Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
སྙན་ངག་གཏན་ཚིག་གི་གཏམ་རྒྱུད་ཉེར་མཁོ་དང་མངོན་བརྗོད་མདོར་བསྡུས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྙན་ངག་གཏན་ཚིག་གི་གཏམ་རྒྱུད་ཉེར་མཁོ་དང་མངོན་བརྗོད་མདོར་བསྡུས།next

སྙན་ངག་གཏན་ཚིག་གི་གཏམ་རྒྱུད་ཉེར་མཁོ་དང་མངོན་བརྗོད་མདོར་བསྡུས།


CMR058_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

སྙན་ངག་གཏན་ཚིག་གི་གཏམ་རྒྱུད་ཉེར་མཁོ་དང་། །མངོན་བརྗོད་མདོར་བསྡུས་བཞུགས་སོ། །


CMR058_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་སྭ་ར་སྭ་སྟེ་ཡེ། ངག་གི་དབང་ཕྱུག་མ་ལ་འདུད། །སྙན་ངག་མཁན་ལ་མཁོ་བ་ཡི། །གཏམ་རྒྱུད་ཉུང་ཤས་ཚིགས་སུ་བཅད། །སྔོན་ཚེ་ལྷ་དང་ལྷ་མིན་རྣམས། །ཀླུ་རྒྱལ་ནོར་རྒྱས་སྲུབ་ཐག་དང་། །རི་རབ་སྲུབ་ཤིང་བྱས་ནས་ཀྱང་། །རྒྱ་མཚོ་བསྲུབས་པས་ཉི་ཟླ་བྱུང་། །ཟླ་བ་དབང་ཕྱུག་རྒྱན་བྱས་ཁྱེར། །དེ་ནས་ལྷ་མོ་དཔལ་བྱུང་བ། །དེ་ནི་ཁྱབ་འཇུག་གིས་ཁྱེར་རོ། །དེ་ནས་དུག་གི་བུམ་པ་བྱུང་། དབང་ཕྱུག་མགྲིན་པར་བཞག་པ་ཡིས། །མགྲིན་པ་སྔོན་པོ་བྱུང་བར་གྱུར། །དེ་ནས་བདུད་རྩི་བུམ་པ་དག །བྱུང་བ་ལྷས་ཐོས་སུ་ར་ཞེས།


CMR058_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

བཅུད་དང་ལྡན་པ་ཞེས་བྱའོ། །ལྷ་མིན་མ་ཐོས་ཨ་སུ་ར། །ལྷ་མ་ཡིན་ཏེ་བཅུད་མི་ལྡན། །ལྷ་དང་ལྷ་མིན་སོ་སོར་གྱེས། །ལྷ་ཡི་མཆོད་སྦྱིན་མཁའ་ལ་ནི། །གནོད་སྦྱིན་ཞེས་སུ་གྲགས་པ་ཡིན། །ལྷ་ཡི་རོལ་མོ་མཁན་ལ་ནི། །སྒྲ་ངན་སྤང་བ་དྲི་ཟའོ། །གསང་བ་ས་ནི་གཏེར་སྲུང་ངོ་། །ལྷ་མིན་རི་རབ་རྩེར་གནས་པ། །ལྷ་ཡི་གནས་སོགས་རྩ་བར་བཀྲ། །ལྷ་མིན་སློབ་དཔོན་པ་སང་ཡིན། །གསེར་གྱི་སྒོ་ངའི་ནང་ནས་ནི། །ཚངས་པ་བྱུང་བས་ལྷ་གཞན་སྲོས། །ཚངས་པ་ཆེ་བ་སྟོང་གསུམ་བདག །ཆུང་བ་སྤྱི་ཕུད་བདག་པོའོ། །ཚངས་པས་ཐིག་ལེ་མཆོག་


CMR058_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་པའི། །བུ་མོ་སྤྲུལ་ལ་རང་ཉིད་ཆགས། །གར་སོང་ལྟ་འདོད་གདོང་ལྔ་སྤྲུལ། །དབང་ཕྱུག་སེན་མོས་སྟེང་ཞལ་བཅད། །ཕྱིན་ཆད་ཚངས་པ་གདོང་བཞིར་གྲགས། །ཁྱབ་འཇུག་མིའུ་ཐུང་དུ་སྤྲུལ། །ལྷ་མ་ཡིན་ནོ་སྟོབས་ལྡན་ལམ། །སྦྱིན་སྲེག་བྱ་བའི་ས་བསླངས་པས། །གོམ་པ་གང་ནི་སྟེར་ཟེར་བའི། །རི་རབ་རྩེ་ནས་རྒྱ་མཚོའི་མཐིལ། །གོམ་གང་བྱས་པས་ལྷ་མིན་བྲོས། །བྲོས་པ་དད་སྟེ་བསད་པ་ཡིས། །ཁྱབ་འཇུག་མིང་ལ་རྣམ་གསུམ་གནོན། །དབང་ཕྱུག་ཆེ་བ་ཏེ་སེར་བྱ། །ཆུང་བ་བྱང་ཤར་དབང་ལྡན་ཡིན། །དབང་ཕྱུག་ཆེན་པོ་ཏེ་སེ་ན། །འོག་རིས་མཆོད་ཅིང་དཀའ་ཐུབ་བྱ། །དེ་ལ་ལྷ་རྣམས་ཐེ་ཚོམ་སྐྱེས། །གྷོ་རི་དང་ནི་ལྷན་ཅིག་ཏུ། །དཀའ་ཐུབ་བྱེད་པ་བདེན་ནམ་ཟེར། །འདོད་ལྷ་བཏང་བས་འོད་ལྷ་ཡི། །མདའ་ལྔ་འཕང་བས་གཅིག་གཉིས་སྡུག །གསུམ་དང་བཞི་པས་འདོད་པ་སྐྱེས། །ལྔ་པས་གྷོ་རི་ཆགས་པ་སྐྱེས། །དབང་ཕྱུག་འགྱོད་ནས་ཅི་ལན་སྙོམས། །འདོད་པའི་ལྷ་ཡིས་བྱས་པར་གོ །མིག་གསུམ་མེ་སྤྲོས་འདོད་ལྷ་བསྲེགས། །ལུས་མེད་པ་ཡི་སེམས་སུ་གནས། །དེ་ཕྱིར་བདུད་ལ་ལུས་མེད་ཟེར། །སྔོན་ཚེ་རྒྱལ་པོའི་བཙུན་མོ་


CMR058_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །འདུམ་བྱེད་མ་དང་བཀྲ་ཤིས་མས། །འདུམ་བྱེད་མས་ནི་ཉི་མའི་རྟ། །དཀར་པོས་འདུག་སྨྲས་བཀྲ་ཤིས་མས། །ཉི་མའི་རྟ་ནི་ནག་པོ་ཟེར། །རྒྱན་བཞག་སུ་བདེན་བཙུགས་མོ་དང་། །མི་བདེན་གཡོག་མོ་བྱ་བར་ཆད། །བཀྲ་ཤིས་མས་ནི་ཀླུ་གཅིག་ལ། །མཆོད་ཅིང་ཁ་འཛིན་བྱ་བར་ཆད། །དེ་ནས་ཀླུ་ལ་དོན་དྲིས་པས། །ཉི་མའི་རྟ་ནི་ནག་པོ་ཟེར། །འདུལ་བྱེད་མས་ནི་གཡོག་བྱས་སྡུག །དྲང་སྲོང་གཅིག་གིས་སྒོ་ང་གསུམ། །བྱིན་ནས་ཁྱོད་ལ་ཕྱིན་འགྱུར་གྱིས། །ཞག་བདུན་བར་དུ་མ་བལྟ་ཟེར། །འདོད་མགྱོགས་ཞག་གསུམ་ལོན་པ་ན། །གཅིག་བརྡོལ་ནམ་མཁའི་གློག་ཏུ་གྱུར། །དྲུག་ན་གཅིག་ནི་བརྡོལ་བ་ལས། །ཀརྨ་སྐྱ་རིང་ཞེས་བྱ་སོང་། །བདུན་ན་གཅིག་ལ་བྱ་ཁྱུང་བྱུང་། །མ་ལ་ཕྱག་འཚལ་མ་ཁྱོད་ཀྱི། །གང་དགོས་བདག་གིས་བསྒྲུབ་བོ་ཟེར། །ཀླུ་རྣམས་མེད་པར་གྱིས་སྨྲས་པས། །དེ་ནས་ཁྱུང་གིས་ཀླུ་ཟའོ། །དེ་ཕྱིར་ཁྱུང་ལ་ཀླུ་འདུལ་སྐྱེས། །བྱ་ཏྲི་་ཏའི་སྒོ་ང་གཅིག །རྒྱ་མཚོའི་རླབས་ཀྱིས་རྒྱ་མཚོར་ལྷུང་། །བྱ་དེས་རྒྱ་མཚོ་ཟད་འདོད་ནས། །གཤོག་པ་ཆུ་རུ་བཅུག་ཅིང་བཏོན། །དྲང་སྲོང་གཅིག་གིས་དེ་མཐོང་ནས། །དུད་


