Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
བོད་ཀྱི་ས་དཔྱད་ཨ་རཱ་གས་མཛད་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབོད་ཀྱི་ས་དཔྱད་ཨ་རཱ་གས་མཛད་པ།next

བོད་ཀྱི་ས་དཔྱད་ཨ་རཱ་གས་མཛད་པ།


CMR058_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

བོད་ཀྱི་ས་དཔྱད་ཨ་རཱ་གས་མཛད་པ་བཞུགས་སོ། །


CMR058_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཨཱརྱ་མཉྫའི་ཡེ། མི་རྣམས་ཚེ་ལོ་བརྒྱ་པའི་དུས། །དང་པོ་མགོ་ཟུག་དུས་མཉམ་དུས། །ཤིང་ཕོ་བྱི་བའི་ལོ་ལ་ནི། །རྒྱ་ནག་རི་བོ་རྩེ་ལྔ་ཡི། །དཔག་བསམ་ཤིང་གི་ལྦ་བ་ལ། །གསེར་མདོག་བྱིས་སྦ་ལོ་བརྒྱད་པ། །འཕགས་པ་འཇམ་དཔལ་སྐུ་འཁྲུངས་ཏེ། །ལྷ་ཆེན་ཚངས་པ་གདོང་བཞི་དང་། །ཀླུ་རྒྱལ་སྦྲུལ་མགོ་ཅན་དང་ནི། །འཕྲུལ་གྱི་མིབཞི་ལ་སོགས་པས། །རྩིས་དང་ས་ཡི་རྒྱུད་རྣམས་གསུངས། །མིའུ་རིན་ཆེན་ཤི་བའི་དུས། །སྲོག་ནི་གཤེད་མ་འདྲེ་ཡིས་ཁྱེར། །རྣམ་ཤེས་ལས་ཀྱི་རྗེས་སུ་འབྲང་། །བླ་ནི་དུར་ས་དེ་ལ་གནས། །དུར་ས་བཟང་ན་


CMR058_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

བླ་ཡང་སྐྱིད། །གསོན་པོ་རྣམས་ལ་ཁ་འཛིན་བྱེད། །དུར་ས་ངན་ན་བླ་ཡང་རྒུད། །གསོན་ལ་སྐྱབས་འཚོལ་མི་ཁྱག་པས། །ན་ཚ་ཤི་ཆད་དར་རྒུད་འོང་། །དེ་ཕྱིར་དུར་ས་ངན་པ་ན། །དུད་འགྲོ་ཡིན་ཡང་བརླག་པར་གསུངས། །ས་དགྲ་ཡོད་ན་ཁང་པ་འགྱེལ། །ཉིན་མཚན་ཚེ་དང་བསོ་ད་ནམས་ལ། །ཟ་ཞིང་རྐུ་བའི་བླ་རུ་འོང་། །དེ་ཕྱིར་ས་འདི་གལ་ཆེའོ། །རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས། །ལོ་ཙྩ་བཞི་ལ་རིན་ཆེན་གསེར། །མང་དུ་བསྐུར་ནས་རྒྱ་ཡུལ་བཏང་། །ཧྭ་ཤང་མཁས་པ་མང་པོ་ལ། །གསེར་དངུལ་ཕུལ་ནས་གདམས་ངག་ཞུས། །ས་དཔྱད་སྤོ་མགོ་


