Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
གཙུག་ལག་རྩིས་ཀྱི་སྡོམ་ཚིག་ཉེར་མཁོ་བསྡུས་པ་གཙུག་ལག་འབྱེད་པའི་ལྡེའུ་མིག
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཙུག་ལག་རྩིས་ཀྱི་སྡོམ་ཚིག་ཉེར་མཁོ་བསྡུས་པ་གཙུག་ལག་འབྱེད་པའི་ལྡེའུ་མིགnext

གཙུག་ལག་རྩིས་ཀྱི་སྡོམ་ཚིག་ཉེར་མཁོ་བསྡུས་པ་གཙུག་ལག་འབྱེད་པའི་ལྡེའུ་མིག


CMR058_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

གཙུག་ལག་རྩིས་ཀྱི་སྡོམ་ཚིག་ཉེར་མཁོ་བསྡུས་པ་གཙུག་ལག་འབྱེད་པའི་ལྡེའུ་མིག །ཨྠྀི༔


CMR058_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཨརྱ་མཉྫའི་ཡེ། གཙུག་ལག་རྩིས་ཀྱི་སྡོམ་ཚིག་ཉེར་མཁོ་ནི། །ལོ་གྲངས་བཅུ་གསུམ་ཉེར་ལྔ་སོ་བདུན་དང་། །ཞེ་དགུ་རེ་གཅིག་དོན་གསུམ་གྱ་ལྔ་དང་། །དགུ་བཅུ་གོ་བདུན་རང་ལོ་སྟེང་དུ་ཕྱིན། །དེ་ནས་རྩིས་པས་ལོ་གྲངས་དུ་ལོན་ཤེས། །དེ་ནས་དེ་ཡི་དབང་ཐང་འབྱུང་བའི་ཁམས། །གནམ་ལོ་དེ་ལ་ཕོ་ལོ་དྲུག་ཤར་དུས། །གཅིག་བཅུ་ཐམས་ཅད་གནམ་ལོ་རང་དང་གཅིག །གཉིས་གསུམ་ཐམས་ཅད་གནམ་ལོའི་མ་དང་གཅིག །བཞི་ལྔ་ཐམས་ཅད་གནམ་ལོའི་དགྲ་དང་གཅིག །དྲུག་པ་བདུན་པ་གནམ་ལོའི་གྲོགས་དང་གཅིག །བརྒྱད་པ་དགུ་པ་གནམ་


CMR058_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

ལོའི་བུ་དང་གཅིག །གནམ་ལོ་དེ་ལ་མོ་ལོ་དྲུག་ཤར་དུས། །གཅིག་པ་གཉིས་པ་གནམ་ལོ་རང་དང་གཅིག །གསུམ་བཞི་ཐམས་ཅད་གནམ་ལོའི་མ་དང་གཅིག །ལྔ་དྲུག་ཐམས་ཅད་གནམ་ལོའི་དགྲ་དང་གཅིག །བདུན་བརྒྱད་ཐམས་ཅད་གནམ་ལོའི་གྲོགས་དང་གཅིག །དགུ་བཅུ་ཐམས་ཅད་གནམ་ལོའི་བུ་དང་གཅིག །ལོ་རྒན་དྲུག་ཅུའི་གང་རེད་ངོས་བཟུང་ནས། །དེ་ཡི་སྲོག་ལུས་ཀླུང་རྟ་སྨེ་བ་སོགས། །ཐམས་ཅད་རྩིས་གཞི་ཆེ་ཆུང་བལྟས་པས་གསལ། །སྤར་ཁ་ཕོ་རྣམས་ལི་ནས་གཡས་སུ་བསྐོར། །བུད་མེད་ཐམས་ཅད་ཁོམ་ནས་གཡོན་དུ་བསྐོར། །ལོ་གྲངས་མང་


