Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
རྒྱལ་རབས་བསྡུས་པ་རྣ་བའི་བདུད་རྩི་ཞེས་ངོ་མཚར་ཅན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྒྱལ་རབས་བསྡུས་པ་རྣ་བའི་བདུད་རྩི་ཞེས་ངོ་མཚར་ཅན།next

རྒྱལ་རབས་བསྡུས་པ་རྣ་བའི་བདུད་རྩི་ཞེས་ངོ་མཚར་ཅན།


CMR058_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་རབས་བསྡུས་པ་རྣ་བའི་བདུད་རྩི་ཞེས་ངོ་མཚར་ཅན་བཞུགས་པའི་དབུ་ཕྱོགས་ལགས་སོ། །


CMR058_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ལོ་ཀི་ཤྭ་ར་ཡེ། འོ་ན་ད་ལམ་དམ་པའི་ཆོས་ཀྱི་བྱུང་ཁུངས་རྒྱ་བོད་ཀྱི་ཆོས་རྒྱལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལོ་རྒྱུས་ཟུར་ཙམ་ཞུ་ན། དང་པོ་ནམ་མཁའ་སྟོང་པ་ལས་རླུང་གཡོས་པས་རླུང་གི་དཀྱིལ་འཁོར། དེ་སྟེང་ཆར་བབས་པས་ཆུའི་དཀྱིལ་འཁོར། ཆུའི་བྲིས་མ་ལས་གསེར་གྱི་ས་གཞི། དེའི་དྭངས་མ་ལས་རི་བོ་མཆོག་རབ་རིན་པོ་ཆེ་སྣ་བཞི་ལས་གྲུབ་པ། དེའི་ཕྱི་རོལ་དུ་གསེར་གྱི་རི་བདུན་གྱིས་བསྐོར་བ། བར་བར་དུ་རོལ་པའི་མཚོ་བདུན། རི་རབ་ཀྱི་ཁོང་སེང་ན་ལྷ་མ་ཡིན་གྱི་གྲོང་ཁྱེར། རི་རབ་ཀྱི་བང་རིམ་ལ་རྒྱལ་ཆེན་རིགས་བཞི་ཡི་ལྷ། རི་རབ་ཀྱི་སྟེང་


CMR058_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སུམ་ཅུ་རྩ་གསུམ་པའི་ལྷ། དེ་ཡན་ཆད་ས་ལ་མ་བརྟེན་པར་འཐབ་བྲལ་དང་དགའ་ལྡན་དང་འཕྲུལ་དགའ་དང་གཞན་འཕྲུལ་དབང་བྱེད་རྣམས་གནས་ཏེ་དེ་མན་ཆད་འདོད་ཁམས་ཡིན་ནོ། །དེ་ཡན་གཟུགས་ཁམས་གནས་རིས་བཅུ་བདུན་མཆོད་རྟེན་གྱི་བང་རིམ་ལྟར་ཡོད་དོ། །གཟུགས་མེད་ཁམས་ནི་སེམས་ཀྱི་རྒྱུན་ཙམ་ལས་མེད་པས་གནས་ལ་ངོས་བཟུང་མེད་དོ། རི་རབ་ཀྱི་ཕྱོགས་མཚམས་ན་གླིང་བཞི་གླིང་ཕྲན་བརྒྱད་ཡོད་པའི་ནང་ནས། ལྷོ་འཛམ་བུ་གླིང་དབྱིབས་སོག་ཀ་སྟེ། གསེར་གླིང་ཟངས་གླིང་ཟླ་བའི་གླིང་སོགས་ནི་འཛམ་བུ་གླིང་ཉིད་ལ་ཐེའོ། །རྒྱ་དཀར་ནག་


CMR058_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

ལི་དང་ཧོར་ལ་སོགས་ས་སུལ་ཡུལ་གྲུ་ཆེན་པོ་བཅུ་དྲུག་ཡོད་ལ། རྒྱ་གར་གྱི་མི་རྣམས་འོད་གསལ་ལྷ་ལས་ཆད། འཛམ་གླིང་གི་མི་རྣམས་ཕལ་ཆེར་ནི་དང་པོ་བརྫུས་སྐྱེས་ཡིན་ལ། སའི་བཅུད་དང་སའི་ཞག་དང་སྨྱུ་གུའི་ཚལ་དང་འབྲས་ས་ལུ་རྣམས་རིམ་པར་ཟོས་པས། ལུས་ཀྱི་འོད་དང་རྫུ་འཕྲུལ་རྣམས་མེད་པར་གྱུར་ནས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྨོན་ལམ་གྱི་མཐུས། ལྷས་རྒྱ་མཚོ་དཀྲུག་ནས་ཉི་ཟླ་ཡང་བྱུང་ངོ་། །མ་རྨོས་པའི་ལོ་ཏོག་ཟད་པས་རྨོ་ཀོ་དར། དེ་ལ་བརྐུས་པས་མི་མཆོག་ཏུ་གྱུར་པ་གཅིག་གིས་བསྒོས་ནས་བྱིན་པས། །དེད་དཔོན་དུ་ཁུར་བ་མང་པོའི་རྒྱལ་པོ་བྱུང་ངོ་། །དེའི་སྲས་ནས་རྒྱལ་རབས་ལྔ་ལ་སྔོན་གྱི་རྒྱལ་པོ་ལྡེ་ལྔ་ཟེར། དེ་ནས་ང་ལས་ནུ་ཡིས་གླིང་བཞིར་དབང་བ་ལ་སོགས་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལྔ་རིམ་པར་བྱུང་། དེ་ནས་ཚེ་ལོ་བཞི་ཁྲི་ཡི་དུས་རྒྱལ་པོ་མཆོག་སྦྱིན་དང་སྲས་ནོར་བུའི་སྐུ་རིང་ལ། སངས་རྒྱས་འཁོར་བ་འཇིག་བྱོན། དེ་ནས་རྒྱལ་རབས་སུམ་བརྒྱའི་མཐར་ཚེ་ལོ་སུམ་ཁྲིའི་སྐབས་སུ། རྒྱལ་པོ་ཀུན་ནས་འོད་དང་སྲས་ཙནྡྷའི་སྐུ་རིང་ལ་སངས་རྒྱས་གསེར་ཐུབ་བྱོན། དེ་ནས་རྒྱལ་རབས་སུམ་བརྒྱའི་མཐར་རྒྱལ་པོ་རཏྣ་ཆེན་པོ་དང་སྲས་ཀྱི་


CMR058_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

ཀྲིའི་སྐུ་རིང་ལ་ཚེ་ལོ་ཉི་ཁྲིའི་དུས་སངས་རྒྱས་འོད་སྲུང་བྱོན། དེ་ནས་རྒྱལ་རབས་ཉིས་བརྒྱའི་མཐར་རྒྱལ་པོ་རྣ་བ་ཅན་ལ། བུ་གཉིས་བྱུང་བའི་ཆེ་བ་ཀོའུ་ཏ་མ་རབ་ཏུ་བྱུང་། ཆུང་བ་བྷ་ར་དྷ་ཛཱ་རྒྱལ་པོ་བྱས་པས་བུ་མེད་པས་ལོག་ལྟ་སྐྱེས་པས། ཕོ་བོ་གསལ་ཤིང་རྩེ་ལ་བསྐྱོན་ནས་བསད་པའི་ཚེ། སློབ་དཔོན་བྲམ་ཟེ་མདོག་ནག་གིས་བདེན་ཚིག་གིས་ཀོའུ་ཏ་མའི་ས་བོན་ཟག་པ་ལ་སྒོ་ང་གཉིས་བྱུང་བ་བུ་རམ་ཤིང་གི་གསེབ་ཏུ་བཞག་པས་ཁྱེའུ་གཉིས་བྱུང་སྟེ་ཆེ་བ་ཉི་མའི་བརྙན་ལ་སྲས་མེད། ཆུང་བ་བུ་རམ་ཤིང་པའི་བརྒྱུད་ལ་རྒྱལ་བརྒྱུད་འཕེལ་ཏེ། ཆེ་རྒྱུད་རྒྱལ་རབས་བརྒྱ་ཐེམ་པ་ན་རྒྱལ་པོ་འཕགས་སྐྱེས་པོ་ལ་སྲས་གསུམ། བུ་མོ་གསུམ་བྱུང་བས་མིང་སྲིང་འབྲེལ་བས་ཤཱཀྱའི་རིགས་བྱུང་། དེའི་ཆེ་བརྒྱུད་རྒྱལ་རབས་ལྔ་བཅུ་ནས་རྒྱལ་པོ་ཤིང་རྟ་བཅུ་པ་བྱུང་། དེའི་བུ་ཤཱཀྱ་ཆེན་པོ་དང་། ཤཱཀྱ་ལི་ཙ་བྱི། ཤཱཀྱ་རི་བྲག་པ་དང་གསུམ། ཤཱཀྱ་ཆེན་པོ་ནས་རྒྱལ་རབས་ཉེར་ལྔ་ན། རྒྱལ་པོ་རྩིབས་ཀྱི་མུ་ཁྱུད། དེའི་སྲས་ལ་མཐའ་ཡས་སྐྱོང་། དེའི་སྲས་གཞུ་བསྟན། དེའི་སྲས་སེང་གེ་འགྲམ། དེ་ལ་སྲས་བཞི། ཟས་གཙང་མ། ཟས་དཀར། བྲེ་བོ་ཟས། ཚད་མེད་ཟས་