CMR058_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་མཐུ་ཆུང་སྨྲས་པའི་ཚིག །ཁྱུང་གཅིག་དེར་ཡོད་ཐོས་ཏེ་ཁྲོས། །གཤོག་པ་གཅིག་བརྐྱང་རྒྱ་མཚོ་བཀའ། །ཡ་གཅིག་ནམ་མཁར་ཕྱར་བ་ཡིས། །ཀླུ་སྒུག་ཕྱག་འཚལ་སྒོ་ང་བཏད། །ལྷ་རྣམས་ཤིན་ཏུ་སྐྲག་གྱུར་ནས། །ཁྱབ་འཇུག་དྲང་སྲོང་རིད་པ་གཅིག །སྤྲུལ་ནས་ཁྱུང་གི་དྲུང་དུ་ཕྱིན། །ཁྱུང་ཡང་དེ་ལ་སྙིང་རྗེ་སྐྱེས། །དྲང་སྲོང་ན་རེ་ཁོ་བོ་ལ། །བྱ་བ་གལ་ཆེན་བསྒྲུབ་རྒྱུ་གཅིག །ཡོད་ཀྱང་ལུས་འདིས་མ་ནུས་པས། །ཁྱུང་ལ་བསྒྲུབ་རོགས་གྱིས་ཞེས་ཞུས། །ཁྱུང་གིས་ཁས་བླངས་མན་ཆད་བྱས། །ཁྱོད་ཀྱིས་ང་ཡུལ་ཁུར་ཅིག་སྨྲས། །དེ་ནས་ཁྱབ་འཇུག་ཞོན་པར་གྱུར། །དེ་ཕྱིར་ཁྱབ་འཇུག་ཤིང་རྟ་ཟེར། །སྔོན་ཚེ་ལྷ་མོ་གང་གཱ་ལ། །བུ་སྐྱེས་ཨུ་མ་བལྟ་འདོད་ཕྱིར། །མགོ་མེད་ཟེར་ནས་སྟོན་མ་འདོད། །ཨུ་མ་ཁྲོས་ནས་མགོ་མེད་པའི། །སྨོན་ལམ་བཏབ་པར་མགོ་མེད་གྱུར། །སླར་ཡང་ཨུ་མར་གསོལ་བཏབ་པས། །མགོ་བོ་བྱང་བསྟན་མགོ་བོ་རྙེད། །མགོ་བོ་ཆོད་ལ་སྦྱོར་ཟེར་བས། །གླང་ཆེན་རོ་རྙེད་མགོ་བོ་སྦྱར། །ཨུ་མའི་སྲས་པོ་སྨིན་དྲུག་དང་། །བཙད་པས་མཆེད་ཡ་ལ་འཕྱང་བཅག །ཁྲོས་ནས་དེད་པས་མ་དྲུག་བྲོས། །བུ་ཆུང་བསམ་


CMR058_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

མེད་མ་གསོད་པར། །ཁྱོད་ཀྱིས་སྤུས་མོར་མ་སླེབ་བར། །མ་གསོད་ཟེར་བས་ཁས་བླངས་པས། །ཚངས་པས་བྱི་སྦར་བྱིན་རླབས་པས། །བཅུ་དྲུག་ལུས་འཛིན་གཞོན་ནུ་ཟེར། །མུ་སྟེགས་པ་རྣམས་མཆོད་སྦྱིན་བརྒྱས། །བྱས་པས་ལྷ་དབང་ཐོབ་ཐོས་ནས། །སྔོན་ཚེ་མཆོད་སྦྱིན་བརྒྱ་བྱས་པས། །མཆོད་སྦྱིན་བརྒྱ་ལ་བརྒྱ་བྱིན་མིང་། །རྒྱལ་བྱིན་ཆེ་བ་སུམ་རྩེན་བདག །ཆུང་བ་ཤར་གྱི་ཕྱོགས་སྐྱོང་ཡིན། །ལྷ་མིན་མ་ནི་སྦྱིན་བྱུང་ལ། །བུ་གཅིག་སྐྱེས་པས་རྒྱལ་བྱིན་བསད། །མོ་སྡུག་དྲང་སྲོང་འོད་སྲུང་མཆོད། །རྒྱལ་བྱིན་ཐུབ་པའི་བུ་འདོད་ཞུས། །ཆུ་ཐིགས་གཅིག་བྱིན་མངལ་དུ་བཟུང་། །རྒྱལ་བྱིན་གྱིས་ཐོས་མངལ་དུ་ཞུགས། །དུམ་བུ་བདུན་དུ་བྱས་གྱུར་ཀྱང་། །མ་ཤི་ངུ་ཤིང་གནས་པར་གྱུར། །རེ་རེ་བདུན་བདུན་ཞེ་དགུ་བྱས། །རླུང་ལྷ་བཞི་བཅུ་རྩ་དགུ་བྱུང་། །དྲང་སྲོང་ཀུའུ་ཏ་མ་ཡིས། །ཆུང་མ་ཨ་ཧ་བེ་ཞེས་པ། །ཤིན་ཏུ་མཛེས་དྲག་ཤིང་གསེབ་སྦས། །དྲང་སྲོང་གཞན་དུ་སོང་བའི་ཤུལ། །རྒྱལ་བྱིན་དེ་ལ་ཆགས་པ་གནས། །དྲང་སྲོང་འོང་བས་འདོམས་སུ་ཞུགས། །མོ་ཡི་བསད་ཀྱང་མངོན་ཤེས་རིག །དམོད་པའི་མེ་ཡིས་བསྲེག་སྨྲས་