CMR058_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

ན་མཚམས་བཞིར་བཅུ་ཚོ་མཆོང་། །ཕོ་ཕྱུ་རྟ་ཕྱུ་ལི་ལ་དགྲ་ཕྱུ་ཁེན། །བཟའ་དཔོན་ལོ་གྲངས་ཙམ་ཞིག་གཡས་སུ་བསྐོར། །ནོར་ཕྱུ་གིན་དང་ལུག་ཁྱུ་ཞིང་ཕུ་ཁེན། །གྲོགས་ཁྱུ་ལོ་ཕྱུ་ཟོན་དང་ར་ཕྱུ་དཱ། །ཁྱིམ་བདག་མོ་ཡི་ལོ་གྲངས་གཡོན་བསྐོར་བྱ། །ཕོ་རིགས་ཐམས་ཅད་གཡས་དང་མོ་རིགས་གཡོན། །ཕོ་མཚུན་དང་ནི་བུ་མོ་ལི་ནས་བསྐོར། །བོན་པོ་བྱིས་པས་མོ་མཚུན་ཁམ་ནས་བསྐོར། །རྒན་པོ་ཁེན་ལ་རྒན་མོ་ཁོན་ནས་བསྐོར། །བུད་མེད་དར་མ་ཟིན་ལ་ན་སྟོད་ཟིན། །བརྗེ་གིན་ལ་སྐྱེས་ཕྲན་དྭ་ནས་བསྐོར། །སྐྱེས་པ་གཡས་བསྐོར་བུད་མེད་གཡོན་བསྐོར་བྱ། །སྤར་ཁ་རང་སྟེང་བསྐོར་མགོ་རང་སྟེང་དང་། །དགྲ་ཐོག་དུར་མིག་བྱུང་ན་རིམ་གྲོ་བྱ། །ཤིང་བུ་མེ་ལ་མེ་ཡི་བུ་ནི་ས། །ས་བུ་ལྕགས་ལ་ལྕགས་ཀྱི་བུ་ནི་ཆུ། །ཆུ་བུ་ཤིང་ཡིན་གཡས་བསྐོར་ཐུར་དེད་ཡིན། །ཤིང་མ་ཆུ་ཡིན་ཆུ་ཡི་ས་མ་ལྕགས། །ལྕགས་མ་ས་ཡིན་ས་ཡི་མ་ནི་མེ། །མེ་མ་ཤིང་ཡིན་གཡོན་བསྐོར་གྱེན་འདེད་ཡིན། །ཤིང་དགྲ་ལྕགས་ལ་ལྕགས་ཀྱི་དགྲ་ནི་མེ། །མེ་དགྲ་ཆུ་ལ་ཆུ་ཡི་དགྲ་ནི་ས། །ས་དགྲ་ཤིང་སྟེ་ཨ་ཕྱི་དགྲ་ཡིན་ནོ། །ཤིང་གྲོགས་ས་ལ་ས་ཡི་གྲོགས་ནི་ཆུ། །ཆུ་གྲོགས་མེ་ལ་མེ་ཡི་གྲོགས་ནི་


CMR058_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས། །ལྕགས་གྲོགས་ཤིང་སྟེ་ཚ་བོ་གྲོགས་ཡིན་ནོ། །མ་དང་འཕྲད་ན་མཆོག་ཡིན་རྡེལ་དཀར་གཉིས། །གྲོགས་དང་འཕྲད་ན་བཟང་བས་དཀར་པོ་གཅིག །དགྲ་འཕྲད་ཤིན་ཏུ་ངན་པས་རྡེལ་ནག་གཉིས། །བུ་འཕྲད་ཚུར་ལ་ཟ་བས་ནག་པོ་གཅིག །ས་ཆུ་ནང་འཕྲད་ཕན་བཏགས་དཀར་པོ་གཅིག །མེ་དང་ཤིང་ལྕགས་གསུམ་པོ་ནང་ཕྲད་ན། །ཕན་ཚུན་ཕན་པ་མེད་པས་རྡེལ་ནག་གཅིག །དར་རྒུད་མ་གཏོགས་ཀུན་ལ་འདི་ཉིད་བརྩི། །སྨེ་བ་འཕུར་ལུགས་རང་སྨེ་དབུས་བཞག་ནས། །དབུས་ནས་ནུབ་བྱང་ནུབ་བྱང་མཚམས་ནས་ནུབ། །ནུབ་ནས་བྱང་ཤར་བྱང་ཤར་མཚམས་ནས་ལྷོ། །ལྷོ་ནས་བྱང་འཕུར་བྱང་ནས་ལྷོ་ནུབ་འཕུར། །ལྷོ་ནུབ་མཚམས་ནས་ཤར་དུ་འཕུར་བར་བྱ། །ཤར་་་་འདི་ལོ་བཅུ་ཕན་ཆོད། ནས་ཤར་ལྷོ་དེ་ནས་དབུས་སུ་འཕུར། །དེ་ནས་སྨེ་སྒོ་ཤར་ནས་ལོ་བཅུ་ཚུན་ནས་འབྱུང་བ་ནང་འཕྲད་ཐམས་ཅད་དཀར་ནག་གཉིས་བྱེད་པ་རྩིས་རྙིང་ལུགས་མ་དག་པའོ། ཕྱི་རུ་འབུད། །ཕོ་ལོ་གཡས་སྐོར་གིན་ནས་དབུས་སུ་འཇུག །མོ་ལོ་གཡོན་བསྐོར་ཟིན་ནས་དབུས་སུ་འཇུག །ལིང་ཚེ་རེ་ལ་བཅུ་ཚེ་བགྲང་པ་མགྱོགས། །སྨེ་འཕྲེང་གསུམ་པོ་སྲོག་སྨེ་རེས་མོས་འབབ། །