CMR058_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཞི། ཟས་གཙང་མའི་སྲས་བཅོམ་ལྡན་འདས་གཅུང་དགའ་བོ་གཉིས། ཟས་དཀར་ལ་སྲས་རྒྱལ་བ་དང་། བཟང་ལྡན་གཉིས། བྲེ་བོ་ཟས་ལ་མིང་ཅན་དང་མ་འགགས་པ་གཉིས། ཚད་མེད་ཟས་སམ་བདུད་རྩི་ཟས་ལ་ཀུན་དགའ་བོ་དང་ལྷས་སྦྱིན་གཉིས་སོ། །རྒྱལ་བུ་དོན་འགྲུབ་ཀྱི་སྲས་སྒྲ་གཅན་འཛིན་ཏེ། མང་པོའི་བསྐུལ་བ་ནས། སྒྲ་གཅན་འཛིན་བར་ལ་རྒྱལ་རབས་ས་ཡ་གཅིག་དང་འབུམ་ཁྲི་ལྔ་བརྒྱ་བྱུང་ངོ་། །འདི་ནས་ཤཱཀྱའི་ཁྱེའུ་ལྔ་བརྒྱ་རྒྱལ་པོ་བཟང་ལྡན་དང་བཅས་པ་རབ་ཏུ་བྱུང་ནས་ཤཱཀྱ་ཆེན་པོའི་གདུང་རྒྱུད་ཆད་དོ། །ཤཱཀྱ་རི་བྲག་པའི་བརྒྱུད་སངས་རྒྱས་མྱ་ངན་ལས་འདས་རྗེས་རིང་ཞིག་ནས་གྲོང་ཁྱེར་ཤིང་ཐག་ཅན་དུ་རྒྱལ་པོ་ཤིང་རྟ་བཅུ་པའི་བུ་ཆོས་རྒྱལ་མྱ་ངན་མེད་བྱོན་ཏེ། དང་པོ་མུ་སྟེགས་པ་དང་འཐབ་ནས་ནུབ་ཕྱོགས་རྔ་སྒྲ་ཅན་གྱི་མུ་སྟེགས་པ་ཐམས་ཅད་བསད། ཕྱིས་སངས་རྒྱས་ཀྱི་རིང་བསྲེལ་གྱི་སྙིང་པོ་ཅན་གྱིས་མཆོད་རྟེན་བྱེ་བ་བཞེངས་སོ། །བཀའ་བསྡུ་ཐ་མའི་སྦྱིན་བདག་ཡང་མཛད་དོ། །དེ་ནས་འཇམ་དཔལ་རྩ་རྒྱུད་ལས་ལུང་བསྟན་པ་ལྟར་མ་ག་དྷའི་གྲུབ་ཐོབ་གཅིག་གིས་ལྷ་མོ་འོད་ཟེར་ཅན་བསྒྲུབས་པས་ཞལ་གཟིགས་ནས་དངོས་གྲུབ་ཅི་འདོད་གསུངས་


CMR058_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

པས། རྒྱལ་པོར་འདོད་ཞུས་པས། ཤར་ཕྱོགས་སུ་སོང་ཞིག་གསུངས་ནས་བྱོན་པས་གྲོང་ཁྱེར་དེའི་རྒྱལ་པོ་མང་དུ་ཤི་ནས་རྒྱལ་པོ་རེས་མོས་བྱེད་ཅིང་ཞག་རེ་ནས་འཆི་བ་ལ། ཁོང་མི་གཅིག་གི་ཚབ་ལ་རྒྱལ་པོ་བྱས་ལ། ནམ་ཕྱེད་ཀླུ་བདུད་གཅིག་རྒྱལ་པོའི་བཙུན་མོར་སྤྲུལ་ནས་བྱུང་བ་ཁོང་གིས་བཏུལ་བས། ཁོང་རྒྱལ་པོར་བསྐོས་པས་རྒྱལ་པོ་མགོ་ལ་ཞེས་བྱའོ། །དེའི་སྲས་ར་མ་ཕ་ལ། དེའི་སྲས་དྷེ་ཝ་བ་ལ། དེའི་སྲས་དྷརྨ་ཕ་ལའི་རིང་ལ། མུ་སྟེགས་ཀྱི་དམག་བྱུང་ནས་གཙུག་ལག་ཁང་མང་པོ་བསྲེགས། པཎྜི་ཏ་རྣམས་བཀྲོང་ངོ་། །དེར་རྒྱལ་ནག་དང་སྲིད་བྱས་ནས་སྐྱེས་བསྐུར་རེས་བྱས་པས་བསྟན་པ་སོར་ཆུད། དེ་དུས་རྒྱ་ནག་རྒྱལ་པོ་དྷེ་ཝ་ར་ཙའི་བཀའ་མ་ཆོག་ནས། ཇོ་བོའི་སྐུ་དང་གླེགས་བམ་དགེ་སློང་བཞི་སྡེ་རྣམས་བསྐུར་རོ། །ཡང་རྒྱ་གར་རྒྱལ་པོ་འདིའི་རིང་ལ་བལ་པོའི་རྒྱལ་པོ་དང་སྐྱེས་བསྐུར་རེས་བྱས། བལ་པོའི་རྒྱལ་པོའི་དྷརྨ་ཨ་ཤུའི་རིན་པོ་ཆེའི་གླང་པོའི་རྒྱབ་ཁལ་གཅིག་།བརྫང་བའི་ལེན་དུ་ཇོ་བོ་མི་བསྐྱོད་རྡོ་རྗེ་བསྐུར་རོ། །རྒྱལ་བརྒྱུད་འདི་མང་བསྐུར་གྱི་བརྒྱུད་མིན་ནའང་། ཆོས་རྒྱལ་ཕ་ལ་བདུན་རྒྱུད་ཟེར་བ་བཀའ་དྲིན་ཅན་བྱུང་ཞིང་གཞན་ཡང་ཆོས་


CMR058_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་མང་དུ་བྱུང་བ་ནི། རྒྱལ་རིགས་ཁོ་ན་མིན་པར་འཇམ་དཔལ་རྩ་རྒྱུད་ནས་ལུང་བསྟན་ཏོ། །དེ་ཡན་རྒྱ་གར་གྱི་རྒྱལ་པོ་བྱུང་ཚུལ་ཉུང་ཙམ་ཡིན་ལ། ཨོ་རྒྱན་ཡུལ་དུ་རྒྱལ་པོ་ལ་ཨིཎྜ་བྷོ་དྷི་ཆེན་པོ་ཕོ་བྲང་གི་རྩེར་བཞུགས་དུས། ནམ་མཁའ་ལ་དགྲ་བཅོམ་པ་མང་པོ་འཕུར་ཏེ་བྱོན་པ་གཟིགས་ནས་ཅི་ཡིན་དྲིས་པས། བློན་པོ་རྣམས་ན་རེ། འདི་རྒྱ་གར་ན་ཟས་གཙང་མའི་སྲས་ད་ལྟ་སངས་རྒྱས་ནས་ཡོད་ཟེར་བའི་ཉན་ཐོས་པ་ཡིན་ཟེར། རྒྱལ་པོ་དད་ནས་དེ་གདན་འདྲེན་ལ་འགྲོ་གསུངས་པས། འགྲོ་མི་དགོས་ཁོ་ལ་མངོན་ཤེས་ཡོད་ཟེར་བས་རྒྱལ་པོའི་མ་ལུས་སེམས་ཅན་སོགས་སྤྱན་འདྲེན་བྱས་པས་སྟོན་པ་འཁོར་བཅས་བྱོན། དྲང་དོན་གྱི་ཆོས་གསུངས་པས་རྒྱལ་པོ་ཐུགས་མ་ཚིམས་ནས། རྒྱལ་པོ་ལ་གསང་བ་འདུས་པའི་རྒྱུད་གསུངས་པས་རྒྱལ་པོ་འཁོར་བཅས་མཁའ་སྤྱོད་དུ་གཤེགས་སྐད། རེ་ཞིག་ཡུལ་སྟོང་ཡང་ཡུལ་ཆགས་ནས་ཨིཎྜ་བྷོ་དྷིའི་མིང་ཅན་ཀུན་འདུས་རྒྱལ་པོ་དགུ་བྱུང་བའི་འབྲིང་པོའི་དུས་ཨོ་རྒྱན་འཁྲུངས། འདི་ཡི་རྒྱུད་ལ་ལྕམ་ལེགས་སྦྱིན་ཀ་ར་ལ་བ་པ་ཆེ་བ་སོགས་འཁྲུངས་སོ། །འདི་རྒྱལ་པོ་ཛདང་གཅིག་པར་འདོད་མཁན་ཡང་འདུག་གོ །ཨོ་རྒྱན་ཡུལ་ལ་ཡུལ་གྲུ་ཆེན་པོ་