CMR058_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

པས། །སྐག་སྟེ་མངལ་ནས་ཕྱིར་ཕྱུང་བ། །ལྷ་དབང་བསད་པར་མི་བྱ་ཡི། །ལུས་ལ་མོ་མཚན་སྟོང་ཤོག་སྨྲས། །དེ་ལྟར་གྱུར་པས་སླར་གསོལ་བཏབ། །དེ་ཉིད་མིག་ནི་སྟོང་དུ་བསྒྱུར་།རྒྱལ་ཆེན་རྣམ་སྲས་མཚན་དང་དོན། །མྱེས་པོ་དྲང་སྲོང་འོད་ཡང་གི །བུ་ནི་རྒྱལ་པོ་འོན་པ་ཞིག །དེ་ཡི་སྲས་པོ་རྣམ་སྲས་ཡིན། །དྲག་པོ་དབང་ཕྱུག་ཆེན་པོ་ཡིན། །རྣམ་སྲས་ལིངྒ་རྐང་པ་ཙམ། །མ་ཐེག་དབང་ཕྱུག་ཆེན་པོ་ཡི། །མི་གཅིག་ལིངྒ་འདེག་ཕྱིར་བྱིན། །དེ་ཕྱིར་རྐང་པ་གསུམ་པ་དང་། །མི་ལ་ཞོན་ཞེས་དྲག་པའོ། །གྷོ་རི་མཐོང་ནས་ཆགས་ཤིང་བལྟས། །མིག་ཕྱི་ཆུད་ཟོས་དྲག་པོ་ནི། །མ་བྱེད་ཟེར་ནས་མིག་དམར་བྱས། །དེ་ཕྱིར་མིག་ནི་དམར་སེར་གྱུར། །སྦས་པའི་གཏེར་གྱི་བདག་ཡིན་པས། །གསང་བའི་བདག་པོ་ཞེས་བྱའོ། །རྐང་པ་གསུམ་དང་མཆེ་བ་བརྒྱད། །མི་སྡུག་པ་ན་ལུས་ངན་ནོ། །བྱ་བྱེད་ཐམས་ཅད་མི་ང་བཏུན། །དེ་ཕྱིར་མི་ཡི་ཆོས་ལྡན་ཟེར། །མིའམ་ཅི་རྣམས་འདི་ཡི་འཁོར། །གློག་ཕྲེང་ཅན་དང་ཁྲག་མིག་དམར། །ལྷ་ཀླུའི་རྟགས་ཡོད་བུ་མོ་སྐྱེས། །ས་གསུམ་ཆེར་གྲགས་སྒྲ་གཅན་ཟེར། །སྦྲུལ་ཆེན་གཟུགས་ཀྱི་ནམ་མཁའ་ལ། །གླིང་གཉིས་


CMR058_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་ཀྱང་མིས་མི་མཐོང་། །ལྷ་རྣམས་མཐོང་ནས་མཐོ་རིས་གསལ། །ཟླ་བ་མིད་པས་ཚངས་པ་ཡི། །འཁོར་ལོ་མགྲིན་པར་བསྣུན་པ་ཡིས། །ཟླ་བ་ཕྱི་རུ་བྱུང་བར་གསུངས་།བོག་ནི་བདུན་པ་སེངྒེའི་དབྱིབས། །མཇུག་མ་དུས་མེ་མེ་ཡིན་ནོ། །ཚངས་པའི་གདོང་བཞི་རིག་བྱེད་བཞི། །རྩ་བའི་གདོང་ལས་སྙན་ངག་བྱུང་། །དང་པོ་ཨོཾ་ནས་འདྲེན་པར་བྱེད། །གཡས་ཞལ་ངོས་བརྗོད་རིག་བྱེད་བྱུང་། །ཨུ་ནས་འདྲེན་པར་བྱེད་པའོ། །རྒྱབ་ཞལ་སྲི་སྲུང་རིག་བྱེད་ནི། །ཨོཾ་ནས་འདྲེན་པར་བྱེད་པའོ། །གཡོན་ཞལ་མཆོད་སྦྱིན་རིག་བྱེད་ནི། །ཨ་ནས་འདྲེན་པར་བྱེད་པའོ། །དེ་མཚུངས་ཉེ་བའི་རིག་བྱེད་བཞི། །ཚེ་དང་འཕོང་དང་དཔྱད་དག་ནི། །རྩིས་ཀྱི་རིག་བྱེད་བཞི་ཡིན་ནོ། །དེ་ཕྱིར་ཚངས་བྱུང་ཞེས་གྲགས་སོ། །འཛམ་གླིང་ལྷོ་ཕྱོགས་ཚངས་པའི་མཚོར། །ཡི་གེ་སྒྲ་རྣམས་ཆུ་ཟླ་འབྱུང་། །དེ་ལ་མཚོ་བྱུང་མཚོ་ལྡན་མ། །དབྱངས་ཅན་མ་ཞེས་གྲགས་པའོ། །སྣ་མགྲིན་འགྲེམ་པ་ཐལ་གོང་ལྕེ། །སོ་དང་དྲུག་སྐྱེས་སྒྲ་ཞེས་ཏེ། །ཁྲུང་ཁྲུང་སྐར་ལྟར་འདྲེན་པའོ། །དྲང་སྲོང་ཀ་ཤེའི་བུ་མོ་ནི།་།ཀ་དྲུག་ཅེས་ནི་བྱ་བའི་བུ། །ཀླུ་རྒྱལ་མཐའ་ཡས་ཞེས་བྱ་སྐྱེས།


CMR058_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ལ་སྦྲུལ་འཁྱིལ་བདུན་ཡོད་པའི། །འཁྱིལ་པ་གསུམ་ནི་བརྐྱང་བ་ཡི། །མགོ་བོ་ལྷ་ཡི་ཡུལ་དུ་བྱུང་། །འཁྱིལ་པ་བཞི་ནི་ལྷག་མར་ལུས། །དེ་ཕྱིར་ལྷག་མ་ཅན་ཞེས་བྱ། །ཚེ་ཚད་མཐའ་ནི་མ་གཏོགས་པས། །མཐའ་ཡས་ཞེས་ཀྱང་གྲགས་པའོ། །འདི་ཡི་གཙུག་ན་ནོར་བུ་ཡོད། །དེ་ཕྱིར་ནོར་རྒྱས་ཞེས་བྱའོ། །སྦྲུལ་རྒྱལ་ཞེས་པའི་ལུས་ལ་ནི། །ཀླུ་ཆེན་བརྒྱད་པོ་གནས་པའོ། །གང་ལྷ་མོ་ལྷ་ཡུལ་ནས། །དེ་ནས་ཚངས་པས་ཁྱབ་འཇུག་ལ། །ཞབས་བསིལ་དུ་ནི་བྱིན་པར་གྲགས། །ཁྱབ་འཇུག་གིས་ནི་ལྷ་མ་ཡིན། །སྟོབས་ལྡན་ས་ཟློའོག་ཏུ་བསད་པས། །སྟོབས་ལྡན་བུ་ཚ་མི་རབས་བདུན། །ཆུ་ལ་གངྒཱ་དེར་ཕབ་ནས། །སྟོབས་ལྡན་རུས་པ་བཀྲུ་བའི་ཕྱིར། །དཀའ་ཐུབ་སྒྲུབ་པ་བདུན་པས་བསྒྲུབ། །ཚངས་པ་ལ་ཞུས་ཚངས་པས་གནང་། །ལྷ་ཡི་ཡུལ་ནས་གདྨ་བབ། །དབང་ཕྱུག་ཏི་སེར་གནས་པ་ཡི། །རལ་པ་བསིགས་པས་དབང་ཕྱུག་ལ། །གསོལ་བ་བཏབ་པས་རལ་པ་རྩེར། །ཏི་སེའི་མདུན་ནས་གདྨ་བབ། །ཕྱོགས་དེར་དྲང་སྲོང་ཛ་ཧུ་ཡིས། །དཀའ་ཐུབ་སྤྱོད་པས་གངྒཱ་ཐུང་། །དྲང་སྲོང་གསོལ་བཏབ་དེས་སྐྱུགས་པས། །ས་ཡི་འོག་ཏུ་རིམ་པར་བབ། །དེ་


