Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
རྣམ་བཅུ་དབང་ལྡན་གྱི་བཤད་པ་གོ་བདེ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྣམ་བཅུ་དབང་ལྡན་གྱི་བཤད་པ་གོ་བདེ།next

རྣམ་བཅུ་དབང་ལྡན་གྱི་བཤད་པ་གོ་བདེ།


CMR058_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་བཅུ་དབང་ལྡན་གྱི་བཤད་པ་གོ་བདེ་བཞུགས་སོ། །ན་མོཤྲཱི་ཀ་ལ་ཙཀྲ་ཡེ། རྣམ་བཅུ་དབང་ལྡན་སྒྲུབ་ན་སྲོག་མེད་ཀྱི་ཡི་གེ་ཧཱ་ཀཱ་མ་གསུམ་དང་། ལི་ཨུ་རེ་ཨི་ཨརྣམས་བཀོད་དེ། ཐིག་ལེ་ཡེ་ཤེས། རྣམ་བཅད་སྐུ་གཉིས། ཨ་ནམ་མཁའ། ཨི་རླུང་། རི་མེ། ཨུ་ཆུ། ལོ་ས། མ་རི་རབ། ཀྵ་གཟུགས་ཁམས། ཧ་གཟུགས་མེད་ཁམས་ཀྱི་སེམས་ཅན་ཏེ། ཕྱི་ནང་གི་སྲིད་པ་བཅུ་ཡི་ས་བོན་ཡིན་ལ། དེ་ནས་སྒྲ་ཡི་ལུགས་ཀྱིས། ཙ་ར་ནི་ཏེ་ཝ་པ་ཝརྞ་བྷ་ཝ་ཏེ་ཞེས་བརྗོད་ཏེ་བསྒྱུར་ན། ཨ་ཙཱ་དང་བྲལ་བའི་ཡི་གེ་ཕ་རོལ་གྱི་ཡི་གེ་ལ་འགྲོའོ་ཞེས་པས། ཨ་ནས་ཙ་ཡི་བར་གྱིས། དབྱངས་ཡིག་བྲལ་བའི་ཡི་གེ་གསལ་བྱེད་རྣམས་ནི། ཡི་གེ་ཕྱི་མི་སྟེང་དུ་བརྩེགས་པར་བྱ་ཏེ་དེས་ན། ཧ་ཀའི་སྟེང་དུ་བརྩེགས། མདའོ་དེས་ཧ་ཀ་མའི་སྟེང་དུ་བརྩེགས། ཨི་ཀའི་མ་ཎར་ཨ་ཙ་ལའོ་ཞེས་པས། ལི་ནི་ཨུ་མཐོ་བས་ལ་ཡིག་སྲོག་མེད་དུ་འགྱུར་ལ། ཨུ་ནི་རི་མཐོང་བས་ཝཱ་ཡིག་སྲོག་མེད་དུ་འགྱུར་ཞིང་། རི་ནི་ཨི་མཐོང་བས་ར་ཡིག་སྲོག་མེད་དུ་འགྱུར་ལ། ཨི་ནི་ཨ་མཐོང་བས་ཨ་ཡིག་སྲོག་མེད་དུ་འགྱུར་རོ། །དེ་ནས་གོང་གི་སྒྲ་མདོའི་ཚིག་དེས་