CMR058_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

སྨེ་འཕྲེང་ཐུར་དེད་ཆད་ལྷག་མེད་པར་བརྩི། །དཔེར་ན་ཆུ་མོ་ཕག་གིས་བརྒྱད་དཀར་ནས། །ཤིང་ཕོ་བྱི་བའི་བདུན་དམར་སྟེང་དུ་འཕོ། །ཤིང་དབུགས་སྤྲེལ་ལ་ལྕགས་དབུགས་སྟག་ནས་རྒྱུ། །མེ་དབུགས་ཕག་ལ་ས་ཆུ་སྦྲུལ་ནས་རྒྱུ། །དབུགས་རྒྱུ་་་་བརྩས་མ་ཡི། མངལ་གནས།་་་་མ་ཡི་ཁོག་ཏུ། ལུས་རྫོགས་་་་དེ་ནས་སྐྱེས་ནས། བཙས་པ་་་གོ་ཁྲུས། ཁྲུས་བྱེད་་་་་འགའ་ལུ། གོས་གྱོན།་་་་ལས་ཐུན་དར་བ། ལས་བྱེད་རྒན་པ། དར་བ།་་འཆི་ནད། རྒུད་པ།་་་ཤི་བ། ན་བ་་་་དུར་དུ་བསྐྱལ་བ། འཆི་བ།་་་་དུར་དུ་ཞུགས་པ། གོས་གྱོན་ལས་བྱེད་དར་བ་དཀར་པོ་གཉིས། །བཙས་པ་ཁྲུས་བྱེད་གཉིས་ལ་རྡེལ་དཀར་རེ། །ན་བ་འཆི་བ་དུར་ཞུགས་ནག་པོ་གཉིས། །དབུགས་ལེན་མངལ་གནས་རྒུད་པ་རྡེལ་ནག་གཅིག ། སྲོག་གི་དར་རྒུད་གནམ་ལོ་དེ་ལ་གཏུག་་་་་འདི་ལ་རྡེའུ་དཀར་པོ་དྲུག་ཟེར་འདི་ལ་རྡེའུ་ནག་པོ་རྡེལ་དྲུག་ཟེར། དོན་ལ་རྟེན་འབྲེལ་བཅུ་གཉིས་ཡིན། །ལུས་ནི་དར་རྒུད་ཟླ་བ་དེ་ལ་གཏུག །དབང་ཐང་དར་རྒུད་ཉི་མ་དེ་ལ་གཏུག །རླུང་རྟའི་དར་རྒུད་དུས་ཚོད་དེ་ལ་གཏུག །ཚེ་རབས་བསྟན་རྩིས་སྲོག་ལུས་དབང་ཀླུང་གིས། །དར་རྒུད་ཐམས་ཅད་རང་གི་ལོ་ལ་གཏུག །དེ་ལ་མི་འགྱུར་