CMR058_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ཆུ་ལྷ་ཞེས་བྱའོ། །ཛ་ཧུའི་བུ་མོ་ཞེས་གྲགས་སོ། །རྒྱལ་པོ་སྐལ་ལྡན་ཤིང་རྟ་ཡི། །ཆུ་དེའི་ཡོན་ཏན་རབ་ཤེས་ནས། །ཤིང་རྟ་ལ་བཀལ་མང་དུ་བླང་། །དེ་ཆུ་བོ་སྐལ་ལྡན་ཤིང་རྟར་གྲགས། །ལྷ་ཡུལ་མི་ཡུལ་ས་འོག་གསུམ། །འབབ་པས་ལམ་གསུམ་པ་ཞེས་དང་། །རྒྱལ་བུ་འཇིགས་པ་ཞེས་བྱ་བ། །གང་ལ་སྐྱོས་འཇིགས་པའི་མ། ༈ །ནུབ་ཕྱོགས་ཆུ་བོ་ཡ་མུ་ན། །ཆུ་འདི་གང་དུ་འབབ་པ་ན། །མི་རྣམས་རྩོད་པས་རྩོད་པ་ཅན། །གཤིན་རྗེའི་སྲིན་མོ་ཡིན་པར་བཤད། །དེས་དོན་མིང་གི་རྒྱུ་མཚན་ལ། །དཔག་ནས་སྙན་ངག་བརྩོན་པ་ཡིན། །རཱ་ག་ཨ་སྱས་བརྗེད་ཐོར་བཀོད། །ཉེས་བཤགས་དགེ་བས་ཀུན་མཁྱེན་ཤོག །མངྒ་ལཾ།། ན་མོ་སྭ་ར་སྭ་སྟི་ཡེ། དབྱངས་ཅན་ལྷ་མོའི་ཞབས་ལ་་འདུད། །བརྩོམ་ལ་དགོས་པའི་ཚིག་གི་རྒྱན། །མདོར་བསྡུས་ཅུང་ཟད་འདིར་འགོད་བྱ། །མངོན་ཤེས་དྲུག་ལྡན་འཇིག་རྟེན་འདུལ། །རྒྱལ་བ་བདུད་འདུལ་ཀུན་ཏུ་བཟང་། །གཉིས་མེད་གསུངས་པ་སྒྱུ་འཕྲུལ་སྲས། །ཉི་མའི་གཉེན་དང་རྣམས་འདུལ་མཛད། །བུམ་རམ་ཤིང་པ་ཆོས་ཀྱི་རྒྱལ། །དེ་སོགས་སངས་རྒྱས་མཚན་གྱི་སྡེ། །གནས་བཟང་སུམ་རྩེན་


CMR058_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་སུམ་གནས། །རོལ་པ་གསུམ་གནས་ལྷ་ཡུལ་མིང་། །འཆི་མེད་རྒས་མེད་རྣམས་སད་དང་། །ཡིད་བཟང་བཅུ་ལྡན་མཐོ་རིས་གནས། །བདུད་རྩིའི་ཟས་དང་མཆོད་སྦྱིན་ཟས། །དེ་སོགས་ལྷ་ཡི་མིང་དུ་ཤེས། །ལྷ་ཡི་རིགས་ལས་བྱུང་བ་ནི། །རིག་འཛིན་གནོད་སྦྱིན་མིའམ་ཅི། །དྲི་ཟ་ཤ་ཟ་གསང་བ་པ། །འབྱུང་བ་ལ་སོགས་ཡིན་པར་གསུངས། །སྔོན་གྱི་ལྷ་དང་དབང་པོའི་དགྲ། །གཞུང་རྒྱལ་དང་ནི་ལྷའམ་དགྲ། །དེ་སོགས་ལྷ་མ་ཡིན་པའི་མིང་། །མེས་པོ་མཆོག་ནས་ལྷ་ལས་རྒན། །སྡོང་བཞི་རང་བྱུང་འཇིག་རྟེན་དབང་། །པདྨའི་སྟེན་དང་སྐྱེ་དགུའི་བདག །དེ་སོགས་ཚངས་པའི་མིང་དུ་གྲགས། །མཁའ་ལྡིང་རྒྱལ་མཚན་སྒྲ་གཅན་གོས། །ལག་པ་བཞི་པ་རྭ་གཞུ་ཅན། །དཔའ་བོའི་རྒྱུད་དང་འཁོར་ལོའི་ལག །དེ་སོགས་ཁྱབ་འཇུག་མིང་ཡང་མང་། །སྟོབས་བཟང་དང་ནི་སྦྱར་མའི་བུ། །ལག་ན་བཤོལ་དང་གཏུན་ཤིང་ཅན། །དེ་སོགས་ཁྱབ་འཇུག་སྤྱན་ཡའི་མིང་། །མྱོས་བྱེད་རབ་སྟོབས་ཉེས་རེག་དང་། །ལུས་མེད་ཆུ་སྲིན་རྒྱལ་མཚན་ཅན། །མེ་ཏོག་མདའ་ཅན་མེ་ཏོག་གཞུ། །དེ་སོགས་དགའ་རབ་དབང་ཕྱུག་མིང་། །དེ་ནི་ཁྱབ་


CMR058_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་བུ་ཡིན་ནོ། །དེ་ཡི་བུ་མིང་སྣ་ཚོགས་རིག །ཉག་ཕྲན་བདག་དང་ཚངས་པའི་སྐྱེས། །ཁྱབ་འཇུག་དེ་ཡི་ཆུང་བའི་མིང་། །པད་ཅན་དཔལ་དང་དབྱངས་བདག་སོགས། །ཁྱབ་འཇུག་ཞོན་པའི་མིང་དག་ནི། །འདབ་བཟང་ཀླུ་ཡི་མཐར་བྱེད་དང་། །ཁྱབ་འཇུག་ཤིང་རྟ་དུག་འཇོམས་དང་། །མཁའ་འགྲོའི་དབང་ཕྱུག་ལྟོ་འདྲེ་ཟ། །རྣམ་འདུལ་ལས་སྐྱེས་འདབ་ལྡན་ནོ། །རྩེ་གསུམ་ཅན་དང་མགྲིན་སྔོན་དང་། །རི་ཡི་བདག་པོ་གངས་རིའི་བདག །ཀུན་མཁྱེན་འཆི་ལས་རྒྱལ་བ་དང་། །དྲག་ཤུལ་ཅན་དང་ཐོ་པ་འཕྱང་། །གཙུག་ན་ཟླ་བ་མདུང་ཐོགས་དང་། །ཕྱུག་བདག་ནད་འབྱུང་སྲིད་པ་འཇིག །བདེ་བྱེད་དབང་ལྡན་དབང་ཕྱུག་མིང་། །དཀར་མོ་ནག་མོ་སྲིད་པ་མ། །དྲག་མོ་གསོད་མ་རི་ཁྲོད་མ། །རི་ཁྲོད་མ་དང་ཀུན་གྱི་མ། །དེ་སོགས་ཨུ་མའི་མིང་དུ་བཤད། །དབང་ཕྱུག་ཆེ་ཆུང་ཚོགས་བདག་མིང་། །བགེགས་རྒྱལ་སོགས་འདྲེན་ཧེ་རཾ་པ། །ལྟོ་འཕྱངས་མཆེ་༧ གཅིག་གླང་པོའི་གདོང་། །དབང་ཕྱུག་བུ་ཕོ་ཆུང་བའི་མིང་། །སྨིན་དྲུག་གདོང་དྲུག་ས་ག་སྐྱེས། །གཙུག་ཕུད་ཅན་ག་གཞོན་ནུའོ། །མཆོད་སྦྱིན་བརྒྱ་པ་འོད་ཁྱབ་དང་། །ནུས་ལྡན་


CMR058_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

མཐོ་རིས་བདག་པོ་དང་། །སྟོབས་ཀྱིས་དགྲ་དང་བདེ་སོགས་བདག །ཆར་འབེབས་ལྷ་ཡི་བདག་པོ་དང་། །རྡོ་རྗེ་ཅན་དང་ལེགས་སྐྱོབ་སོགས། །མིག་སྟོང་སྤྲིན་ཞོན་བརྒྱ་བྱིན་མིང་། །བདེན་སྨྲ་མཐོང་ལས་སྐྱེས་དབང་མོ། །རྒྱལ་བྱིན་བཙུན་མོའི་མིང་དུ་གྲགས། །དགའ་བའི་ཚལ་དང་འཆི་མེད་གནས། །རྣམ་རྒྱལ་ཆོས་བཟང་ནགས་ན་གནས། །རྒྱལ་བྱིན་ཞོན་པ་མཆོས་བྱུང་དང་། །སྤྲིན་གྱི་གླང་པོ་སྒྲ་སྒྲོགས་ཟེར། །རྒྱལ་བྱིན་མཚོན་ཆ་ལག་ཉལ་དང་། །འཇིགས་བྱེད་དག་ནི་རྩེ་བརྒྱ་པ། །ལྷ་ཡི་བཏུང་བྱ་བཏུང་བདེ་དང་། །ཆུ་བོ་ལ་འབབ་མཐོ་རིས་ཀླུང་། །ནམ་མཁའི་གང་ག་ལྷ་རི་སོ། །ལྷུན་པོ་འཆེར་བྱེད་ལྷ་ཡི་གནས། །རིན་ཆེན་རྡུལ་རྩེགས་གསེར་གྱི་རི། །དེ་དག་ལྷ་གནས་རི་རབ་མིང་། །ཡོངས་འདུས་དཔག་བསམ་ལྗོན་པའི་མིང་། །ཡིད་མོས་དང་ནི་རྒྱ་མཚོ་སྐྱེས། །ལེག་བྱས་དབང་པོ་ཚིམ་བྱེད་དོ། །ལྷ་ཡི་བུ་མོ་རྣམས་ཀྱི་མིང་། །ཀུན་འགྱེད་གཞོན་ནུ་ནད་སེལ་དང་། །མི་བདེན་མེད་དང་ཐ་དཀར་སྐྱེས། །རྒོད་མའི་བུ་དང་རྣམས་བྱེད་བུ། །ཤར་ལྷོའི་ཕྱོགས་སྐྱོང་མེ་ལྷའི་མིང་། །འཁྱོག་འབར་སྲེག་ཟ་ནོར་ལས་རྒྱལ། །གསལ་བྱེད་ལུས་འཕེལ་


