Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
བསྟན་རྩིས་གསལ་བའི་མེ་ལོང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབསྟན་རྩིས་གསལ་བའི་མེ་ལོང་།next

བསྟན་རྩིས་གསལ་བའི་མེ་ལོང་།


CMR058_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་རྩིས་གསལ་བའི་མེ་ལོང་བཞུགས་སོ། །


CMR058_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

ན་མཿཤྲཱི་ཀཱ་ལ་ཙཀྲ་ཡེ། སྲིད་ཞིའི་དཔལ་གྱུར་བཅོམ་ལྡན་འདས། །དཔལ་ལྡན་དུས་འཁོར་ལ་བཏུད་ནས། །བསྟན་རྩིས་རྣམ་གྲངས་མང་པོ་རྣམས། །གོ་བདེའི་ཚིག་གིས་ཉུང་བསྡུས་བརྗོད། །དཔལ་ལྡན་ཇོ་བོ་རྗེ་ཡི་ལུགས། །སྟོན་པ་ཤིང་གླང་ལ་འཁྲུངས་ནས། །ད་ལོ་ལྕགས་ཡོས་ཡན་ཆད་ལ། །སུམ་སྟོང་བརྒྱད་བརྒྱ་རེ་ལྔ་སོང་། ༈ །བཅོམ་ལྡན་རིག་དྲག་འཚོའི་དང་ཞིང་། །བཞེད་པ་འདི་དང་མཐུན་པ་ཡིན། །ཁ་ཆེ་པཎ་ཆེན་བཞེད་པ་ལ། །སྟོན་པ་མེ་བྱ་ལ་འཁྲུངས་ནས། །ད་ལོ་ལྕགས་ཡོས་ཡན་ཆད་ལ། །ཉིས་སྟོང་གཉིས་བརྒྱ་དོན་ལྔ་སོང་། ༈ །ས་


CMR058_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱ་པཎྜི་ཏ་ཡི་ལུགས། །སྟོན་པ་ས་འབྲུག་ལ་བལྟམས་ནས། །ད་ལོ་ཡན་གྱི་ལོ་གྲངས་ནི། །སུམ་སྟོང་བརྒྱད་བརྒྱ་རེ་བཞི་སོང་། །སྟོན་པ་ས་འབྲུག་ལ་འཁྲུངས་བ། །ནག་རྩིས་རྒྱུད་ཆེན་འགའ་ནས་གསུངས། ༈ །བུ་སྟོན་རིན་ཆེན་གྲུབ་ཀྱི་ལུགས། །སྟོན་པ་མེ་རྟ་ལ་འཁྲུངས་ནས། །ད་ལོ་ལྕགས་མོ་ཡོས་ལོ་ཡན། །གཉིས་སྟོང་ལྔ་བརྒྱ་རེ་དྲུག་སོང་། །དུས་ཞབས་དོན་འགྲུབ་ཀུན་དགའ་དང་། །མཁན་ཆེན་བསོད་ནམས་བཟང་པོ་དང་། །ལོ་ཆེན་ནམ་མཁའ་བཟང་པོ་དང་། །བྱང་བདག་རྣམ་རྒྱལ་གྲགས་པ་སོགས། །མཁས་པ་མང་པོ་བཞེད་པ་མཐུན། ༈


CMR058_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་པ་མེ་ཡོས་ལ་འཁྲུངས་ནས། །ད་ལོ་ལྕགས་ཡོས་ཡན་གྱི་ལོ། །གཉིས་སྟོང་བཞི་བརྒྱ་ཉི་ཤུ་ལྔ། །སོང་བར་རང་བྱུང་རྡོ་རྗེའི་བཞེད། ༈ །ནེལ་པ་པཎྜི་ཏ་ཡི་ལུགས། །སྟོན་པ་ཆུ་བྱི་ལ་བལྟམས་ནས། །དེང་སང་ལྕགས་ཡོས་ཡན་ཆད་ལ། །སུམ་སྟོང་བརྒྱད་བརྒྱ་དོན་དགུ་སོང་། ༈ །གྲུབ་ཆེན་ཨོ་རྒྱན་པ་ཡི་ལུགས། །རྒྱལ་བ་ལྕགས་ཁྱི་ལ་འཁྲུངས་ནས། །ད་ལོ་ལྕགས་ཡོས་ཡན་གྱི་ལོ། །གཉིས་སྟོང་སུམ་བརྒྱ་གྱ་གཉིས་སོང་། ༈ །ཕ་རྒན་གཡུང་སྟོན་ཞིག་པོའི་ལུགས། །རྒྱལ་བ་ཤིང་བྱི་ལ་བལྟམས་ནས། །ད་ལྟ་ལྕགས་ཡོས་ཡན་ཆད་ལ། །གཉིས་སྟོང་དྲུག་བརྒྱ་དང་ནི་དགུ། །དཔའ་བོ་གཙུག་ལག་ཕྲེང་བས་བཞེད། །ཐུབ་དབང་ཤིང་གླང་ལ་འཁྲུངས་ནས། །ད་ལོ་ཡན་ལ་ལོ་ཡི་གྲངས། །གཉིས་སྟོང་དྲུག་བརྒྱ་དང་ནི་བརྒྱད། ༈ །རང་ས་ངག་དབང་གྲགས་པའི་ལུགས། །ཤིང་སྦྲུལ་སྟོན་པ་སྐུ་བལྟམས་ནས། །ལྕགས་ཡོས་ལོ་འདི་ཡན་ཆད་ལ། །གཉིས་སྟོང་གཉིས་བརྒྱ་ལོ་ངོ་དྲུག ༈ ། དཔལ་ལྡན་བླ་མ་དམ་པས་བཞེད། །མེ་ཡོས་ལ་བལྟམས་ད་ལོ་ཡན། །གཉིས་སྟོང་སུམི་བརྒྱ་ལོ་ངོ་ལྔ། ༈ །ཇོ་ནང་ཕྱིན་པ་རྣམ་རྒྱལ་ལུགས། །ཤཱཀ་ཐུབ་ཤིང་ཡོས་ལ་བལྟམས་


