིན་གྱི་འབྲས་བུ་དང་༔ རྒྱུ་མཐུན་གྱི་འབྲས་བུ་དང་༔ དབང་གི་འབྲས་བུ་གསུམ་གསུམ་འབྱུང་སྟེ༔ རྒྱུ་མཐུན་གྱི་འབྲས་བུ་ནི་རིན་ཆེན་ཕྲེང་བར༔ སྲོག་བཅད་པས་ནི་ཚེ་ཐུང་འགྱུར༔ མ་བྱིན་བླང་བས་ནོར་དང་བྲལ༔ བྱི་ཕོ་ཡིས་ནི་དགྲ་དང་བཅས༔ རྫུན་དུ་སྨྲ་བས་སྐུར་པ་མང་༔ ཕྲ་མ་ཡིས་ནི་བཤེས་དང་འབྲལ༔ ཚིག་རྩུབ་སྨྲ་བས་མི་སྙན་ཐོས༔ འཁྱལ་པ་ཡིས་ནི་ངག་མི་བཙུན༔ བརྣབ་སེམས་ཡིད་ལ་རེ་བ་འཇོམས༔ གནོད་སེམས་འཇིགས་པ་འབྱིན་པར་བྱེད༔ ལོག་པར་ལྟ་བ་ལྟ་ངན་ཉིད༔ ཆང་འཐུང་བ་ཡིས་བློ་འཁྲུལ་ཏེ༔ མི་ཉིད་ལ་ནི་འབྲས་བུ་འདི༔ ཀུན་གྱི་དང་པོ་ངན་འགྲོའོ༔ ཞེས་གསུངས་པས༔ རྣམ་སྨིན་གྱིས་ངན་སོང་ལྟུང་༔ དེ་ནས་ཐར་ཏེ་མིར་སྐྱེས་ནའང་རྒྱུ་མཐུན་གྱི་འབྲས་བུ་དེ་ལྟར་འགྱུར་བའོ༔ རྣམ་སྨིན་གྱི་འབྲས་བུ་ནི༔ རིན་ཆེན་ཕྲེང་བར༔ ཞེ་སྡང་གིས་ནི་དམྱལ་བར་འཕེན༔ ཆགས་པས་ཡི་དྭགས་འཇིག་རྟེན་འགྲོ༔


CMR057_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

རྨོངས་པ་ཕལ་ཆེར་དུད་འགྲོར་འགྲོ༔ བཟློག་པ་ལྷ་དང་མི་ཉིད་དོ༔ ཞེས་དང་༔ མདོ་སྡེ་འཇིག་རྟེན་བཞག་པ་ལས༔ ལུས་ཀྱི་ཉེས་པ་སྤྱད་བྱས་ཤང་༔ ངག་གིས་ཉེས་པ་སྤྱོད་རྣམས་དང་༔ ཡིད་ཀྱི་ཉེས་པ་སྤྱད་བྱས་ན༔ སེམས་ཅན་དམྱལ་བ་རྣམས་སུ་སྐྱེ༔ ཕན་ཚུན་འཁོན་ཞིང་ཞེ་གཅོད་ལ༔ མི་རྣམས་མི་ལ་རྩོད་པ་དག༔ ལོ་ནི་བྱེ་བ་ཕྲག་སྟོང་དུ༔ ཡང་སོས་དུ་ནི་སྐྱེ་བར་འགྱུར༔ བྱ་མིན་བྱེད་དུ་བཅུག་པ་དང་༔ མི་རྣམས་མཛའ་བ་འབྱེད་པ་དང་༔ སྨྲ་བ་རྫུན་དུ་སྨྲ་བྱེད་པ༔ ཐིག་ནག་ཏུ་ནི་སྐྱེ་བར་འགྱུར༔ བ་ལང་ར་ལུག་མ་ཧེ་དང་༔ རི་དྭགས་ཕག་དང་བྱ་གག་དང་༔ དེ་བཞིན་གཞན་གྱི་སྲོག་གཅོད་པ༔ བསྡུས་འཇོམས་སུ་ནི་སྐྱེ་བར་འགྱུར༔ སྲོག་གཅོད་པ་ཡིས་སེམས་ཅན་རྣམས༔ བདའ་ཞིང་ཁྲག་ནི་འཐུང་པ་དང་༔ ངན་པའི་ལས་ནི་ཀུན་སྤྱོད་པ༔ ངུ་འབོད་ཆུང་ངུར་འགྲོ་བར་འགྱུར༔ ལྟ་བ་ཐིབ་པོས་ཁེབ་པ་དང་༔ སྲིད་པའི་འཆིང་བས་བཅིང་པ་དང་༔ དམ་པའི་ལས་ཀྱི་ཀུན་སྤྱོད་པ༔ ངུ་འབོད་ཆེན་པོར་སྐྱེ་བར་འགྱུར༔ དགེ་སློང་བྲམ་ཟེ་དགེ་བ་དང་༔ དེ་བཞིན་གང་ཞིག་ཕ་མ་དང་༔ གང་ཞིག་བླ་མ་གཞན་


CMR057_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

བསད་པ༔ དེ་ནི་རབ་ཏུ་ཚ་བར་བསྲེགས༔ གང་ཞིག་ཆོས་ལ་ཆོས་མིན་དང་༔ ཆོས་མ་ཡིན་ལ་ཆོས་སུ་སྨྲ༔ སྐྱེ་བོ་དམ་པ་དག་ལ་སྨ༔ མེད་པར་ལྟ་བ་མནར་མེད་ལྟུང་༔ ཞེས་དང་༔ ཆགས་དང་གཏི་མུག་འཇིགས་རུང་ཁྲོས༔ མི་དང་མི་ནི་གསོད་པ་དང་༔ གཞན་ཡང་སྐྱེ་གནས་གསོད་བྱེད་པ༔ དེ་དག་ངེས་པར་ཡང་སོས་ལྷ་དང་དྲང་སྲོང་བྲམ་ཟེ་ཡི༔ རྫས་འཕྲོག་དཀའ་ཐུབ་ཅན་གསོད་བྱེད༔ བ་ལང་མ་ཧེ་ར་ལུག་དང་༔ རི་དྭགས་ཕག་དང་བྱ་རྒོད་དང་༔ དེ་བཞིན་གཞན་གྱི་སྲོག་གཅོད་པ༔ བསྡུས་འཇོམས་སུ་ནི་སྐྱེ་བར་འགྱུར༔ གང་དག་ཕ་མ་སངས་རྒྱས་དང་༔ ཉན་ཐོས་རྣམས་ལ་སྡང་བ་དང་༔ བྱ་མིན་བྱེད་དུ་བཅུག་པ་དང་༔ མི་རྣམས་མཛའ་བ་འབྱེད་པ་དང་༔ ཕྲ་མ་རྫུན་སྨྲ་སྒྱུ་བྱེད་པ༔ ཐིག་ནག་ཏུ་ནི་སྐྱེ་བར་འགྱུར༔ དཀའ་ཐུབ་སྡོམ་པ་འཇིག་བྱེད་ཅིང་༔ སེམས་ཅན་གསོད་དང་རྫས་དག་ལ༔ སླད་འཇུག་སྡོམ་ལྡན་ཆང་སྦྱིན་བྱེད༔ ངུ་འབོད་ཏུ་ནི་སྐྱེ་བར་འགྱུར༔ ལྷ་དང་དྲང་སྲོང་བྲམ་ཟེ་ཡི༔ རྫས་འཕྲོག་དཀའ་ཐུབ་ཅན་གསོད་བྱེད༔ རྫུན་སྨྲ་སྐུར་འདེབས་སྒྱུ་བྱེད་པ༔ དེ་ནི་ངུ་


CMR057_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

འབོད་ཆེན་པོར་འགྲོ༔ གཙུག་ལག་ཁང་ངམ་དགེ་འདུན་གྱི༔ དབེན་གནས་བསྲེགས་དང་ནགས་མེ་བཏང་༔ མི་གང་ཚ་བ་ཞེས་བྱ་བའི༔ དམྱལ་བ་དེར་ནི་སྐྱེ་བར་འགྱུར༔ དམ་པའི་ཆོས་ལ་སྐུར་འདེབས་ཤིང་༔ རབ་ཏུ་བྱུང་བ་གསོད་པ་དང་༔ མེད་པར་ལྟ་བ་གང་ཡིན་པ༔ དེ་ནི་རབ་ཏུ་ཚ་བར་བསྲེགས༔ གང་ཞིག་ཆོས་ལ་ཆོས་མིན་དང་༔ ཆོས་མ་ཡིན་ལ་ཆོས་སུ་སྨྲ༔ སྐྱེ་བོ་དམ་པ་དག་ལ་སྨད༔ མེད་པར་ལྟ་བ་མནར་མེད་ལྟུང་༔ གང་ཞིག་བརྟུལ་ཞུགས་བཟང་མནོས་ནས༔ ལེགས་པར་བསྲུང་བར་མི་བྱེད་པ༔ དེ་ནི་ངེས་པར་ཤ་དང་རུས༔ འཇིགས་པའི་མེ་མ་མུར་དུ་བསྲེགས༔ གང་དུ་འཚོ་བ་ལོག་པ་ནི༔ ཅུང་ཟད་ཀྱིས་ཀྱང་འཚོ་བྱེད་པ༔ དེ་ནི་རོ་མྱག་འདམ་རྫབ་ཏུ༔ ནུབ་འགྱུར་སྲིན་བུ་རྣམས་ཀྱིས་ཟླ༔ གང་དག་ཆོས་ཀྱི་རིགས་འཇིག་ཅིང་༔ ཡང་དག་མ་ཡིན་འམ་སྨྲ་བའི༔ མི་དེ་དག་ནི་སྤུ་གྲིའི་སོ༔ གཏམ་པའི་ལམ་དུ་འགྲོ་བར་འགྱུར༔ བག་ཕེབ་པ་ལ་གནོད་བྱེད་པ༔ ནགས་ཚལ་རལ་གྲིའི་འདབ་ཅན་དུ༔ གཏུབ་བྱེད་ངུ་ཞིང་བྱ་རྒོད་དང་༔ བྱ་རོག་འུག་པས་ཟ་བར་འགྱུར༔ འདོད་ཆགས་སྲེད་པས་ཤལ་མ་རི༔ ལྕགས་


CMR057_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཚེར་མ་རྩེ་མོ་འབར༔ སོར་ནི་བཅུ་དྲུག་ཡོད་པ་ལ༔ ཡར་ལ་འཛེག་ཅིང་མར་ལ་དྲུད༔ ཆུ་སྐྱེས་ཉ་ལ་སོགས་བསད་ན༔ ཆུ་བོ་རབ་མེད་འབར་བ་ཡི༔ འཇིགས་སུ་རུང་བའི་གནས་འགྲོ་ཞིང་༔ མི་དེ་དེར་ནི་མནར་བར་གྱུར༔ བླ་མ་དགེ་འདུན་སྐུ་གསུང་ཐུགས་རྟེན་གྱི༔ ན་བཟའ་བཤུས་དང་ཤིག་ནི་ལྷག་བོར་སོགས༔ སེམས་ཅན་གྲང་བས་ཉེན་ནས་གང་བསད་པའི༔ མི་དེ་ངེས་པར་གྲང་དམྱལ་བརྒྱད་དུ་སྐྱེ༔ ཞེས་དང་༔ འཕགས་པ་དགའ་བ་ཅན་གྱི་མདོ་ལས༔ མི་དགེ་བ་ཉེས་དམིགས་རྒྱ་ཆེར་གསུངས་པའི་དོན༔ ཚིག་ཅུང་ཟད་བསྡུས་ཏེ་བཤད་ན༔ སྲོག་གཅོད་པ་ལ་ཉེས་དམིགས་བཅུ་སྟེ༔ ཚེ་འདི་ལ་འཁོན་སྐྱེད་པ་དང་༔ སྐྱེ་བ་གཞན་དུ་འཁོན་རྗེས་སུ་འབྲེལ་བ་དང་༔ སྐྱེ་བོ་མང་པོས་ཡིད་མི་བརྟན་པ་དང་༔ སྡིག་པའི་རྨི་ལམ་མཐོང་བ་དང་༔ བདག་ཀྱང་འཇིགས་པ་སྐྱེ་བ་དང་༔ སེམས་ཅན་རྣམས་ཀྱང་དེ་ལ་འཇིགས་པ་སྐྱེ་བ་དང་༔ བདེ་བར་ཉལ་ཡང་སྡུག་བསྔལ་བར་སད་པ་དང་༔ སྡིག་པ་རྣམ་པར་སེམས་པ་དང་༔ རྨོངས་པ་དང་བཅས་པར་འཆི་བའི་དུས་བྱེད་པ་དང་༔ ཤི་ནས་དམྱལ་བར་སྐྱེ་བ་དང་༔