CMR058_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

འབར་བའི་སྒྲ། །འོ་ཆེན་རླུང་གིས་རོག་པོ་དང་། །རྩ་ཟན་བསྲེག་ཟ་མཚུན་ཐོབ་བྱེད། །འོད་བཀྲ་འོད་གསལ་རྒོད་མ་ཅན། །དེ་བཞིན་མེ་ཡི་རེག་བྱའི་མིང་། །ཡོངས་སུ་གདུང་བ་ཚངས་པ་ཅན། །ལྷོ་ཕྱོགས་བདག་པོ་ཆོས་རྒྱལ་མིང་། །འཆུང་འཇུག་མཐར་བྱེད་ཕ་ཡི་བདག །དུས་འཛིན་ཡ་མུ་ན་ཡི་སྤུན། །གོས་བྱེད་བཀའ་སྡོད་རབ་སོང་རྒྱལ། །ཞི་སྒྲུབ་དང་ནི་མཚུངས་ལ་རོལ། །ལྷོ་ནུབ་བདག་པོ་སྲིན་པོའི་མིང་། །ཁྲག་འཐུང་ཟ་བྱེད་ཤ་ཟ་དང་། །བསྲུང་པོ་ཀུན་གསོད་མཚན་མོ་རྒྱུ། །བསྙེན་པར་བསྟོད་དང་མཚན་མོ་རྒྱུ། །སྲུང་བ་པ་དང་ཕྱོགས་ཀྱི་བུ། །ནུབ་ཕྱོགས་བདག་པོ་ཀླུ་ཡི་མིང་། །ཆུ་སྤྱོད་བདག་པོ་ཞགས་པ་ཅན། །མཆོག་གཏེར་རབ་སེམས་ཆུ་བདག་གོ །ནུབ་བྱང་རླུང་ལྷའི་མིང་རྣམས་ནི། །ཡང་དག་རྒྱུག་དང་རྟ་དམར་ཅན། །རྟག་འདྲ་དྲི་ལེན་མྱུར་འགྲོ་དང་།་།གནས་མེད་དྲི་ཞོན་སིམ་བྱེད་སོགས། །མཁའ་བདག་དག་བྱེད་སྐྱེ་འགྲོའི་སྲོག །བྱང་ཕྱོགས་བདག་པོ་གནོད་སྦྱིན་མིང་། །གསང་བའི་བདག་པོ་ནོར་སྦྱིན་དང་། །མིའམ་ཅི་དབང་ནོར་སྦྱིན་རྒྱལ། །མི་ཡི་ཆོས་ལྡན་འོད་ཡང་བུ། །དཔལ་གཏོར་དབང་ཕྱུག་མི་ལ་


CMR058_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

ཞོན། །བསོད་ནམས་སྐྱེས་དང་མིག་གསུམ་པོ། །ལུས་ངན་དྲག་པོ་རྣམ་སྲས་མཚན། །དེ་ཡི་བུ་ནི་གར་མཁན་མཆོག །ཆལ་ནི་སྣ་ཚོགས་ཤིང་རྟ་སྟེ། །གྲོང་ཁྱེར་བརྒྱད་པ་ཅན་ཞེས་བྱ། །ཤིང་རྟ་མེ་ཏོག་རྒྱན་པ་ཅན། །དེ་ཡི་འཁོར་དུ་གནས་པ་ཡི། །མིའམ་ཅི་ཡི་མིང་དག་ནི། །ཅེ་ཡི་སྐྱེས་བུ་རྟ་ཡི་གདོང་། །འདྲོ་འགྱོགས་ཞེས་ཀྱང་བྱ་བ་ཡིན། །གནོད་སྦྱིན་རྒྱལ་པོའི་གཏེར་གྱི་མིང་། །གཉེན་གཏེར་གཏེར་གྱི་གཙོ་བོ་སྟེ། །དབྱེ་ན་དུང་དང་པདྨའི་གཏེར། །ནམ་མཁའི་མིང་གི་མངོན་བརྗོད་ནི། །ཀུན་འགེབ་འཁོར་ལོ་གོ་འབྱེད་དང་། །ཆུ་སྒྲོག་ལྷ་རྩེན་རོལ་པ་དང་། །ལྷ་ལམ་མཐའ་བྲལ་དབུས་ན་གསལ། །ཀུན་འགྲོ་མི་གསལ་ཁྱབ་འཇུག་གནས། །མུ་ཁྱུད་འཁོར་ཡུག་ལྕགས་རིའི་མིང་། །ཆུ་ཡི་བཞོན་པ་ཆུ་ཁུར་དང་། །སྒྲ་སྒྲོགས་ཆུ་འཛིན་རྒྱུན་འཛིན་དང་། །རླབས་འཛིན་གློག་ཅན་ཆུ་འབྱིན་དང་། །སྤྲིན་ཕྲེང་ཆུ་ཡི་རྩ་མགུ་བྱེད། །དེ་དག་སྤྲིན་གྱི་མིང་དུ་འདོད། །སྤྲིན་གྱི་འོད་ཟེར་འཕྲོ་འཛོམ་དང་། །རྡོ་རྗེའི་ཟེར་འཕྲོ་ཆུ་ལས་འབར། །ལྕེ་འབབ་གནམ་ལྕགས་ཐོག་གི་མིང་། །ཀུན་ནས་འབབ་དང་ཡང་ལྷུང་དང་། །བར་ཟིལ་ཅན་དང་དགུང་ཆར་དང་། །