CMR058_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །དེང་སང་བར་དུ་ལོ་ཡི་གྲངས། །གཉིས་སྟོང་ལྔ་བརྒྱ་ལྔ་བཅུ་བདུན། ༈ །ཇོ་ནང་ཆེ་མགོན་པ་ཡི་ལུགས། །སྟོན་མཆོག་མེ་ལུག་ལོ་ལ་འཁྲུངས། །དེང་ནས་ད་ལོ་ལྕགས་ཡོས་ཡིན། །གཉིས་སྟོང་ལྔ་བརྒྱ་རེ་ལྔའོ། ༈ །འགོས་ལོ་གཞོན་ནུ་དཔལ་གྱི་ལུགས། །ཤིང་སྟག་ལོ་ལ་ཐུབ་པ་འཁྲུངས། །དེང་སང་ལྕགས་ཡོས་ལོ་ཡི་བར། །སུམ་སྟོང་དང་ནི་ཉེར་བརྒྱད་སོང་། ༈ །མཁས་པ་ལྷུན་གྲུབ་རྒྱལ་པོའི་ལུགས། །ལྕགས་སྤྲེལ་ལ་འཁྲུངས་ལྕགས་ཡོས་བར། །གཉིས་སྟོང་དྲུག་བརྒྱ་ལོ་བཅུ་གཉིས། ༈ །དྭགས་རམ་ཆོས་རྒྱལ་བསྟན་པའི་ལུགས། །ཆུ་ཕག་སྟོན་པ་འཁྲུངས་པ་ནས། །ད་ལོ་ལྕགས་ཡོས་བར་དུ་ནི། །ཉིས་སྟོང་དྲུག་བརྒྱ་ལོ་བཅུ་གཅིག ༈ །མཁས་མཆོག་བྱམས་པ་གླིང་པའི་ལུགས། །སྟོན་པ་མེ་ལུག་ལ་བལྟམས་ནས། །དེང་སང་ལྕགས་ཡོས་བར་དག་ཏུ། །ཉིས་སྟོང་ལྔ་བརྒྱ་རེ་ལྔ་སོང་། ༈ །ཆོས་རྒྱལ་སྲོང་བཙན་སྒམ་པོའི་ལུགས། །ཐུབ་དབང་ལྕགས་འབྲུག་ལ་བལྟམས་ནས། །ད་ལྟ་ལྕགས་མོ་ཡོས་ལོ་ཡན། །བཞི་སྟོང་གཅིག་བརྒྱ་ང་གཅིག་སོང་། །འདི་དང་རྙིང་མའི་ཕྱོགས་ཙམ་མཐུན། ༈ །རྒྱ་ནག་ཙནྡན་ཇོ་བོ་ཡི། །


CMR058_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་རྒྱུས་ལྟར་ན་ཐུབ་པ་ཉིད། །ཤིང་འབྲུག་ལ་བལྟམས་ད་ལོའི་བར། །ཉིས་སྟོང་ལྔ་བརྒྱ་གྱ་གཉིས་སོང་། ༈ །རྒྱ་ནག་ཐང་ཧུ་ཐུ་རན་ཆེན། །ཞེས་པའི་ཡིག་ཚང་ལུགས་ལ་ནི། །སྟོན་པ་ཤིང་སྟག་ལ་བལྟམས་ནས། །ལྕགས་མོ་ཡོས་ལོ་འདིས་ཡན་ལ། །ཉིས་སྟོང་ལྔ་བརྒྱ་ང་བདུན་སོང་། ༈ །ཀུན་མཁྱེན་མི་བསྐྱོད་རྡོ་རྗེ་དང་། །རྒྱལ་བ་གཡུང་སྟོན་ཆེན་པོ་དང་། །སྒྲ་པ་ཤེས་རབ་རིན་ཆེན་དང་། །གངས་དཀར་རྡོ་རྗེ་གདན་པ་རྣམས། །དགོངས་པ་མཐུན་པར་འདི་ལྟར་བཅད། །ཆུ་ཕག་ཆུ་སྟོད་བཅོ་ལྔ་ལ། །དམ་པ་ཏོག་དཀར་དགའ་ལྡན་ནས། །འཕོས་ཏེ་ཡུམ་གྱི་ལྷུམས་སུ་ཞུགས། །དེ་ནས་ད་ལྟ་ལྕགས་ཡོས་བར། །ལོ་ནི་ཉིས་སྟོང་དྲུག་བརྒྱ་དང་། །ལོ་ངོ་དགུ་ནི་སོང་བ་ཡིན། །དེ་ཡི་ལུགས་ལ་དན་བཅས་ན། །དེ་ཡི་ཕྱིར་ལོ་ཤིང་བྱི་ཡི། །ས་གའི་ཚེས་བརྒྱད་རྒྱལ་ལ་བལྟམས། །དགུང་ལོ་སོ་ལྔའི་ས་ཁྱིའི་ལོ། །ས་ག་ཟླ་བའི་བཅོ་ལྔ་ཡི། །ཐོ་རངས་མངོན་པར་རྫོགས་སངས་རྒྱས། །དགུང་ལོ་བརྒྱད་ཅུ་ཆུ་ལུག་གིས། །ནག་དཀར་དཔལ་ལྡན་འབྲས་སྤུངས་སུ། །ཟླ་བ་བཟང་པོར་དུས་འཁོར་གསུངས། །ས་གའི་ཉ་ལ་མྱ་ངན་འདས། །དེ་ནས་ལོ་གཉིས་


