Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
ས་དཔྱད་ཉུང་ངུ་བསྡུས་པ་ཤིན་ཏུ་གསལ་བ་ལྟ་བའི་མེ་ལོང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousས་དཔྱད་ཉུང་ངུ་བསྡུས་པ་ཤིན་ཏུ་གསལ་བ་ལྟ་བའི་མེ་ལོང་།next

ས་དཔྱད་ཉུང་ངུ་བསྡུས་པ་ཤིན་ཏུ་གསལ་བ་ལྟ་བའི་མེ་ལོང་།


CMR058_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

ས་དཔྱད་ཉུང་ངུ་བསྡུས་པ་ཤིན་ཏུ་གསལ་བ་ལྟ་བའི་མེ་ལོང་ཞེས་བྱ་བ་བཞུགས་སོ། །ན་མོ་མཉྫ་ཤྲཱི་གྷོ་ཥ་ཡེ། འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །འཇིག་རྟེན་མི་རྣམས་བདེ་བའི་ཕྱིར། །ས་དཔྱད་ཞལ་གདམས་ཅུང་ཟད་བྲི། །ཚེ་འདས་བླ་དང་རྣམ་ཤེས་དང་། །སྲོག་དང་སྲོག་གཅོད་ཟ་འདྲེ་བཞི། །སྲོག་ནི་གཤེད་མ་འདྲེ་ཡིས་བཅད། །ནམས་ལས་ཀྱང་རྣམ་ཤེས་ལས་ཀྱི་རྗེས་སུ་འབྲང་། །བླ་ནི་དུར་ས་དེ་རུ་གནས། །སྲོག་གཅོད་ཟ་འདྲེ་མ་ཕྲལ་ནི། །གཤིན་པོའི་གཟུགས་བཟུང་གསོན་ལ་གནོད། །རྗེས་ཀྱི་དགེ་རྩ་བར་ནས་འཇོམས། །གཤིན་པོ་གནས་མི་བདེ་བར་བྱེད། །དེ་ཕྱིར་འདུལ་བརྡུང་དགོས་པ་ཡིན། །བྱིས་སྦ་དང་ནི་དར་མ་ལ། །བརྡུང་ལ་ཤིན་ཏུ་དྲག་པོ་བྱ། །མ་བྱས་སྲི་ནི་འཇུག་པ་ཡིན། །རྒས་པ་ཤི་ན་བརྡུང་མི་དགོས། །རྒས་སྲི་བརྡུང་ན་གཞོན་ལ་བབ། །ཟ་འདྲེ་ཕྲལ་བ་ཕྱིར་བཟློག་འཐུས། །དུར་སར་བླ་དེ་འཁོར་བ་ལས། །ས་བཀྲ་བཟང་ན་བླ་དེ་ལ། །བདེ་སྐྱིད་འབྱུང་བས་གསོན་པོ་ལ། །བླ་དེས་མགོན་བྱེད་བདེ་སྐྱིད་འབྱུང་། །ས་བཀྲ་ངན་ན་བླ་དེ་ངན། །སྡུག་བསྔལ་ཆེན་པོ་བྱེད་པ་ཡིན། །གསོན་པོ་རྣམས་ལ་སྐྱབས་འཚོལ་