CMR058_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བའི་རྡེལ་གཅིག་ཟེར། །ལོག་མེན་སྐྱེས་པ་མེ་ཕོ་སྟག་ནས་ཐུར་དུ་སྦུབ། །བུད་མེད་ཆུ་སྤྲེལ་ལོ་ནས་གྱེན་དུ་བརྩིས། །དེ་ནི་རྩིས་རྙིང་ལུགས་ཡིན་རྩིས་གསར་ནི། །གནམ་ལོ་གང་ཤར་དེ་ཡི་དབང་ཐང་གིས། །བུ་རུ་གྱུར་པའི་སྟག་་་་་་་སྟག་ལྔ་གང་རེད། ནས་ཐུར་དུ་བརྩི། །བུད་མེད་ཡིན་ན་གནམ་ལོའི་དབང་ཐང་གིས། །མ་རུ་གྱུར་པའི་སྤེལ་་་སྤྲེལ་ལྔ་གང་རེད། ནས་གྱེན་དུ་རྩིས། །ལོ་གྲངས་དུ་ལོན་རྩིས་ལ་གར་བབ་བལྟ། །ཕོ་ཕྱུ་ཤིང་བྱི་དགྲ་ཕྱུ་ལྕགས་ཕོ་ཁྱི། །རྟ་ཕྱུ་ལྕགས་རྟ་ཕ་མཚུན་ཤིང་བྱི་ནས། །བཟའ་དཔོན་ལོ་གྲངས་གཡས་བསྐོར་ཐུར་དུ་བརྩི། །ཁྱིམ་ཕྱུ་སྲོག་ཕྱུ་ཞིང་ཕྱུ་ས་ལུག་ནས། །གྲོགས་ཕྱུ་ཤིང་ཡོས་ནོར་ཕྱུ་ས་གླང་ནས། །ལུག་ཕྱུ་ལྕགས་ལུག་ར་ཕྱུ་ལྕགས་བྱ་ནས། །ཁྱིམ་བདག་མོ་ཡི་ལོ་གྲངས་གྱེན་དུ་རྩིས། །རང་རང་དུར་ངོ་ཡོད་མེད་ས་ཕག་ནས། །སྐྱེས་པ་ཐུར་དང་བུད་མེད་གྱེན་དུ་རྩིས། །དེ་རྣམས་བདུན་ཟུར་རང་ཐོག་དགྲ་ཐོག་ངན། །མ་ཐོག་གྲོགས་ཐོག་ཕྱིན་ན་བཟང་བ་ཡིན། །གནམ་ལོའི་དབང་ཐང་འབྱུང་བ་གང་ཡིན་གྱིས། །བུ་རུ་ཟླ་མགོ་་་་དཔྱོད་ལྟར། སྟག་ཟླའི་དབང་ཐང་ཚེས། །ལོ་དང་ཟླ་བ་གཉིས་ཀ་འདྲ་བ་ཡི། །ཕོ་མོ་


CMR058_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་རེ་དབང་ཐང་གཅིག་པར་འབྱུང་། །དེ་ནས་ཟླ་བའི་སྲོག་ལུས་རླུང་རྟ་ནི། །ལོ་རྒན་དྲུག་ཅུའི་ནང་དང་ཁྱད་པར་མེད། །དེ་ནས་ཟླ་བའི་དབང་ཐང་གང་ཡིན་གྱི། །བུ་རུ་ཚེས་གཅིག་ཉི་མའི་དབང་ཐང་འབྱུང་། །དེ་ནི་ཉི་མའི་དབང་ཐང་དེ་ཉིད་ཀྱི། །བུ་རུ་ནམ་ལངས་ཡོས་བུའི་དབང་ཐང་འབྱུང་། །ཉི་མའི་དུས་ཚོད་གཉིས་ཀྱིས་དབང་ཐང་འབྱུང་། །ཕོ་མོ་དབང་ཐང་གཅིག་ཀྱང་རྐྱང་དེད་ཡིན། །ཞག་དང་དུས་ཚོད་ལུས་དང་རླུང་རྟ་སོགས། །ལོ་རྒན་དྲུག་ཅུའི་ནང་དང་འདྲ་བ་ཡིན། །དེ་ནས་བརྩི་བྱ་ཤི་གསོན་གང་ཡིན་གྱི། །སྲོག་ལུས་དབང་ཐང་རླུང་རྟ་བླ་གཟའ་དང་། །ལོ་ཟླ་ཞག་དུས་ལོག་མེན་གང་ཡིན་གྱི། །སྲོག་ལུས་དབང་ཐང་རླུང་རྟ་བླ་གཟའ་འཐབ། །མ་བུ་དགྲ་གྲོགས་བརྩིས་ལ་རྡེལ་བུ་བཞག །བརྩི་བྱ་རང་ཕྱོགས་ཡིན་པར་ཤེས་བྱས་ནས། །དེ་ལ་ཕ་རོལ་དགྲ་གྲོགས་ཅི་འགྱུར་དཔྱད། །དུས་ཚོད་ནམ་ལངས་ཡོས་ལ་ཉི་ཤར་འབྲུག །ཉི་དྲོས་སྦྲུལ་ལ་ཉིན་ཕྱེད་རྟ་ཡི་དུས། །ཕྱེད་ཡོལ་ལུག་ལ་དགོང་ཆེན་སྤེལ་གྱི་དུས། །དགོང་ཆུང་ཉི་ཐལ་བྱ་ལ་མུན་རུབ་ཁྱི། །སྲིད་འཁོར་ཕག་ལ་ནམ་ཕྱེད་བྱི་བའི་དུས། །ཕྱེ་ཡོལ་གླང་ལ་ཐོ་རངས་སྟག་ཡིན་ཀྱང་། །ཉི་མ་རིང་ཐུང་