CMR057_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

གལ་ཏེ་མིར་སྐྱེས་ན་ཡང་ཚེ་ཐུང་ཞིང་ནད་མང་བར་གསུངས་སོ༔ མ་བྱིན་པར་ལེན་པའི་ཉེས་དམིགས་བཅུ་སྟེ༔ འཁོན་ཆེན་པོར་འགྱུར་བ་དང་༔ བག་ཚ་བ་ཆེན་པོར་འགྱུར་བ་དང་༔ དུས་མ་ཡིན་པར་འགྲོ་བ་དང་༔ ཕྱི་འབྲད་ཀྱི་དུས་སུ་འགྲོ་བ་དང་༔ སྡིག་པའི་གྲོགས་པོས་ཟིན་པ་དང་༔ དགེ་བའི་བཤེས་གཉེན་གྱིས་སྤང་བོ་དང་༔ ཚུལ་ཁྲིམས་འཆལ་པ་དང་༔ རྒྱལ་པོས་གནོད་པ་དང་༔ ཆོམ་རྐུན་གྱིས་གནོད་པ་དང་༔ ཆད་པས་གཅོད་པས་གནོད་པ་དང་༔ ཤི་ནས་ངན་སོང་དུ་འགྲོ་བ་དང་༔ མིར་སྐྱེས་ཀྱང་དབུལ་པོར་འགྱུར་ཞིང་༔ དེའི་ལོངས་སྤྱོད་རྐང་ལག་དྲི་མ་ཆག་ཆག་སུ་སྒྲུབ་དགོས་ཤིང་༔ སྒྲུབ་པའི་ལོངས་སྤྱོད་དེ་ལ་གནོད་པ་ལྔ་འབྱུང་སྟེ༔ རྒྱལ་པོ་ཆོམ་རྐུན་དང་མེ་ཆུ་དང་སྦས་པ་དག་གིས་ཆུད་ཟ་བར་འགྱུར་བར་གསུངས་སོ༔ འདོད་ལོག་གི་ཉེས་དམིགས་བཅུ་གསུངས་ཏེ༔ འཁོན་འབྱུང་བ་དང་༔ མི་དགེ་བ་འཕེལ་བ་དང་༔ དགེ་བ་འགྲིབ་པ་དང་༔ བདག་ཉིད་མ་ཞི་བར་འགྱུར་བ་དང་༔ བུ་དང་ཆུང་མ་མ་བསྲུང་བར་འགྱུར་བ་དང་༔ ནོར་མ་སྦས་མ་བསྲུང་བར་འགྱུར་བ་དང་ཁྱིམ་མ་སྦས་མ་བསྲུང་བར་འགྱུར་བ་དང་༔


CMR057_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་མ་སྦས་མ་བསྲུང་བར་འགྱུར་བ་དང་༔ མཛའ་བཤེས་གཉེན་འདུན་ཡིད་མི་ཕེབ་པ་དང་༔ ཤི་ནས་ངན་སོང་དུ་འགྲོ་བ་དང་༔ མིར་སྐྱེས་ཀྱང་བུད་མེད་དུ་སྐྱེས་ནས་འགྲན་ཟླ་དང་བཅས་པའི་ཁྱོ་རྙེད་པར་འགྱུར་གསུངས་སོ༔ རྫུན་ལ་ཉེས་དམིགས་བཅུ་སྟེ༔ ཁ་ནས་རྣག་མནམ་པ་དང་༔ ལུས་ཀྱི་ལྷ་འཕང་པ་དང་༔ མི་མ་ཡིན་པས་གླགས་རྙེད་པ་དང་༔ བདེན་པར་སྨྲས་ཀྱང་ཚིག་ལ་མི་དད་པ་དང་༔ དགོས་པ་བྱུང་ཡང་དེ་ལ་དྲི་བར་མི་སེམས་པ་དང་༔ མི་སྙན་པ་རྒྱ་ཆེར་གྲགས་པ་དང་༔ ཕྱིར་ལྡང་བའི་འོས་མ་ཡིན་པ་དང་༔ སྡུག་བསྔལ་ཞིང་ཡིད་མི་བདེ་བ་དང་༔ ཤི་ནས་ངན་འགྲོར་འགྲོ་བ་དང་༔ མཐར་མིར་སྐྱེས་ཀྱང་མི་སྙན་པར་བརྗོད་པ་མང་བར་གསུངས་སོ༔ དེ་རྣམས་ནི་ཚེ་འདིར་ཡང་མི་ལེགས་ཤིང་ཕྱི་མ་རྣམ་སྨིན་མྱོང་ཚུལ་ཡིན་ལ༔ དབང་གི་འབྲས་བུ་ནི་སློབ་དཔོན་ཀླུ་སྒྲུབ་སོགས་ཀྱིས་གསུངས་པའི་དོན་བསྡུས་ཏེ་བཤད་ན༔ སྲོག་བཅད་པས་ཡུལ་བཀྲ་མི་ཤིས་ཤིང་གཟི་བརྗིད་ཆུང་བའི་སར་སྐྱེ༔ མ་བྱིན་པར་བླང་བས་ཡུལ་སད་སེར་མང་སར་སྐྱེ༔ ལོག་པར་གཡེམ་པས་ཡུལ་ས་རྔུལ་ཤས་ཆེ་སར་སྐྱེ༔ རྫུན་སྨྲས་པས་དྲི་


CMR057_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཞིམ་པར་སྐྱེ༔ ཕྲ་མས་ཡུལ་མཐོ་དམན་ཅན་དུ་སྐྱེ༔ ཚིག་རྩུབ་ཀྱིས་ཡུལ་ཚ་རྒོག་ཅན་དང་ས་སྐམ་སྡིག་ཤས་ཅན་དུ་སྐྱེ༔ ངག་འཁྱལ་གྱིས་དབྱར་དགུན་གོ་ལོག་སར་སྐྱེ༔ བརྣབ་སེམས་ཀྱིས་ཡུལ་འབྲུ་ངན་སར་སྐྱེ༔ གནོད་སེམས་ཀྱིས་ཟས་ཁ་ཞིང་རྩུབ་པའི་སར་སྐྱེ༔ ལོག་ལྟས་འབྲུ་མེད་པའི་སར་སྐྱེ་བར་གསུངས་སོ༔ དེ་ལྟར་མི་དགེ་བཅུ་པོ་རང་འགར་སྤྱད་ན་ཉེས་དམིགས་དེ་ལྟར་ཡོད་ཀྱི༔ བྱང་ཆུབ་ཀྱི་སེམས་བསྐྱེད་ཆེན་པོས་ཀུན་ནས་བསླང་སྟེ་སྤྱད་པའམ༔་གསང་སྔགས་ཀྱི་ཐབས་ཁྱད་པར་ཅན་གྱིས་ཟིན་ན་ཉེས་པ་མེད་ཅིང་ཕན་ཡོན་འབྱུང་བའི་སྐབས་ཀྱང་རེ་རེ་ཙམ་ཡོད་དེ༔ སྔོན་བཅོམ་ལྡན་འདས་ཚོང་དཔོན་དུ་གྱུར་པ་ན༔ མི་ལྔ་བརྒྱའི་སྲོག་ཐར་བའི་ཕྱིར་དུ་བདུད་མི་ནག་མདུང་ཐུང་ཅན་བསད་པས་ཚོགས་རྫོགས་པ་དང་༔ ཨོ་རྒྱན་རིན་པོ་ཆེ་སྐུ་ན་ཕྲ་མོའི་དུས་༔ བློན་པོའི་བུ་སྡིག་ཅན་ཞག་བདུན་ལས་ཚེ་མེད་ནས་མནར་མེད་དུ་འགྲོ་བ་བསད་སྟེ་རྣམ་ཤེས་དག་པའི་ཞིང་དུ་འཕང་བ་དང་༔ མྱ་ངན་འདས་མདོ་ལས༔ སྔོན་འཛམ་བུའི་གླིང་དུ་དགེ་སློང་ཆོས་སྨྲ་བ་གཅིག་ལས་མེད༔ དེ་འདས་ན་ཆོས་ནུབ་པར་འགྱུར་བ་ལ༔ རྒྱལ་པོ་སྡིག་ཅན་གཅིག་


CMR057_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ཆོས་སྨྲ་བའི་དགེ་སློང་དེ་བསད་པའི་ཕྱིར་དམག་འོང་བས༔ མི་དཔའ་བོ་སྟོབས་དང་ལྡན་པ་ཞིག་གིས་དགེ་སློང་བསྲུང་བའི་ཕྱིར་དམག་བཟློག་མི་མང་དུ་བསད་པས༔ དགེ་སློང་གི་སྲོག་ཤུགས་པའི་ཡོན་ཏན་གྱི་མི་དེ་སངས་རྒྱས་མི་གཡོ་བའི་ཞིང་དུ་སྐྱེས་ཏེ་བྱང་ཆུབ་སེམས་དཔར་གྱུར་པ་དང་༔ བཅོམ་ལྡན་འདས་ཁྱེའུ་ཀརྨ་ཞེས་བྱ་ས་པ་ན༔ རབ་ཏུ་བྱུང་བ་ཡིན་ཀྱང་བྱང་ཆུབ་ཀྱི་སེམས་ཀྱིས་ཀུན་ནས་སླང་སྟེ༔ ལོ་བཅུ་གཉིས་ཁྱིམ་ཐབས་མཛད་པས༔ དེས་བསོད་ནམས་རྒྱ་ཆེན་པོ་ཐོབ་པར་བཤད་པ་དང་༔ གསང་སྔགས་གསར་རྙིང་གི་རྒྱུད་སྡེ་ཐམས་ཅད་ནས༔ རྩ་རླུང་ལ་རང་དབང་ཐོབ་པའི་རྣལ་འབྱོར་པས༔ དྷ་ཀིའི་མཚན་རྟགས་དང་ལྡན་པའི་ཕྱག་རྒྱ་བསྟེན་ན་ཚེ་གཅིག་ལུས་གཅིག་ལ་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པར་གསུངས་ཏེ༔ ཧེ་རུ་ཀའི་རྒྱུད་རྣམས་ནས༔ ཕྱག་རྒྱ་བཟང་མོ་འདི་ཉིད་ནི༔ བསྟེན་བྱར་སངས་རྒྱས་རྣམས་ཀྱིས་གསུངས༔ བྲམ་ཟེ་རྒྱལ་རིགས་རྗེ་རིགས་དང་༔ དམངས་རིགས་མཐར་སྐྱེས་མཁའ་འགྲོ་ཀུན༔ བྷ་གར་པདྨར་ཙུམ་བྷ་ནའི༔ བདུད་རྩི་ལྔ་རྣམས་བསྒྲུབ་པར་བྱ༔ དེང་ནས་


