Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
གཙུག་ལག་རྩིས་ཀྱི་སྡོམ་ཚིག་ཉེར་མཁོ་མ་རིག་མུན་སེལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཙུག་ལག་རྩིས་ཀྱི་སྡོམ་ཚིག་ཉེར་མཁོ་མ་རིག་མུན་སེལ།next

གཙུག་ལག་རྩིས་ཀྱི་སྡོམ་ཚིག་ཉེར་མཁོ་མ་རིག་མུན་སེལ།


CMR058_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

གཙུག་ལག་རྩིས་ཀྱི་སྡོམ་ཚིག་ཉེར་མཁོ་མ་རིག་མུན་སེལ་ཞེས་བྱ་བ་བཞུགས་སོ། །


CMR058_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཨཱརྱ་མཉྫའི་ཡེ། འཇམ་དཔལ་དབྱངས་ལ་ཕྱག་འཚལ་ནས། །གཙུག་ལག་རྩིས་ཀྱི་མན་ངག་འགའ། །ཕྱི་རབས་འགའ་ལ་ཕན་ཕྱིར་བྲི། །ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱིས། །རྩིས་ལུགས་དར་རྒྱས་མཛད་ན་ཡང་། །རྒྱལ་པོ་གླང་གིས་རྩིས་པ་ཀུན། །བསད་པས་རྩིས་ཀྱི་སློབ་དཔོན་མེད། །དཔེ་ཆའི་སྟེང་ནས་ཚོད་ཀྱིས་བརྩིས། །དེ་ལ་རྩིས་རྙིང་ཞེས་གྲགས་སོ། །དེ་རྗེས་ཁམ་པ་ཁྲ་མོ་ཡིས། །རྒྱ་ནག་བ་གོང་དུ་ཤི་ཡ། །སློབ་དཔོན་ངག་རྒྱུད་གསར་བསྒྱུར་བས། །དེ་ལ་རྩིས་གསར་ཞེས་བྱ་ཟབ། །འདི་ནི་རྩིས་གསར་སོར་བཞག་གོ །ལོ་གྲངས་


CMR058_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་གསུམ་ཉེར་ལྔ་སོ་བདུན་དང་། །ཞེ་དགུ་རེ་གཅིག་དོན་གསུམ་གྱི་ལྔ་དང་། །དགུ་བཅུ་གོ་བདུན་རང་ལོ་སྟེང་དུ་ཕྱིན། །དེ་ནས་བརྩིས་པས་ལོ་གྲངས་དུ་ལོན་ཤེས། །དེ་ནས་དེ་ཡི་དབང་ཐང་འབྱུང་བའི་ཁམས། །གནམ་ལོ་དེ་ལ་ཕོ་ལོ་དྲུག་ཤར་དུས། །གཅིག་བཅུ་ཐམས་ཅད་གནམ་ལོ་རང་དང་གཅིག །གཉིས་གསུམ་ཐམས་ཅད་གནམ་ལོའི་མ་དང་གཅིག །བཞི་ལྔ་ཐམས་ཅད་གནམ་ལོའི་དགྲ་དང་གཅིག །དྲུག་བདུན་ཐམས་ཅད་གནམ་ལོའི་གྲོགས་དང་གཅིག །བརྒྱད་པ་དགུ་པ་གནམ་ལོའི་བུ་དང་གཅིག །གནམ་ལོ་དེ་ཕོ་ལོ་དྲུག་ཤར་བའི་དུས། །གཅིག་