CMR058_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

བས། །གསོན་པོས་མི་ཁྱག་ན་ཚ་འབྱུང་། །ས་དཔྱད་དགོས་དོན་དེ་ལྟར་ལགས། །ས་ནི་ཚོལ་དུ་འགྲོ་བའི་དུས། །སྣོད་སྟོང་ཁུར་སོགས་ལ་ཉེ་ན། །ངན་པས་ཕྱོགས་དེར་མི་འགྲོའོ། །འགྲོ་བའི་ལུང་པ་དེ་ཉིད་ནི། །ཤར་ཕྱོགས་ཤར་ལྷོ་ལྷོ་རྣམས་སུ། །ཁ་བསྟན་ས་རུ་ས་རྙེད་སླ། །དེ་ནས་ས་ནི་ཐམས་ཅད་ལ། །བྱང་དང་ནུབ་བྱང་ནུབ་གསུམ་ལ། །རྒྱབ་གཏད་པ་ནི་གནད་དུ་ཆེ། །ཤར་དང་ཤར་ལྷོ་ལྷོ་གསུམ་ལ། །ཁ་གྱུ་བ་ནི་གནད་ཆེའོ། །ཁ་ཡི་རྒྱུ་ཕྱོགས་དེ་མིན་ན། །ས་དཔལ་བཟང་ཡང་སྐྱོན་མང་ཡོད། །ཤར་ཕྱེས་ལྷོ་སྤུངས་ནུབ་འདན་པ། །བྱང་ཕྱོགས་མཐོ་ཞིང་གཡོལ་བ་ནི། །ཀ་བ་བཞི་ཡིན་གལ་པོ་ཆེ། །མདུན་དེར་ཆུ་རྣམས་ཚུར་ལ་རྒྱུ། །རྩ་ཤིང་ནགས་ཚལ་ན་བའི་ཐད། །རྫ་ནི་མང་པོ་ཚུར་ལ་ལྷུད། །ཟས་ནོར་ལོངས་སྤྱོད་ཕུན་ཚོགས་འབྱུང་། །ཤར་ལམ་ལྷོ་ལམ་གྲོགས་དང་གཡང་། །ནུབ་ལམ་བདུད་ཡིན་བྱུང་ལམ་དགྲ། །ཤར་གྱི་ནམ་མཁའ་ཡངས་པ་དང་། ཉི་ཟླའི་བགྲོད་ཐག་རིང་བ་ནི། །ཚེ་རིང་པ་ཡི་ས་ཡིན་ནོ། །ཤར་ངོགས་ཉི་མ་ནུབ་སྔ་ན། །ས་དཔལ་བཟང་ཡང་ཚེ་ཐུང་ངོ་། །གད་པ་མདུང་འདྲ་ས་ཕུག་དང་། །ཆུ་སྒྲོན་འོད་ཆེན་


CMR058_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་ཟེར་ལེན། །བྲག་གི་ཧར་ཁུང་བུག་པ་དང་། །ཤིང་ནགས་རླུང་གི་གཡབ་པ་ནི། །འབྱུང་བ་བཞི་ཡི་སྒྲོན་ཆེན་ཡིན། །ཆེ་དུར་གཡས་གཡོན་ཤིང་གཅིག་ངན། །ཆུང་དུར་སྲུང་མདའ་ཡིན་པས་བཟང་། །རྒས་དུར་དམའ་དང་གཞོན་དུར་མཐོ། །ས་དཔལ་བཟང་ཡང་ན་ཚ་འབྱུང་། །ན་ཚ་རྒོད་ན་གཉའ་གནོན་གཟབ། །འོན་ཀྱང་བྲག་ཟུར་རི་ཡི་སྣ། །མི་རུང་ཅུང་ཟད་གཟུར་བར་བྱ། །རྒྱབ་རིའི་རྩེ་ནས་ཤིང་གཅིག་དང་། །བྲག་མཆུ་བྱ་མཆུ་འདྲ་བ་ནི། །ས་མཁན་རྟག་བདུད་རང་ལ་ངན། །འོག་གི་གཡས་གཡོན་བྲག་འུ་འམ། །ཕ་ཝང་བྱ་མཆུ་འདྲ་བ་ནི། །ས་མཁན་རང་གི་འོག་རྟ་འཆི། །འོག་ཐད་དེ་འདྲ་སྒོ་ཁྱི་བཟང་། །ཤར་ལྷོ་མཚམས་ཀྱི་ནམ་མཁའ་ནི། །མདའ་སྟོང་འདྲ་བ་མཐོང་ན་ནི། །ས་མཁན་ཟ་ཁ་དར་བ་ཡིན། །ཤར་གྱི་གསས་མཁར་དགྲ་བླའི་སོ་པ་ཡིན། །ནུབ་དང་བྱང་གི་གསས་མཁར་ནི། །རི་རྩེ་ནས་མཐོང་དགྲའི་སོ་བ། །ཁྱད་པར་ལོ་ཁའི་ས་འདེབས་ནི། །སྟག་ཡོས་ལོ་པའི་ཤི་གསོན་ལ། །ཤར་གྱི་ཤིང་གཅིག་གྲོགས་ཡིན་ཏེ། །མཚམས་བཞི་ལོ་པའི་དགྲ་བོ་ཡིན། །བྱང་ནས་ཆུ་བོ་རྒྱུན་འབབ་པ། །བྱི་ཕག་ལོ་པའི་དངོས་གྲུབ་