CMR058_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

མདོ་སྡེ་དང་། །ནག་པོ་སྟག་ཤམ་ས་གཞུང་དང་། །གལ་པོ་ལ་བྱང་ཞེས་བྱ་དང་། །བྱང་ས་གསེར་གཞུང་ཞེས་བྱ་དང་། །ཁྲ་བོ་རི་རྩིས་ཞེས་བྱ་དང་། །རྒན་མོ་མཛུབ་ཚུགས་ཞེས་བྱ་དང་། །བྱེ་མ་ལག་ཁྲིད་ཅེས་བྱ་སོགས། །ཕན་བྱའི་ས་དཔྱད་མང་པོ་དང་། །ནག་པོ་འབུམ་ནག་ཅེས་བྱ་དང་། །གདུག་པའི་ལྕེ་མདུང་དགུ་སྐོར་སོགས། །གནོད་པའི་ས་དཔྱད་མང་པོ་བསླབ། །བོད་དུ་འོང་ནས་རྒྱལ་པོའི་དྲུང་། །ས་མཁན་མང་ར་ལག་སྡུག་དང་། །ལྕོགས་རོ་ཞར་བ་ལ་སོགས་པ། །མཁས་པ་མི་བཞིས་འདི་སྐད་ཞུས། །ཀྱེ། རྒྱལ་པོ་ཆེན་པོ་སྙན་གསོན་དང་། །ཀུན་རྫོབ་བདེན་པའི་ས་དཔྱད་འདི། །དཀར་ནག་འབྱེད་པའི་སྒྲོན་མེ་ཡིན། །སྲིད་རྣམས་འཕེལ་བའི་རྩ་དཀར་ཡིན། །ནོར་རྣམས་སྲུང་བའི་ནོར་ལྷ་ཡིན། །ནད་རྣམས་འཇོམས་པའི་སྨན་པ་ཡིན། །དགྲ་བགེགས་འདུལ་བའི་དགྲ་བླ་ཡིན། །འབྲུ་དང་ལོངས་སྤྱོད་བང་མཛོད་ཡིན། །ཅི་བསམ་འགྲུབ་པའི་ནོར་བུ་ཡིན། །ས་ལ་ཡོན་ཏན་ཀུན་ཚང་ལགས། །ཞུས་པས་རྒྱལ་པོ་རབ་ཏུ་མཉེས། །དེ་ནས་བོད་དུ་དར་བར་བྱས། །གསོན་པོའི་ཁང་པ་གཤིན་དུར་ས། །ལ་ཆེན་ས་དཔྱད་ཐམས་ཅད་འདྲ། །བྱང་


CMR058_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

གི་སྟོད་སྨད་ནུབ་བྱང་མཚམས། །དེ་ལ་རྒྱབ་ཀྱི་སྟོན་ས་ཡི་ན། །ཤར་སྨད་ཤར་ལྷོ་ལྷོ་སྟོད་གསུམ། །མདུན་གྱི་སྟོན་ས་བཟང་བ་ཡིན། །ཤར་སྟོད་བྱང་ཤར་གཡོན་ཟུར་བསྟན། །ལྷོ་སྨད་ལྷོ་ནུབ་གཡས་ཟུར་བསྟན། །དེ་འདྲའི་ལུང་པ་ས་རྙེད་སླ། །ཁ་ཡི་རྒྱུ་ཕྱོགས་ལོག་པ་ན། །དཔལ་ཁ་ཡོད་ཀྱང་ཕན་པ་མེད། །ཤར་ནི་ཕྱེས་པ་འདྲ་བ་གཅིག །ལྷོ་ནི་སྤུངས་པ་འདྲ་བ་གཉིས། །ནུབ་ནས་རི་ཡིས་སྐྱོར་འདྲ་གསུམ། །བྱང་ནས་ཡོལ་བ་བྲེས་འདྲ་བཞི། །ས་ཡི་ཀ་བ་རྣམ་བཞི་ཡིན། །དེ་ནི་ཀུན་ལ་གལ་ཆེའོ། ཤར་གྱི་ལམ་ནི་སྟག་སྐྱ་བོ། །གད་པས་བཅད་ན་ས་མདའ་ཕོག །ལྷོ་ཡི་ཆུ་ནི་གཡུ་འབྲུག་སྔོ། །དམའ་དྲགས་མི་མཐོ་དོང་དུ་ལྷུང་། །ནུབ་ཀྱི་བྲག་དམར་བྱ་དམར་མོ། །ལམ་གྱིས་འཕྲད་གཏུབ་རྙི་ཡིས་ཟིན། །བྱང་གི་བྲག་གམ་ཕ་བོང་ནི། །རུས་སྦལ་རྒྱ་བོ་དེ་ཡི་དྲུང་། །ཆུ་མགོ་ལོང་རོ་ཚྭ་ཆུས་འགྲངས། །སྲུང་བཞི་ཚང་ཞིང་སྐྱོན་བཞི་མེད། །མི་ནི་རྒོད་པོ་ཡ་རབ་སྐྱེ། །སྐྱོན་དེས་ཟིན་ན་ནད་པ་འོངས། །གནམ་ནི་གདུག་ཕུབ་འདྲ་བའམ། །འཁོར་ལོ་རྩིབས་བརྒྱད་འདྲ་བ་བཟང་། །ཡོ་དང་ཟུར་གསུམ་བྱུང་བ་ངན། །གནམ་གྱི་མཆེ་བ་ས་ལ་