CMR058_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

དགུ་ཡོད་པའི་དབུས་ནི་མཁའ་འགྲོའི་གླིང་ཡིན། གཞན་བརྒྱད་པོ་ལ་ཡུལ་གྲུ་ཅི་རིགས་པ་ཡོད་དོ། ༈ །སངས་རྒྱས་འདས་ནས་ལོ་ཉེར་བརྒྱད་ལ་ཟ་ཧོར་གྱི་ཡུལ་དུ་རྒྱལ་པོ་རབ་གསལ་ཟླ་བའམ། རྒྱལ་པོ་ཛའམ་ཨིནྡྲ་བྷོ་དྷི་ཟེར་བ་གཅིག་བྱུང་སྟེ། དེའི་ཕོ་བྲང་སྟེང་དུ་རྒྱུད་ཀྱི་གླེགས་བམ་ཆར་བབས། རྡོ་རྗེ་སེམས་དཔའ་ཞལ་མཐོང་། རྒྱལ་པོ་འཁོར་བཅས་མཁའ་སྤྱོད་དུ་གཤེགས། དེའི་སྲས་མོ་གོ་མ་དེ་ཝི་དང་། སྲས་ཤ་ཀྲ་པུ་ཏི་ཡང་གྲུབ་པ་ཐོབ་བོ། །དེ་ནས་ཟ་ཧོར་གྱི་རྒྱལ་པོ་གཙུག་ལག་འཛིན་ལ་སྲས་མོ་ལྷ་ལྕམ་མནྡཱ་ར་བ་འཁྲུངས། སློབ་དཔོན་པདྨས་ཟ་ཧོར་ཡུལ་ཆོས་ལ་བསྒྱུར། འདི་ཡི་རྒྱལ་བརྒྱུད་ལ་མཁན་པོ་བྷོ་དྷི་སཏྭ་འཁྲུངས། བྷོ་དྷི་སཏྭ་ཆུང་བ་དང་། ཇོ་བོ་རྗེ་ལ་སོགས་འཁྲུངས་ཤིང་འདི་ཡི་རྒྱུད་པ་བོད་ལ་བྱོན། འཁྱར་བ་སྟེ་ས་མཆོངས་རྒྱལ་ས་ཡིན་པར་འདོད་དོ། །ཡང་ཤཱཀྱའི་རྒྱལ་རྒྱུད་གཅིག་ཤམྦྷ་ལར་ཕྱིན་པ་ཤམྦྷའི་རྒྱལ་པོར་གྱུར་ཅིང་། དེའི་རྒྱུད་ལ་ཆོས་རྒྱལ་སུམ་ཅུ་སོ་གཉིས་རིགས་ལྡན་ཉི་ཤུ་རྩ་ལྔ་བྱོན། དེ་ཐམས་ཅད་བྱང་ཆུབ་སེམས་དཔའི་སྤྲུལ་པ་ཤ་སྟག་སྟེ། ཤམྦྷ་ལའི་གྲོང་ཁྱེར་བྱེ་བ་ཕྲག་དགུ་བཅུ་རྩ་དགུ་ཐམས་ཅད་དུས་འཁོར་གྱི་རྒྱུད་ཀྱིས་


CMR058_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

སྨིན་གྲོལ་ལ་བཀོད་དོ། །དེ་ཡི་བར་སྐབས་འགར་ཀླ་ཀློ་ཐར་བྱེད་ཀྱི་དམག་བྱུང་ནས་ཆོས་ལོག་དར་བ་ལ་ཡང་དེ་དག་ཚར་བཅད་ནས་བསྟན་པ་ལ་བཙུད་དེ། ད་ལྟ་ཡང་ཆོས་དར་ཞིང་རྒྱལ་པོ་བཞུགས་ལ། བོད་ཡུལ་ཤམྦྷ་ལ་ཞེས་པ་གཙང་གཞིས་ཁ་རིན་ཆེན་སྤུངས་པ་ན་ཡང་རིག་ལྡན་གྱི་སྤྲུལ་པ་རིན་སྤུངས་པའི་ཞལ་ངོ་ན་རིམ་མང་དུ་བྱུང་ཞིང་རིག་ལྡན་ཡོལ་བ་སོགས་བཞེངས་པར་འདོད་དོ། །གཞན་རྣམས་བསྟོད་པ་ཙམ་སྟེ་རིན་སྤུང་དོན་ཡོད་རྡོ་རྗེ་ནི་གཤེད་དམར་གྱི་སྤྲུལ་པར་ཨོ་རྒྱན་གྱིས་ལུང་བསྟན་ཏོ། །ཡང་བལ་ཡུལ་ཁོ་ཁོན་ཀླུའི་ཕོ་བྲང་ན། །སངས་རྒྱས་འོད་སྲུང་གི་རིང་ནས་རྒྱལ་རྒྱུད་མ་ཆད་པ། རྒྱལ་པོ་སྡེ་བ་ལྷའི་སྲས་མོ་ལ་བལ་བཟའ་ཁྲི་བཙུན་འཁྲུངས། གཞན་ཡང་བལ་པོའི་རྒྱལ་པོ་བྷ་སུ་དྷ་ར་ཞེས་ཨོ་རྒྱན་གྱི་སློབ་མ་གྲུབ་ཐོབ་གཅིག་བྱོན། བལ་པོའི་རྒྱལ་པོ་སྒྲོལ་མས་བྱིན་གྱིས་རླབས་པ་དེས། མི་ལ་ལ་ཡང་ཀ་ཤི་ཀའི་རས་གོས་ཕུལ་ཞིང་། ད་ལྟའི་བར་དུ་རྒྱལ་པོ་བར་མ་ཆད་དུ་ཡོད་དོ། །རྒྱ་ནག་གི་རྒྱལ་པོ་ལ་སྔ་བ་ཙིའུ་ནི། ཟས་གཙང་མའི་མཉེས་པོ་གཞུ་བསྟན་དང་དུས་མཉམ་སྟེ། དེ་ནས་རྒྱལ་རབས་བཞི་ནས་ཙིའུ་དབང་རྒྱལ་གྱི་རིང་ལ། ནུབ་ངོས་ནས་འོད་དང་སྒྲ་


CMR058_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ལྟས་ངོ་མཚར་ཅན་བྱུང་། རྩིས་བྱས་པས་སྟོན་པ་འཁྲུངས་པར་ཤེས། ཙིའུ་རྒྱལ་རབས་སོ་དྲུག་ནི་རེ་རེའི་ལོ་བརྒྱ་རེ་རྒྱལ་ས་བཟུང་། དེ་རྗེས་ཚན་ཧྲི་ཧང་གི་རྒྱ་པོ་ཕ་བུ་གཉིས། དེ་རྗེས་ཧན་པའོ་རྡུང་གིས་རྒྱལ་རབས་བཅུ་གཉིས། དེ་ནས་བློན་པོ་ཨོཾ་མཾ་གྱིས་རྒྱལ་ས་འཕྲོག་ནས་ལོ་བཅོ་བརྒྱད་བཟུང་། དེ་ནས་ཧན་ཀའོ་ཛུང་རང་གི་གདུང་རྒྱུད་ལྡེའུ་བློང་གིས་ཨོཾ་མེ་བསད་ནས་རྒྱལ་ས་བཟུང་། དེ་ནས་རྒྱལ་རབས་གསུམ་བཟུང་། དེའི་བློན་པོ་ཆ་བོ་ཚས་རྒྱལ་ས་འཕྲོག་ནས་རྒྱལ་རབས་ལྔར་བཟུང་། དེའི་བློན་པོ་ཨུ་མ་ཏིས་རྒྱལ་ས་འཕྲོག །དེའི་རྗེས་ལ་ཧེའུ་ཅིང་གི་རྒྱལ་ས་བཟུང་། དེའི་བུ་དུང་ཅིང་རྒྱལ་པོ། དེ་རྗེས་དེའི་ནུབ་བོ་སེ་ཆེན་ནམ་སྤྱི་གཏིམ་རྒྱལ་པོའི་རིང་ལ། ཇོ་བོ་ཤཱཀྱ་དང་ཙན་ན་དང་ཇོ་བོ་གཉིས་རྒྱ་ནག་ཏུ་བྱོན་ནས་ཆོས་དར་རོ། །དེ་རྗེས་དེའི་མི་དཔོན་ཆིང་སང་གིས་རྒྱལ་ས་འཕྲོག །དེའི་རྒྱུད་ཆད་ནས་སུ་གཡང་ཏི་ཟེར་བའི་རྒྱལ་པོ་ཕ་བུ་བྱུང་། དེ་ནས་ཐང་གི་རྒྱལ་པོ་བྱུང་བ་བོད་ཀྱི་གནམ་རི་སྲོང་བཙན་དང་དུས་མཉམ། དེའི་བུ་ཐང་ཀའོ་ཟང་གི་རྒྱལ་པོ། དེའི་བུ་ཐེའི་ཛུང་གི་རྒྱལ་པོའི་སྲས་མོ་རྒྱ་བཟའ་དབོན་ཆུང་འཁྲུངས། བུ་བདུན་གྱི་རིམ་པར་


CMR058_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་ས་བཟུང་ནས་བུ་ཆེ་བའི་རྒྱུད་ཛུང་ཛུང་རྒྱལ་པོའི་སྲས་མོ་དེ་ཁྲི་སྲོང་ལྡེའུ་བཙན་གྱི་ཡུམ་ཡིན་ནོ་གྱིང་ཤིང་ཀོང་ཇོའོ། །དེ་ནས་སྲས་ཐང་ཟན་ཟུང་གི་རྒྱལ་པོ། དེའི་བློན་པོ་ཧང་ཆའོས་རྒྱལ་ས་འཕྲོག དེ་ནས་ལང་ཞེས་བྱ་བའི་རྒྱལ་པོ་རིམ་པ་ལྔ་བྱུང་། དེ་ནས་རྒྱལ་པོ་ཙིའུ་ཐེའི་ཇུ། འདི་ནས་རྒྱལ་ས་མེ་ཉག་ལ་ཤོར། རྒྱལ་རྒྱུད་སྨན་རྩེའི་རྒྱལ་ཕྲན་རིམ་པ་བརྒྱད་བྱུང་ངོ་། །ཡང་མེ་ཉག་གི་ཡུལ་རྒྱའི་ཞབས་སུ་ཡོད་དུས། མེ་ཉག་ཡུལ་གྱི་ཀླུ་བདུད་སི་ཧུའི་བརྫུས་བུ་གཅིག་གིས་རྒྱའི་རྒྱལ་ས་འཕྲོག་པས། སི་ཧུ་རྒྱལ་པོ་འདི་རྒྱལ་རབས་དྲུག་ལ་མེ་ཉག་ལྕེ།རྒྱལ་རྒོད་མ་ཡིན་ལ། ལོ་ཉིས་བརྒྱ་དྲུག་ཅུར་མེ་ཉག་གིས་རྒྱལ་པོ་བཟུང་ངོ་། །འདི་ནས་རྒྱལ་ས་ཧོར་ལ་ཤོར། ཧོར་གྱི་རྒྱལ་པོ་ལ་སྔ་བ་གནམ་གྱི་བུ་འབོར་ཐ་ཆེ། དེ་ནས་རྒྱལ་རབས་ཉེར་གཅིག་བར་ལ། ཧོར་ཁོ་རང་གི་རྒྱལ་པོ་ལེན་པ་རྒྱ་ཡི་རྒྱལ་པོ་མི་དབང་པ་ལ། དེ་ནས་ཚེ་རིང་གནམ་གྱི་ཤེ་མོང་ལ་བརྟེན་ནས་སྟོབས་ཀྱི་དབང་ཐོབ་པའི་རྒྱལ་པོ། ཧོར་ཇིང་གིར་གན་གྱི་རྒྱལ་པོ་བྱོན་ནས་རྒྱ་དང་མེ་ཉག་ཐམས་ཅད་འོག་ཏུ་བཅུག་ལོ་སོ་གསུམ་རྒྱལ་ས་བཟུང་། དེའི་ནུ་བོ་ཨུ་རུ་ཀའི་རྒྱལ་པོ་དང་། ཇིང་གིར་ལ་བུ་བཞི་སྟེ། མདོ་ཆིའི་རྒྱལ་