CMR058_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་མོ་བྱར། །ཟླ་བ་བཟང་པོའི་རྒྱུད་འགྲེལ་བརྩམ། །དུས་འཁོར་བློས་སླང་བཞེངས་ནས་ནི། །རང་སྲས་ས་སྙིང་སྤྲུལ་པ་ནི། །ལྷ་དབང་སེང་ཁྲི་བསྐོས་ནས་འདས། །དེ་ནས་ལོ་ནི་དྲུག་བརྒྱའི་བར། །ཆོས་རྒྱལ་ལྷ་དབང་གཟི་བརྗིད་ཅན། །ཟླ་བས་བྱིན་དང་ལྷོའི་དབང་ཕྱུག །སྣ་ཚོགས་གཟུགས་དང་ལྷའི་དབང་ལྡན། །དྲུག་གིས་རིམ་པར་ཆོས་གསུང་ཞིང་། ༈ །ཤིང་སྤྲེལ་ལོ་ལ་འཇམ་དཔལ་གྱིས། །དམ་པའི་ཆོས་ནི་བསྟན་པ་ཡིན། །དེ་ནས་ལོ་བརྒྱ་ཤིང་བྱིའི་ལོར། །རྒྱུད་བསྡུས་དྲང་སྲོང་རྣམས་བཏུལ་ནས། །དུས་འཁོར་ཆོས་ལ་བཙུད་མཛད་ནས། །པདྨ་དཀར་པོ་ཁྲིར་བསྐོས་ནས། །འཇམ་དཔལ་ཞིར་གཤེགས་པ་ཡི་ལོ། །དེ་ནས་བརྒྱ་འདས་ཤིང་འབྲུག་ལ། །འགྲེལ་ཆེན་བརྩམས་ནས་ཞིར་གཤེགས་སོ། །དེ་ནས་ལོ་ནི་བདུན་བརྒྱའི་བར། །ཤམ་བྷ་ལ་རུ་འཇམ་དཔལ་གྱི། །གདུང་རབས་བརྒྱད་ནི་སོང་བ་སྟེ། །པད་དཀར་རིགས་ལྡན་བཟང་པོ་དང་། །རྣལ་རྒྱལ་བཤེས་གཉེན་བཟང་པོ་དང་། །ཕྱག་དམར་ཁྱབ་མཇུག་སྦས་པ་དང་། །ཉི་མ་གྲགས་དང་ཤིན་ཏུ་བཟང་། །དེ་ནས་ཤིང་སྤྲེལ་ལོ་དེ་ལ། །མ་ཁའི་ཡུལ་དུ་ཀླ་ཀློ་


CMR058_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

ཡི། །བསྟན་དར་མུ་སྟེགས་བྱེད་རྩིས་བརྩམས། །རིགས་ལྡན་རྒྱ་མཚོ་རྣམ་རྒྱལ་ཉིད། །དེ་ལོ་ཁྲི་ལ་ཕེབས་པ་ཡིན། །དེ་ནས་བརྒྱ་དང་གྱ་གསུམ་པ། །མེ་ཁྱི་ལོ་ལ་རིགས་ལྡན་ནི། །རྒྱལ་དཀས་དེ་དུས་གྱ་གཉིས་བཞེས། །རྒྱུད་ཀྱི་བྱེད་རྩིས་ཕྱག་ལེན་མཛད། །དེ་ནས་ཉིས་བརྒྱ་ཉེར་གཉིས་པ། །མེ་ཡོས་ལོ་ལ་རྒྱ་གར་དུ། །ཤམ་བྷ་ལ་ནས་བྱེད་རྩིས་དར། །རྒྱུད་འགྲེལ་འདི་བས་སྔ་ནས་དར། །ཀླ་ཀློས་དགོན་སྡེ་གཙུག་ལག་བཤིགས། །བཅོ་བརྒྱད་འདས་པའི་ཆུ་ཡོས་ལ། །རིགས་ལྡན་རྒྱལ་དཀའ་ཞི་བར་གཤེགས། །དེ་ནས་ལོ་ནི་ལྔ་བརྒྱ་ལ། །ལོ་ངོ་གསུམ་ནི་མ་ཚང་བར། །རིགས་ལྡན་ཉི་མ་སྣ་ཚོགས་གཟུགས། །ཟླ་བའི་འོད་དང་མཐའ་ཡས་དང་། །ས་སྐྱོང་དཔལ་སྐྱོང་སེང་གེ་ཡིས། །དམ་པའི་ཆོས་བསྟན་རྣམ་པར་གནོན། །མེ་སྤྲེལ་ལོ་ལ་སེང་ཁྲིར་ཕེབས། ༈ །གོང་དུ་མེ་ཡོས་ལོ་དེ་ལ། །བྱེད་རྩིས་རྒྱ་གར་དུ་དར་ནས། །ལོ་ནི་བདུན་ཅུ་མེ་འབྲུག་ལ། །ནཱ་རོ་པཎ་ཆེན་སྐུ་འཁྲུངས་ཟེར། །དེ་ནས་ལོ་ནི་ཞེ་ལྔ་པ། །ལྕགས་བྱིའི་ལོ་ལ་མར་པ་འཁྲུངས། །དེ་ནས་ཞེ་གཅིག་ལྕགས་འབྲུག་ལ། །མི་ལ་རས་པ་སྐུ་འཁྲུངས་སོ། །དེ་ནས་བཞི་བཅུ་ས་ལུག་ལ། །