CMR058_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

ཟུགས། །བུད་མེད་དར་མ་འཆི་བ་ཡིན། །ས་ཡི་མཆེ་བ་གནམ་ལ་ཟུགས། །སྐྱེས་པ་དར་མ་འཆི་བ་ཡིན། །སྦོམ་ན་འཁོར་ལོའི་རྩིབས་ཡིན་ཏེ། །ཕྲ་ན་གཤིན་རྗེའི་མཆེ་བ་ཡིན། །ཤར་ནས་བྱུང་ན་གཉེན་ལམ་སྟེ། །ཧ་ཅང་གནོད་པ་མ་ཡིན་ནོ། །ཤར་ལྷོའི་གནམ་ནི་མདའ་སྟོང་འདྲ། །ས་མཁན་ཟ་ཁ་བྱེ་བས་བཟང་། །ཆུ་སྒྲོན་ཉི་མའི་ཟེར་དང་འཐབས། །བྲག་སྒྲོན་ཕུག་པ་སྐར་ཁུང་འདྲ། །ས་སྒྲོན་གད་པ་མདུང་རྩེ་འདྲ། །གནམ་སྒྲོན་བཞི་པོ་སྒྲོན་ཆེན་བཞི། །ཐམས་ཅད་ཀུན་ལ་གནོད་པའོ། །མདུན་དུ་ཆུ་ཤིང་ན་བ་རྒྱས། །རྫ་དང་ཞིང་རྣམས་ཕྱུག་རྩི་ཡིན། །ཤར་ལམ་གྲོགས་ཡིན་ལྷོ་ལམ་གཡང་། །ནུབ་ལམ་ན་ཚ་བྱང་ལམ་དགྲ། །གཡས་གཡོན་ཆུ་གཉིས་བཟང་པོ་སྟེ། །ཆུ་ནི་ལྷོ་འབབས་ནུབ་འབབས་བཟང་། །ཤར་འབབས་ཉི་ཟླ་ཆུ་ཁྱེར་འབྲིང་། །མདུན་རི་རྒྱབ་རི་གཉིས་ཀ་ཡི། །རྩེ་ནི་ཕ་ཁུ་རྒན་རབས་ཏེ། །སྐྱེད་པ་དར་མ་སྨན་ཆུང་གསུམ། །གཡས་ནི་ཆེ་རྒྱུད་གཡོན་ཆུང་རྒྱུད། །བར་ནི་འབྲིང་རྒྱུད་ས་ཡིན་ཏེ། །བཟང་ངན་གང་བྱུང་དེ་ཡིས་ཐོབ། །རྒྱབ་རི་ཕོ་དང་མདུན་རི་མོ། །ཤར་ལྷོ་བུ་མོ་མག་པའི་ས། །དེ་ནས་ལོ་ཁའི་ས་འདེབས་


CMR058_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །ཤར་གྱི་ཤིང་གཅིག་ནགས་འཐུགས་ནི། །སྟག་ཡོས་ལོ་པའི་ཚེ་བསྲིང་སྟེ། །ཁྱི་འབྲུག་གླང་ལུག་སྲོག་དགྲ་ཡིན། །ལྷོ་ཡི་རྫ་བྲག་དམར་པོ་ནི། །རྟ་སྦྲུལ་སྲོག་བཟུང་བྱ་སྤྲེལ་འཆི། །ནུབ་ཀྱི་བྲག་དཀར་ཆེ་ཆུང་རྣམས། །བྱ་སྤྲེལ་སྲོག་བཟུང་སྟག་ཡོས་འཆི། །བྱང་ནས་ཆུ་བོ་རྒྱུན་འབབ་ནི། །བྱི་ཕག་ཚེ་བསྲིང་རྟ་སྦྲུལ་གསོད། །མཚམས་བཞིའི་ཐང་ཆུང་གྲུ་བཞི་ནི། །ཁྱི་འབྲུག་གླང་ལུག་ཚེ་བསྲིང་སྟེ། །བྱི་ཕག་ལོ་པའི་སྲོག་དགྲ་ཡིན། །མི་རྩ་ཕྲའམ་ན་ཚ་རྒོད། །དེ་ལ་སྲོག་ནི་བརྩི་བར་བྱ། དབུལ་ན་དབང་ཐང་བརྩི་བར་བྱ། །ནད་མང་ལུས་ནི་བརྩི་བར་བྱ། །རུས་དང་དབང་ཐང་ལུས་ཁམས་རྩི། །རང་རང་བླ་རི་བཟང་བ་སྟེ། །དགྲ་རི་ཡིན་ན་དགྲ་བདུད་འོང་། །གྲོགས་ཀྱི་རི་ལ་ནོར་ཕྱུགས་འཕེལ། །ཤིང་ཁམས་པ་ལ་སྒ་ཡི་རུས། །ནགས་རི་རྩེ་རྒྱལ་བླ་རི་སྟེ། །ས་ཁམས་པ་དང་གདོང་གི་དགྲ། །ལྕགས་ཁམས་པ་དང་འབྲུ་ཡི་གྲོགས། །བྲག་དམར་རྫ་དམར་ས་དམར་ནི། །སྒོ་དང་མེ་ཁམས་བླ་རི་སྟེ། །འགྲུ་དང་ལྕགས་ཁམས་པ་ཡི་དགྲ། །ཆུ་དང་ས་ཁམས་དགྲ་ཡི་གྲོགས། །བྲག་དཀར་རྫ་རི་དཀར་པོ་ནི། །ལྕགས་ཁམས་འགྲུ་