CMR058_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

པོ། འ་ཆ་ཏའི་རྒྱལ་པོ། གོའུ་ཏའི་རྒྱལ་པོ། ཐོ་ལོན་ནོ་ཡོན་རྒྱལ་པོ། མདོ་ཆའི་རྒྱལ་པོ་ལ་སྲས་བརྒྱད། ཆ་གང་ཏིའི་རྒྱལ་པོ་ལ་སྲས་དགུ། ཨོཾ་གུ་ཏད་རྒྱལ་པོ་ལ་སྲས་གཉིས་ཀྱི་ཆེ་བ་གོ་ཡུག་རྒྱལ་པོ། དེ་ལ་སྲས་ལྔ་ལས་ཆེ་བ་མོན་ཁ་གེན་རྒྱལ་པོ། ཧུ་ལ་ཧུ་ནི་སྟོད་ཧོར་རྒྱལ་པོ་བྱས། ཆུང་བུ་གཉིས་རྒྱལ་པོ་མ་མཛད། འབྲིང་བ་གུ་བེ་ལྷ་སེ་ཆེན་གན་གྱི་རྒྱལ་པོ། འདི་སེ་ཆེན་རྒྱལ་པོ་སྟེ་ལོ་སོ་ལྔ་རྒྱལ་ས་བཟུང་སྲས་བཞིའི་འབྲིང་པོ་ཇིམ་གིན་རྒྱལ་པོ། དེའི་སྲས་ཀ་མ་ལ་རྒྱལ་པོ། དྷརྨུ་ཕ་ལ། ཨོཾ་ཐ་ཐུལ་རྒྱལ་པོ། །དྷརྨ་ཕ་ལའི་རྒྱལ་པོ་ལ་སྲས་གོ་ལུག་རྒྱལ་པོ་དང་ཨ་སུ་ཏ་བུ་ཡན་རྒྱལ་པོའོ། །ཨ་སུ་ཏའི་བུ་གེ་གེན་རྒྱལ་པོ་དང་། སིདྡྷི་ཕ་ལའི་རྒྱལ་པོ། གེ་གེན་བུ་ཀ་མ་ལ་རྒྱལ་པོ། དེའི་བུ་ཙི་དབང་རྒྱལ་པོ། དེའི་བུ་ར་ཁྱི་ཕག་རྒྱལ་པོ། ཡང་གོ་ལུག་རྒྱལ་པོའི་བུ་གསུམ། ཀུ་ཤ་ལ་རྒྱལ་པོ། གོ་ལུགས་རྒྱལ་པོ། ཐོ་གན་ཐི་མུར་ལྗོ་དུ་ཏ་རྒྱལ་པོ། ཀུ་ཤའི་བུ་རཏྣ་ཤི་རི་རྒྱལ་པོ། དེའི་ནུ་བོ་ཐོག་ན་ཐི་མུར་གྱི་རྒྱལ་པོའི་ལོ་ཞེ་བརྒྱད་བཟུང་། འདི་ནས་རྒྱལ་ས་རྒྱའི་ཧའི་མིང་རྒྱལ་པོ་ལ་ཤོར་རོ། །བོད་དུ་མི་དང་རྒྱལ་པོ་བྱུང་ཚུལ་ནི། སྤྲེའུ་དང་བྲག་སྲིན་


CMR058_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ལ་མིར་འཕེལ་ནས་རིང་ཞིག་མ་ལོན་པ་ན། ཤཱཀྱ་རི་བྲག་པའི་རྒྱུད་རྒྱལ་པོ་དམག་བརྒྱ་པའི་བུ་ཆུང་བ་ཡིན་ཟེར་བ་དང་། གོ་ས་ལིའི་རྒྱལ་པོ་གསལ་རྒྱལ་གྱི་རྒྱུད་ལྔ་པའམ། རྒྱལ་པོ་གཟུགས་ཅན་སྙིང་པོའི་རྒྱུད་ལྔ་ཚིག་གམ། བོང་ས་ལའི་རྒྱལ་པོ་འཆར་བྱེད་ཀྱི་བུ་ཡིན་ཟེར་བ་ཡང་ཤཱཀྱ་ལི་ཙ་བྱིའི་རིགས་ཡིན་པར་འཇམ་དཔལ་རྩ་རྒྱུད་ནས་ལུང་བསྟན་ཏོ། །གང་ལྟར་རྒྱལ་རྒྱུད་གཅིག་བོད་དུ་བཅུག་པ་རྗེ་གཉའ་ཁྲི་བཙན་པོ། དེས་ཕོ་བྲང་ཡུམ་བུ་གླུ་མཁར་བརྩེགས། དེ་ལྟར་རྒྱལ་རབས་བདུན་ནི་སྲས་རྟ་ཁ་ཐུབ་ཙམ་ནས་ཡབ་ནམ་མཁའ་ལ་ཡལ་ཏེ། གནམ་ལྷ་ཁྲི་བདུན་ཟེར། དེ་ནས་གྲི་གུམ་བཙད་པོ་བློན་པོ་ལོ་ངམ་རྟ་རྫིས་བསད། སྲས་གསུམ་བྲོས་སོ། །དེར་བཙུན་མོ་ཡར་ལྷ་ཤམ་པོའི་བརྫུས་བུ་བློན་རུས་ལ་སྐྱེས་བྱུང་༈ ནས་ལོ་ངམ་བསད། རྒྱལ་པོའི་སྲས་གསུམ་སྤྱན་དྲངས་པས། སྲས་ཤ་ཁྲི་དང་ཉ་ཁྲི་གཉིས་ཀོང་པོ་དང་ཉང་པོའི་རྗེ་མཛད་ནས་ད་ལྟ་ཡང་རྒྱུད་ཡོད། བྱ་ཁྲི་གདན་དྲངས་ནས་རྒྱལ་པོ་སྤུ་དེ་གུང་རྒྱལ་དུ་གྲགས། འདི་དུས་རྟག་གཟིག་ཡུལ་དུ་གཤིན་རབ་བྱོན་ཞང་ཞུང་ནས་རྒྱུ་བོན་དར། ཟངས་ལྕགས་དངུལ་བཞུ་བ་སོགས་སོ་ནམ་དར། རྒྱལ་པོ་འདི་གཉིས་ལ་སྟོད་ཀྱི་


CMR058_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་གཉིས་ཟེར། དེ་ནས་ལེགས་པ་གྲས་པའི་རྒྱལ་རབས་དྲུག་ཟེར། ལྡེ་ལ་གྲས་པའི་རྒྱལ་རབས་བརྒྱད་ནི་ས་ལ་ལྡེ་བརྒྱད། དེ་ནས་བཙན་ལ་གྲས་པའི་རྒྱལ་རབས་གསུམ་ནི་འོག་ཏུ་བཙན་གསུམ། སངས་རྒྱས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་ན་ཐོ་ཐོ་རི་སྙན་ཤལ་ཀུན་ཏུ་བཟང་པོའི་སྤྲུལ་པ་བྱོན། ཕོ་བྲང་གི་རྩེར་ཟ་མ་ཏོག་དང་གསེར་གྱི་མཆོད་རྟེན། པང་ཀོང་ཕྱག་རྒྱ་པ་ཙིན་མ་ཎི་སཱཙྪའི་རྐོས་ཕོར་ནམ་མཁའ་ནས་བབས། གདུང་རབས་ལྔ་ནས་འདི་ཡི་དོན་ཤེས་པ་འབྱུང་ཞེས་ནམ་མཁའ་ནས་ལུང་བསྟན། གཉེན་པོ་གསང་བར་བཏགས་ནས་མཆོད་པས་རྒྱལ་པོས་ལོ་བརྒྱ་དང་ཉི་ཤུ་ཐུབ། དམ་པ་ཆོས་ཀྱི་དབུ་བརྙེས། དེའི་སྲས་ཁྲི་གཉན་བཟུང་། དེའི་སྲས་འབྲོང་གཉན་ལྡེའུས་ཀླུ་མོ་ཁབས་སུ་བཞེས་པས་ཀླུ་ནད་ཀྱིས་འདས། དེའི་སྲས་དམུས་ལོང་སྤྱན་ཕྱེས་པས་སྟག་རི་གཉན་གཟིགས། དེའི་སྲས་གནམ་རི་སྲོང་བཙན་གྱིས་རིང་ལ་རྒྱ་ནག་ནས་སྨན་དང་རྩིས་བྱུང་། རྒྱ་དང་གྲུ་གུའི་ཡུལ་བཏུལ། བྱང་ནས་ཚྭ་ཁ་རྙེད། གཉའ་ཁྲི་བཙན་པོ་ནས་ཐོ་ཐོ་རི་བར་ལ་གདུང་རབས་ཉེར་བརྒྱད་ལ་ལོ་ལྔ་བརྒྱ་སོང་ཐོ་ཐོ་རི་ལོ་བརྒྱ་དང་ཉི་ཤུ་ཐོབ་ཅིང་གནམ་རི་སྲོང་བཙན་