CMR058_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་མེད་དྭགས་པོ་ལྷ་རྗེ་བལྟམས། །དེ་ནས་ལོ་དྲུག་ཤིང་གླང་ལ། །མར་པ་གྱ་དྲུག་བཞེས་ཏེ་གཤེགས། །དེ་ནས་ལོ་ངོ་བཅུ་གཉིས་པ། །མེ་བྱིར་ཚུལ་ཁྲིམས་དཔལ་བ་འཁྲུངས། །དེ་ནས་བཅུ་ཡི་ལྕགས་སྟག་ལ། །ཕག་གྲུ་དུས་མཁྱེན་གཉིས་ཀ་འཁྲུངས། །དེ་ནས་བཅུ་གསུམ་ཆུ་སྟག་ལ། །སྐྱེ་མེད་ཞང་སྟོན་སྐུ་བལྟམས་སོ། །དེ་ཡི་ཕྱིར་ལོ་ཆུ་ཡོས་ལ། །མི་ལ་གྱ་བཞི་བཞེས་ཏེ་གཤེགས། །དེ་ནས་ལོ་ལྔ་ལྕགས་སྤྲེལ་ལ། །གྲུབ་ཐོབ་གླིང་རྗེ་རས་པ་འཁྲུངས། །དེ་ནས་ལོ་བཅུ་ཆུ་བྱི་ལ། །ཚུལ་ཁྲིམས་དཔལ་བ་ཞིང་ཁམས་གཤེགས། །དེ་ཡི་ཕྱིར་ལོ་ཆུ་གླང་ལ། །ནམ་མཁའ་འོད་ནི་སྐུ་བལྟམས་སོ། །དེ་ནས་ལོ་དགུ་ཆུ་ཁྱི་ལ། །རྗེ་བཙུན་བསོད་ནམས་རྩེ་མོ་དང་། །སྟག་ལུང་ཐང་པ་གཉིས་ཀ་འཁྲུངས། །དེ་ཡི་ཕྱིར་ལོ་ཆུ་ཕག་ལ། །འབྲི་གུང་འཇིག་རྟེན་མགོན་པོ་འཁྲུངས། །དེ་ནས་ལོ་བཞི་མེ་ཡོས་ལ། །རྗེ་བཙུན་གྲགས་པ་རྒྱལ་མཚན་འཁྲུངས། །དེ་ཡི་ཕྱིར་ལོ་ས་ཨཱལ་འབྲུག་ལ། །འགྲོ་མགོན་རས་ཆེན་སྐུ་བལྟམས་སོ། །དེ་ནས་ལོ་ལྔ་ཆུ་བྱ་ལ། །དྭགས་པོའི་དོན་ལྔ་བཞེས་ཏེ་གཤེགས། །དེ་ནས་ལོ་ལྔ་ས་སྟག་ལ། །ཕག་གྲུས་གདན་ས་ཐེལ་


CMR058_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

བཏབ་བོ། །དེ་ནས་བཅུ་གསུམ་ལྕགས་སྟག་ལ། །ཕག་གྲུ་རེ་གཅིག་བཞེས་ཏེ་གཤེགས། །དེ་ནས་ལོ་ལྔ་ཤིང་ལུག་ལ། །སྤྱན་སྔ་གྲགས་པ་འབྱུང་གནས་འཁྲུངས། །དེ་ནས་ལོ་བདུན་ཆུ་སྟག་ལ། །ས་སྐྱ་པཎ་ཆེན་སྐུ་འཁྲུངས་སོ། །དེ་ལོ་བསོད་ནམས་རྩེ་མོ་ཉིད། །བདེ་བ་ཅན་དུ་དངོས་སུ་བྱོན། །དེ་ནས་བཅུ་གཅིག་ཆུ་གླང་ལ། །དུས་མཁྱེན་གྱ་བཞི་བཞེས་ཏེ་གཤེགས། །ཞིང་གི་དོན་གཉིས་བཞེས་ཏེ་འདས། །དེ་ནས་ལོ་དྲུག་ས་ལུག་ལ། །རེ་བདུན་བཞེས་ཚེ་ནམ་མཁའ་འོད། །ལོངས་སྤྱོད་པ་ཡི་ཞིང་དུ་གཤེགས། །དེ་ནས་ལོ་གཉིས་ལྕགས་བྱ་ལ། །བཀྲ་ཤིས་གྲགས་པ་སྐུ་འཁྲུངས་སོ། །དེ་ནས་ལོ་ལྔ་མེ་སྟག་ལ། །ཀརྨ་པཀྴི་སྐུ་བལྟམས་སོ། །དེ་ཡི་ཕྱིར་ལོ་ཤཱཀྱ་རི། །ས་སྐྱར་དབྱར་གནས་བསྟན་རྩིས་མཛད། །དེ་ནས་ལོ་དགུ་མེ་བྱི་ལ། །རྗེ་བཙུན་གྲགས་པ་རྒྱལ་མཚན་དང་། །འབྲི་གུང་འཇིག་རྟེན་གསུམ་མགོན་གཤེགས། །དེ་ཡི་ཕྱིར་ལོ་མེ་གླང་ལ། །འགྲོ་མགོན་རས་ཆེན་ཞི་བར་གཤེགས། །དེ་ནས་བཅུ་གསུམ་ལྕགས་སྟག་ལ། །གྲུབ་ཐོབ་ཨོ་རྒྱན་པ་ཉིད་འཁྲུངས། །དེ་ནས་སོ་ལྔ་ཤིང་ལུག་ལ། །འགྲོ་མགོན་ཆོས་རྒྱལ་འཕགས་པ་འཁྲུངས། །