CMR058_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་བླ་རི་སྟེ། །མེ་ཁམས་སྒོ་ཡི་གྲོགས་རི་ཡིན། །ཤིང་ཁམས་སྒ་ཡི་དགྲ་རིའོ། །གཡའ་སྔོན་བྲག་སྔོན་མཚོ་དང་ཆུ། །དབྲ་དང་ཆུ་ཁམས་བླ་རིའོ། །མེ་ཁམས་སྒ་ཡི་དགྲ་རི་སྟེ། །ས་ཁམས་གདོང་གི་གྲོགས་རི་ཡིན། །དེ་རྣམས་རྒྱབ་ཀྱི་དཔྱད་ཡིན་ཏེ། །བླ་རི་རིང་རི་གཅིག་ཡིན་པས། །རང་རི་ལ་བཏབ་ཚེ་རིང་ལ། །གྲོགས་རི་ལ་བཏབ་ནོར་ཕྱུགས་ཤིང་། །དགྲ་རི་ལ་བཏབ་དགྲ་མང་ངམ། །ཚེ་ཐུང་ནད་མང་འབྱུང་བའོ། །རྒས་དུར་དམའ་ན་གཞོན་ཤི་མང་། །གཞོན་དུར་མཐོ་ན་དེ་དང་འདྲ། །མཐོ་དམན་ལོ་གྲངས་མང་ཉུང་དང་། །རུས་ཀྱི་ཆེ་ཆུང་ལ་ཡང་བརྟག །མི་ཡི་གྲལ་དང་འདྲ་བ་ཡི། །ཆུང་དུར་དང་ནི་གོད་ཆོད་ལ། །དམའ་ཞིང་ལུང་པ་དོག་པར་བྱ། །རྒས་དུར་གཡས་གཡོན་ཤིང་གཅིག་ནི། །ཕྱགས་མ་ཡིན་ཏེ་ངན་ན་ཡང་། །ཆུང་དུར་སྲུང་མདའ་ཡིན་པས་བཟང་། །སྟེང་ན་ལམ་གཅིག་གཉའ་ཤིང་ངན། །ཆུང་དུར་གཉའ་ནོན་དགོས་པས་བཟང་། །ཆུང་དུར་ཐད་ཀྱི་ཆུ་མདུད་དེ་།པང་དུ་འོང་འདྲ་སྲིད་མྱུར་ཏེ། །རྦ་རླབས་སྐྱ་ཕྱུར་བུ་ཡིན་ལ། །རྦ་རླབས་ནག་ན་བུ་མོ་འོང་། །གཉན་ནོན་ཆེ་ཆུང་ཤི་གྲངས་དཔྱད། །ཧ་ཅང་ཆེ་ན་ཕ་འཆི་འོ། །འོག་གི་མ་