CMR058_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ཆད་ལ་གདུང་རབས་བཞི་ལོ་བརྒྱ་དང་བཅུ་གཅིག་སོང་ངོ་། །དེ་ནས་ཐུགས་རྗེ་ཆེན་པོའི་སྤྲུལ་པ་སྲོང་བཙན་སྒམ་པོས་དམར་པོ་རི་ལ་ཕོ་བྲང་བཏབ། དགེ་བ་བཅུའི་ཁྲིམས་བསྡམས་བློན་པོ་ཐུན་མིས་རྒྱ་གར་གྱི་བྲམ་ཟེ་ལི་བྱིན་ལ་ཡི་གེ་བསླབས་ཏེ་བོད་ཡིག་བཅོས། ཐུགས་རྗེ་ཆེན་པོའི་མདོ་རྒྱུད་ཉེར་གཅིག་བསྒྱུར། སྤྲུལ་པའི་དགེ་སློང་ཨ་ཀ་ར་མ་ཏི་ཤི་ལས་རྒྱ་གར་ནས་ཙནྡན་སྦྲུལ་གྱི་སྙིང་པོ་ལ་བྱོན་པའི་བཅུ་གཅིག་ཞལ་དང་། བལ་ཡུལ་ནས་ཧ་རི་ཙནྡན་ལ་བྱོན་པའི་ཁརྨ་པཱ་ཎི་གདན་དྲངས། སློབ་དཔོན་མགར་གྱིས་བལ་བཟའ་གདན་དྲངས་བའི་རྫོ་ངས་ལ། ཇོ་བོ་མི་བསྐྱོད་རྡོ་རྗེ། བྱམས་པ་ཆོས་ཀྱི་འཁོར་ལོ། ཙནྡན་སྒྲོལ་མ་རང་བྱོན། ནོར་བུ་སྟག་ཤ་དྷེ་ཝ། བཻཌཱུརྱའི་ལྷུང་བཟེད། རིན་པོ་ཆེའི་ཁལ་དུ་མ་བྱུང་བལ་བཟས་རྒྱལ་པོའི་སྐུ་མཁར་རྩགས་སུ་གྱང་བསྐོར་སུམ་ཅུ། ལོགས་རེ་ལ་རྒྱང་གྲགས་རེ་ཡོད་པ། མཁར་དགུ་བརྒྱས་རྒྱལ་པོའི་མཁར་ལ་བསྐོར་བ་བརྩིགས་པ། ཡང་མགར་གྱིས་རྒྱ་བཟའ་བསུ་བ་ལ་རྒྱ་གར་དང་གེ་སར་ཧོར་སྟག་གཟིག་སར་རྒྱལ་པོ་རྣམས་ཀྱིས་གཉེ་བོ་དང་རིགས་པ་འགྲན་པས་མགར་བློན་པོ་རྒྱལ་ནས་རྒྱ་བཟའ་ཐོབ། རྒྱ་བཟའི་རྫོངས་


CMR058_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཇོ་བོ་ཤཱཀྱ་མུ་ནེ། རྩིས་སྨན་བཟོ་རིག་ཇ་དར་རིན་པོ་ཆེ་དུ་མ་བྱུང་། ཕྱོགས་བཞི་ནས་སྤྲུལ་པ་བཞི་མཛད་ནས་བྱོན། ཞོ་དང་དར་བཤིགས་ཆུ་ར་རྩ་ཐག་རྫ་ཆུ་དོག་ལ་ཉུང་རྣམས་རྒྱ་བཟས་བྱུང་ངོ་། །དེ་ཕན་མ་དར་རོ། །དེ་ནས་བཅུ་གཅིག་ཞལ་རང་བྱུང་དུ་བྱོན། ལྷ་ས་ཡེར་པ་ཁྲ་འབྲུག་ཁམས་གླིང་ཐང་སྒྲོན་མ། ཀ་ཆུ་ཀམ་ཆུ་གླིང་ཆུ་ལ་སོགས་གཙུག་ལག་ཁང་བརྒྱ་རྩ་བརྒྱད་བཞེངས། མཐའ་འདུལ་ཡང་འདུལ་རྣམས་རྒྱལ་པོའི་སྤྲུལ་པས་བཞེངས་སོ། །བཙུན་མོ་དྲུག་གི་ནང་ནས་མོང་བཟའ་ཁྲི་ལྕམ་ལ་སྲས་གུང་རི་གུང་བཙན་འཁྲུངས། རྒྱལ་སྲིད་ལོ་ལྔར་བཟུང་། དགུང་ལོ་བཅོ་བརྒྱད་ལ་ཡབ་ཀྱི་སྲས་སྔོན་ལ་འདས་སོ། །སྲོང་བཙན་གྱི་སྤྲུལ་པའི་དམག་གིས་ལི་ཡུལ་ཧོར་བཏུལ་འཛམ་གླིང་ཕྱེད་ཁ་ལོ་བསྒྱུར་རོ། །དེ་ནས་དགུང་ལོ་བརྒྱད་ཅུ་གྱ་གཉིས་སྦྱིན་དྲུག་ཟླ་བའི་ཚེས་བཅུ་ལ་ལུང་བསྟན་ཞལ་གདམས་གནང་ནས་བཅུ་གཅིག་ཞལ་ལ་ཐིམ་མོ། །དེ་ནས་དབོན་མང་སྲོང་མང་བཙན་གྱི་རིང་ལ་རྒྱའི་རྒྱལ་པོའི་དམག་བྱུང་ནས་ཇོ་བོ་གཏེར་དུ་སྦས་ཏེ་སྒོ་ལ་འཇམ་དབྱངས་བྲིས། མི་བསྐྱོད་རྡོ་རྗེ་སྔ་དྲོ་གཅིག་ཁྱེར། པོ་ཊ་ལ་བསྲེགས་སོ། །དེ་ནས་མགར་གྱིས་དམག་བྱས་ནས་


CMR058_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱའི་ཡུལ་མཁར་བཅོམ། མགར་ཡང་དམག་ཐོག་དེར་འདས་སོ། །མང་སྲོང་ལོ་བཅོ་ལྔར་ཁྲི་མནན་ནས་རྩ་བདུན་ལ་འདས་སོ། །དེའི་སྲས་ཡབ་འདས་རྒྱབ་འཁྲུངས་འདུས་སྲོང་མང་པོ་རྗེ་རླུང་ནམ་འཕྲུལ་གྱི་རྒྱལ་པོའི་རིང་ལ། བློན་རྩལ་པོ་ཆེ་མི་བདུན་བྱུང་སྟེ། །གླང་པོ་ཆེ་དང་གཡག་གྲུས་ཆགས་པ་དང་། ཤ་བའི་བླུད་བུ་བྱེ་མས་བཀང་བ་ཀླད་ལ་བསྐོར་བ་དང་། །འབྲོང་ཐུར་ལ་རྒྱུག་པ་དང་རྟ་གཡང་ལ་འཕྱོང་བ་གྱེན་དུ་འཐེན་ཐུབ་པ་དང་མིག་རྒྱང་གསུམ་ལ་མདས་རྩིབ་པ་དང་། མདས་རྟ་ཁམ་གྱིས་བྱ་ཁྲ་བཅད་པ་སོགས་བྱུང་། །མཐའ་བཞིའི་རྒྱལ་པོ་དབང་དུ་འདུས་ཤིང་སྲོང་བཙན་གྱི་དུས་མཆོད་བཙུགས། བློན་པོ་མགར་གྱི་བུས་དམག་དཔོན་བྱས་ནས་རྒྱའི་བྱང་ངོས་ཟི་ལིང་ཁའི་བར་བཅོམ་མོ། །ལོ་ཉེར་དགུ་ལ་རྒྱལ་སྲིད་བཟུང་སྟེ་འདས་སོ། །དེའི་སྲས་ཁྲི་ལྡེ་གཙུག་བརྟན་མེས་ཨག་ཚོམ་ནི། སྲས་གཅིག་ཡོད་པ་ལ་རྒྱ་བཟའ་གྱིམ་ཤིང་ཀོང་ཇོ་བསུས་པ་ལ་སྲས་འདས་ནས་ཡབ་ཀྱིས་བདག་པས་ཁྲི་སྲོང་ལྡེའུ་བཙན་འཁྲུངས། མཆིམས་ཕུ་ནམ་ར་སོགས་ལྷ་ཁང་ལྔ་བཞེངས། མདོ་སྡེ་ལྔ་བསྒྱུར། རྒྱ་བཟའ་འདིས་ཇོ་བོ་མུན་ཁང་ནས་བཏོན་ཏེ་མཆོད་པ་བཙུགས། རྒྱའི་བྱང་ངོས་དང་འགའི་