CMR058_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲིན་གྱི་བཅུད་དང་སྤྲིན་ལས་བྱུང་། །ཆུ་ཡི་ཟེགས་མ་མཁའ་ལས་འབབ། །ཆར་རྒྱུན་ལ་སོགས་ཆར་གྱི་མིང་། །འཇའ་ཚོན་རང་བཞིན་དམར་པོ་ནི། །རོ་ཧི་ཏ་ཞེས་བྱ་བ་སྟེ། །དྲང་འཁྱོག་རྒྱལ་བྱིན་གཞུ་ནི་འཇའ། །རྡོ་ཆར་སྡང་བྱེད་སེར་བའི་མིང་། །སྤྲིན་གྱི་སྒྲིབ་བྱེད་ཉེ་བར་ནུབ། །ཁེབ་པ་ཉི་མ་ངན་ཡུལ་ངན། །ཀུན་མུན་གཉེན་དང་བསིལ་ཟེར་ཅན། །བསིལ་བྱེད་འོད་དང་འོད་དཀར་ཅན། །མཚན་མོའི་བདག་པོ་རི་དྭགས་མཚན། །རྒྱུ་སྐར་དབང་ཕྱུག་རི་བོང་འཛིན། །འོད་གཟུགས་དཀྱིལ་འཁོར་བཅུ་དྲུག་ས་ཆ། །འཚེར་ལྡན་ཀུན་ཕན་འབིལ་འོད་ཅན། །དེ་ལ་སོགས་པ་ཟླ་བའི་མིང་། །སྐར་མ་རི་བྱི་བུམ་པ་སྐྱེས། །སྐར་མ་འོད་ཆེན་ཆུ་ལྷའི་བུ། །རྒྱས་བྱེད་ཚིམ་བྱེད་རྒྱལ་གྱི་མིང་། །དྭ་ཀྭིའི་མོ་ཐ་སྐར་མི་མིང་། །ཁྱུ་མཆོག་རྐང་ནི་ཁྲུམ་གྱི་མིང་། །རི་དང་མགོ་ཅན་མགོ་ཡི་མིང་། །བློ་ལྡན་བླ་མ་ལྷའི་སློབ་དཔོན། །འཚོ་བྱེད་སྨྲ་བའི་བདག་པོ་དང་། །ཅུག་སྤུ་དུམ་སྐྱེས་ཕུར་བུའི་མིང་། །སྙན་ངག་བུ་མོ་མདོག་མཛེས་དང་། །སྙན་ངག་མཁན་པོ་པ་སངས་མིང་། །ལུས་དམར་ས་ལས་སྐྱེས་པའི་བུ། །ས་ལས་བྱུང་སོགས་མིག་དམར་མིང་། །བྲ་


CMR058_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

ཉེའི་བུ་ཕོ་རྟོག་ལྡན་དང་། །ཟླ་བའི་བུ་ནི་ལྷག་པའི་མིང་། །དལ་འགྲོ་གཟའ་ཆེན་སྤེན་པའི་མིང་། །མུན་ནག་ཅན་དང་མཐོ་རིས་གསལ། །ཟླ་བ་ཟ་དང་སྒྲ་གཅན་དང་། །སེང་གེ་ཅན་སོགས་དུས་མེའི་མིང་། །ཉིན་བྱེད་སྣང་བྱུང་བླ་མེད་གསལ། །སྣང་བྱེད་འོད་བྱེད་བཅུ་གཉིས་བདག །རབ་ཏུ་གསལ་བྱེད་མི་སྦྱིན་སྐྱེས། །རྣམ་གསལ་བྱེད་དང་རྟ་བདུན་པ། །འོད་བཀྲ་རྣམ་པར་སྣང་བྱེད་དང་། །གཟའ་ཡི་བདག་པོ་འོད་དྲོན་ཅན། །ཉིན་མོའི་བདག་པོ་འོད་སྟོང་འཕྲོ། །འོད་འབྱིན་ལ་སོགས་ཉི་མའི་མིང་། །གསལ་བ་མུན་སེལ་འཇལ་འཕྲོ་སྣང་། །འོད་ཟེར་ཅན་སོགས་ཉི་འོད་མིང་། །རི་དྭགས་སྲེད་ནི་སྨིག་རྒྱུའི་མིང་། །ཡང་དག་འགྲོ་དང་བགྲང་བྱ་དང་། །ཚོད་ཅེས་བྱ་བ་དུས་ཀྱི་མིང་། །མུན་གསལ་གནས་འཇོག་ཉིན་མོའི་མིང་། །བྱ་བྲལ་དང་ནི་ཐུན་གསུམ་པ། །སྣང་བ་ཟློག་བྱེད་དལ་བ་གཏེར། །མུན་པ་ཅན་རྣམས་མཚན་མོའི་མིང་། །འཇའ་བྱེད་གང་བ་ཉ་ཡི་མིང་། །རྗེས་འདུ་ལྷག་ནས་གནམ་སྟོང་མེད། །རི་དྭགས་མགོ་ཅན་མིག་འབྱེད་དང་། །ལོ་མགོ་ཞེས་བྱ་སྨལ་པོའི་མིང་། །མེ་ཏོག་ལྡན་པའི་ཟླ་བ་དང་། །སྟེ་ཤར་མི་འབྱེ་རྒྱལ་ཟླ་ཡི། །དཀའ་ཐུབ་ཟླ་བ་མཆུ་


CMR058_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

ཟླའོ། །འབྲས་བུའི་ཟླ་བ་དབོ་ཟླ་ཡིན། །འདོད་ཟླ་ཞེས་པ་ནག་ཟླའོ། །སྦྲང་ཆུ་བྱེད་པ་ས་གའི་མིང་། །རྐང་པ་སྤྲིན་བཟང་ཐུབ་བོ་ཞུ་བ་དག་བྱེད་ཟླ། །ཆུ་སྟོད་ཅན་ཡིན་དེ་བཞིན་དུ། །མི་བཟོད་ཆུ་འཛག་མཁའ་སྒྲ་ནི། །གྲོ་ཞུན་ཅན་དུ་འདོད་པ་ཡིན། །ཁྱུ་མཆོག་དང་། །བ་ལང་རྐང་པ་ཁྲུམས་ཟླའོ། །སྟག་མོ་ཟླ་བ་རྒོད་མ་ཅན། །རྒོད་མ་ཐ་སྐར་ཟླ་བའི་མིང་། །མང་གཏེར་སྤྲོ་བ་ཅན་སྨིན་དྲུག །ཁ་བ་འབབ་དང་དྲང་དུས་རྒྱུན། །བདེ་བྱེད་མེ་ཏོག་དུས་ནི་དཔྱིད། །དྲོད་འབེབས་ཏུལ་དུས་ཚད་པ་ཅན། །ཆར་ཟླ་ཆར་པའི་དུས་ནི་དབྱར། །སྨིན་པའི་དུས་ནི་སྟོན་ཟླའོ། །འདོར་བྱེད་ཡོངས་བསྒྲང་བསྒྲང་གཞི་དང་། །རང་སྐྱོབ་ཅེས་པ་ལོ་ཡི་མིང་། །ཡོངས་འཇོམས་ཟ་ས་རབ་ནུབ་མཐའ། །རབ་ཐིམ་རབ་ནུབ་བསྐལ་པའི་མིང་། །བཟང་ལས་འཇོམས་དང་བཟང་པོ་སྤངས། །རྨས་བྱེད་དགེ་མཛད་སྡིག་པའི་མིང་། །རབ་བསྔགས་ལེགས་བྱས་འདོད་འབབ་དང་། །འཛིན་སྦྱོང་དགེ་བའི་མིང་། །ཚིམ་བྱེད་རབ་མགུ་བྱེད་རང་བྱེད། །སྤྲོ་བྱེད་རྣམས་ནི་དགའ་བའི་མིང་། །ཞི་བྱེད་བསྔགས་འོས་ཕན་ཐོབ་དང་། །བཟང་སྙེག་སྐལ་བཟང་བསོད་