CMR058_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཉིས་པ་གནམ་ལོ་རང་དང་གཅིག །གསུམ་བཞི་ཐམས་ཅད་གནམ་ལོའི་མ་དང་གཅིག །ལྔ་དྲུག་ཐམས་ཅད་གནམ་ལོ་དགྲ་དང་གཅིག །བདུན་བརྒྱད་ཐམས་ཅད་གནམ་ལོའི་གྲོགས་དང་གཅིག །དགུ་བཅུ་ཐམས་ཅད་གནམ་ལོའི་བུ་དང་གཅིག །ལོ་རྒན་དྲུག་ཅུ་གང་རེད་ངོས་བཟུང་ནས། །དེ་ཡི་སྲོག་ལུས་ཀླུང་རྟ་སྐྱེ་བ་སོགས། །ལོག་མེན་གཤིན་པོའི་ལོག་མེན་དང་། །སྤར་སྨེ་དར་རྒུད་ཟླ་བ་དང་། །ཞག་དུས་གཟའ་སྐར་ཟླ་བ་དང་། །ཧལ་ཁྱི་བྱི་ལིང་ལ་སོགས་པ། །ཐམས་ཅད་གཤིན་པོ་དེ་དང་འཐབ། །དེ་ལ་རྡེལ་གྲངས་གོང་དང་འདྲ། །དེ་ནས་གསོན་པོའི་གནམ་ལོ་འཐབ། །ལོག་མེན་སྤར་སྨེ་དར་རྒུད་རྣམས། །གསོན་པོ་ཉིད་ནི་བརྩི་བ་སྟེ། །ཟླ་བ་ཞག་དང་གཟའ་སྐར་ཡང་། །རྩིས་བྱེད་ཉིན་པའི་དེ་དང་བརྩི། །དེ་བཞིན་ཧལ་ཁྱི་བྱི་ལིང་འདྲ། །དེ་ལ་རྡེལ་གྲངས་གོང་ལྟར་རོ། །དེ་ནི་བརྒྱ་འབོར་ཆུང་བའོ། །གསོན་པོ་གལ་ཆེའི་གདོས་བདག་པོ། །གཞན་རྣམས་གོང་དང་འདྲ་བ་ལ། །གསོན་པོ་ང་ཁྱིམ་གཅིག་པ་ཡིན། །ཡང་ན་སྤུན་གྲངས་གལ་ཆེ་བའི། །རྒན་པོ་མགོ་སེ་སོ་ཕ་སྟེ། །བྱིས་པའི་ཆུ་ནང་འཕྲད་པ་ཟེར། །དར་མ་རྩིས་ཅན་བཅས་པ་གསུམ། །


CMR058_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

གཤིན་དང་འཐབ་པ་ཚར་གསུམ་བརྒྱབ། །དེ་ནི་རྒྱ་འབོར་འབྲིང་པོ་ཡིན། །དེ་སྟེང་སོ་འཕྲང་གཅེས་གསུམ་དེ། །གནམ་ལོ་དང་འཐབ་ཚན་གསུམ་བརྒྱབ། །དེ་ནི་རྒྱ་འབོར་ཆེན་པོ་ཡིན། །དེ་ལྟར་བསྡུས་འབྲིང་རྒྱས་གསུམ་གྱིས། །དང་པོ་གནམ་ལོའི་སྲོག་དེལ་རྣམས། །དཀར་ནག་གང་མང་བརྩིས་བྱས་ལ། །དཀར་པོ་མང་ན་དཀར་པོ་གཅིག ། ལོག་པོས་མང་ན་དཀར་པོ་གཉིས། །ནག་པོ་མང་ན་ནག་པོ་གཅིག །མཉམ་ན་དཀར་ནག་གཉིས་བཞག་སྟེ། །སྲོག་ལུས་དབང་ཐང་ཀླུང་རྟ་དང་། །རུས་ཁམས་ལ་ཡང་དེ་ཡིས་འགྲེས། །དེ་བཞིན་ལོག་མེན་ལ་སོགས་པ། །རྡེལ་བུ་ཉེར་ལྔ་ལོགས་སུ་བཀོད། །དེ་ལ་སྟང་གཅོད་རྡེལ་བུ་ཟེར། །དེ་ཡི་སྲོག་རྡེལ་དཀར་ནག་གི །གང་མང་རྩིས་ལ་རྡེལ་བཞག་སྟེ། །ལུས་དབང་རླུང་རྟ་རུས་ཁམས་དང་། །དོན་ནི་གནམ་ལོའི་རྡེལ་ལྔ་པོ། །དཀར་ནག་གང་མང་རྩིས་ལ་བཞག །དེ་བཞིན་རྡེལ་འཕྲེང་བཅུ་གསུམ་འགྲེས། །དེ་ལ་ཁ་དམར་རྡེལ་བུ་ཟེར། །བཟང་གཅིག་བཤད་པ་ཐམས་ཅད་ནི། །སྟང་ཆོདཁ་དམར་དབང་ཆེ་སྟེ། །གཞན་མ་ཐམས་ཅད་རྡེལ་རོ་ཡིན། །སྟངས་གཅོད་རྡེལ་བུ་ལྔ་བཅུ་ནས། །རེ་མིག་ཉེར་