CMR058_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

ས་ཆ་ལོ་སུམ་ཅུ་ལ་བོད་ཀྱིས་བདག །དགུང་ལོ་རེ་གསུམ་ལ་འདས་སོ། །ཁྲི་སྲོང་ལོ་ལྔ་ནས་ཡབ་འདས། བརྒྱད་ནས་རྒྱལ་སྲིད་བཟུང་། སྐུ་ན་ཆུང་ཚེ་མ་ཞང་འཁྲོན་པ་སྐྱེས་དང་ཀླུ་གོང་སོགས་ཀྱིས་ཇོ་བོ་རྒྱ་ཡུལ་སྐྱེལ་བསམ་པ་མི་སྟོང་གིས་ཀྱང་མ་ཁྱག་ནས་བྱེ་ཐམ་བྱས། དེ་བྱེད་མཁན་ལ་སྨྱོ་བ་དང་རྒྱབ་གས་ནས་ཤི་བས་ཇོ་བོ་རྒྱ་གར་དུ་སྐྱེལ་བ་ལ་མང་ཡུལ་ཁྱེར་ལ་འགགས་ནས་ལོ་བཅུ་བཞི་ལུས་མི་བསྐྱོད་རྡོ་རྗེ་རྒྱ་ཡུལ་དུ་སྐྱེལ་བར་འོ་བརྒྱལ་ཐང་དུ་ཞག་བདུན་ལུས། དེ་ནས་རྒྱལ་པོས་མ་ཞང་བསད་ཇོ་བོ་སྤྱན་དྲངས། བོན་སྣུབས་ཨོ་རྒྱན་རིན་པོ་ཆེ་དང་བྷོ་དྷི་སོགས་མཁས་པ་བརྒྱ་རྩ་བརྒྱད་སྤྱན་དྲངས། གཙུག་ལག་ཁང་བརྒྱ་རྩ་བརྒྱད་བཞེངས། བུ་སུམ་བརྒྱ་རབ་ཏུ་བྱུང་ནས་ལོཙྪ་བསླབ་བོ། །དམག་དག་ཤིང་ཀུན་ཅིའུ་མཁར་སྨན་རྩེའི་ཡུལ་ཧོར་ཡུལ་རྣམས་བཅོམ། རྒྱལ་པོའི་རྟ་མགྲིན་བསྒྲུབས་ནས་རྟ་སྐད་གསུམ་བཏོན་པས་འཛམ་གླིང་སུམ་ཉིས་སུ་ཐོས་པས་སུམ་གཉིས་ལ་དབང་བསྒྱུར་བར་གྱུར་སྐད། ང་དྲུག་ལ་འདས། སྲས་ཆེ་བ་མུ་ནེ་བཙན་པོ་ལ་ཡབ་ཀྱི་རྒྱལ་སྲིད་གཏད། མཆོད་རྣམས་བཙུགས། །ལྟོགས་ཕྱུག་ལན་གསུམ་བསྙོམས། རྒྱལ་ས་ལོ་


CMR058_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱེད་གཉིས་དགུང་ལོ་ཉེར་དགུ་ལ་དུག་གིས་འདས། སྲས་འབྲིང་བ་མུ་ཏིག་བཙན་པོའི་ཡབ་ཡོད་དུས་བློན་པོ་ཞང་གི་བུ་ཉེས་མེད་དུ་བསད་པས་བྱང་དུ་སྤྲུགས། །ཕྱིས་གདན་དྲངས་ཏེ་རྒྱལ་སར་འཇོག་རྩིས་བྱས་ཀྱང་ཞང་སྣ་ནམ་བཟས་བཀྲོང་སྟེ་རྒྱལ་ས་མ་བྱུང་ཡང་ཟེར་རོ། །སྲས་ཆུང་བ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་འཇིང་ཡོན་རྒྱལ་པོ་ཡི་རིང་ལ་རྒྱ་ལ་དམག་བྱས། །ཀ་མ་ལ་ཤཱི་སོགས་ལ་ཞབས་ཏོག་དང་ཆོས་སྲིད་བསྐྱངས། སྲས་ལོ་བཅུ་གསུམ་དུས་སད་ན་རྒྱལ་པོ་འདས་ཟེར། སྲས་ལྡེང་ཁྲི་ལ་སྲས་ལྔ་འཁྲུངས། ཆོས་སྲིད་བསྐྱངས་ཤིང་དགུང་ལོ་ལྔ་བཅུ་ང་ལྔ་ལ་འདས། སྲས་ཆེ་བ་གཙང་མ་རབ་ཏུ་བྱུང་། རལ་པ་ཅན་དགུང་ལོ་བཅུ་གཉིས་ལ་རྒྱལ་ས་བཟུང་། བསྟན་པ་དར་རྒྱས་དང་སྐད་གསར་བཅད་མཛད། འོད་འཇང་རྡོའི་ལྷ་ཁང་དགུ་ཐོགས་བཞེངས། རྒྱ་ནག་ཏུ་དམག་དྲངས་ནས་མདུན་མ་བྱས། རྡོ་རིང་ཡི་གེ་ལྷ་ས་དང་རྒྱ་ནག་ཁྲོང་ས་མཚམས་རྒྱ་ཡུལ་སྨེ་རུ་གསུམ་དུ་བཙུགས། འཛམ་གླིང་སུམ་གཉིས་ལ་དབང་མཛད་དོ། །དགུང་ལོ་སོ་དྲུག་ལ་བདུད་བློན་རྣམས་ཀྱིས་བཀྲོངས། མཆེད་ཡ་གླང་དར་རྒྱལ་པོར་བསྐོས་པས། ཇོ་བོ་གཉིས་ས་ལ་སྦས། ལྷ་ཁང་རྣམས་


CMR058_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

བཤིགས། ཆོས་པ་རྣམས་བསད་དོ། །དམར་གཡོ་གཙང་གསུམ་སོགས་ཀྱིས་དཔེ་ཆ་བཀལ་ནས་ཁམས་སུ་བྲོས། དེ་ནས་ལྷ་ལུང་དཔལ་གྱི་རྡོ་རྗེ་ལ་དཔལ་ལྷས་ལུང་བསྟན་པ་ལྟར་རྒྱལ་པོ་བསད་ནས་ཁམས་སུ་བྲོས་སོ། །དེ་རྗེས་བཙུན་མོ་ཆུང་བ་ལ་སྲས་གཅིག་འཁྲུངས་པ་འོད་སྲུང་། དེ་ལ་ཕྲག་དོག་བྱས་ནས་བཙུན་མོ་ཆེ་བས་སྤྲང་ཕྲུག་གཅིག་རྒྱལ་པོའི་སྲས་མོ་ལ་འཁྲུངས་ཟེར་ནས་གསོས་པས་ཡུམ་བརྟན། འདི་གཉིས་ཆུང་དུས་བློན་པོ་རྣམས་ཀྱིས་ཇོ་བོ་གཉིས་བཏོན་ལྷ་ཁང་བསོས་སོ། །དེ་གཉིས་ཆེ་ནས་མ་འཆམ་པར་དུས་ལོག་བྱུང་ངོ་། །བང་སོ་རྣམས་བཤིགས་སོ། །འོད་སྲུང་གིས་བྱ་ལྷ་ཁང་བཞེངས། སྲས་དཔལ་འཁོར་བཙན་དང་། སྐྱིད་ལྡེ་ཉི་མ་མགོན། བཀྲ་ཤིས་བརྩེགས་རྣམས་བྱུང་བའི་མངའ་ཐང་ཡུམ་བརྟན་ལ་ཤོར། མངའ་རིས་ཀྱི་རྒྱལ་པོ་མཛད་དོ། །ཡུམ་བརྟན་གྱིས་སྲས་ཁྲི་དེ་མགོན་རྙེད། དེ་ལ་སྲས་ཆེ་བ་རིག་པ་མགོན། ཆུང་བ་ཉི་མ་མགོན། ཉི་མ་མགོན་གྱི་སྲས་ཉི་འོད་དཔལ་མགོན། འདི་ཡི་རྒྱུད་རླུང་ཤོད་འཕན་ཡུལ་མདོ་ཁམས་ན་མང་ངོ་། །ཁྲི་རིག་པ་མགོན་གྱི་རྒྱུད་ལ་ལྷ་བཙུན་སྔོན་པོ་ལྷ་བཙུན་བོ་དྷི་ར་ཙ། སྨྱུག་རུམ་པ་སོགས་


CMR058_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

བྱོན་ཅིང་རྒྱུད་ཕྱོགས་ཐམས་ཅད་དུ་འཕེལ་བ་ཀྱི་གཡོར་ཀུན་ན་ཡོད་པའི་ཇོ་བོར་མིང་བཏགས་པ་ཀུན་ཡིན་ཟེར། མི་རབས་བརྒྱད་ནས་རྒྱུད་ཆད་ཟེར་བའང་ཐོས་སོ། ལོ་དགུ་བཅུ་གོ་བརྒྱད་ལ་ཆོས་སྒྲ་མེད་དོ། །དེ་ནས་བླ་ཆེན་དགོངས་པ་རབ་གསལ་ཁམས་སུ་རབ་ཏུ་བྱུང་བ་ནས་བསྟན་པའི་མེ་རོ་སོས་སོ། །དེ་དུས་ཡུམ་བརྟེན་གྱི་རྒྱུད་ཚ་ན་ཡེ་ཤེས་རྒྱལ་མཚན་གྱིས་དབུས་གཙང་གི་མི་བདུན་ཁམས་སུ་བཏང་སྟེ། རབ་ཏུ་བྱུང་ནས་དབུས་གཙང་སུ་བསྟན་པ་དར་རྒྱས་སུ་གྱུར་རོ། །དེ་ཡང་གོང་དུ་བཤད་པའི་འོད་སྲུང་གི་རྒྱུད་སྐྱིད་ལྡེ་ཉི་མ་མགོན་གྱིས་མངའ་རིས་ཀྱི་རྒྱལ་པོ་མཛད་ནས་སྤུ་རང་ལ་དབང་བསྒྱུར། དེའི་སྲས་ཆེ་བ་དཔལ་མགོན་གྱིས་ཡར་ལུང་བཟུང་ནས་རྒྱལ་རྒྱུད་བྱུང་། བར་པ་བཀྲ་ཤིས་མགོན་གྱི་སྤུ་རང་། ཆུང་བ་སྡེ་བཙུགས་མགོན་གྱིས་ཞང་ཞུང་བཟུང་སྟེ། སྟོད་ན་བཞུགས་པའི་མགོན་གསུམ་ཟེར། ལྡེ་བཙུན་མགོན་གྱི་སྲས་འཁོར་ལྡེ་དང་སྲོང་ལྡེ་གཉིས། སྲོང་ལྡེ་ལ་སྲས་ནཱ་ག་ར་ཙ་དང་ལྡེ་བ་ར་ཙ་གཉིས་ཡོད་རྒྱབ་མ་རབ་ཏུ་བྱུང་ནས་ལྷ་བླ་མ་ཡེ་ཤེས་འོད་དུ་གྲགས། མཁོ་མཐིང་ལྷ་ཁང་བཞེངས། ལོཙྪ་བ་རིན་ཆེན་བཟང་པོ་དང་རྔོག་ལེགས་པའི་ཤེས་རབ་སོགས་ཉེར་གཅིག་རྒྱ་གར་