CMR058_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། །རྟ་སྦྲུལ་ལོ་པའི་དགྲ་རུ་འགྱུར། །ནུབ་ཕྱོགས་བྲག་དཀར་ཆེ་ཆུང་ཀུན། །བྱ་སྤྲེལ་ལོ་པའི་ལྷ་ཡིན་ཏེ། །སྟག་ཡོས་ལོ་པའི་དགྲ་རུ་འགྱུར། །ལྷོ་ཡི་གད་དམར་རི་དམར་ནི། །རྟ་སྦྲུལ་ལོ་པའི་ས་དཔལ་སྟེ། །བྱ་སྤྲེལ་ལོ་པ་ཕུང་བར་བྱེད། །ལྷོ་ནུབ་ཐང་ཆེན་གྲུ་བཞི་འམ། མཚམས་བཞིར་ལྷ་ཁང་མཆོད་རྟེན་དང་། །གྱང་ཧྲལ་མཚམས་བཞི་ལོ་པར་ཕན། །བྱི་ཕག་ལོ་པའི་ལྟས་ངན་རང་། །དེ་རྣམས་སྲོག་ལ་རྩི་བ་ཡིན། །ན་ཚ་ཨེ་འོང་དེ་ལ་རག །གཞོན་དུར་གཉའ་གནོན་གཟབ་དགོས་ཀྱང་། །བྲག་འགགས་དོགས་པར་མི་རུང་སྟེ། །ལྷ་འདྲེའི་གཤར་ལམ་ཡིན་པས་ངན། །ཆུ་ཤིང་ནི་བ་གྲོགས་ཡིན་ཀྱང་། །གཉན་ས་ཡིན་ན་མི་རུང་སྟེ། །ཀླུ་ལ་ཕོག་ཐུག་ཉེས་དགུ་འབྱུང་། །མདུན་རིའི་སྟོད་སྨད་བར་དང་གསུམ། །ཆེ་རྒྱུད་ཆུང་རྒྱུད་འབྲིང་རྒྱུད་ལ། །ཤར་ལྷོ་བུ་མོ་མག་པའི་ས། །ལོ་སྐོར་བཅུ་གཉིས་ས་མལ་ནང་། །རང་རང་གཟུགས་འདྲའི་བྲག་གམ་ས། །བྱུང་ན་དེ་ཡི་ལོ་པར་བཟང་། །གོང་དུ་ས་བཀྲ་བཤད་པ་ནི། །ཤིང་མེད་ཡུལ་དུ་ཤིང་དང་ནི། །ཆུ་མེ་ཡུལ་སོགས་དེ་དག་རུ། །ལོ་ཡི་ས་དགྲ་མི་དཔྱད་དེ། །ལོངས་སྤྱོད་འདོད་དང་དབང་ཐང་