CMR057_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

བརྩམས་ཏེ་བུ་ཁྱོད་ཀྱིས༔ བརྟུལ་ཞུགས་བཟང་པོས་འགྲོ་དོན་གྱིས༔ ཞེས་དང་༔ ཀྱེ་རྡོ་རྗེའི་རྒྱུད་སོགས་ནས་ཀྱང་༔ ཁྱོད་ཀྱི་སྲོག་ཆགས་བསད་པར་གྱིས༔ མ་བྱིན་པར་ཡང་བླང་བར་གྱིས༔ ཕ་རོལ་བུད་མེད་བསྟེན་པར་གྱིས༔ རྫུན་དུ་ཡང་ནི་སྨྲ་བར་བྱོས༔ ཡུལ་ཀུན་རྟག་ཏུ་བསྟེན་པ་དང་༔ བླ་ན་མེད་པའི་དམ་ཚིག་མཆོག༔ འདི་ནི་ནམ་ཡང་འདའ་མི་བྱ༔ ཞེས་དང་༔ ངན་སོང་སྦྱོང་རྒྱུད་ལས༔ གླན་པས་དཀོན་མཆོག་གསུམ་སོགས་དང་༔ སངས་རྒྱས་བསྟན་ལ་གནོད་བྱེད་དང་༔ བླ་མ་སྨོད་ལ་བརྩོན་པ་རྣམས༔ མཁས་པས་སྒྲིམ་སྟེ་བསད་པར་བྱ༔ ཆོས་མི་ལྡན་དང་སྡིག་སྤྱོད་དང་༔ རྟག་ཏུ་སེམས་ཅན་གནོད་བརྩོན་དང་༔ དམ་ཚིག་སྡང་རྣམས་སྙིང་བརྩེ་བས༔ སྔགས་མཁན་གྱིས་ནི་སྔགས་ཀྱིས་བསད༔ འཇུང་པ་རྣམས་ཀྱི་ནོར་བླངས་ལ༔ སེམས་ཅན་འཕང་ལ་སྦྱིན་པར་བྱ༔ བླ་མ་ལ་ནི་མཆོད་པ་དང་༔ དེ་ལྟར་དམ་ཚིག་སྒྲུབ་པ་དང་༔ དཀྱིལ་འཁོར་ཕྱིར་དང་དམ་ཚིག་ཅན༔ ཕན་ཕྱིར་རྒྱལ་བའི་སྲས་རྣམས་ལ༔ མཆོད་ཕྱིར་མི་ཡི་བདག་པོའམ༔ ཕྱུག་པོ་རྣམས་ཀྱི་ནོར་དབྲོག་གོ༔ སེམས་ཅན་རྣམས་ལ་ཕན་


CMR057_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པས༔ རྟག་ཏུ་དམ་ཚིག་བླ་མའི་ནོར༔ སྲོག་ཆགས་སྲོག་ནི་བསྲུང་བའི་ཕྱིར༔ རྫུན་དུ་ཡང་ནི་སྨྲ་བར་བྱ༔ སངས་རྒྱས་རྣམས་ནི་མཉེས་བྱས་དང་༔ དམ་ཚིག་རྣམས་ཀྱང་བསྲུང་བ་དང་༔ སྔགས་མཁན་གྱིས་ནི་སྒྲུབ་པའི་ཕྱིར༔ གཞན་གྱི་བུད་མེད་བསྟེན་པར་བྱ༔ རྡོ་རྗེ་སེམས་དཔའི་གནས་འདུག་ནས༔ ཐམས་ཅད་སྤྱོད་ཅིང་ཀུན་ཟོས་ཀྱང་༔ འགྲུབ་འགྱུར་ཉེས་པར་མི་འགྱུར་ན༔ སྙིང་རྗེར་ལྡན་པས་སྨོས་ཅི་དགོས༔ ཞེས་གསུངས་པ་དང་༔ དྲི་མེད་བཤགས་རྒྱུད་སོགས་ནས་དཔལ་ཕྱག་ན་རྡོ་རྗེས་རྒྱ་ཆེར་གསུངས་པའི་དོན༔ ཨོ་རྒྱན་རིན་པོ་ཆེས་བསྡུས་ཏེ་གསུངས་པའི་དོན་བསྡུས་ཏེ་བཤད་ན་སེམས་ཅན་གྱི་སྲོག་གཅོད་པ་སྤངས༔ ཞིང་བཅུ་ཚང་བའི་བསྟན་དགྲ་ནི་བསྒྲལ་བར་གསུངས་ཏེ༔ པདྨ་བཀའི་ཐང་ཡིག་ལས་ཀྱང་༔ མཐུ་གཏད་བུ་ལོན་བཞིན་དུ་བསྙགས་དུས་འབྱུང་༔ བསྟན་པ་སྲུངས་ཤིག་ཕྱི་རབས་སྔགས་པ་རྣམས༔ སྔགས་པའི་ལས་ཀ་འདི་མིན་གཞན་མ་ཡིན༔ དགྲ་མགོ་ཡན་པར་བཏང་ན་དམ་ཚིག་ཉམས༔ ལྷ་འདྲེ་མ་རུངས་ཡིད་ཀྱི་གཟུགས་ཅན་ལ༔ ཤ་ཡི་མི་ངན་ཐལ་བརླག་གཏད་བྱེད་ན༔


CMR057_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་བསྟན་པ་དཀར་འཇམ་རྒྱས་པར་འགྱུར༔ སྔགས་པ་མཐུ་མེད་གྲོང་སྟོང་ཁྱི་དང་འདྲ༔ སུས་བརྡུང་འདི་བརྡུང་མེད་དེ་རྫས་མི་ཐུབ༔ ལས་སུ་མཐུ་བསྒྲུབ་བྲན་དུ་ལྷ་འདྲེ་བཀོལ༔ ནོར་དུ་རྫ་ས་སོགས་མཚོན་དུ་ཀླུ་གཏད་རྒྱོབ༔ སྲིད་དུ་ལིངྒ་ཆོད་ལ་མནན་པ་གྱིས༔ ལྷོ་རུ་དགྲ་ཟོ་གོས་སུ་སྒྲུབ་ཁང་གྱོན༔ གྲོགས་སུ་མཁའ་འགྲོ་ཆོས་སྐྱོང་དམ་ཅན་བོས༔ མཐུ་དང་ཆོས་སུ་ལྡན་པས་འགྲོ་དོན་གྱིས༔ ཞེས་གསུངས་པས༔ སྲོག་བཅད་པ་ལ་ཉེས་པ་དཔག་ཏུ་མེད་དེ༔ བསྒྲལ་ཞིང་ཚང་བ་དྲག་སྔགས་སོགས་ཀྱིས་བསྒྲལ་བ་ལ་ཉེས་པ་མེད་དེ་ཚོགས་ཀྱང་རྫོགས༔ དེ་ཡང་ཞེ་སྡང་གིས་མ་ཡིན་ཏེ༔ ཁོའི་སྡིག་འཕྲོ་གཅོད་ནས་ངན་སོང་ནས་འདྲེན་པའི་ཕྱིར་ཡིན་ནོ༔ མི་ཚངས་སྤྱོད་ལ་ཡང་ཉེས་པ་ཆེ་སྟེ༔ ཁྱིམ་གྱི་ཉེས་པ་བསྟན་པའི་མདོ་ལས༔ ཕོ་མོས་འཁྲིག་པའི་འདོད་སྤྱོད་པའི༔ ཡུད་ཙམ་བདེ་ལ་ཆགས་པ་ནི༔ བསྐལ་པ་དུ་མར་སྦྱོར་བ་ཡི༔ འབར་བའི་ཁྲི་ལ་ཆགས་པའོ༔ ལྕགས་ཀྱི་ཁྲི་བསྲེགས་འབར་བ་ལ༔ ཚེ་འདིར་གཏན་དུ་སྤྱད་སླ་ཡི༔ ཕ་མས་བྱིན་པའི་ཆུང་མ་ལ༔ ཆགས་པའི་སེམས་ཀྱིས་ལྟ་བ་ཡང་༔ སྡིག་པ་ཡིན་པར་ངས་


CMR057_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་མ༔ འགྲོགས་ཤིང་བསྟེན་པ་སྨོས་ཅི་དགོས༔ དེ་ཡང་དེ་ཅིའི་ཕྱིར་ཞེ་ན༔ ཆུང་མ་མྱ་ངན་རྩ་བའོ༔ ཆུང་མ་སྡིག་པའི་རྩ་བའོ༔ ཆུང་མ་སྡུག་བསྔལ་རྩ་བའོ༔ ཆུང་མ་ཕུང་བའི་རྩ་བའོ༔ ཆུང་མ་གནོད་པའི་རྩ་བ་ཡིན༔ ཆུང་མ་འཆིང་བའི་རྩ་བ་ཡིན༔ ཆུང་མ་དགྲ་ཡི་རྩ་བའོ༔ ཆུང་མ་དམུས་ལོང་རྩ་བའོ༔ ཤེས་རབ་སྤྱན་མིག་འཛེར་བྱེད་པའི༔ གཞི་དང་རྩ་བ་ཆུང་མ་ཡིན༔ དཔེར་ན་ཏིལ་འབྲས་ས་ལུ་ཡི༔ ལོ་ཐོག་ཕུན་སུམ་ཚོགས་པ་ལ༔ རྡོ་ཡི་སེར་བ་བབ་གྱུར་ན༔ འབྲས་བུ་བླང་དུ་མེད་པ་ལྟར༔ སྐྱེས་བུ་དགེ་བའི་ལོ་ཐོག་ལ༔ བུད་མེད་སེར་བ་དེ་བཞིན་ནོ༔ དཔེར་ན་ཨུཏྤལ་མེ་ཏོག་ལ༔ གྲང་ལྷག་བ་མོ་བབ་གྱུར་ན༔ མདོག་ཉམ་གཉིད་པར་འགྱུར་བ་ལྟར༔ སྐྱེས་བུ་དགེ་བའི་མེ་ཏོག་ལ༔ བུད་མེད་གྲང་ལྷག་དེ་བཞིན་ནོ༔ དཔེར་ན་བཅོ་ལྔའི་ཟླ་ཤར་ལ༔ སྤྲིན་གྱིས་གཡོག་པར་གྱུར་པ་ན༔ འོད་སྟོང་འཇིག་རྟེན་མི་མཐོང་ལྟར༔ སྐྱེས་བུ་དགེ་བའི་ཟླ་བ་ལ༔ བུད་མེད་ལྷོ་སྤྲིན་དེ་བཞིན་ནོ༔ ཉེས་མཐའ་ཡས་པའི་བུད་མེད་ལ༔ བལྟས་ཤིང་གཏམ་ཡང་ལྟུང་འགྱུར་ན༔ འགྲོགས་ཤིང་བསྟེན་པ་སྨོས་ཅི་


CMR057_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

དགོས༔ ཞེས་སོགས་མཐའ་ཡས་པར་གསུངས་པ་ལ༔ དེ་བས་ཀྱང་སྡོམ་པ་ཞུས་པའི་རབ་བྱུང་ཉམས་ན་ཉེས་པ་བརྒྱ་སྟོང་འགྱུར་གྱི་ཆེ་སྟེ༔ ཚུལ་ཁྲིམས་ཡང་དག་པར་ལྡན་པའི་མདོ་ལས༔ སྲོག་དང་བྲལ་ཞིང་ཤི་བ་ནི་བླའི༔ ཚུལ་ཁྲིམས་རལ་ཞིང་ཞིག་པ་ནི་དེ་ལྟ་མ་ཡིན་ནོ༔ དེ་ཅིའི་ཕྱིར་ཞེ་ན་སྲོག་དང་བྲལ་བ་ནི་དེ་ཉིད་ཀྱི་སྐྱེ་བ་ཞིག་པར་ཟད་ཀྱི༔ ཚུལ་ཁྲིམས་ཞིག་པ་ནི་སྐྱེ་བ་འབུམ་ཕྲག་བརྒྱའི་བར་དུ་རིགས་དང་བྲལ་ཞིང་བདེ་བ་སྤངས་ཏེ་རྣམ་པར་ལྟུང་ཞིང་ཉམས་པར་འགྱུར་རོ༔ ཞེས་དང་འདུལ་བ་ནས་ཚུལ་ཁྲིམས་འཆལ་པའི་ཉེས་དམིགས་བཅུ་སོགས་གསུངས་སོ༔ དེ་རྣམས་ནི་སོ་སོ་སྐྱེ་བོ་ཉོན་མོངས་རང་གར་སྤྱོད་པའི་ཉེས་པ་ཡིན་གྱི༔ གསང་སྔགས་བླ་ན་མེད་པའི་རྣལ་འབྱོར་པ་བསྐྱེད་རྫོགས་ལ་དྲོད་ཐོབ༔ རྩ་རླུང་ལས་སུ་རུང་བས་བུད་མེད་མཁའ་འགྲོའི་མཚན་རྟགས་ཚང་བ་བརྒྱ་སྟོང་བསྟེན་ཀྱང་ཉེས་པ་མེད་ཅིང་ཕན་ཡོན་རྒྱ་ཆེ་ལ༔ བུད་མེད་དེ་ཡང་ཡེ་ཤེས་ཌཱཀིའི་གྲལ་སྐྱེ༔ རྣལ་འབྱོར་པ་དེ་ཡང་ཚེ་གཅིག་ལ་སངས་རྒྱས༔ རིགས་རྒྱུད་བཞག་མི་བཞག་གི་རང་དབང་ཡོད་པས༔ རིགས་རྒྱུད་བཞག་ན་ཡང་སངས་རྒྱས་བྱང་སེམས་ཀྱི་སྤྲུལ་པ་འགྲོ་