CMR058_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་ལོག་ན་ཕུད། །དེ་ནས་རྣོ་གཏང་བཞག་པར་བྱ།་།གཤིན་ཐང་ལྔ་བཅུའི་ངག་ཁྲིད་དོ། །ལྔ་བཅུ་རྐྱང་པས་ག་ལ་ཆོག་།ལྔ་བཅུ་རྐྱང་བར་བཤད་པ་ནི། །རྩིས་རྙིང་ཞལ་ཤེས་མེད་པའི་ལུང་། །དེ་བཞིན་བཅུ་གསུམ་ས་ལ་ཡང་། །གཤིན་རྗེལ་བཅུ་གསུམ་གཞུང་ལྟར་ལས། །གསོན་རྡེལ་སོ་འཕྲང་གཅེས་གསུམ་ལས། །རྡེལ་ཕྲེང་བཞི་པ་འཕྲད་དུ་རྩིས། །གང་མང་དཀར་ནག་མཁས་པ་ཡི། །རྡེའུ་བཅུ་གསུམ་དེ་ཉིད་ལ། །གཤིན་རྡེལ་བཤད་པའི་གཉར་གཅོད་བྱ། །བག་རྩིས་མན་ངག་གནད་ཆེན་པོ། །ཐམས་ཅད་འགྲིགས་པར་དཀའ་བའི་ཕྱིར། །སྲོག་དང་ཀླུང་རྟ་སྐྱེས་པ་རྒྱལ། །བུད་མེད་སྐྱེས་པ་ཕར་ཐུབ་པ། །ལུས་དང་དབང་ཐང་བུད་མེད་རྒྱལ། །མི་མཐུན་རང་གི་མཐུན་པོ་ཡིན། །བཅོ་བརྒྱད་ལོ་མ་ཁོན་ཐོག་དང་། །ལི་ལ་བག་མ་སོང་ན་ཕུང་། །གཟའ་དང་སྐར་མ་ནུས་པ་ཆུང་། །གནམ་ཁྱི་དབང་ཆེ་ཞིབ་ཏུ་བརྩིས། །ཕྱོགས་ཀྱི་ཟླ་བ་གནམ་ཁྱི་དང་། །ཧལ་ཁྱི་ཐེ་ཁྱིམ་གལ་ཆེའོ། ༈ བྱིས་པའི་བརྩས་སློང་རྩིས་ལ་ནི། །མི་ཚེ་དེ་ཡི་སྐྱིད་སྡུག་དེ། །དར་རྒུད་བཟང་ལ་སྐྱེས་པའི་མི། །སྐག་ཆེན་ཡོད་ཀྱང་ཉེས་མི་འབྱུང་། །དར་རྒུད་ངན་ལ་སྐྱེས་པའི་མི། །


CMR058_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

སྐག་མེད་དུས་ཀྱང་སྐྱོན་ཅན་འབྱུང་། །རླུང་གི་དུར་ཕུག་མ་ཤེས་ན། །ཕན་གནོད་དམིགས་ནས་ཟིན་མི་འགྱུར། །གསུངས་པའི་གནད་དེ་དེ་ཡིན་ནོ། །ཚེ་སྟོད་ཕ་ཡི་དར་རྒུད་གཙོ། །ཚེ་སྨད་མ་ཡི་དར་རྒུད་གཙོ། །བར་དུ་རང་གི་དར་རྒུད་གཙོ། །ཕ་ཡི་སྲོག་དང་ཀླུང་རྟ་དང་། །མ་ཡི་ལུས་དང་དབང་ཐང་དང་། །ཁོ་རང་དར་རྒུད་བཟང་བ་ན། །གང་སྐྱེས་བུ་དེ་ཕུན་སུམ་ཚོགས། །བུ་དང་མ་གཉིས་སྲོག་རྒུད་དུ། །སྐྱེས་ན་ཚེ་ནི་ཐུང་བ་ཡིན། །ཕ་བུ་གཉིས་ཀ་ཀླུང་རྟ་རྒུད། །དེ་དུས་སྐྱེས་ན་མི་ཁ་ལྡང་། །མ་དང་བུ་ཡི་དབང་ཐང་དར། །དེ་དུས་སྐྱེས་ན་ནོར་ཕྱུགས་སོ། །མ་བུ་གཉིས་ཀ་དབང་ཐང་རྒུད། །དེ་དུས་སྐྱེས་ན་ནོར་དབུལ་ལོ། །མ་བུ་གཉིས་ཀའི་ལུས་དར་རྒུད། །དེ་ལ་ཐམས་ཅད་དཀོན་མོད་ལྟོས། །དེ་རྣམས་ཐམས་ཅད་དར་རྒུད་བརྩིས། །མི་འགྱུར་གསང་བའི་རྡེལ་གཅིག་ནི། །སྐྱེས་དུས་ཟླ་བ་ཞག་དུས་སོགས། །ཤེས་ན་རབ་སྟེ་མ་ཤེས་ན། །བུ་ཡི་ལོ་ལ་གཏུག་པས་ཆོག །དེ་ནི་སློབ་དཔོན་གསུང་རྒྱུན་གསལ། །མ་ནི་ལི་ཐོག་བུ་སྐྱེས་ན། །དེ་ནི་སོས་པར་དཀའ་བ་ཡིན། །དར་རྒུད་འབྲིང་དང་ཐ་མ་ལ། །སྐྱེས་པ་རྟག་བརྩིས་ཐིགས་