CMR058_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཞེ་བརྒྱད་ཆུ་རྟ་ལ། །གྱ་གསུམ་བཞེས་ཚེ་བཀྲ་ཤིས་གྲགས། །ཞི་བའི་དབྱིངས་སུ་བཞུགས་ཚུལ་སྟོན། །དེ་ཡི་ཕྱིར་ལོ་ཆུ་ལུག་ལ། །དོན་བརྒྱད་བཞེས་ཚེ་པཀྴི་གཤེགས། །དེ་ལོ་རྟོགས་ལྡན་གྲོགས་སོགས་འཁྲུངས། །དེ་ཡི་ཕྱིར་ལོ་ཤིང་སྤྲེལ་ལ། །རང་བྱུང་རྡོ་རྗེ་སྐུ་བལྟམས་སོ། །དེ་ནས་ཉེར་ལྔ་ས་བྱ་ལ། །གྲུབ་ཆེན་ཨོ་རྒྱན་པ་གཤེགས་སོ། །དེ་ནས་ལོ་དྲུག་ཤིང་ཡོས་ལ། །རང་བྱུང་རྡོ་རྗེས་བསྟན་རྩིས་བརྩམས། །དེ་ནས་ལོ་གསུམ་ས་རྟ་ལ། །རང་བྱུང་ཞབས་ཀྱིས་དུས་འཁོར་གྱི། །མན་ངག་སྣང་བ་ཞེས་བྱ་བརྩམས། །དེ་ནས་ཉེར་གཅིག་ས་ཡོས་ལོ། །རང་བྱུང་ང་དྲུག་བཞེས་པ་གཤེགས། །དེ་ཡི་ཕྱིར་ལོ་ལྕགས་འབྲུག་ལ། །རོལ་པའི་རྡོ་རྗེ་སྐུ་བལྟམས་སོ། །དེ་ནས་ལོ་དགུ་ས་གླང་ལ། །གྲགས་སེང་རེ་བདུན་བཞེས་ཚེ་གཤེགས། །དེ་ཡི་ཕྱིར་ལོ་ལྕགས་སྟག་ལ། །རྟོགས་ལྡན་མཁའ་སྤྱོད་དབང་པོ་འཁྲུངས། །དེ་ནས་སུམ་ཅུ་སོ་བཞི་པ། །ཆུ་མོ་ཕག་ལ་ཞེ་བཞི་པར། །རོལ་པའི་རྡོ་རྗེ་དབྱིངས་སུ་ཐིམ། །དེ་ཡི་ཕྱིར་ལོ་ཤིང་བྱི་ལ། །དེ་བཞིན་གཤེགས་པ་སྐུ་བལྟམས་སོ། །དེ་ནས་ཉེར་གཉིས་ཤིང་བྱ་ལ། །ང་དྲུག་བཞེས་ཚེ་མཁའ་


CMR058_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་དབང་། །ལོངས་སྤྱོད་རྫོགས་པའི་སྐུར་བཞེངས་སོ། །དེ་ཡི་ཕྱིར་ལོ་མེ་ཁྱི་ལ། །ཆོས་དཔལ་ཡེ་ཤེས་སྐུ་འཁྲུངས་སོ། །དེ་ནས་ལོ་དགུ་ཤིང་མོ་ལུག །དེ་བཞིན་གཤེགས་པ་སོ་གཉིས་གཤེགས། །དེ་ཡི་ཕྱིར་ལོ་མེ་སྤྲེལ་ལ། །མཐོང་བ་དོན་ལྡན་སྐུ་འཁྲུངས་སོ། །དེ་ནས་སོ་དྲུག་ཆུ་སྤྲེལ་ལ། །ཆོས་དཔལ་ཡེ་ཤེས་ཞིང་དུ་གཤེགས། །དེ་ཡི་ཕྱིར་ལོ་ཆུ་བྱ་ལ། །དོན་ལྡན་སོ་བརྒྱད་བཞེས་པར་གཤེགས། །དེ་ལོ་སྤྱན་སྔ་ཆོས་གྲགས་འཁྲུངས། །དེ་ཡི་ཕྱིར་ལོ་ཤིང་ཁྱི་ལ། །ཆོས་གྲགས་རྒྱ་མཚོ་སྐུ་བལྟམས་སོ། །དེ་ནས་ལོ་བདུན་ཤིང་སྟག་ལ། །ཞེ་བརྒྱད་བཞེས་ཚེ་མི་བསྐྱོད་ཞབས། །སྤྲུལ་སྐུ་ཆོས་ཀྱི་དབྱིངས་སུ་བསྡུས། །དེ་ནས་ལོ་གཉིས་མེ་འབྲུག་ལ། །དབང་ཕྱུག་རྡོ་རྗེ་སྐུ་བལྟམས་གྱུར། །དེ་ནས་ལོ་བཅུ་མེ་སྟག་ལ། །གཙུག་ལག་ཕྲེང་བ་རེ་གསུམ་གཤེགས། །དེ་ནས་ལོ་གཉིས་ས་འབྲུག་ལ། །དཔའ་བོ་གཙུག་ལག་རྒྱ་མཚོ་འཁྲུངས། །དེ་ནས་བཅོ་ལྔ་ཆུ་ལུག་ལ། །དཀོན་མཆོག་ཡན་ལག་ཞི་བར་གཤེགས། །དེ་ཡི་ཕྱིར་ལོ་ཤིང་སྤྲེལ་ལ། །གར་དབང་ཆོས་ཀྱི་དབང་ཕྱུག་བལྟམས། །དེ་ནས་བཅུ་དགུ་མེ་ཡོས་ལ། །ཞེ་བརྒྱད་བཞེས་ཚེ་ཀརྨ་པ། །དབང་ཕྱུག་རྡོ་རྗེ་