CMR058_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བརྫངས། པཎྜི་ཏ་ཤྲཱི་རྡ་ཀ་ར་སོགས་སྤྱན་དྲངས་ཏེ་སྟོད་འདུལ་དར། གཅེན་པོ་འཁོར་དེས་ཁ་ཆར་ལྷ་ཁང་བཞེངས། དེའི་སྲས་ལྷ་ལྡེའི་པཎྜི་ཏ་སུ་བྷ་ཤི་དང་པཎྜི་ཏ་རྨེ་རུ་སྤྱན་དྲངས། ལྷ་ལྡེའི་སྲས་ཆེ་བ་ཞི་བ་འོད། འབྲིང་བ་ལྷ་བླ་མ་བྱང་ཆུབ་འོད། ཆུང་བ་འོད་ལྡེ་འོད། འདི་སྐབས་ཡེ་ཤེས་འོད་རྒྱ་གར་དུ་པཎྜི་ཏ་སྤྱན་འདྲེན་ལ་བྱོན་པ་མུ་སྟེགས་ཀྱིས་བཟུང་ནས་གསེར་དང་མཉམ་བཀྱག་གིས་བླུས་ཀྱང་རྩ་སྒོ་རྣམས་བསྲེགས་པས་ད་ཇོ་བོ་རྗེ་སྤྱན་དྲོངས་ཤིག་གསུངས་ནས་འདས། བྱང་ཆུབ་འོད་ཀྱིས་ཁུ་བོའི་གསུངས་བཞིན་རྒྱ་བཙོན་སེང་བཏང་ནས་ཇོ་བོ་རྗེ་སྤྱན་དྲངས། འོད་ལྡེས་པཎྜི་ཏ་དྷ་ན་ཤྲཱི་སྤྱན་དྲངས། དེའི་སྲས་བཙན་ལྡེ་སོགས་རིམ་པར་གུ་གེ་སྤུ་རང་མང་ཡུལ་སོགས་དབང་བའོ། །ཡ་རྩེ་ལ་ཡང་དབང་ངོ་། །ཡ་རྩེའི་རྒྱལ་རྒྱུད་འདིས་ཇོ་བོ་དང་བཅུ་གཅིག་ཞལ་ལ་གསེར་ཐོག་ཕུལ་ལོ། །ཡང་གོང་དུ་བཤད་པའི་འོད་སྲུང་གི་རྒྱུད་བཀྲ་ཤིས་བརྩེགས་ལ་སྲས་གསུམ། དཔལ་ལྡེ། །འོད་ལྡེ། སྐྱིད་ལྡེ་གསུམ། སྨད་ན་བཞུགས་པའི་ལྡེ་གསུམ་ཟེར། དཔལ་ལྡེའི་རྒྱུད་ལྷ་རྩེ་བ་གླང་ལུང་བཙད་འཁོར་བ་སོགས་ལ་སྟོད་མན་ཆད་ན་དར། སྐྱིད་ལྡེ་ཤང་རྟ་ནག་ཏུ་ཕོག་


CMR058_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྲས་དྲུག་བྱུང་བའི་ལྔ་བྱང་དུ་བྱོན། །འབྲོའི་བཙད་པོ་དང་ཉང་སྟོད་སོགས་གཙང་ན་ཡོད་པ་རྣམས་སོ། །འབྲོའི་བཙད་པོའི་རྒྱུད་སྤྱག་བཙན་ལ་སོགས་སོ། །སྲས་འབྲིང་པོ་འོད་ལྡེ་ལ་སྲས་བཞི། ཕ་བ་དེ་སེ། ཁྲི་ལྡེ་ཁྲི་ཆུང་ཉག་ལྡེའོ།་ཆེ་བའི་རྒྱུད་བསྣུབས་ཡུལ་རོང་དང་གཡག་སྡེ་ཉང་སྟོད་སོགས་ན་ཡོད། ཁྲི་ལྡེའི་རྒྱུད་ཁམས་སུ་མདར་ནས་ཤར་ཙོང་ཁ་རྒྱལ་པོ་དང་མདོ་སྨད་བཙད་པོ་ངོམ་པ་ལྷ་གདོང་དཀར་པོ་རྣམས་སོ། །ཉག་ལྡེའི་རྒྱུད་གཙང་གཡས་རུ་ན་ཡོད། ཁྲི་ཆུང་གི་རྒྱུད་ཡར་ལུང་ན་ཡོད་ཅིང་འདི་ཡི་ཡར་ལུང་ཇོ་བོ་ཡང་བྱོན་ནོ། །སྐུ་མཁར་ཕྱིང་ང་སྟག་རྩེ་བཟུང་ངོ་། །ཁྲ་འབྲུག་པ། བྱིང་པ། བྱར་པ་སོགས་ཆུ་མིག་ཧོག་པོ་བ་རྣམས་དང་། ཡར་མདའ་རྣམས་དང་། འདི་ཡི་རྒྱུད་མངའ་བདག་གྲགས་པ་རིན་ཆེན་གྱིས་ཆོས་རྒྱལ་འཕགས་པའི་ཆག་ཕྱི་ལ་རྒྱ་ནག་ཏུ་བྱོན་ནས། སེ་ཆེན་རྒྱལ་པོའི་ལུང་བླངས། ཕོ་བྲང་བྲག་ཁ་བརྩིགས་ཐམས་ཅད་ལ་དབང་བསྒྱུར་ཏོ། །ཡར་ལུང་ཇོ་བོ་ད་ལྟ་ཡན་ཐམས་ཅད་རྒྱལ་རྒྱུད་མ་འཆུག་པ་ཡིན་ནོ། །དེ་ལྟར་བོད་ཆོས་རྒྱལ་གྱི་རྗེས་ནས་ཆེ་བ་གླང་དཔལ་གྱི་སེང་གེའི་གདུང་རྒྱུད་གྲུབ་ཐོབ་དང་སྔགས་པའི་རྒྱུད་མ་ཆད་པ་བྱུང་བ་ལས། འཇིག་


CMR058_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་གསུམ་མགོན་གྱི་སློབ་མ་སྤྱན་སྔ་གྲགས་པ་བྱང་ཆུབ་ཅེས་པའི་དབོན་པོ་གཅིག །ས་སྐྱ་བ་ཆོས་འཕགས་རྒྱ་ནག་རྒྱལ་པོའི་བོད་ཁྲི་སྐོར་བཅུ་གསུམ་གྱི་དཔོན་ལ་བསྐོས་པ་མིའི་བདག་པོ་གངས་རི་དཀར་པོའམ་སྣེལ་གདོང་གོང་མ་ཆེན་པོ་ཟེར། འདིའི་རྒྱལ་རབས་བརྒྱད་ཙམ་ལ། ལྷ་བཙུན་རེས་ཐེལ་གྱིས་གདན་ས་མཛད་དོ། །དེ་ནས་ཁྲི་དཔོན་རྣམས་མགོ་མ་ནོན་པར་སོ་སོར་རྒྱལ་བྲན་མང་དུ་བྱུང་བ་ལ། ཡར་རྒྱབ་པ་དང་། སྐྱི་ཤོད་པ། རིན་སྤྱང་བ། སྣ་གར་རྩེ་པ། སྐུ་རབ་རྩེ་བ་སོགས་མང་དུ་བྱུང་། བར་སྐབས་སུ་འཇང་གི་མི་འཆར་བྱམས་པའི་སྤྲུལ་པ་གཅིག་གཙང་ཉང་སྟོད་ཀྱི་བདག་པོར་གྱུར་པ་ཆོས་ཀྱི་རྒྱལ་པོ་རབ་བརྟན་ཀུན་བཟང་འཕགས་ཟེར། དེས་དཔལ་འཁོར་ཆོས་སྡེ་མཆོད་རྟེན་ལྷ་ཁང་ཚད་མེད་པ་བཞེངས། རྒྱུན་དུ་ལོ་ཡ་བཀའ་འགྱུར་སྔོ་ཆོས་ལོ་ཡ་སྐྱ་ཆོས་བཞེངས་པ་ད་ལྟ་ཡང་རྒྱུན་དུ་ཡོད་དོ། །དེ་རྗེས་རིན་སྤུང་བ་ལ་སྤྲུལ་པའི་རྒྱལ་པོ་མང་དུ་བྱུང་ཟེར་ཞིང་དོན་ཡོད་རྡོ་རྗེའི་ལུང་ཇི་ཙམ་འགྲོ་བཏགས་པའི་ཆེད་དུ། རན་ཐག་ཆེན་པོ་གཅིག་ཕྱུག་གིས་བཏུམས་ནས་དབུ་ལག་ཕུད་ནས་ཀོང་པོའི་མཇུག་བར་དུ་ཕྱིན། བཀའ་ཤོག་གིས་ལུང་ཆབ་མདོའི་བར་