CMR058_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ནང་བཟང་ཕ་ཚན་དར་བ་ལ། །རུས་ཁམས་ལ་དཔྱད་ས་འདེབས་ནི། །ས་ཁམས་སྤང་རི་སེར་པོ་དང་། །ལྕགས་ཁམས་རྫ་དཀར་བྲག་དཀར་དང་། །ཆུ་ཁམས་མཚོ་ཆེན་མཐོང་ས་དང་། །མེ་ཁམས་རྫ་བྲག་དམར་པོ་དང་། ཤིང་ཁམས་ནགས་ང་འཐུག་པོ་སྟེ། །དེ་རྣམས་རྒྱབ་རི་ཁོ་ནའོ། །ཁྱད་པར་ཆུང་དུར་མན་ངག་ལ། །ཇི་ཙམ་ཤི་གྲངས་མང་བ་བཞིན། །གཉའ་གནོན་གཟབ་པར་བྱ་བ་སྟེ། །ཧ་ཅང་ཆེ་ན་ཕ་འཆི་ཉན། །མ་པང་ཞེས་བྱ་འོག་གི་ཐང་། །མེད་ན་མི་སོས་མདའ་འགྲས་ཙམ། །དེ་བས་ཕྱི་ཡངས་ན་མ་འཆི་དོག །མགྱོགས་པ་ཐད་ཀྱི་ཆུ་འབབ་དེ། །མེད་ན་ཆུང་རྒྱུད་མི་སྐྱེ་སྟེ། །ཆུ་སྐད་མེད་ན་བུ་མོ་འབྱུང་། །ཆུ་སྒྲ་ཆེ་ཞིང་རྔ་སྐྱ་འཚུབ། །དེ་འདྲ་ཡོད་ན་བུ་མང་ངོ་། །དུར་གཞན་ལམ་འོག་མི་རུང་སྟེ། །ཆུང་དུར་ལམ་འགོ་གཉའ་གནོན་རྩི། །གོད་གཅོད་ས་དང་ཐན་མནན་ས། །བྲག་དང་རི་ནི་དམར་པོ་དང་། །ནག་པོ་མི་རུང་གོད་ཁ་འོང་། །རྒྱབ་རི་བྲག་ཆེན་མ་ཡིན་པའི། །བྲི་གུང་དཀར་པོ་ཤར་གྱུ་ལ། །མདུན་དུ་ཆུ་ཤིང་ན་བ་འཛོམས། །གོད་གཅོད་ལྟས་ངན་གཡང་དུ་ལེན། །མནན་པའི་རང་ཞབས་ཆུ་རྡོལ་ན། །


CMR058_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

ཐན་ནི་མི་ལ་འོང་ཉན་ཡོད། །སུ་དཀར་ལུག་དང་ཤུག་པ་རྟ། །ཐང་ཤིང་ནོར་ཡིན་རང་རང་གི །ཟླ་ཤིང་མང་ན་སྒྲུབ་འཕེལ་ལོ། །དུར་ས་ཁང་ས་རི་ཁྲོད་ས། །དབྱིབས་འདྲ་དེ་བཞིན་འཚམས་པ་ཡང་། །གནམ་མཆེ་ས་ལ་ཟུག་པ་དང་། །ས་མཆེ་གནམ་ལ་ཟུག་པ་སོགས། །འབྱུང་བའི་སྒྲོན་ཆེན་ཡོད་པ་ན། །འཕྲལ་དུ་མི་དགེ་ངེས་པར་འབྱུང་། །དཔལ་ཁ་བཟང་ན་གྲོགས་འབྱུང་བས། །ཀུན་ལ་རྟེན་འབྲེལ་བདེན་པ་འཚར། །ཞེས་པ་རཱ་ག་ཨ་སྱས་བཀོད། ས་དཔྱད་བསྡུས་པ་ཤིན་ཏུ་གསལ་བའི་མེ་ལོང་ཞེས་བྱ་བ་རྫོགས་སོ།། །།


previousས་དཔྱད་ཉུང་ངུ་བསྡུས་པ་ཤིན་ཏུ་གསལ་བ་ལྟ་བའི་མེ་ལོང་།next