CMR058_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱང་ལ་རིགས་པས་དཔྱད། །དེ་བཞིན་སྤར་ཁ་ཉིན་བརྒྱད་མཚན་བརྒྱད་དོ། །སྨེ་བ་དག་ཀྱང་ཉིན་དགུ་མཚན་དགུ་འཁོར། །ཕྱོགས་ནི་ཤར་སྟོད་་་སྨིན་དྲུག་ཤར་བ། སྟག་ལ་ཤར་སྨད་ཡོས་་་དགུན་ཉི་ཤར་བ། །ལྷོ་་་ལག་སོར་འཆར་བ། སྟོད་སྦྲུལ་ལ་ལྷོ་སྨད་་་ལག་སོར་འགྲོ་ས་དང་ཉེ། རྟ་གནས་སོ། །ནུབ་སྟོད་་་་་དགུན་ཉི་ཐལ་ས། སྤྲེལ་ལ་ནུབ་སྨད་་་་་་་དབྱར་ཉི་ཐལ་ས། བྱ་ཡིན་ཏེ། །བྱང་སྟོད་་་མངོན་པ་ཐལ་ས། ཕག་ལ་བྱང་སྨད་་་མངོན་འཆར་ས། བྱི་བ་གནས། །ཤར་ལྷོ་་་་དགུན་ཉི་འཆར་ས། འབྲུག་ལ་ལྷོ་ནུབ་་་་་་དགུན་ཉི་ལོག་དུས་ཐལ་ས། །མཚམས་ནི་ལུག ནུབ་་་་དབྱར་ཉི་ལོག་དུས་ཐལས། བྱང་ཁྱི་ལ་བྱང་ཤར་་་་་དབྱར་ཉི་ལོག་དུས་འཆར་ས། གླང་གནས་སོ། །ཤར་ཤིང་ལྷོ་མེ་ནུབ་ལྕགས་བྱང་ནི་ཆུ། །མཚམས་བཞི་ས་ཡི་ཁམས་སུ་ཤེས་པར་བྱ། །མདོར་བསྡུས་འདི་ཙམ་བློ་ལ་ངེས་བྱས་ནས། །རྩིས་གཞིའི་སྟེང་ནས་རྩིས་རྣམས་ཤེས་པར་འགྱུར། །གལ་ཏེ་བརྩི་གཞི་མེད་པར་རྩིས་འདོད་ན། །རྩིས་ཀྱི་སྡོམ་ཚིག་མཐའ་དག་བློ་ལ་བཟུང་། །འདི་ནི་མེད་ཐབས་མེད་པའི་སྡོམ་ཚིག་ཡིན། །ཅེས་པ་འདི་ནི་གཙུག་ལག་རྩིས་ཀྱི་གཞུང་། །མཁས་ཤིང་མཁས་པར་གྲགས་པ་རཱ་གའི་མིང་། །


CMR058_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

ཁམ་པ་ཁྲ་མོ་གཉིས་པ་ལྟ་བུ་དེས། །སྔ་དྲོའི་ཐུན་ལ་ཚང་བར་བྲིས་པ་ཡིན། །གོ་བདེའི་ཕྱིར་དུ་བླུན་རྨོངས་ལྟ་བུ་བྲིས། དེ་ལ་ཉེས་འགྱུར་འབྱུང་བའི་ལྷ་ལ་བཤགས། །དགེ་བས་འགྲོ་བའི་འབྱུང་ལྔ་གནས་དག་ནས། །འཇམ་དབྱངས་རིགས་ལྔའི་གོ་འཕང་ཐོབ་པར་ཤོག། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousགཙུག་ལག་རྩིས་ཀྱི་སྡོམ་ཚིག་ཉེར་མཁོ་བསྡུས་པ་གཙུག་ལག་འབྱེད་པའི་ལྡེའུ་མིགnext