CMR057_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ནུས་པ་ཁོ་ན་རིམ་པར་འབྱུང་བ་སྟེ༔ སྔོན་གྱི་གཏེར་སྟོན་རྣམས་དང་ས་འབྲིའི་གདུང་རྒྱུད་ལྟ་བུའོ༔ དོན་དེ་ལ་དགོངས་ནས༔ པདྨ་འཁྱིལ་པའི་རྒྱུད་འདི་དང་ཐབས་ལྡན་སྐྱེས་བུ་ཡི༔ རིགས་ལྡན་བུད་མེད་བརྒྱ་བསྟེན་ནམ༔ སོ་ལྔའི་བར་དུ་སུས་བསྟེན་པ༔ པདྨ་ཅན་དུ་ཐེ་ཚོམ་མེད༔ ཅིག་ཆོད་བདེ་བ་ཆེན་པོ་འགྲུབ༔ ཅེས་དང་༔ ཨུ་རྒྱན་རིན་པོ་ཆེས༔ དགའ་བཞིའི་ཉམས་བསྐྱང་སྟེ་ཟུང་འཇུག་གི་ངང་དུ་རོལ་བས༔ ལམ་ལྔ་ས་བཅུ་རྟགས་བརྒྱད་ཕན་ཡོན་བཅུ་གྲུབ་ཆེན་བརྒྱད་ལ་སོགས་པ་གསང་སྔགས་རྡོ་རྗེ་ཐེག་པའི་ཡོན་ཏན་དང་འབྲས་བུ་ཐམས་ཅད་འདི་ལ་འབྱུང་སྟེ༔ ཚེ་གཅིག་གིས་རྡོ་རྗེ་འཛིན་པའི་ས་ཐོབ་པར་འགྱུར་རོ༔ ཞེས་གསུངས་སོ༔ དེ་ནི་རྩ་རླུང་ལ་རྟགས་ཐོན་པའམ༔ ས་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་ཡུལ་ཡིན་གྱི༔ གཞན་སུ་ཡིན་གྱི་དེ་རྣམས་ཀྱི་སྟངས་བྱས་ན་སེང་གེའི་རྗེས་སུ་ཝ་མཆོང་བའི་དཔེ་ལྟར༔ ཚུལ་ཁྲིམས་འཆལ་ནས་ངན་སོང་དུ་ངེས་པར་འགྲོ་བས་དེའི་ས་མཚམས་ཟིན་པ་དང་༔ གང་ཟག་མཐོ་དམན་གྱི་ཁྱད་པར་གོ་བ་གལ་ཆེའོ༔ ཆང་གི་ཉེས་པ་ཡང་༔ ལས་


CMR057_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་ཉེས་བསྟན་པའི་མདོ་ལས༔ ཚེ་འདི་ལ་ཆང་འཐུང་ནས་མྱོས་པར་བྱས་པ་གང་ཡིན་པ་དེ་ནི་ཤི་འཕོས་ནས་ལྕགས་ཁུ་འཐུང་བའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་རོ༔ ཞེས་དང་༔ མདོ་དྲན་པ་ཉེར་བཞག་ལས༔ ཆང་འཐུང་པ་ཡི་བསླུས་པ་དག༔ དེ་ནི་བྱེད་པ་དམན་པ་ཡིན༔ མི་བཟད་སེམས་ཅན་དམྱལ་བར་ལྟུང་༔ དོན་མེད་ཅི་ཞིག་ཡོངས་སུ་གདུང་༔ འཐུང་བའི་ཚེ་ན་ཆང་ཞིམ་སྟེ༔ རྣམ་པར་སྨིན་པ་ཤིན་ཏུ་མཾ༔ སྡིག་པའི་ཆོས་རྣམས་བྱེད་པ་ལ༔ སེམས་ཡང་བ་དག་དགའ་བར་བྱེད༔ ཕྱི་ནས་རྣམ་སྨིན་ཚ་བ་རུ༔ བློ་ངན་ཡོངས་སུ་གདུང་བར་འགྱུར༔ ཞེས་དང་༔ འཕགས་པ་དགའ་བ་ཅན་གྱི་མདོ་ལས༔ ཤི་ནས་དམྱལ་བར་ལྟུང་བ་དང་༔ གལ་ཏེ་མིར་སྐྱེས་ན་ཡང་སྨོན་པར་འགྱུར་བ་ལ་སོགས་པ་ཆང་ལ་ཉེས་དམིགས་སུམ་ཅུ་རྩ་ལྔ་བཤད་དོ༔ ཁྱད་པར་རབ་ཏུ་བྱུང་བས་ཆང་འཐུང་ན་ཉེས་པ་བརྒྱ་སྟོང་འགྱུར་གྱི་ཆེ་བར་གསུངས༔ སྔགས་པ་ཡིན་ཀྱང་བྱིན་རླབས་མ་བྱས་པར་ཆང་འཐུང་ན་ཉེས་པ་ཤིན་ཏུ་ཆེ་བར་བདེ་མཆོག་སྡོམ་འབྱུང་ནས་རྒྱ་ཆེར་གསུངས་སོ༔ འོ་ན་ཚོགས་ཆང་ཡང་འཐུང་མི་རུང་ངམ་སྙམ་ན༔ ཚོགས་ཆང་ཡང་བག་


CMR057_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

མེད་མང་པོ་ནི་འཐུང་མི་རུང་སྟེ༔ ཌ་བྷི་པ་དང་པདྨ་བཛྲ་སོགས་ཀྱིས་མཛད་པའི་ཚོགས་ཀྱིས་རྒྱ་གཞུང་ལས༔ བཏུང་བ་མང་པོ་སྤྱད་མི་བྱ༔ རྣལ་འབྱོར་།ཉམས་པས་དངོས་གྲུབ་མེད༔ བདུད་ཀྱི་ལས་ནི་བཟློག་པར་དཀའ༔ ཞེས་གསུངས་པས༔ ཚོགས་ཆང་ཡང་བྷནྡྷ་གང་བས་མང་མི་རུང་༔ སྔགས་པ་ཡིན་ཡང་བདུད་རྩི་ལག་མཆོད་དམ༔ བདུད་རྩི་བྱིན་རླབས་ནང་གི་མཆོད་པའི་བསྐྱེད་རིམ་དང་མི་ལྡན་པར་འཐུང་མི་རུང་༔་འཐུང་ན་གོང་དུ་བཤད་པའི་ཉེས་པ་འབྱུང་ངོ་༔ ཡང་དགེ་ཚུལ་སློང་དང་སྐྱེ་བོ་གདན་གཅིག་བསྲུང་བས་ཀྱང་༔ ཚོགས་ཤ་ཆང་ལ་རྣམ་རྟོག་མེད་པར་ཟོས་ན་ཉེས་པ་མེད་ཅིང་གདན་གཅིག་ལ་ཡང་མི་གནོད་པར་རྒྱལ་པོ་སྲོང་བཙན་སྒམ་པོས་གསུངས༔ གལ་ཏེ་རྣམ་རྟོག་བྱས་ནས་མ་ཟོས་ན་ཉེས་པ་ཆེ་སྟེ༔ ཌ་བྷི་ཧེ་རུ་ཀས༔ རྟོག་པ་དང་འཛེམ་བག་ཟོས་ན་དམྱལ་བ་ཆུ་བུར་ཅན་དུ་སྐྱེ་བར་འགྱུར་རོ༔ ཞེས་གསུངས་སོ༔ བཟང་པོ་སྦྱིན་པས༔ གུས་པར་བྱས་ཏེ་བླང་བར་བྱ༔ མ་དད་པས་ནི་བླང་མི་བྱ༔ བདུད་རྩི་བཞིན་དུ་བཏུང་བར་བྱ༔ ཞེས་གསུངས་སོ༔ ཡང་རྣལ་འབྱོར་པས་ཆང་བདུད་རྩི་དངོས་སུ་


CMR057_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྱུར་ཐུབ་པ་ནི༔ ཆང་ཅི་ལྟར་བག་མེད་འཐུང་ཡང་ཉེས་པ་མེད་ཅིང་ལུས་ལྷའི་དཀྱིལ་འཁོར་མཆོད་པའི་བསོད་ནམས་ཐོབ་སྟེ༔ གྲུབ་ཆེན་བིར་ཝ་པས་ཡུལ་ཁམས་བཅོ་བརྒྱད་ཀྱི་ཆང་ཞག་བདུན་ལ་རྫོགས་པར་གསོལ༔ ཆང་རིན་མ་རྙེད་ནས་ཉི་མ་ཟླ་བ་གཅིག་རྟོད་ནས་བཞག་པ་ལྟ་བུ་སྟེ༔ དེ་ཡང་གང་ཟག་མཐོ་དམན་གྱི་ཁྱད་ཡིན་པས༔ གྲུབ་ཐོབ་རྣལ་འབྱོར་ཚད་ལྡན་གྱི་ཆང་གསོལ་བའི་སྤྱན་ལྟོས་བྱེད་ནས་ལས་དང་པོ་པའི་གང་ཟག་གིས་ཆང་འཐུང་ན༔ མི་གཞོན་གཅིག་གི་ཟ་རྒྱུ་དེ་བྱིས་པ་སྐྱེས་མ་ཕྲལ་གཅིག་གི་ཁ་ན་བརྫངས་བ་ལྟར་སྐྱོན་ཆེའོ༔ ཤའི་ཉེས་པ་ཡང་ལང་ཀར་གཤེགས་པ་ལས༔ ཁེ་ཡི་ཕྱིར་ནི་སེམས་ཅན་གསོད༔ ཤ་ཡི་ཕྱིར་ནི་ནོར་སྦྱིན་བྱེད༔ དེ་དག་གཉིས་ཀ་སྡིག་ལས་ཅན༔ ངུ་འབོད་བྱེད་ལ་སོགས་པར་བཙི༔ གང་གི་ཐུབ་པའི་ཚིག་འདས་ཏེ༔ བསམ་པ་ངན་པས་ཤ་ཟ་བ༔ འཇིག་རྟེན་གཉིས་ནི་གཞིག་པའི་ཕྱིར༔ ཤཱཀྱའི་བསྟན་ལ་བརྟུལ་ཞུགས་ཉམས༔ ཤིན་ཏུ་མི་བཟད་དམྱལ་བར་ཡང་༔ སྡིག་པའི་ལས་ཅན་དེ་དག་འདོང་༔ མ་རུངས་ངུ་འབོད་ལ་སོགས་སུ༔ ཤ་ཟ་དེ་དག་བཙོ་བར་འགྱུར་༔ རྣམ་གསུམ་དག་པའི་