CMR058_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

ནམས་མིང་། །བསྒོ་སྐལ་ལྷས་བསྐོས་སྔོན་བྱས་དང་། །ཕྱེད་བསྐོས་ཁ་རྗེ་དབང་ཐང་མིང་། །རྒྱུ་དང་བྱེད་པ་ས་བོན་མིང་། །ཞིང་ཤེས་སྐྱེས་བུ་བདག་གིས་མིང་། །སྲོག་ལྡན་ཤེས་ཅན་སུས་ཅན་དང་། །སེམས་དཔའ་གྲོགས་བྱེད་སྐྱེ་བོའི་མིང་། །ཡིད་འགྲོ་རྩོལ་བྱེད་ཉེར་དམིགས་དང་། །ལེགས་རྟོགས་བསམ་པ་བློ་གྲོས་མིང་། །ཡང་དག་རྟོགས་དང་སེམས་ལོངས་སྤྱོད། །བསམ་མོན་ཞེས་པ་རྟོག་སྤྱོད་མིང་། །ཡིད་གཉིས་སོམ་ཉི་ཐེ་ཚོམ་མིང་། །མེད་པར་ལྟ་བ་ལོག་ལྟའི་མིང་། །འཚེ་བྱེད་མཁུ་སེམས་གནོད་སེམས་མིང་། །བཟུང་བའི་མཐའ་ནི་གྲུབ་མཐའི་མིང་། །བློ་ལོག་འཁོར་བ་འཁྲུལ་པའི་མིང་། །ཕྱོགས་བཟུང་ཁས་འཆེ་དམ་བཅའི་མིང་། །ཡང་ཐོབ་ངེས་བྱས་གཉེན་བྱས་དང་། །ངེས་བཟུང་ཐར་པའི་བློ་གྲོས་འང་དེ། །ངེས་པར་ལོག་དང་རབ་བསྔགས་དང་། །འཆི་མེད་གྲེལ་བ་སྤང་པ་དང་། །མ་འདྲེས་མྱ་འདས་ཐར་པའོ། །མི་ཤེས་མ་རིག་ངར་འཛིན་མིང་། །ལོག་འཐུལ་འདོད་རི་སྣ་ཚིལ་བྱེད། །ངད་བཟང་ཡིད་འཕྲོག་སྤོས་ཀྱི་མིང་། །དྲི་བཙོག་ཏུམ་རི་དྲི་ངན་མིང་། །སྐྱ་སེང་མདོ་སྔགས་མིག་སྟོབས་དང་། །འོད་གསལ་གཞན་ཅོད་དཀར་པོའོ། །རི་


CMR058_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

དྭགས་མདོག་ནི་ངང་པའོ། །རྙིང་པོའི་མདོག་དང་དཀར་མིན་ནག །མདོག་སྔགས་སྤུང་བའི་མདོག་སེར་པོ། །སྲུས་ཁ་ལོ་མའི་མདོག་ལྗང་ཁུ། །ཁྲག་མདོག་མདོག་དམར་དམར་པོའོ། །དམར་སྐྱ་པཱ་ཊ་ལ་སྐྱ་རིང་། །ཀ་ན་ད་མདོག་ལེ་བརྒན་མིང་། །དུད་ཁོ་དུ་མདོག་དམར་ནག་མིང་། །སར་སང་ཀར་སེར་སེར་སྐྱའོ། །སྣང་འདྲེས་མ་དང་སྣ་ཚོགས་བགྲང་། །བཀྲ་བ་ཁྲ་བོའི་མིང་དུ་འདོད། །ཚང་བྱུང་མཚོས་བྱུང་དབྱངས་དང་སྒྲ། །ཟུར་ཆགས་སྒྲ་ཉམས་སྒྲ་དམན་མིང་། །ཤེས་འདོད་རྗེས་སྦྱོར་འདྲི་བའི་མིང་། །རྗེས་སྟོན་སླར་བརྗོད་ལན་འདེབས་མིང་། །ངན་བརྗོད་ལོག་པར་སྦྱོར་བ་རྫུན། །ལོག་པར་བསྔགས་དང་མངོན་པར་སྨོད། །སྐུར་པ་འདེབས་པའི་མིང་ཡིན་ནོ། །ལེགས་པ་སྟོན་སྒྲ་བསྟོད་པའི་མིང་། །མཆོད་ཚིག་ལེག་སྒྲོག་སྙེན་དྲང་མིང་། །ཡོངས་སྤྱོད་སྡིག་ཚིག་ངེས་པར་སྒྲོལ། །མི་སྔགས་ཁྲོས་ཚིག་དམོད་པའི་མིང་། །ལབ་ལོབ་ཅལ་ཅོལ་དོན་མེད་གཏམ། །དགེ་གཏམ་ཕན་བྱེད་སྨྲ་བ་དང་། །སྙིང་ལ་འབབ་པ་འཆོས་པའི་ཚིག །ཕན་པར་སྨྲ་བའི་མིང་ཡིན་ནོ། །མི་གསལ་མ་རྫོགས་བརྗོད་ཉམས་ང་། །གླན་ཚིག་བླུན་པོའི་


CMR058_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

གཏམ་ཡིན་ནོ། །བརྗོད་བྱ་མེད་པ་ཡི་གེ་བྲལ། །མི་གསལ་འབྲེལ་མེད་མིང་ཡིན་ནོ། །ཡང་དག་ཡིད་བཞིན་འབབ་པ་དང་། །མི་བསླུ་བ་ནི་བདེན་པའི་ཚིག་།སྒྲ་སྙན་ལེན་སྒྲ་བྲག་ཆའི་མིང་། །དར་རི་ཅ་ཅོ་མང་པོའི་སྒྲ། །རྒྱན་གྱི་སྒྲ་ལ་ཁྲལ་ཁྲོལ་ཟེར། །རབ་འབར་རྩང་བ་སྒེག་པའི་མིང་། །དཔའ་བ་སྤྲོ་བ་སྐྱེད་པར་དྲག །བདག་དབང་བདེ་འགོག་ཐུགས་རྗེ་གཏེར། །རྗེས་སུ་བརྩེ་བ་སྙིང་རྗེའི་མིང་། །རྒོད་བག་བཞད་པ་གད་མོ་འབྱིན། །རྣམ་པར་འགྱུར་བ་མི་སྡུག་གོ །རྨད་བྱུང་མཚར་ཆེ་ངོ་མཚར་ཆེ། །སྣ་ཚོགས་ཞེས་པ་རྔམ་པའི་མིང་། །ཉམ་ང་ཅན་དང་འདིར་འཇུག་དང་། །འཇིགས་རུང་འཇིགས་པ་འཇིགས་བྱེད་དོ། །སྐྱག་བྱེད་སོ་སོར་འཇིགས་དྲག་དང་། །དྲག་ཤུལ་ཞེས་བྱ་དོན་གཅིག་གོ ། སྐག་པ་སྐུ་ཕུང་སྤུ་ཟིང་བྱེད། །སྙེམས་པ་ཡིད་མཐོ་ང་རྒྱལ་མིང་། །ཞུམ་བྱེད་ཡོངས་སུ་སྨོད་པ་དང་། །རྒོལ་དང་བཤུགས་པ་བརྒྱད་བཀག་དང་། །མཆོད་མིན་བྱེད་སོགས་མཚང་འབྲུའི་མིང་། །བཏང་བོས་དཀའ་ཐུབ་བཟོད་པའི་མིང་། །མངོན་སྙེམ་ཞེས་པ་བརྣབ་སེམས་མིང་། །ཞུམ་ཞིང་དཔའ་འཁུམ་མིག་དམན་དང་། །ངོ་ཚ་ངོ་སྨིན་དོན་གཅིག་གོ །མི་


CMR058_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

བཟོད་སྐྱོན་སྒྲོག་ཕྲག་དོག་མིང་། །རྣམ་པར་འགོག་དང་དགའ་སྐྱེད་འགལ། །འཁོན་དུ་འཛིན་པའི་མིང་དུ་བཤད། །རྣམ་པར་སྙིལ་བ་རྗེས་གདུང་དང་། །ཕྱི་ནས་གདུང་བ་འགྱོད་པའི་མིང་། །མི་རུང་མི་མནག་གཞན་སྣུམ་པ། །སེམས་འཁྲུག་འཁྲུག་པ་ཁྲོ་བོའོ། །ཚུལ་ཁྲིམས་མིང་ནི་གཙང་བར་སྤྱོད། །རྗེས་མྱོང་ཡིད་ཀྱི་རྣམ་འགྱུར་དང་། །གོ་བྱེད་ཉམས་ཀྱི་འགྱུར་བར་དཔྱང་། །རྣམ་པར་འཁྲུལ་པ་ཡིད་འཁྲུལ་སྨྱོ། །ཡིད་ཀྱི་ཤིང་རྟ་ཆགས་རྙེད་དང་། །མངོན་འདོད་སྲེད་པ་འདོད་པའི་མིང་། །སེམས་སྣུམ་དགྱེས་པ་སྙིང་སང་དང་། །ཉམས་དགའ་དགའ་བའི་མིང་དུ་བཤད། །ཀུན་འཛིན་ཡིད་དང་ཉེར་འཛིན་དང་། །ཡིད་གདུང་དོན་ལ་སེམས་པའི་མིང་། །ཆོས་ལྡན་ཡིད་དང་སྤྲོ་བར་ཞེན། །རྟུལ་ཕོད་བརྩོན་འགྲུས་མིང་དུའོ། །རྙེད་འདོད་ཚང་འདྲ་རྙེད་དཀར་དང་། །འགེབ་དང་ངན་སྐྱོག་བག་མེད་མིང་། །སྡིག་ལ་དགའ་འདོད་སྐྱོ་བསང་དང་། །ཀུ་རེ་མིང་གི་རྣམ་གྲངས་ཡིན། །ངག་འབྲས་ཞེན་པ་འབྲིས་ཚིག་དང་། །ཡིད་བ་རྟོག་མེད་བསླུ་བའི་མིང་། །མཆོད་ཆེན་ལྷ་གསོལ་དགའ་སྟོན་མིང་། །སྟོབས་ལྡན་གནས་དང་རྐང་འོག་དང་། །འོག་མ་