CMR058_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུག་པ་བྱུང་ཟེར། དེར་རིན་སྤུང་བས་ཀརྨ་པ་མི་བསྐྱོད་ཞབས་སྤྱན་དྲངས་དུས། རྒྱལ་བའི་དབང་པོས་རིན་སྤུང་པས་ཧོར་འདྲ་ཞིག་གི་ལག་ཏུ་ནས་འབྲུ་བདུན་བླུགས་ནས་ཁྱོད་ཀྱི་སྒར་པ་། ལ་ཕོག་རྒྱོབ་གསུངས་པས། །ཡ་ལགས་ཞུས་པས་རྟེན་འབྲེལ་ལ་མི་དེ་ཞིང་ཤག་ཚེ་བརྟན་རྡོ་རྗེ་ཟེར། རིན་སྤུང་བས་གཙང་གི་རྫོང་དཔོན་ལ་བསྐོས་པས་ངོ་ལོག་ནས་སྡེ་པ་བྱས། དེའི་བུ་ཀུན་སྤངས་ལྷ་དབང་རྡོ་རྗེའི་གཙང་ཕལ་ཆེར་དབང་། དེའི་སྲས་ཀརྨ་བསྟན་སྲུང་དབང་པོ་དང་ཕུན་ཚོགས་རྣམ་རྒྱལ་གཉིས་ཀྱིས་དྭགས་པོ་སྤྱི་ཤོད་པ་ཡར་རྒྱབ་པ་ཐམས་ཅད་བཅོམ་ནས་བལ་པོ་ཚུན་དང་ཀོང་པོ་ཡན་དབང་བ་བྱུང་། དེའི་སྲས་ཀརྨ་བསྟན་སྐྱོང་དབང་པོ་སྟེ། ཡབ་དང་ཁུ་བོ་མཉེས་པོ་གསུམ་སྡེ་འཁྲུག་དང་སྡིག་ཚབས་ཆེ་ན་ཡང་རྒྱལ་བ་ཡབ་སྲས་ལ་བཀུར་སྟི་ཕུན་སུམ་ཚོགས་པར་བྱས། རྗེས་མ་འདིས་སྡེ་འཁྲུག་ཆེར་མ་དགོས་པར་མངའ་རིས་སོགས་མངའ་འོག་ཏུ་མང་དུ་འདུས། ཡབ་འདས་པས་སྐུ་ཆུང་ངུ་ནས་རྒྱལ་སྲིད་བཟུང་བཀའ་བརྒྱུད་དགོན་སྡེ་བཙུགས་པ་འགྱེད་མང་བཀོལ་སོགས་ལོ་དུས་བཞིན་བསམ་གྱིས་མི་ཁྱབ། མདོ་སྔགས་མཐའ་དག་ལ་མཁས་ཤིང་ཉམས་ལེན་མཛད། བྱང་པ་བཀྲ་ཤིས་སྟོབས་རྒྱལ་པའི་སྐུ་


CMR058_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེར་ཡང་གྲགས་ཤིང་། འཇའ་ཚོན་པའི་གསེར་ཁ་ནས་རྒྱལ་པོ་ཁྲི་སྲོང་གིས་སྤྲུལ་པར་ལུང་བསྟན། དགུང་ལོ་སོ་བདུན་པ་ལ་མཐའ་དམག་དང་བོད་ངོ་ལོག་བྱུང་ནས་འདས་སོ། །ཡང་གོང་དུ་བོད་ཆོས་རྒྱལ་མངའ་ཐང་ཉམས་རྗེས་བོད་རྒྱ་ནག་གིས་དབང་བསྒྱུར་ཏེ། ཁམས་ཕྱོགས་སྟོང་ལ་སྟོང་དཔོན་ཁྲི་ལ་ཁྲི་དཔོན་དང་ཁམས་སྤྱི་ཡི་དཔོན་ལ་སྨར་ཤོད་གོ་འཇོ་དཔོན་ཆེན་དུ་བསྐོས་པས། ས་སྐྱ་པས་གོ་འཇོ་བསྐུལ་ནས་དམག་བྱས་དབུས་གཙང་ཕལ་ཆེར་འཇོམས། ལྷོ་བྲག་བར་སོང་ངོ་། །ལམ་གྱི་སྡེ་ཐམས་ཅད་ཞབས་སུ་བཙུད་དོ། །དེར་གོ་འཇོ་རྒྱལ་པོ་དམག་ཐོག་དེར་འདས། །ཁམས་ཀྱི་ཁྲི་དཔོན་རྣམས་རང་སོ་བཟུང་ནས་དཔོན་མང་དུ་བྱུང་ངོ་། དེ་དུས་རྒྱ་ནག་ཤུགས་ཆེ་བས། འགའ་ཞིག་རྒྱ་ནག་ཏུ་སོང་ལུང་ལས་ཀ་བླངས། ནང་ཆེན་པ་སོགས་དབུས་སུ་སོང་ནས་ས་སྐྱ་པའི་ལས་ཀ་བླངས་པས། ལས་ཀའི་བདག་པོ་ཡང་མང་དུ་བྱུང་ངོ་། །དེ་རྗེས་ནས་སྟོབས་ཆེ་བ་བེ་རི་ཀེ་རིང་གཉིས་དང་དོན་ཡོད་ཕའུ་གཉིས་ཏེ། ཨུ་རྒྱན་གྱི་ལུང་བསྟན་འགའ་ནས་གསལ་བར་ལུང་བསྟན་ཅིང་། འགིར་ཏི་ནག་པོ་ཉེ་རིང་གཉིས་ཀྱི་སྔོན་ལ་དེ་ཡིན་པར་གྲག་ཅིང་བདེན་པར་སྣང་


CMR058_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་། །འདིས་བོན་གྱིས་ཁ་བཟུང་ནས་ཆོས་བསྣུབ་པའི་ཚེ། རི་བོ་དགའ་ལྡན་པས་ཨོཾ་རོད་ཆོས་ཀྱི་རྒྱལ་པོ་བསྐུལ་ཏེ་བེ་རི་དང་གཙང་པ་སོགས་བརླགས་ནས་བོད་ཐམས་ཅད་ལ་དབང་བསྒྱུར་བ་ལགས་སོ། །ད་དུང་ཁམས་ཕྱོགས་འདིར་འབྲོང་པའི་རིགས་སམ་ཚ་བོ་ཡིན་པའི་རྒྱལ་ཕྲན་བཙན་གྲགས་ཅན་གཅིག་དང་། སྟག་ལུང་ངག་དབང་རྣམ་རྒྱལ་པའི་སྤྲུལ་པ་ཡིན་པའི་རྒྱལ་ཕྲན་བསྟན་པ་ལ་ཕན་པ་གཅིག་དང་། བདུད་ལྷ་སྦྱིན་གྱི་སྤྲུལ་པའི་རྒྱལ་པོ་སྟོབས་ཆེན་དབུས་གཙང་ལ་ཡང་ལུང་རྒྱུག་ཆོག་པ་གཅིག་དང་། འགིར་ཏི་ནག་པོ་རྒྱབ་མ་ནི་འཚམས་གཞུང་ན་འབྱུང་སྟེ། ཁམས་ཐམས་ཅད་འཇོམས་ནས་དབུས་ཀྱང་འཇོམས་པར་ལུང་བསྟན་ལ། དབུས་སུ་བྱར་གཉེར་ལོ་གསུམ་ན་བསྟན་པ་ལ་གནོད་པའི་རྒྱལ་ཕྲན་གནམ་ཐེལ་གྱི་སྤྲུལ་པ་གཅིག་འབྱུང་། དབུས་ནས་ཐུགས་རྗེ་ཆེན་པོའི་སྤྲུལ་པ་བོད་ཐམས་ཅད་ལ་ལུང་རྒྱུག་ས་བསྟན་པ་དང་སེམས་ཅན་ལ་ཕན་པ་གཅིག་འབྱུང་སྟེ། ལོ་དྲུག་ཅུ་ཐུབ་བསྟན་པ་ལོ་བརྒྱད་ཅུར་གནས། དེ་ནས་ཇོ་བོ་ཆུས་གདན་འདྲེན་ཚར་བ་དང་མཐའ་དམག་དངོས་དེ་འབོ་བར་གསུངས་སོ། །དེ་ལྟར་འཛམ་གླིང་རྒྱལ་བའི་བསྟན་པ་འདི། །དར་རྐྱེན་ཆོས་རྒྱལ་


CMR058_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

བྱོན་ཚུལ་བསྡུས་པ་འདི། །རྒྱལ་རབས་དཔག་བསམ་ཁྲི་ཤིང་གསལ་མེ་དང་། །ཆོས་འབྱུང་ལ་སོགས་བལྟ་བར་མི་ནུས་ཤིང་། །ཆོས་ཀྱི་ལོ་རྒྱུས་ཤེས་པར་འདོད་རྣམས་ལ། །ཕན་པར་བསམས་ནས་རཱ་གའི་མིང་གིས་བྲིས། །ཉེས་པ་བཤགས་ཤིང་དགེ་བས་འགྲོ་ལ་བསྔོ། །འགྲོ་ཀུན་བཀྲ་ཤིས་དཔལ་ལ་སྤྱོད་གྱུར་ཅིག །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousརྒྱལ་རབས་བསྡུས་པ་རྣ་བའི་བདུད་རྩི་ཞེས་ངོ་མཚར་ཅན།next