CMR057_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

ཤ་རྣམས་ནི༔ མ་རྟགས་པ་དང་མ་བསླང་དང་༔ མ་བསྐུལ་པར་ཡང་ཡོང་མེད་པས༔ དེ་བས་ཤ་ནི་མི་ཟའོ༔ རྣལ་འབྱོར་ཅན་གྱི་ཤ་མི་བཟའ༔ སངས་རྒྱས་དག་གིས་བཤད༔ སེམས་ཅན་གཅིག་ལ་གཅིག་ཟ་བ༔ ཤ་ཟན་དག་གི་རིགས་སུ་སྐྱེ༔ དྲི་མི་ཞིམ་ཞིང་སྨད་པ་དང་༔ སྨྱོན་པ་རྣམས་སུ་སྐྱེ་བར་འགྱུར༔ གདོལ་པ་སྨེ་ཤ་ཅན་རིགས་དང་༔ བཙོ་བརླག་མཁན་དུ་ཡང་ཡང་སྐྱེ༔ མཁའ་འགྲོའི་རིགས་ཀྱི་སྐྱེ་གནས་དང་༔ ཤ་ཟའི་རིགས་སུ་སྐྱེ་བར་འགྱུར༔ མི་ཡི་ཐ་མ་དེ་དག་ནི༔ དོམ་དང་བྱི་ལའི་མངལ་དུ་སྐྱེ༔ ཞེས་གསུངས་པས་ཤ་བག་མེད་དུ་ཟ་བ་ཉེས་པ་ཆེ༔ དེ་བས་ཀྱང་བསྔོས་ཤ་དང་ཉིན་ཤ་ནི་སྡིག་ཤིན་ཏུ་ཆེའོ༔ ཡང་ཤ་ནི་སྙིང་རྗེ་ཅན་གྱི་ཟ༔ ཞེས་པ་ནི་མདོ་དེ་ཉིད་ལས༔ ཟས་ལ་སྨན་དང་འདྲ་བ་དང་༔ བུ་ཡི་ཤ་དང་མཚུངས་པར་ཡང་༔ རན་པ་དང་ནི་མི་འཕྲོད་པར༔ རྣལ་འབྱོར་ཅན་གྱིས་ཟས་ལ་སྤྱོད༔ ཅེས་གསུངས་པས༔ བསྔོས་ཤ་སོགས་མ་ཡིན་པ་ནད་ལ་ཕན་ན་སྨན་གྱི་འདུ་ཤེས་ཀྱི་ཟོས་པ་ཉེས་པ་མེད་ལ༔ བསྔོས་ཤ་མ་ཡིན་པ་རྣམ་གསུམ་དག་པའི་ཤ་དེ༔ སེམས་ཅན་དེ་ལ་


CMR057_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་རྗེ་བསྐྱེད་ལ༔ ཤ་དང་རུས་པ་ལ་ཀཾ་ཀ་ནི་སོགས་གཟུངས་སྔགས་བཏབ་ནས་ཟོས་ཤིང་བསྔོ་བས་རྒྱས་བཏབ་ན༔ སེམས་ཅན་དེ་ལ་ཕན་པ་ཆེ་བས་ཉེས་པ་མེད༔ ཚོགས་ཤ་ནི་མ་ཟོས་ན་དམ་ཚིག་ལ་འགལ་བས་བཟའ་དགོས་ཏེ༔ དེ་ཡང་ཚོགས་ཤ་ལ་བསྔོས་ནས་བསད་ན་ནི་མི་རུང་ངོ་༔ དེ་མ་ཡིན་པའི་ཚོགས་ཤ་མ་ཟོས་ན༔ དམ་ཚིག་ལ་ནི་ཅི་བཞིན་ཉིད༔ མི་བསྟེན་པ་ནི་བཅུ་གསུམ་པ༔ ཞེས་རྩ་ལྟུང་འཕོག་ལ༔ ཌ་བྷི་པས༔ རྟོག་པ་དང་འཛེམ་བག་ཟོས་ན་དམྱལ་བ་ཆུ་བུར་ཅན་དུ་སྐྱེ་བར་འགྱུར་རོ༔ དེ་བས་ན་དགེ་སློང་ལ་སོགས་པ་རྟོག་པ་དང་ལྡན་པ་དག་ཀྱང་༔ འདིར་རྟོག་པར་མི་བྱའོ༔ ཞེས་གསུངས་སོ༔ དེས་ན་རབ་ཀྱི་ཤ་ཚོགས་ཤ་མ་གཏོགས་སྤང་༔ འབྲིང་ཡང་བསྔོས་ཤ་ཉིན་ཤ་སྤངས༔ ཐ་མ་ལ་ཡང་ཤ་ལ་གཟུངས་སྔགས་འདེབས་པ་གལ་ཆེའོ༔ དེ་གང་ཡང་མ་ཡིན་པར་ཟ་ན་གོང་དུ་བསྟན་པའི་ཉེས་པ་དེ་དག་འབྱུང་ངེས་སོ༔ རྫུན་སྨྲ་བའི་ནང་ནས་མི་ཆོས་བླ་མའི་རྫུན་ཞེས་པ༔ རང་ལ་གཞན་གྱི་དད་ཅིང་བཀུར་སྟི་འདོད་པའི་ཕྱིར༔ གྲུབ་པ་མ་ཐོབ་ཀྱང་ཐོབ་ཟེར་བ༔ སྐྱེ་བ་དྲན་པ་མེད་ཀྱང་ཡོད་པར་སྨྲ་བ༔ ཡི་དམ་


CMR057_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ལྷ་དང་ལྷ་འདྲེ་མ་མཐོང་ཡང་མཐོང་ཟེར་བ་སོགས་ནི་སྡོམ་པ་འཆོར་བས་ཉེས་པ་ཆེ་སྟེ༔ ངེད་རང་སེར་མོ་རྣམས་འདི་ལ་འཛེམ་བག་ཆེན་པོ་གལ་ཆེ༔ དོན་མེད་པར་ཚིག་བཟང་ངན་གཅིག་གིས་དམ་ཉམས་སྡོམ་མེད་ཅིག་འོང་ཉེན་གདའ༔ རང་གི་དངོས་སམ་ཉམས་རྨི་ལམ་སོགས་ལ་གང་མཐོང་དེ་དྲང་པོར་བཤད་པ་ལ་ཉེས་པ་མེད་དོ༔ ཡང་སེམས་ཅན་གསོད་ཕྱིར་ཚོལ་དུ་བྱུང་ན༔ ཨེ་མཐོང་ཞེས་དྲི་ན་མཐོང་ན་ཡང་མ་མཐོང་ཟེར་བ་ལྟ་བུ་ཕན་པའི་རྫུན་ལ་ཉེས་པ་མེད་པར་མདོ་རྒྱུད་མཐུན་པར་གསུངས་སོ༔ མ་བྱིན་ལེན་ཉེས་པ་ཆེ་སྟེ༔ རིག་མ་མཚན་ལྡན་དང་༔ བྷནྡྷ་མཚན་ལྡན་དང་༔ ཡི་དམ་ཆོས་སྐྱོང་སྒྲུབ་པའི་རྫས་སོགས་མ་བྱིན་པར་བླང་བ་ལ་ཉེས་པ་མེད་པར་ཨོ་རྒྱན་ཆེན་པོས་གསུངས་སོ༔ ཕྲ་མའི་ནང་ནས་དགེ་འདུན་གྱི་དབྱེན་ཉེས་པ་ཆེ༔ ཞིང་བཅུ་ལྷ་དང་དབྱེ་བའི་དྲག་སྔགས་ལ་ཉེས་པ་མེད༔ ཚིག་རྩུབ་ལ་ཕ་མ་སློབ་དཔོན་ལ་རྩུབ་པ་ཉེས་པ་ཆེ་སྟེ༔ ཞིང་བཅུ་བསྒྲལ་བའི་དམོད་བཅོལ་བཞེས་འབོད་སོགས་ལ་ཉེས་པ་མེད༔ གནོད་པའི་ངག་འཁྱལ་ཉེས་པ་ཆེ༔ བདེན་པའི་ངག་འཁྱལ་བསྟོད་འོས་ལ་སྙན་ངག་བསྟོད་པ་ལ་


CMR057_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

ཉེས་པ་མེད༔ བརྣབ་སེམས་ལ་ཉེས་པ་ཆེ་སྟེ་བསྐྱེད་རིམ་བརྟན་པོས་སྣང་སྲིད་དབང་སྡུད་ཀྱི་དམིགས་རིམ་ཉེས་པ་མེད༔ གནོད་སེམས་ཉེས་པ་ཆེ་སྟེ༔ ཞིང་བཅུ་དང་མ་རུངས་པའི་བགེགས་ལ་བསད་མནན་དམིགས་རིམ་ཉེས་པ་མེད་པར་གསུངས་སོ༔ ལོག་ལྟ་ནི་རྣམ་པ་ཀུན་ཏུ་ཉེས་པ་ཆེ་ལ༔ ཁྱད་པར་སྐུར་འདེབས་ཉེས་པ་ཆེ་སྟེ༔ ཐར་པ་ཆེན་པོའི་གང་ཞིག་དགེ་བ་བྱེད་པ་ལ༔ ཕྲག་དོག་དབང་གིས་སྐུར་འདེབས་ན༔ མཚམས་མེད་བས་ཀྱང་དམྱལ་བར་འགྲོ༔ ཞེས་དང་༔ རྣམ་པར་ངེས་པ་ཆོ་འཕྲུལ་གྱི་མདོ་ལས༔ བསྐལ་པ་དག་ནི་དུ་མར་ཡང་༔ ལུས་ནི་དཔག་ཚད་ལྔ་བརྒྱར་འགྱུར༔ དེ་ལ་མགོ་ཡང་ལྔ་བརྒྱ་སྟེ༔ མགོ་རྣམས་རེ་རེ་དག་ལ་ཡང་༔ ལྔ་བརྒྱའི་ལྕེ་ལས་མི་ཉུང་འགྱུར༔ ལྕེ་གཅིག་ཉིད་ལ་ཐོང་བཤོལ་ནི༔ ལྔ་བརྒྱ་ཚང་སྟེ་མི་ཉུང་བ༔ རབ་ཏུ་འབར་བས་རྨོ་བར་བྱེད༔ སྐུར་འདེབས་སྡིག་པའི་ལས་ཀྱིས་སོ༔ ཞེས་གསུངས་སོ༔ ཁྱད་པར་བྱང་ཆུབ་སེམས་དཔའ་ལ༔ གནོད་པ་བྱེད་པ་དང་༔ ཁྲོ་བ་དང་གཤེ་བར་བྱེད་ན་ཉེས་པ་ཚབས་ཆེ་སྟེ༔ རབ་ཏུ་ཞི་བར་ངེས་པའི་ཆོ་འཕྲུལ་གྱི་མདོ་ལས་གསུངས་པའི་དོན་


CMR057_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས༔ འཛམ་གླིང་གི་སེམས་ཅན་ཐམས་ཅད་ཀྱི་སྲོག་བཅད་ནོར་འཕྲོག་པ་བས༔ བྱང་ཆུབ་སེམས་དཔས་ཟན་ཆང་གང་སྦྱིན་པ་བྱེད་པ་ལ་བར་ཆད་བྱས་ན་སྡིག་ཆེ༔ བྱང་ཆུབ་སེམས་དཔའ་ལ་ཕྲག་དོག་བྱས་ན༔ དམྱལ་བ་དང་དམུས་ལོང་དང་མཐའ་ཁོབ་ཏུ་སྐྱེ་བར་གསུངས་ཤིང་༔ མི་གང་དེ་ལ་དགའ་བར་མི་བྱེད་ཅིང་༔ བདེན་པ་དང་བདེན་པ་མིན་དང་བསྔགས་པ་མིན་སྨྲ་དང་༔ མི་གང་ཁྲོས་ནས་མི་སྙན་སྨྲ་བའམ༔ ཡང་ན་དེ་ལ་འཁྲུག་པ་བྱེད་པ་དག༔ སེམས་ཅན་དམྱལ་བར་སྐྱེ་འགྱུར་ཏེ༔ ལུས་ནི་ནི་བྱེ་བ་ཡིས༔ མི་འགྱུར་རོ༔ ཡོངས་སུ་བསྐོར་ནས་ཟ་བར་འགྱུར༔ བསྐལ་པ་དག་ནི་དུ་མར་ཡང་༔ ལུས་ནི་དཔག་ཚད་ལྔ་བརྒྱར་འགྱུར༔ དེ་ལ་མགོ་ཡང་ལྔ་བརྒྱ་སྟེ༔ དེ་ལས་ཉུང་བར་མགོ་རྣམས་རེ་རེ་དག་ལ་ཡང་༔ ལྔ་བརྒྱའི་ལྕེ་ལས་མི་ཉུང་སྟེ༔ ལྕེ་གཅིག་ལ་ཡང་ཐོང་བཤོལ་ནི༔ ལྔ་བརྒྱ་ཚང་སྟེ་མི་ཉུང་བ༔ འབར་བས་དེ་ལ་རྨོ་བྱེད་དེ༔