CMR058_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་སྐུར་བསྡུས། །དེ་ཡི་ཕྱིར་ལོ་ཤིང་འབྲུག་ལ། །རྒྱལ་དབང་ཆོས་དབྱིངས་རྡོ་རྗེ་བལྟམས། །དེ་ནས་ཉེར་དྲུག་ལྕགས་རྟ་ལ། །གར་དབང་ཆོས་ཀྱི་དབང་ཕྱུག་མཆོག །ཞེ་བདུན་བཞེས་ཚེ་གཟུགས་སྐུ་བསྡུས། །དེ་ནས་ལུག་གམ་སྤྲེལ་ལོ་ནས། །སྤྲུལ་པའི་སྐུ་ནི་བལྟམས་ཞེས་ཐོས། །དེ་ནས་ལོ་ནི་ཉི་ཤུ་པ། །ལྕགས་མོ་ཡོས་ཀྱི་ལོ་ལ་ནི། །བདག་གིས་བསྟན་རྩིས་གོ་བདེ་བཀོད། །དེ་ནས་མི་བསྐྱོད་རྡོ་རྗེ་ཡིས། །བཞད་པ་འདི་ཉིད་གཙོར་བྱས་ན། །ཤཱཀ་ཐུབ་བལྟམས་ནས་ད་ལོ་བར། །ལོ་ནི་ཉིས་སྟོང་དྲུག་བརྒྱ་དང་། །ད་ལོ་ཕར་བརྒྱབ་ལོ་དགུ་སོང་། །དེ་ནས་ཡུས་ཀྱི་སྟེན་ཤེས་བྱ། །འོན་ཀྱང་མི་ལ་ཡན་གྱི་ལོ། །དགོངས་བཞེད་མི་འདྲ་སྣ་ཚོགས་འདུག །དྭགས་པོ་འཁྲུངས་ནས་ད་ལོའི་བར། །འཁྲུལ་མེད་ངེས་ཤེས་ལྡན་ནས་ཡིན། ༈ །གསང་སྔགས་རྙིང་མའི་བཞེད་པ་ལ། །སྟོན་པ་ཤིང་གླང་ལ་འཁྲུངས་ནས། །དགུང་ལོ་བརྒྱད་ཅུ་ཤིང་སྤྲེལ་གྱི། །ས་གའི་ཨབཅོ་ལྔར་མྱ་ངན་འདས། །དེ་ནས་ལོ་ནི་བཅུ་གཉིས་པ། །མེ་སྤྲེལ་ལོ་ལ་ཨོ་རྒྱན་འཁྲུངས། །རྒྱ་གར་རྒྱ་ནག་ཨོ་རྒྱན་སོགས། །ཡུལ་གྲུ་རྣམ་པ་སྣ་ཚོགས་སུ། །དགུང་ལོ་སུམ་སྟོང་