CMR058_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

བཅུད་འོག་ས་འོག་དང་། །ཀླུ་ཡི་འཇིག་རྟེན་དོན་གཅིག་གོ །བགྲད་མེད་མུན་དང་ཉེར་ནུབ་དང་། །རབ་རིབ་མུན་པའི་མིང་དུའོ། །ཐིག་ལེའི་ལུས་དང་རླུང་གི་དགའ། །མྱུར་འགྲོ་འཁྱོག་འགྲོ་གྱ་གྱུ་འཁྱུག །རྐང་སྦས་འཁྱིལ་པ་མིག་གི་ཐོས། །དུག་འཛིན་ལ་སོགས་སྦྲུལ་གྱི་མིང་། །བེའུ་ལྟེ་བ་ཧ་ལ་དུག །འདོད་འབྲས་བྲལ་དང་ངན་འགྲོའི་མཐིལ། །ངན་འགྲོ་དམྱལ་བའི་མིང་དུ་གསུང་། །ངན་ཁྱབ་གྲུབ་མེད་ཡི་དྭགས་སོ། །གཅོད་སྦྱོར་མནག་དཀའ་ངན་མྱོང་དང་། །ཚོར་བ་རྩུབ་པ་སྡུག་བསྔལ་མིང་། །ཆུ་སྲིན་བདག་པོ་ཆུ་གཏེར་རྒྱུདང་། །རིན་ཆེན་འབྱུང་གནས་འབབ་ལྡན་དང་། །ཆུ་རླུང་བདག་པོ་རྒྱ་མཚོའི་མིང་། །མི་འཆི་འཚོ་བ་མཐུར་དང་འགྲོ། །བཏང་འགྲོ་བདེ་མཆོག་ཆུ་ཡི་མིང་། །ཆིལ་སྒྲོག་འཐོར་འགྲོ་ཆ་རླབས་སོ། །རྒྱུག་ཆུ་རྒྱུན་འཁྱོག་ཆུ་ཀླུང་ངོ་། །ཆུ་ངོགས་འགྲམ་དང་ཕན་ཚུན་ངོགས། །ཆུ་དབུས་དབུས་མ་ཆུ་ཡི་རྐང་། །གླིང་ཞེས་བྱ་བ་ཅིག་ཏུ་གོ །བྱིང་པ་རྫོབ་དང་འདམ་རྫབ་གཅིག །བསྐུལ་འགྲོ་སྒྲོལ་བྱེད་འཕྱེས་འགྲོ་གྲུ། །ན་ཀྲ་དང་ནི་ཀུམ་བྷི་ར། །མ་ཀ་ར་ནི་ཆུ་སྲིན་མིང་། །ཤུག་ངན་དཔའ་རྐང་རུ་སྣལ་ལོ། །ཁྲག་འཐུང་ཆུ་ཤིག་འབུ་ཡི་


CMR058_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

མིང་། །ད་བྱིད་སྐྱིན་འཁོར་སུམ་གྱི་མིང་། །མུ་ཏིག་མུ་ཏིག་སྐྱལ་པ་དང་། །ཉ་སྐྱོག་ཉ་ཕྱིས་མིང་དོན་ཅིག །སྐམ་བུ་ར་ནི་དུང་གི་མིང་། །འཕར་འགྲོ་སྦལ་པའི་མིང་དུའོ། །རབ་ཟི་མ་ཅན་འདྲེན་ཆུ་སྐྱོབ་ཁྲོན་པ་སྟེ། །ཡང་བསྐོས་ལྷས་བསྐོས་རྫིང་བུ་ཡིན། །པད་མའི་འབྱུང་གནས་ཆུ་གནས་འབབ། །སྒྲ་ལྡན་ཞེས་བྱ་མཚོ་བྲན་ནོ། །ཟི་མ་ཅན་དང་རྦ་རླབས་ཅན། །འཁྱུས་འགྲོ་སྒྲ་ལྡན་ཆུ་དོག་ཅན། །གཡོ་བ་ཅན་དང་རླུང་ཅན་དང་། །གཞོལ་འགྲོ་རྨུན་ཅན་ཆུ་བོའི་མིང་། །ཆུ་ཡི་ལམ་ནི་ཝ་ཏི་ཟིར། །རྐང་འདྲེས་བཅིང་དང་བཟང་རྩིབ་རྙེད། །ཆུ་རྒྱན་འདབ་བརྒྱད་འདབ་སྟོང་པ། །མཚོར་སྐྱེས་ཟེའུ་འབྲུའི་ཕྲེང་ལྡན་པ། །ཆབ་འཁྲུངས་སྡོང་བུ་སྐྱེས་པད་མ། །སྡོང་བུ་ཆུ་ལ་རྐང་བུ་གཅིག །ཟེ་བ་གེ་སར་ཟེ་འབྲུ་གཅིག །སྦྲུལ་མིང་འཁོར་ལོ་ཅན་ལ་སོགས། །དོན་མང་མངོན་བརྗོད་འདིར་མ་བྲིས། །གང་གའི་མིང་ལ་ཁྱབ་འཇུག་སོགས། །དེ་སོགས་བོད་དུ་མི་མཁོ་་སེམས། །འདི་ནི་ཉེར་མཁོ་ཤིན་ཏུ་བསྡུས། །ས་པཎ་དང་ནི་ཟུར་མཁར་སོགས། །མཁས་པའི་གསུངས་ལས་གོ་བདེར་བསྐོལ། །བདག་ནི་མཁས་མིན་མཁས་འདོད་མིན། །


CMR058_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་དང་རྙེད་པའི་ཕྱིར་མ་ཡིན། །རིག་གནས་ཀུན་ལ་མ་སྦྱངས་ན། །ཀུན་མཁྱེན་ཐོབ་པར་མི་འགྱུར་ཕྱིར། །སྙན་ངག་དང་ནི་མངོན་བརྗོད་ལ། །འདི་དག་ཙམ་གྱིས་འབྲེལ་བཞག་པས། །བདག་ནི་ཚེ་རབས་ཐམས་ཅད་དུ། །དབྱངས་ཀྱི་ལྷ་མོས་རྗེས་བཟུང་སྟེ། །རྒྱལ་བའི་བསྟན་པ་གསལ་བྱེད་ཅིང་། །མཁས་རྣམས་མགུ་བར་བྱེད་པ་ཡི། །གསུངས་དབྱངས་དྲུག་ཅུའི་ངག་ལྡན་ཤོག །ནོར་འཁྲུལ་འགལ་བར་གང་མཆིས་རྣམས། །མཁས་པའི་ཚོགས་ལ་ནོངས་པས་འཆགས། །འདི་ཕྱིའི་སྒྲིབ་པར་མ་གྱུར་ཅིག །དེ་སྐད་རཱ་ག་ཨ་སྱས་སྨྲས། མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousསྙན་ངག་གཏན་ཚིག་གི་གཏམ་རྒྱུད་ཉེར་མཁོ་དང་མངོན་བརྗོད་མདོར་བསྡུས།next