CMR058_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

ཀྵྨ་ལའི་སྟེང་དུ་བརྩེགས། ཀླུ་ཝའི་སྟེང་དུ་བརྩེགས། ཀླུ་རའི་སྟེང་དུ་བརྩེགས། ཀླུ་ཡའི་སྟེང་དུ་བརྩེགས་པས། གླུ་དེ་ནས་སཱུ་ར་སཱུ་ར་སཾ་ཡོ་ག་ཞེས་པའི་མདོས། མཐའི་ཨ་ཡིག། ཀྱི་ཡ་ཡིག །སྲོག་དུ་སྦྱར་བས་ཡའི་ཧཱ། ལེན་ཏ་ཕྱིས་ལ་ཨ་ཡིག་སྲོག་ཅན་དུ་སོགས། དེ་ནས་ཨ་ནུ་སཱ་ར་ཞེས་པས་རྣམ་བཅད་ཟླ་བ་ཕྱེད་པའི་སྟེང་དུ། ཐིག་ལེ་ང་རོར་བྱས་པས་ན། རྡོ་རྗེ་རྩེ་གཅིག་པའི་རྣམ་པར་བྱས་པས་འགྲུབ་བོ། །དེ་ལ་འདི་གསལ་བྱེད་བདུན་བརྩེགས་ཀྱང་སྲོག་མ་གཅིག་སུ་ཡ་ལ་ཞུགས་པ་བས་མེད་པས་ཡིག་གེ་གཅིག་ཡིན་གསུངས་སོ། དེ་ལ་ཡ་ལྗང་སྔོན་རླུང་གི་དཀྱིལ་འཁོར། ར་དམར་པོ་མེ་དཀྱིལ། ཝ་དཀར་པོ་ཆུ་དཀྱིལ། ལ་སེར་པོ་ས་དཀྱིལ། མ་ཁ་དོག་བཞི་ལྡན་སྣ་ཚོགས་མདོག་བསྟན་པ་རི་རབ། ཀྵ་ལྗང་གུ་གཡོ་བ་གཟུགས་ཁམས་མན་ཆད་ཀྱི་སེམས་ཅན་ཐམས་ཅད། ཧ་མཐིང་ཁ་བསྐྱེད་མཆེད་མན་གཟུགས་མེད་མུ་བཞིའི་སེམས་ཅན། ཧ་ཀ་སྲིད་ཞི་གཉིས་སམ། འདོད་གཟུགས་གཉིས་སམ། དབང་ཕྱུག་དུས་མཚན། ཟླ་ཚེས་དཀར་པོ་ཐབས་སམ་སྙིང་རྗེ་ཆེན་པོའི་ཟླ་བ། ཐིག་ལེ་དམར་པོ་ཤེས་རབ་སྟོང་པ་ཉིད་དམ་ཉི་


CMR058_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

མ། ནཱ་ད་ནག་པོ་སྒྲ་གཅན་ནམ་ཡེ་ཤེས་རྡོ་རྗེ་རྩེ་གཅིག་པའི་རྣམ་པ་དེ། དཔལ་ལྡན་དུས་ཀྱི་འཁོར་ལོ་ཕྱི་རླུང་གི་དཀྱིལ་འཁོར་ནས། སྲིད་རྩེའི་བར་གྱི་བརྟན་པ་་དང་གཡོ་བའི་འཇིག་རྟེན་ཁམས་ཐམས་ཅད་དང་། ༢ ནང་མའི་མངལ་སྟོང་པ་ན་ལུས་གྲུབ་པ་ནས་བཟུང་ཁམས་དྲུག་ལྡན་རྡོ་རྗེའི་ལུས་དང་། གཞན་དུ་འབྱུང་བ་རིམ་བརྩེགས་གཞལ་ཡས་ཁང་ལྷ་དང་བཅས་པ་ཡོངས་སུ་རྫོགས་པའི་བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་ཐམས་ཅད། རྣམ་བཅུ་དབང་ལྡན་འདི་ལ་ཚང་བ་ཡིན་པས་ཁྱིམ་དུ་བྲིས་ན་བཀྲ་ཤིས་ཞིང་བསྲུང་བ་དམ་པར་འགྱུར་ལ། ས་དགྲའི་ཕྱོགས་སུ་ཁ་བསྟན་ན་ས་དགྲ་ཐུབ་ཅེས། ༢ བཤེས་གཉེན་དམ་པ་རྣམས་ཀྱི་གསུངས་པ་ཐོས་སོ། །ཞེས་༧ རཱ་ག་ཨ་སྱས་བྲིས་པ་ལ་ཉེས་འགལ་བཤགས་ཤིང་བྱང་ཆུབ་ཀྱི་སྒྱུར་བསྔོའོ། །མངྒ་ལཾ། སརྦ་བི་ཛ་ཡནྟུ།། །།


previousརྣམ་བཅུ་དབང་ལྡན་གྱི་བཤད་པ་གོ་བདེ།next