CMR058_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

པང་བདེ་མོ་དགོས། །ཧ་ཅང་ཆེ་ན་མ་འཆི་འོ། །ཐུ་བ་ལྡེམ་ཁུག་ཡེ་མེད་ན། །མ་པང་མེད་ཕྱིར་མི་སོས་སོ། །གོད་གཅོད་གཉའ་ནོན་བྲག་དཀར་པོ། །ཅོག་བུ་གུར་ཙམ་མཁར་ཙམ་བཟང་། །རི་དམར་ས་དམར་གོད་ཡིན་སྤངས། །བྲག་ནག་བྲག་དམར་བརྒྱན་མི་རུང་། བཙན་བདུད་ཤ་ལ་དགའ་བས་ཡིན། །ཆུང་དུར་དང་ནི་གོད་གཅོད་ལ། །སྤྱི་ཡི་ས་དཔྱད་ཚོལ་མི་དགོས། །མདུན་དུ་ཆུ་ཤིང་ན་བ་གཏད། །ན་ཆེན་ན་སོའི་ཕྱུག་པོའི་ས། །ཤུག་པ་སྟག་མ་ཐང་ཤིང་ནོར། །སུ་རུ་ལུག་ལ་སྨྲ་གོ་ར། །སྤེན་ནེ་བ་དང་གླང་ངེའོ། །གླང་མ་མང་ན་འབྲི་མོ་ཕྱུག །གླང་མ་མང་པོ་ཕྱུགས་མང་ངོ་། །གྲོ་བ་ཤུག་པ་ཕོ་བེའུ་མང་། །འོམ་བུ་རྟ་དང་དྲེལ་གྱི་བླ། །མགྱོགས་པའི་ཐད་ཀྱི་ཆུ་ཤིང་ལམ། །སྤྱི་ཡི་ས་དཔྱད་ཐམས་ཅད་ལ། །ལུང་སྟོང་མང་ན་སྤྲང་པོ་འོང་། །ཆུ་ཤིང་ན་བ་ཤིང་ཡོད་ན། །དེ་ནི་ལུང་པ་སྟོང་པ་མིན། །ཁྱད་པར་གསས་མཁར་བརྩེག་པའི་ས། །ས་མཁན་མཁས་པ་མི་བཞི་ཡིས། །ཁྱུང་རྒོད་ནམ་མཁའ་ལྡིང་ཞེས་པའི། །ཁྱད་ཆོས་མན་ངག་དམ་པ་སྟེ། །རི་གསུམ་འདུས་པའི་རྩེ་མོ་ན། །རི་མགོ་མང་པོ་ཞབས་སུ་ཚུད། །དགུ་ཐིག་


CMR058_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

དམུ་ཐག་འཐེན་པ་འདྲ། །སྐར་ཚོགས་ས་ཡི་དཔལ་ཁ་འདྲ། །ཕྱོགས་བཞི་གཟའ་ནི་སྒོ་སྲུང་འདྲ། །ཉི་ཟླ་གསལ་བའི་སྒྲོན་མེ་འདྲ། །དེར་བརྩེགས་འགྲོ་དྲུག་བྲན་དུ་ཁོལ། །རྫ་རི་ཆེན་པོའི་དཀྱིལ་སྟོང་ན། །ས་དཔལ་བཟང་པོ་ཡོད་པར་གཅེས། །ལོངས་སྤྱོད་ལྷུན་གྱིས་གྲུབ་པ་ཡིན། །སྤང་རྒྱུད་བཟང་བའི་སྒང་རྒྱུད་ལ། །ས་དཔལ་ཆུ་དཔལ་བཟང་བར་གཅེས། །རྒྱལ་པོའི་བཀའ་བགྲོས་དར་རྒྱས་ས། །ཀ་བ་གནམ་དུ་བཙུགས་འདྲའི་རི། །རྩེ་ལྐོག་ས་དཔལ་བཟང་བར་གཅེས། །ལྷོ་ཕྱོགས་གཡང་ར་བསྐྱིལ་འདྲ་ན། །ནགས་དང་རྫ་རི་འདྲེས་གདའ་ན། །ནོར་ལུག་ཕུན་སུམ་ཚོགས་པ་ཡིན། །སྒང་རྒྱུད་གནམ་དུ་འཐེན་འདྲ་ན། །ཤར་གྱི་ཆུ་ལམ་མགྱོགས་པོ་མང་། །རྨང་པོ་སྲིད་ལས་གྲོལ་བ་ཡིན། །རི་མཐོ་རྩེ་ལ་འགྲོ་ས་མེད། །ཡང་ན་གསེར་མཁར་མི་ལེན་དགོས། །དེ་ཡི་མདུན་གྱི་ས་ཡི་དཔལ། །བཟང་བར་བརྩེག་པ་མན་ངག་ཡིན། །གསས་མཁར་ཡག་དང་དཀར་རྩི་ཡག །མི་རབ་བཅུ་གསུམ་ཡར་ལ་འགྲོ། །ངན་ནའང་དེ་ལྟར་ངན་པ་ཡིན། །ས་ཡི་དཔལ་ཁ་ས་ཡི་དགྲ། །གང་བྱུང་ལོ་སྙིང་དེ་ལ་ངན། །ཤར་སྟོད་སྨིན་དྲུག་ཤར་ས་སྟག །ཤར་སྨད་དགུན་