CMR057_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

སྐུར་འདེབས་སྡིག་པའི་ལས་ཀྱིས་སོ༔ ཞེས་གསུངས་པས་ཞིང་དག་པ་རྣམས་ལ་སྐུར་པ་མི་འདེབས་པ་གལ་ཆེའོ༔ ཁྱད་པར་སྒོམ་བྱེད་པ་ལ་སྐུར་པ་འདེབས་ན་སྡིག་པ་ཚད་མེད་དེ༔ ཐར་པ་ཆེན་པོའི་མདོ་ལས༔ གང་ཞིག་བསྒོམ་ལ་སྐུར་བ་དང་༔ དགེ་འདུན་དཀྲུགས་པར་བྱེད་པ་ནི༔ སྟོང་ཁམས་གསུམ་པོ་གང་བ་ཡི༔ མི་རྣམས་ཀྱིས་ནི་སྲོག་བཅད་དང་༔ སྲོག་ཆགས་ཐམས་ཅད་བསད་དང་འདྲ༔ དེ་ཡི་སྡིག་པའང་དེ་བཞིན་ནོ༔ ཞེས་གསུངས་སོ༔ མཚམས་མེད་ལྔ་ནི་ཕ་དང་མ་དང་དགྲ་བཅོམ་པ་དང་རྡོ་རྗེ་སློབ་དཔོན་བསད་པ་དང་༔ རྒྱལ་བའི་སྐུ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་སྟེ༔ ཚེ་འཕོས་མ་ཐག་བར་དོ་ཡང་བགྲོད་ལོང་མེད་པར་དམྱལ་བ་མནར་མེད་པར་སྐྱེ་གསུངས་པའོ༔ སྡིག་པ་ཆུང་ངུ་རེས་ཀྱང་སྡུག་བསྔལ་ཆེན་པོ་བསྐྱེད་དེ༔ སྔོན་དགེ་སློང་ཞིག་གིས་དགེ་སློང་རྣམས་ལ་གདོལ་པ་སྨྲས་པས་སྐྱེ་བ་ལྔ་བརྒྱར་གདོལ་པའི་རིགས་སུ་སྐྱེས་པ་དང་༔ དགེ་སློང་ཞིག་ལ་སྤེལ་འདྲ་སྨྲས་པས་སྤེལ་གྱི་སྐྱེ་བ་ལྔ་བརྒྱ་བླང་བ་དང་༔ དགྲ་བཅོམ་པ་སྐད་ངན་པ་ཞིག་ལ་ཁྱི་ཟུག་པ་འདྲའོ་སྨྲས་པས༔ སླར་བཤགས་པ་དུམ་པ་བྱས་པས༔ ཁྱིའི་སྐྱེ་བ་ལྔ་བརྒྱ་


CMR057_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

བླང་༔ བཤགས་པའི་ནུས་པས་དམྱལ་བར་མ་སོང་སྟེ་ཕྱིས་ཐུབ་པ་དང་མཇལ་ནས་དགྲ་བཅོམ་ཐོབ་པར་གསུངས་པ་དང་༔ མི་ཞིག་ཁྱིམ་དང་བུ་སྨད་ལ་འཆི་ཀ་ཆགས་སེམས་སྐྱེས་པས་ཁྱིམ་དེའི་གླང་གི་སྦལ་པའི་འབུ་ལ་ཡང་ཡང་སྐྱེས་པ་བྱ་རོག་གིས་ཟོས་ཡང་ཡང་དུ་དེ་ལྟར་སྐྱེས་པ་དང་༔ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་ཀྱང་སངས་རྒྱས་ཀྱི་བསྟན་པ་ཉི་མ་ཤར་བ་ལྟར་མཛད་ཅིང་འཇམ་དབྱངས་ཀྱི་སྤྲུལ་པ་ཡིན་ཀྱང་༔ སྐབས་ཤིག་བློན་པོས་དབྱེན་བྱས་ནས་ཨོ་རྒྱན་དང་ནམ་མཁའི་སྙིང་པོ་སོགས་ལ་དད་ལོག་བྱས་པས་སྐྱེ་བ་བཅོ་ལྔར་ཚེ་ཐུང་བ་དང་ནད་མང་བ་དང་དུག་དང་མཚོན་ཁར་འཆི་བ་བྱུང་བ་དང་༔ ལྷ་ལྕམ་པདྨ་གསལ་ཨོ་རྒྱན་དང་མཇལ་ཞིང་ཆོས་ཐོབ་ཀྱང་༔ ཚེ་སྔོན་ཚུལ་ཁྲིམས་འཆལ་ཞིང་ཁྱི་ཞིག་བསད་པའི་ལས་ཀྱི་ལྷག་མས༔ སྐྱེ་བ་མང་ཞིག་ལུས་ངན་བླངས༔ ཕྱིས་ལས་འབྲས་རྩལ་དང་རིན་ཆེན་གླིང་པ་དང་པདྨ་གླིང་པར་གྱུར་ཀྱང་༔ གཤེ་སྐུར་བྱེད་པ་དང་།དགྲ་སྡང་བ་བྱུང་འདུག་པས༔ མི་དགེ་བ་ཆུང་ངུ་ལ་ཡང་འཛེམ༔ བྱུང་ཤོར་བ་ལ་ཡང་བཤགས་སྡོམ་ཡིད་ཆེས་པ་བྱེད་པ་གལ་ཆེའོ༔ དེ་ལྟར་ལས་དགེ་སྡིག་གཉིས་ཀྱི་རྒྱུ་འབྲས་


CMR057_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་ནས༔ མི་གཡོ་བའི་ལས་རྒྱུ་འབྲས་ནི༔ རྒྱུ་སྙོམས་འཇུག་གི་བསམ་གཏན་བསྒོམས་པས༔ འབྲས་བུ་སྐྱེ་བའི་བསམ་གཏན་ཐོབ་སྟེ༔ རིན་ཆེན་ཕྲེང་བ་ལས༔ བསམ་གཏན་ཚད་མེད་གཟུགས་མེད་ནི༔ ཚངས་སོགས་བདེ་བ་མྱོང་བར་བྱེད༔ ཅེས་གསུངས་ཏེ༔ ལྷག་མཐོང་སྟོང་པ་ཉིད་ཀྱི་ངོ་བོ་མ་མཐོང་བར༔ ཞི་གནས་རྐྱང་པ་བསྒོམས་པས༔ ངན་སོང་དང་འདོད་ཁམས་ཀྱི་སྡུག་བསྔལ་མེད་ཀྱང་༔ གཟུགས་ཁམས་དང་གཟུགས་མེད་ཁམས་ཀྱི་ལྷ་ཚེ་རིང་པོར་སྐྱེ་སྟེ༔ འདི་ནི་གེགས་སེལ་སྐབས་སུ་བཤད་ཀྱི༔ འདིར་བཤད་ཀྱང་ཕན་པ་ཆེར་མེད་པས་བསྡུས་སོ༔ ཆོས་ཐུན་དྲུག་པའོ༔ ༈ དེ་ནས་འཁོར་བའི་ཉེས་དམིགས་བཤད་པ་ལ་དབྱེ་ན༔ འདུ་བྱེད་ཀྱི་སྡུག་བསྔལ་དང་༔ སྡུག་བསྔལ་གྱི་སྡུག་བསྔལ་དང་༔ འགྱུར་བའི་སྡུག་བསྔལ་གསུམ་མོ༔ འདུ་བྱེད་ཀྱི་སྡུག་བསྔལ་ནི་ཕུང་པོ་འདི་བླངས་བ་ཙམ་ནས་སྡུག་བསྔལ་དང་ལྡན་ཏེ་སོ་སོ་སྐྱེ་བོ་རྣམས་ཀྱིས་སྡུག་བསྔལ་དེ་ངོ་མི་ཤེས༔ འཕགས་པ་རྣམས་ཀྱིས་དེ་དགོངས་ཏེ༔ དཔེར་ན་ལག་མཐིལ་དུ་སྤུ་ཉག་གཅིག་ཡོད་ན་དེ་རྩུབ་པར་མི་མཐོང་༔


CMR057_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

མིག་ཏུ་སོང་ན་མཐོང་བ་དང་འདྲ་བས༔ བྱང་ཆུབ་སེམས་དཔའ་ཐུགས་རྗེ་ཆེན་པོ་དང་ལྡན་པ་མ་གཏོགས༔ སྐྱེ་བ་མི་ལེན་ཞི་བའི་དབྱིངས་སུ་གཤེགས༔ འཇིག་རྟེན་དུ་ཡུན་རིང་མི་བཞུགས་པ་ཡང་སྡུག་བསྔལ་དེ་གཟིགས་པ་ཡིན་ཏེ༔ མཛོད་ཊིཀ་ལས༔ ལག་མཐིལ་སྤུ་ཉག་གཅིག་འདུག་པ༔ དེ་ནི་མིག་ཏུ་སོང་བ་ན༔ མི་བདེ་བ་དང་སྡུག་བསྔལ་བསྐྱེད༔ བྱིས་པ་ལག་མཐིལ་འདྲ་བ་ཡིས༔ འདུ་བྱེད་སྡུག་བསྔལ་སྤུ་མི་མཐོང་༔ འཕགས་པ་སྤྱན་དང་འདྲ་བ་ཡིས༔ འདུ་བྱེད་ལ་ནི་སྡུག་བསྔལ་གཟིགས༔ ཞེས་གསུངས་སོ༔ སྡུག་བསྔལ་གྱི་སྡུག་བསྔལ་ལ་གསུམ་ལས༔ དང་པོ་ཡི་དྭགས་ཀྱི་སྡུག་བསྔལ་བཤད་པ་ནི༔ རྡོ་རྗེའི་ཚིག་རྐང་ལས༔ ཡི་དྭགས་བཀྲེས་སྐོམ་ཞེས་དང་༔ དེའི་འགྲེལ་པ་ཐུགས་རྗེ་ཆེན་པོ་ཉིད་ཀྱིས་དངོས་སུ་བཀའ་སྩལ་པ་ལས༔ ཡི་དྭགས་ནི་བཀྲེས་ཤིང་སྐོམ་པས་ཤིན་ཏུ་སྡུག་བསྔལ་ལོ༔ ཞེས་གསུངས་པའི་དོན་རྒྱས་པར་བཤད་ན༔ དྲན་པ་ཉེར་བཞག་ལས༔ ཡི་དྭགས་བཀྲེས་ཤིང་སྐོམ་པས་ཉམས༔ ཞེས་དང་༔ འཇིག་རྟེན་བཞག་པ་ལས༔ གཤིན་རྗེའི་འཇིག་རྟེན་ཁམས་ན་ཡང་༔ སྐོམ་དང་