CMR058_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

ཐམ་པ་བཞུགས། །བོད་དུ་བརྒྱ་དང་བཅུ་གཅིག་བཞུགས། །སྲིན་ཡུལ་བཞུད་ནས་བདུན་བརྒྱ་དང་། །རེ་ལྔ་འདས་ཚེ་རཏྣ་གླིང་། །ལྕགས་མོ་ལུག་ལ་སྐུ་བལྟམས་ཏེ། །གཏེར་སྟོན་འཁྲུངས་ནས་ད་ལྟའི་བར། །ཉིས་བརྒྱ་དང་ནི་ལོ་གཅིག་སོང་། །པད་འབྱུང་འཁྲུངས་ནས་ད་ལྟའི་བར། །བཞི་སྟོང་དང་ནི་དོན་བདུན་སོང་། །རྔ་ཡབ་བྱོན་ནས་ད་ལྟའི་བར། །དགུ་བརྒྱ་དང་ནི་རེ་དྲུག་སོང་། །གཏེར་སྟོན་འདས་ནས་ད་ལྟའི་བར། །བརྒྱ་དང་ཉི་ཤུ་རྩ་ལྔ་སོང་། ༈ །རྙིང་མ་བཀའ་མའི་ལུགས་ལ་ནི། །བི་མ་མི་ཏྲ་གླང་ལོར་འཁྲུངས། །སུམ་བརྒྱ་བཞེས་ཚེ་བོད་དུ་བྱོན། །འཁྲུངས་ནས་དེང་སང་ལྕགས་ཡོས་ཡིན། །སྟོང་དང་བདུན་བརྒྱ་ཞེ་བདུན་སོང་། ༈ །སྟག་ལུང་ཐང་པ་བཞི་བཅུ་པར། །སྟག་ལུང་བཏབ་ནས་ལྕགས་ཡོས་བར། །ལོ་ནི་བཞི་བརྒྱ་དོན་གསུམ་སོང་། །སྐུ་ཡལ་དགུང་ལོ་སོ་ལྔ་དུས། །མཆོད་ཁང་དམར་པོ་བཞེངས་ནས་ནི། །ད་ལོ་བར་ལ་ལོ་ཡི་གྲངས། །བཞི་བརྒྱ་དང་ནི་ཉེར་དགུ་སོང་། །སངས་རྒྱས་དབོན་པོས་ཉེར་ལྔ་དུས། །མེ་གླང་ལོ་ལ་མར་ཐང་བཏབ། །དེ་ནས་ད་ལོ་ལྕགས་ཡོས་བར། །ལོ་ནི་སུམ་བརྒྱ་དོན་གཉིས་སོང་།


CMR058_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

ཨོ་རྒྱན་མགོན་པོ་ཉེར་བརྒྱད་དུས། །ལྷ་ཁང་བཞེངས་ནས་ད་ལོ་ཡན། །སུམ་བརྒྱ་དང་ནི་སོ་གཉིས་སོང་། །ལྕགས་མོ་ཡོས་ཀྱི་ལོ་འདི་ལ། །ཞྭ་དམར་བདུན་པ་སེང་གེའི་ཁྲིར། །ཕེབ་པ་ཡིན་ཞེས་གཏམ་སྙན་ཐོས། །དེ་ནས་བསྟན་པའི་གནས་ཚད་ལ། །བཞེད་པ་མི་འདྲ་མང་ན་ཡང་། །འབུམ་ཐིག་ལུང་གི་རྗེས་འབྲང་ནས། །ཡོངས་གྲགས་ལྔ་བརྒྱ་ཕྲག་བཅུར་བཞེད། །ལྔ་བརྒྱ་ཕྲག་དགུ་བསྟན་པ་དངོས། །ལྔ་བརྒྱ་ཐ་མ་རྟགས་ཙམ་འཛིན། །ལྟ་སྤྱོད་རྣལ་མ་མེད་པར་གོ །མཆོད་རྟེན་སྐུ་གཟུགས་གླེགས་བམ་སོགས། །མི་རྣམས་ཚེ་ལོ་ཡར་འཕེལ་ནས། །དྲུག་བརྒྱ་ཐུབ་དུས་སྒང་བར་གནས། །དེ་དུས་གནས་བརྟན་བཅུ་དྲུག་པོ། །དངོས་སུ་རྡོ་རྗེ་གདན་དུ་བྱོན། །སྐལ་ལྡན་འགའ་ཞིག་རབ་ཏུ་བྱུང་། །ལོ་ཤེས་ཐང་ཅིག་བསྟན་པ་དར། །དེ་ནས་གནས་བརྟན་བཅུ་དྲུག་གི །བསྟན་པ་བསྡུས་ནས་ཞི་བར་གཤེགས། །ཤཱཀ་ཐུབ་བསྟན་པ་ལྷག་མེད་ནུབ། །དེ་ནས་ཚེ་ཨཱལོ་ཡར་འཕེལ་ཚེ། །རྫོགས་པའི་སངས་རྒྱས་མི་འབྱོན་ཏེ། །འཁོར་ལོས་སྒྱུར་རྒྱལ་མང་དུ་འབྱུང་། །དེ་ནས་ཚེ་ལོ་མར་འགྲིབ་ནས། །བརྒྱད་ཁྲིའི་དུས་སུ་བྱམས་པ་འབྱོན། །དེང་