CMR058_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་འཆར་ས་ཡོས། །དགུན་ཉི་ལྡོག་དུས་འཆར་ས་ནི། །ཤར་ལྷོ་འབྲུག་གི་ས་མལ་ཡིན། །དེ་བཞིན་ལག་སོར་འཆར་སའི་ལས། །ལྷོ་ཕྱོགས་སྦྲུལ་ཡིན་ཐལ་ས་དང་། །ཉེ་ས་ལྷོ་སྨད་རྟ་རུ་བརྩི། །དགུན་ཉི་ལྡོག་ཉིན་ཐལ་ས་དེ། །ལྷོ་ནུབ་ལུག་ཏུ་བརྩི་བ་དང་། །དགུན་ཉི་ཐལ་ས་ནུབ་སྟོད་སྤེལ། །དབྱར་ཉི་ཐལ་ས་ནུབ་སྨད་བྱ། །དབྱར་ཉི་ལྡོག་དུས་འཆར་ས་ནི། །ནུབ་བྱང་ཁྱི་ཡི་ས་ཡིན་ནོ། །རྔོན་པ་མི་བདུན་ཐལ་ས་ནི། །བྱང་སྟོད་ཕག་གི་ས་ཡིན་ཏེ། །འཆར་ས་བྱང་སྨད་བྱི་བ་ཡིན། །དབྱར་ཉི་ལྡོག་ཉིན་འཆར་འཚམས་ནི། །བྱང་ཤར་གླང་གི་ས་རུ་འདོད། །དེ་དག་སོ་སོའི་ས་མལ་ནི། །ས་དཔལ་བྱུང་ན་སོ་སོར་བཟང་། །ས་དགྲ་ཆུང་ན་གཡུ་ཆུང་དར། །བྱིས་སྦྲ་གཡུ་ཕུད་ཅན་ཞིག་འཆི། །ས་དགྲ་ཆེ་བ་ཁྲབ་ཅན་ཙམ། །སྐྱེས་པ་ཁྲབ་ཆོག་འཆི་བ་ཡིན། །འདུག་ན་བརྒྱ་རེ་ཤོང་ཙམ་ཡིན། །ཆེ་ན་སྒྲོན་ནི་ཅུང་ཟད་དྲག །ནུབ་ཏུ་བསྟན་འདྲ་བཟང་འདྲ་ཡིན། །ཉི་ཟླས་སྐྱ་ལམ་བསྟན་པ་ངན། །སྟེང་དུ་འཕྲུ་བཙུགས་འདྲ་བ་དང་། །བྱ་མཆུ་འདྲ་བ་ས་མཁན་འཆི། །མདུན་གྱི་གཡས་གཡོན་མདའ་འཕེན་ཚུན། །ཚུར་ལ་མཆུ་ཡོད་བྲག་ཕ་


CMR058_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

བོང་། །ས་མཁན་རྟ་ནི་འཆི་འམ་བོར། །འོག་ནས་ཕྱིར་ལ་འཇབ་འདྲ་ནི། །སྒོ་ཁྱི་ཡིན་བཟང་ཕར་འཇབ་ན། །རྐུན་ངོ་ཡིན་པས་ནོར་དོགས་བྱ། །བླ་མ་ཡོན་ཏན་གྱིས་བསྐུལ་བས། །ཉེར་མཁོ་གོ་བར་བདེ་བ་འདིས། །འགྲོ་བ་བདེ་ལེགས་རྒྱས་གྱུར་ཅིག །དེ་སྐད་རྭ་ཨ་སྱ་ཡིས། །ཤིང་འབྲུག་ཁྲུམས་སྟོད་ཚེས་གཅིག་ལ། །གང་དྲན་འཕྲལ་དུ་བྲིས་པའོ། །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousབོད་ཀྱི་ས་དཔྱད་ཨ་རཱ་གས་མཛད་པ།next