CMR057_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲེས་པས་རབ་ཏུ་མནར༔ ཞེས་དང་༔ བཤེས་སྤྲིང་ལས༔ ཡི་དྭགས་ན་ཡང་འདོད་པས་འཕོངས་པ་ཡིས༔ བསྐྱེད་པའི་སྡུག་བསྔལ་རྒྱུན་ཆགས་མི་བཟོད་པ༔ བཀྲེས་སྐོམ་གྲང་དང་དྲོ་དང་འཇིགས་པ་ཡི༔ བསྐྱེད་པ་ཤིན་ཏུ་མི་བཟད་བསྟེན་འཚལ་ལོ༔ ཡི་དྭགས་རྣམས་ལ་སོས་ཀའི་དུས་སུ་ནི༔ ཟླ་བ་ཚ་ལ་དགུན་ནི་ཉི་མའང་གྲང་༔ ལྗོན་ཤིང་འབྲས་བུ་མེད་འགྱུར་དེ་དག་གིས༔ བལྟས་པ་ཙམ་གྱིས་ཆུ་ཀླུང་འང་སྐམ་པར་འགྱུར༔ ཁ་ཅིག་ཁ་ནི་ཁབ་ཀྱི་མིག་ཙམ་ལ༔ ལྟོ་བ་རི་རབ་ལྟོ་ཙམ་བཀྲེས་པས་ཉན༔ མི་གཙང་གྱི་ན་བོར་བ་ཆུང་ངུ་ཡང་༔ བཙལ་བའི་མཐུ་དང་ནུས་པ་མ་མཆིས་སོ༔ ཞེས་དང་༔ ཁ་ཅིག་དེ་བཞིན་ཁ་ནས་མེ་འབར་ཏེ༔ ཟས་སུ་འབར་བའི་ཁར་བཅས་བྱེ་མ་འཚལ༔ སྨད་རིགས་འགའ་ནི་རྣག་དང་ཕྱི་ས་དང་༔ ཁྲག་སོགས་མི་གཙང་བ་ཡང་མི་རྙེད་དེ༔ ཕན་ཚུན་སྡོང་དུམ་ཚིག་འདྲ་མགྲིན་པ་ནས༔ ལྔ་བ་བྱུང་བ་སྨིན་པའི་རྣག་འཚལ་ལོ༔ བར་ཆད་མེད་པར་སྡུག་བསྔལ་ལྡན་གྱུར་པ༔ ཉེས་པ་སྤྱད་པ་ལས་ཀྱི་ཞགས་པ་ནི༔ སྲ་བས་བཅིང་པའི་ལུས་ཅན་ཁ་ཅིག་ལོ༔ ལྔ་སྟོང་དག་དང་ཁྲིར་ཡང་འཆི་མི་འགྱུར༔ མདོ་


CMR057_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

ལས༔ རྒྱལ་པོ་ཆེན་པོ་གལ་ཏེ་ཡི་དྭགས་སུ་སྐྱེ་བར་གྱུར་ན༔ སྡུག་བསྔལ་འདི་མི་ལོ་བརྒྱ་ཕྲག་མང་པོ་དང་༔ སྟོང་ཕྲག་མང་པོར་རྟག་ཏུ་བཀྲེས་པ་དང་སྐོམ་པས་ཡིད་གདུང་ཞིང་༔ ཟས་སྐོམ་གྱི་སྒྲ་ཡང་མི་ཐོས་ན་མཐོང་བ་ལྟ་ཅི་སྨོས་ཏེ༔ དེ་ལྟར་སྡུག་བསྔལ་བར་འགྱུར་རོ༔ ཞེས་དང་༔ ཨུ་རྒྱན་རིན་པོ་ཆེའི་ཞལ་ནས༔ ཡི་དྭགས་ལ་ཡང་བསྡུ་ན་རྣམ་པ་གཉིས༔ འཇིག་རྟེན་དག་ན་རྒྱུ་བའི་ཡི་དྭགས་དང་༔ ཡི་དྭགས་ཡུལ་ན་གནས་པའི་ཡི་དྭགས་སོ༔ འཇིག་རྟེན་དག་ན་རྒྱུ་བའི་ཡི་དྭགས་ནི་མཚན་མོ་རྒྱུ་བ་མི་འགའ་ཞིག་གིས་མཐོང་༔ རང་དབང་མེད་པར་མི་ལ་ཅི་གནོད་བྱེད་པ་དང་༔ འདྲེ་འདུལ་མཁན་གྱི་བསྲུང་མནན་སྡུག་བསྔལ་ཡོད༔ རྒྱབ་རྟེན་སྣ་ལ་བརྫང་ཞིང་ལྟའདྲེ་རུ་བརྡུང་༔ སྐྱབས་གནས་ཁྲིས་བྱེད་ཟས་གོས་མི་ལ་ཚོལ༔ དམ་སྲི་འདྲེ་རྒོད་ལས་ཀྱི་སྡུག་བསྔལ་ཡོད༔ ཡི་དྭགས་ཡུལ་ན་གནས་པའི་ཡི་དྭགས་ནི༔ ས་འོག་དཔག་ཚད་ལྔ་བརྒྱ་འདས་པ་ན༔ ཡི་དྭགས་ཁང་པ་ཡངས་པ་ཅན་ཞེས་པ༔ དཔག་ཚད་སུམ་སྟོང་དྲུག་བརྒྱ་ཡོད་པ་ན༔ ཡི་དྭགས་ཕྱི་ཡི་སྒྲིབ་པ་ཅན་ཞེས་པ༔ ཟས་ལ་མེ་དཔུང་མེ་མདག་


CMR057_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

མེ་དམར་མཐོང་༔ སྐོམ་ནི་རྣག་ཁྲག་མི་གཙང་ཁྲོ་ཆུར་མཐོང་༔ དེ་དག་དབྱུག་ཐོ་ཅན་གྱིས་བསྲུང་བར་མཐོང་༔ རྒྱ་མཚོ་དག་ལ་བསྲུང་མི་ཡེ་མེད་དེ༔ སྐྱེས་བུ་གོ་མཚོན་ཅན་གྱིས་བསྲུང་བར་མཐོང་༔ རི་བོ་དག་ལ་གཡོ་འགུལ་ཡེ་མེད་དེ༔ འགུལ་ཞིང་རྒྱུག་དང་ཕྱི་ནས་འདེད་པ་མཐོང་༔ ཡི་དྭགས་ ནངགིསྒྲིབཅན next hit་ཞེས་པ༔ མགོ་བོ་རྒྱ་རྫ་ཙམ་ལ་ཁ་ནི་ཁབ་མིག་ཙམ༔ མགྲིན་པ་རྟ་རྔ་གསུས་པ་ཡུལ་ལྗོངས་ཙམ༔ རྐང་ལག་རྒྱ་ཁབ་ཙམ་གྱིས་མི་ཐེག་ཡོད༔ དང་པོ་ཟས་སྐོམ་བཙལ་གྱིས་མི་རྙེད་དང་༔ རྙེད་ཀྱང་ཁ་ཡི་ནང་དུ་མི་ཚུད་དང་༔ ཚུད་ཀྱང་མགྲིན་པའི་ལམ་དུ་མི་ཤོང་དང་༔ ཤོང་ཡང་ལྟོ་བ་ཡུལ་ལྗོངས་མི་ཁེངས་ཡོད༔ ཡི་དྭགས་བར་གྱི་སྒྲིབ་པ་ཅན་ཞེས་པ༔ ཤིན་ཏུ་བཀྲེས་སྐོམ་སྡུག་བསྔལ་མ་བཟོད་ནས༔ མི་གཙང་བ་དང་སྣབ་ལུད་རྙེད་གྱུར་ཀྱང་༔ གཞན་གྱིས་འཕྲོག་ནས་སྤྱོད་དབང་མེད་པ་དང་༔ ཆུ་ཡི་མིང་ཡང་མི་གྲགས་སྨིག་སྒྱུ་ལ༔ སྐོམ་ནས་ཆུ་ཡིན་སྙམ་ནས་འཐུང་དུ་འགྲོ༔ ཤ་དང་ལྤགས་པ་མེད་པའི་ཀེང་རུས་སྐམ་པོ་ནི༔ ཉི་མའི་གྲིབ་སོ་ངམ་ནག་བྱུང་བ་དང་༔ དགོང་ཀ་ས་གཞི་ཁེངས་སྙམ་བྱེད་པ་ཡོད༔ ཡི་དྭགས་


CMR057_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

སྒོས་ཁུར་སྒྲིབ་པ་ཅན་ཞེས་པ༔ ཟས་སྐོམ་ཚོལ་ཕྱིར་འགུལ་བས་ཁ་མེ་འབར༔ ཟས་ཟོས་ཁྲོ་ཆུ་ཁོལ་མར་སོང་ནས་སུ༔ ཁོག་པ་བསྲེགས་ནས་ལུས་ལ་མེ་སྟག་འཕྲོ༔ ཡི་དྭགས་སྤྱི་མཐུན་སྒྲིབ་པ་ཅན་ཞེས་པ༔ ཟས་སྐོམ་ཕུན་སུམ་ཚོགས་པས་མཐའ་བསྐོར་ནས༔ རང་ལ་སྤྱོད་དབང་མེད་པར་བཀྲེས་སྐོམ་ཉེན༔ གཞན་གྱིས་འཁྱེར་དོགས་རིམ་པར་བསྲུང་བ་ཡོད༔ ཡི་དྭགས་བྱིན་བུ་སྐྱེས་ཞེས་བྱ་བ་ནི༔ ལོངས་སྤྱོད་དཀྱིལ་དུ་རྐེད་པ་ནུབ་བྱས་ནས༔ སྐྱེས་བུ་གོ་མཚོན་ཐོགས་པས་བསྲུང་བར་མཐོང་༔ ཡི་དྭགས་མེ་ལྕེ་འཁོར་བ་ཞེས་བྱ་བ༔ ཟོས་ཚད་འཐུང་ཚད་མེ་ལྕེར་འགྲོ་བ་དང་༔ རུས་པ་འཁྲོག་ནས་མེ་རུ་འབར་བ་ཡོད༔ དེ་དག་སེམས་ཅན་ཡི་དྭགས་སྡུག་བསྔལ་ཡིན༔ ཞེས་དང་༔ ཡང་གུ་རུ་པདྨ་འབྱུང་གནས་ཉིད་ཀྱིས་གསུངས་ལས༔ ཡི་དྭགས་ཀྱི་ལུས་བབ་ཁང་པ་ཆེན་པོ་ཙམ༔ མགོ་རྫ་ཟོམ་ཙམ༔ གྲེ་བ་ཁོབ་ཙམ༔ ཟས་བསྐལ་པར་མི་རྙེད་ཅིང་སྡུག་བསྔལ༔ བཀྲེས་ཤིང་སྐོམ་པས་ཕྱོགས་ཀུན་ཏུ་རྒྱུག༔ བརྒྱ་ལམ་ན་རྙེད་ཀྱང་སྐེ་ལ་མི་འགྲོ༔ ཅུང་ཟད་ཙམ་སོང་ཡང་ཁོག་པ་ནས་ཁྲོ་ཆུར་སོང་སྟེ་མེ་འབར་ནས་དེ་


CMR057_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

བས་ཀྱང་སྡུག་བསྔལ་ཆེ་བ༔ ཞེས་དང་༔ ཡང་ཟས་དང་ཆུའི་དྲི་དང་སྐད་ཚོར་ནས་ལུང་པ་མང་པོ་ཉིན་མཚན་ལོ་ཟླར་བསྐྱང་ཡང་མི་རྙེད་པར༔ ཤིན་ཏུ་ཡང་ལུས་དུབ་ངལ་ཆོ་ངན་འདེབས་ཤིང་བར་བར་འཆི་མི་བཏུབ་པ༔ ཞེས་དང་༔ ཡང་རིགས་གཅིག་ནི་བཀྲེས་ཉམ་ཐག་ཕྱོགས་མཐའ་དག་ཏུ་སོང་བས་རྒྱང་རིང་པོ་ནས་ཟས་མཐོང་བས་ལྟོགས་སྐོམ་ངལ་དུབ་རྩར་ཕྱིན་པ་དང་༔ མེ་དཔུང་དང་མཚོན་ཆ་ཐོགས་པས་བསྲུང་ནས་མི་ཐོབ༔ དེའི་ལུས་ཟུངས་དང་བྲལ་ནས་བརྒྱལ་ཏེ་འགྲོ༔ ཡང་ཆུ་མཐོང་ནས་འགྲོ་རྒྱུ་མེད་བཞིན་བསྙག་བསྙག་པས་སླེབས་དུས་རྣག་ཁྲག་ཏུ་རེད་པ་དང་༔ ཡང་ས་འོག་ཏུ་ཐིམ་སྐད་ཉན་ཅིང་ལག་པས་བྲད་པས་མཛུབ་མགོ་རུས་པ་ལ་ཐུག་པར་བྲད་ཀྱང་ཇེ་མེད་དུ་སོང་༔ ཁོག་པ་ནི་སྐམ༔ ཁ་ནས་ནི་མེ་འབར་ཤིན་ཏུ་སྡུག་བསྔལ་བ་ལ་འཆིར་མི་ཐུབ་པ་ལོ་བསྐལ་པར་སྡོད་པ༔ ཞེས་སོགས་གསུངས་སོ༔ དེ་དང་མཐུན་པར་རྒྱལ་པོ་སྲོང་བཙན་སྒམ་པོའི་ཞལ་ནས་ཡི་དྭགས་ལ་བཞིའམ་དྲུག་སྟེ༔ ཕྱིའི་སྒྲིབ་པ་ཅན་ནི་བཀྲེས་སྐོམ་གྱིས་ཉེན་ནས༔ ཟས་སྐོམ་ཐམས་ཅད་རྣག་ཁྲག་དང་༔ ངན་སྐྱུགས་སུ་མཐོང་སྟེ༔ དེར་ཡང་དབྱུག་ཐོ་