CMR058_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

སང་བཞི་བཅུ་ཁ་རལ་ཞེས། །གཏེར་ཡིག་རྣམས་ནས་གསུངས་པ་ཡིན། །ད་རུང་བསྟན་པའི་གནས་ཚད་ལ། །མི་བསྐྱོད་ཞབས་སོགས་བཤད་པ་ལ། །དེ་སྔ་ལྔ་བརྒྱ་ཕྲག་ལྔ་དང་། །ཉི་ཤུ་རྩ་དགུའི་ལོ་གྲངས་སོང་། །ད་རུང་ལྔ་བརྒྱ་ཕྲག་བཞི་དང་། །བཞི་བརྒྱ་དོན་གཅིག་སླར་འདུས་སོ། །གསང་སྔགས་རྙིང་མའི་ལུགས་ལ་ནི། །ཐུབ་བསྟན་ལྔ་བརྒྱ་ཕྲག་བརྒྱད་དང་། །ལོ་ནི་གྱ་དགུ་སོང་བ་ཡིན། །བསྟན་པ་ལོ་ནི་བཞི་བརྒྱ་དང་། །བཅུ་གཅིག་ཡོད་ཅིང་དེའི་སྟེང་དུ། །རྟགས་ཙམ་འཛིན་པ་ལྔ་བརྒྱ་ཡོད། །ཁ་ཆེ་པཎ་ཆེན་ལུགས་ལ་ནི། །ལོ་ནི་ལྔ་བརྒྱ་ཕྲག་བཞི་དང་། །བརྒྱ་དང་གོ་ལྔ་སོང་བ་སྟེ། །ད་རུང་ལྔ་བརྒྱ་ཕྲག་དྲུག་དང་། །སུམ་བརྒྱ་དང་ནི་ལོ་ལྔ་ཡོད། །དེ་ཡི་རིག་པ་ལུགས་གཞན་ཡང་། །གོ་བར་སླ་ཕྱིར་མ་བྲིས་སོ། །རྟགས་ཙམ་འཛིན་པའི་དུས་སུ་ཡང་། །ལྟ་སྤྱོད་རྣལ་མ་མི་ལྡན་ཡང་། །མར་མེ་འཆི་ཁ་གསལ་བ་བཞིན། །བསྟན་པ་ཤིན་ཏུ་རྒྱས་པར་གསུངས། །བསྟན་པ་ལྔ་བརྒྱ་ཕྲག་བཅུ་ནི། །མདོ་ལུགས་སྟོན་པའི་གནས་ཚད་ཡིན། །སྔགས་ལུགས་བསྟན་པའི་གནས་ཚད་ནི། །བྱ་རོག་ཆེན་པོའི་རྒྱུད་ལས་གསུངས། །སྐུ་གསུང་ཐུགས་ཀྱི་བསྟན་པ་གསུམ། །


CMR058_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་བརྒྱ་ཕྲག་ནི་རེ་རེ་གནས། །ཡོན་ཏན་ལྔ་བརྒྱ་ཕྲག་གཉིས་ལ། །ཕྲིན་ལས་ལྔ་བརྒྱ་ཕྲག་གཉིས་གནས། །དེ་རྗེས་ཆོས་སྐྱོང་མགོན་པོ་ཡི། །ཕྲིན་ལས་བཞི་པོ་རེ་རེ་ལ། །ལྔ་བརྒྱ་ཕྲག་ནི་རེ་རེ་སྟེ། །ལྔ་བརྒྱ་ཕྲག་ནི་བཅུ་གཅིག་ཡིན། །དེ་ནས་དེང་སང་གནས་སྐབས་འདིར། །སྲོང་བཙན་སྒམ་པོའི་ལུགས་དང་བསྟུན། །ལྔ་བརྒྱ་ཕྲག་བརྒྱད་འདས་ནས་ནི། །ཆོས་སྐྱོང་གསུངས་པའི་བསྟན་པ་ལ། །ལོ་གྲངས་དོན་གཅིག་སོང་བ་ཡིན། །ཁྱད་པར་རྫོགས་ཆེན་བསྟན་པ་ནི། །སྐུ་ཡི་བསྟན་པ་ལྔ་བརྒྱ་དང་། །ལྔ་སྟོང་ཕྲག་གསུམ་གནས་པ་ཡིན། །གསུང་དང་ཐུགས་ནི་ལྔ་བརྒྱ་དང་། །ལྔ་སྟོང་ཕྲག་རེ་གནས་པ་ཡིན། །ཚེ་ལོ་དྲུག་ཅུ་ནས་བཟུང་སྟེ། །བཅུ་པའི་བར་དུ་ཐུགས་བསྟན་ཡིན། །ཐུགས་ཀྱི་དུས་འདིར་བསྟན་པའི་རྩ། །རང་བྱུང་སྐུ་ནི་ལྷ་ཡི་གནས། །སུམ་རྩེན་ལག་ན་རྡོ་རྗེ་ཡི། །ཁང་བརྩེགས་ཡང་ཐོག་དག་ཏུ་བཞུགས། །གླེགས་བམ་རབ་འཕྲོས་དྲང་སྲོང་ཕུག །རྡོ་རྗེ་རྡོ་རྗེ་གདན་གྱི་མཁར། །དེ་དག་རྣམས་སུ་བཞུགས་པར་གསུངས། །ཚེ་ལོ་བཅུ་པའི་མགོ་མ་ལ། །མཁའ་འགྲོ་དཔལ་འཛིན་ཞེས་བྱ་བས། །རྫོགས་ཆེན་མཛད་པ་བཅུ་པའི་


CMR058_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

མཐར། །རྫོགས་ཆེན་བསྟན་པ་ཞིང་གཞན་འབོད། །ཤཱཀ་ཐུབ་འདས་ནས་ལོ་ཡི་གྲངས། །བྱེ་བ་ང་ལྔ་ས་ཡ་བདུན། །སོང་ཚེ་བྱམས་པ་འབྱོན་པར་བཤད། །དེ་ལྟར་བསྟན་རྩིས་མདོར་བསྡུས་འདི། །ཁ་གསལ་དོན་འདུས་གོ་བདེ་བར། །རཱ་གའི་མིང་ཅན་དེ་ཡིས་བཀོད། །ལྕགས་ཡོས་ལོ་ལ་བརྩིས་པ་ཡིན། །འགལ་འཁྲུལ་མཁས་པ་རྣམས་ལ་བཤགས། །དགེ་བས་ཐུབ་བསྟན་འཕེལ་བར་ཤོག །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousབསྟན་རྩིས་གསལ་བའི་མེ་ལོང་།next