CMR057_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་གྱིས་བསྲུང་ནས་བཟའ་དབང་མེད་པར་མཐོང་བའོ༔ previous hit ནངགིསྒྲིབཅན next hit་ཞེས་བྱ་བ༔ མགོ་སྐོན་པ་ཙམ༔ ཁོ་ཁབ་མིག་ཙམ་དུ་མི་ཚུད༔ མགྲིན་པ་མོ་ཁབ་ཙམ་དུ་མི་ཤོང་༔ གསུས་པ་ཡུལ་ལྗོངས་ཙམ་པ་མི་འགྲངས༔ རྐང་ལག་རྩི་ཐུར་ཙམ་པས་མི་ཐེག་པ་ཡོད་དོ༔ སྒྲིབ་པ་ཅན་གྱི་སྒྲིབ་པ་ཅན་བྱ་བ༔ ཤིན་ཏུ་བཀྲེས་སྐོམ་ཆེ་བ༔ ཟས་མི་གཙང་བ་དང་སྣབས་ལུད་ལ་སོགས་རྙེད་པ་གཞན་གྱིས་འཕྲོག༔ སྐོམ་པ་ལ་ཆུ་ཡི་མིང་ཡང་མི་གྲགས་ཏེ༔ རླུང་ཡང་སྐམ་པ་ཤ་མེད་ཀེང་རུས་སྐམ་པོ༔ ཉི་མ་ནུབ་པའི་གྲིབ་སོ་བྱུང་ནས༔ དགོང་མོ་ས་གཞི་འགེངས་ནས་འོང་ངོ་༔ སྒོ་ཁུར་གྱི་སྒྲིབ་པ་ཅན་བྱ་བ༔ ཡི་དྭགས་ཁ་ནས་མེ་འབར་བ་ཁ་ཟས་ཟོས་ཚད་མེར་འབར་བ༔ ཁོང་པར་ཁྲོ་ཆུ་ཁོལ་མར་སོང་ནས་སྲེག་པར་བྱེད་པའོ༔ གཞན་ཡང་ཡི་དྭགས་བྱིན་བུ་སྐྱེས་བྱ་བ་ཟས་ཀྱི་ནང་དུ་པུས་མོ་ནུབ་པ་ཙམ་བྱས་ཀྱང་༔ སྐྱེས་བུ་གོ་མཚོན་ཐོགས་པས་བསྲུང་ནས་བཟའ་དབང་མེད་པའོ༔ མཁའ་ལ་རྒྱུ་བའི་ཡི་དྭགས་བྱ་བ༔ རང་ལ་རང་དབང་མེད་པར༔ ཟས་སྐོམ་ལ་གདུང་སེམས་བྱེད་ཅིང་༔ མི་རྣམས་ལ་གནོད་པ་བྱེད༔ ཡི་


CMR057_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

དྭགས་ཀྱི་ཚེ་ཚད་ནི༔ མིའི་ཟླ་བ་གཅིག་ལ་ཡི་དྭགས་ཀྱི་ཞག་གཅིག་ཏུ་བརྩིས་པའི་ལོ་ལྔ་བརྒྱ་ཐུབ་བོ༔ ཞེས་གསུངས་སོ༔ མཛོད་ལས་ཀྱང་༔ དེས་ན་ཡི་དྭགས་རྣམས་ཀྱི་ཚེ༔ ཟླ་བ་ཉིན་ཞག་གི་ལྔ་བརྒྱ༔ ཞེས་གསུངས་སོ༔ གཞན་ཡང་འཕགས་པ་གྲོ་བཞིན་སྐྱེས་རྒྱ་མཚོའི་འགྲམ་དུ་བྱོན་པ་ན༔ མི་ནག་པོ་ཞིག་སྣང་བ་ལ༔ དེ་ན་ཆུ་ཨེ་འདུག་དྲིས་པས༔ ངས་ནི་ལོ་བཅུ་གཉིས་སུ་ཆུ་ཡི་སྒྲ་ཡང་མ་ཐོས་ན་མཐོང་བ་ལྟ་ཅི་སྨོས་ཟེར་ཏེ༔ དེ་ཡི་དྭགས་སུ་སྐྱེས་ནས་ལོ་བཅུ་གཉིས་ལས་མ་སོང་ཡང་༔ མིའི་ལོ་སུམ་བརྒྱ་དྲུག་ཅུ་ཡིན་པ་ལྟ་བུ་དང་༔ འཕགས་པ་མོའུ་འགལ་བྱོན་པའི་ལམ་ཞིག་ན༔ ཡི་དྭགས་ཀྱི་ཕྲུ་གུ་མང་པོ་ཤིན་ཏུ་སྡུག་བསྔལ་ཉམ་ཐག་སྟེ་འདུག་པས༔ འཕགས་པ་བདག་ཅག་གི་མ་ཟན་ཚོལ་དུ་སོང་བ་མ་ཕྱིན་པས་མྱུར་དུ་ཤོག་གསུངས་ཤིག་ཟེར༔ དེར་མོའུ་འགལ་གྱི་བུ་བྱོན་སོང་བ་དེའི་མ་ཡི་དྭགས་མོ་དེ་དང་ཕྲད་ནས་དེའི་ཕྲིན་གསུངས་པས༔ འཕགས་པ་བདག་སྙིང་རིང་བྱས་པ་མ་ལགས་ཏེ༔ ལོ་ལྔ་བརྒྱ་ལ་ཡང་ཟས་སྐོམ་མ་རྙེད༔ དགེ་སྦྱོང་ཞིག་གིས་མཆིལ་སྣབས་ཅིག་དོར་ནས་ཡི་དྭགས་ཀྱི་ཐོབ་པར་གྱུར་ཅིག་གསུངས་པས༔ ངེད་མང་


CMR057_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

པོས་བཙད་པས་ངས་ཐོབ་ཀྱང་ཐམས་ཅད་ཀྱི་རྫི་བཙོག་བྱས་པས་འགྲོ་མ་ནུས་པ་ཡིན་ཟེར༔ ཆང་ཕུག་ཏུ་རླན་ཡོད་ཙམ་ཅིག་བཙིར་བས་སན་མོ་ལག་པའི་རྒྱབ་ཏུ་སྔོ་ཟང་ངེ་བུད་འདུག་པ་གཟིགས་སྐད༔ དེར་སྐྱེ་བ་ནི་ཆགས་པ་དང་སེར་སྣའི་ལས་དང་༔ མི་དགེ་བ་འབྲིང་ཙམ་བྱས་པའི་འབྲས་བུ་ཡིན་ནོ༔ དྲན་པ་ཉེར་བཞག་ལས༔ ཕྲག་དོག་སེར་སྣ་ཤས་ཆེ་ཞིང་༔ ཟང་ཟིང་མི་འཇིགས་ཆོས་མི་སྦྱིན༔ ཚུལ་ཁྲིམས་སྲུང་བར་མི་བྱེད་པ༔ ཡི་དྭགས་གནས་སུ་བཀྲེས་སྐོམ་འགྱུར༔ ཞེས་གསུངས་སོ༔ རྒྱས་པར་དྲན་པ་ཉེར་བཞག་ལས་ཡི་དྭགས་རིགས་སུམ་ཅུ་སོ་དྲུག༔ དེ་ལ་སྡུག་བསྔལ་མི་འདྲ་བ་སོ་དྲུག་ཡོད་པར་གསུངས་སོ༔ ཡང་རྡོ་རྗེའི་ཚིག་རྐང་ལས༔ དུད་འགྲོ་བླུན་པ་དང་༔ ཞེས་དང་༔ དེའི་འགྲེལ་པ་ཐུགས་རྗེ་ཆེན་པོ་ཉིད་ཀྱིས་གསུངས་པ་ལས༔ དེ་བཞིན་ཏུ་དུད་འགྲོ་ནི་ཤིན་ཏུ་ནས་ཀྱང་བླུན་ཏེ་གཏི་མུག་པ་དང་༔ ཞེས་གསུངས་པའི་དོན་རྒྱས་པར་འཆད་ན༔ དྲན་ཉེ་ལས༔ དུད་འགྲོ་གཅིག་ལ་གཅིག་ཟས་ཉམས༔ ཞེས་དང་༔ སློབ་དཔོན་དབྱིག་གཉེན་གྱིས༔ དུད་འགྲོ་ཕན་ཚུན་སྡང་དང་སྲོག༔ རང་དབང་མེད་པར་


CMR057_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

གསོད་སོགས་ཀྱིས༔ རྟག་ཏུ་སྡུག་བསྔལ་གྱིས་གདུང་ལ༔ ཕལ་ཆེར་དམྱལ་བ་དག་དང་མཚུངས༔ ཞེས་དང་༔ བཤེས་སྤྲིང་ལས༔ དུད་འགྲོའི་སྐྱེ་གནས་ན་ཡང་བསད་པ་དང་༔ བཅིང་དང་བརྡེག་སོགས་སྡུག་བསྔལ་སྣ་ཚོགས་པ༔ ཞི་འགྱུར་དགེ་བ་སྤང་བ་རྣམས་ལ་ནི༔ གཅིག་ལ་གཅིག་ཟ་སྡུག་བསྔལ་མི་བཟད་པ༔ ཁ་ཅིག་མུ་ཏིག་བལ་དང་རུས་པ་དང་༔ ཤ་དང་ལྤགས་པའི་ཆེད་དུ་འཆི་བར་འགྱུར༔ དབང་མེད་གཞན་དག་མཚོན་ཆ་རྣོན་པོ་དང་༔ ལྕགས་དང་ལྕགས་ཀྱུས་བཏབ་སྟེ་བརྡེགས་ཏེ་བཀོལ༔ ཞེས་དང་༔ ཨུ་རྒྱན་རིན་པོ་ཆེས༔ དུད་འགྲོ་ལ་ཡང་མདོར་བསྡུས་རྣམ་པ་བཞི༔ གཉའ་ཤིང་འཛིན་རི་ཡན་ཆད་ཉི་ཟླ་མེད༔ གླིང་བར་དག་ན་གནས་པའི་དུད་འགྲོ་ནི༔ སོས་ཀའི་ཉི་རྡུལ་བས་ཀྱང་མང་བ་ཡོད༔ རང་གཟུགས་མི་མཐོང་ཉིང་ཤ་ཉིང་གིས་རང་གའོ། ཟ༔ གཡང་དང་རྦབ་ཏུ་ལྟུང་བའི་སྡུག་བསྔལ་ཡོད༔ གཉིས་པ་བྱིངས་གནས་ཕྱི་ཡི་རྒྱ་མཚོ་ལས༔ ཆང་འགགས་སྦྲང་མའི་གྲངས་བཞིན་གནས་པ་སྟེ༔ ཆེ་ཆེས་ཆུང་ཆུང་ཐམས་ཅད་ཟ་བ་དང་༔ གཅིག་ལ་གཅིག་གསོད་གཤེད་མའི་སྡུག་བསྔལ་ཡོད༔ གསུམ་པ་སྐྱབས་


previousཤོག་ལྷེབ་ ༡༠༡ ནས་ ༢༠༠ བར།next