CMR058_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན། །གཤིན་ཐང་རྩིས་དེ་གསོན་ལ་བརྒྱབ། །ཟླ་བ་ཞིག་དུས་སྐར་མ་རྣམས། །བརྩི་བྱའི་ཉི་མ་དུས་ཚོད་དེ། །ལོ་གཅིག་གིས་བསྐོར་སྐར་རྩིས་ཡིན། །ཟླ་བ་བཅུ་གཉིས་དང་འཐབས་པས། །གང་ལ་ངན་པ་ཟླ་བའི་སྐག །ཟླ་བ་དེ་ཡི་ཞག་དུས་ཚོད། །སོ་སོར་རྩིས་ལ་གང་རྩུབ་ལྟོས། །འཆི་འམ་མི་འཆི་སྲོག་རྡེལ་ཏེ། །ནད་ཀྱི་ཡང་ལྡི་ལུས་རྡེལ་ལྟོས། །གོད་ཁ་ཆེ་ཆུང་དབང་རྡེལ་ཡིན། །དགྲ་ངོ་ཡོད་མེད་རླུང་རྡེལ་ཡིན། །མདུན་ངོ་ཡོད་མེད་རུས་ཁམས་སོགས། །ཁྱད་པར་སྤར་ཁའི་ཞིབ་རྩིས་ནི། །ཕོ་ལི་མོ་ཁམ་སྤྱི་གཞུང་ཡིན། །བནྡེ་གིན་དང་བོན་པོ་ཁམ། །དགྲ་ཕྱུ་མི་རྒན་ཁོན་དང་ནི། །རྟ་ཕྱུ་ལི་དང་སྐྱེས་ཕྲན་དུ། །དེ་རྣམས་གཡས་སུ་བསྐོར་ནས་བརྩི། །བཟའ་དཔོན་ལོ་གྲངས་བརྩི་བར་གསུངས། །རྒན་མོ་ཁོན་དང་ན་སྟོད་ཟོན། །བུ་མོ་ལི་དང་དར་མ་ཟིན། །ལུག་ཕྱུ་ཁོན་དང་ར་ཕྱུ་དྭ། །ནོར་ཕྱུ་གིན་དང་གཡང་ཕྱུ་ཟོན། །ཁྱིམ་བདག་མོ་ཡི་ལོ་གྲངས་རྩིས། །ཐམས་ཅད་གཡོན་དུ་བསྐོར་ལ་རྩིས། །ཕོ་རིགས་ཡིན་ན་ཐམས་ཅད་གཡས། །མོ་རྐྱང་ཐམས་ཅད་གཡོན་དུ་བསྐོར། །དུར་མིག་དགྲ་ཐོག་བདུན་ཟུར་ངན། །ལྷ་བཞི་དཔལ་དང་མ་


CMR058_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

ཐོག་དང་། །གྲོགས་ཐོག་བཟང་ལ་རང་ཐོག་ངན། །དཔྱད་ནི་མོ་དང་འདྲ་བ་སྟེ། །གོད་ངོ་དགྲ་ངོ་སྙིང་སྟོང་སོགས། །ཐམས་ཅད་གསལ་ཞིང་ཐིག་པའོ། །ཞལ་ཆེམས་ཤེས་རབ་ལས་རྩིས་གནས། །བསམ་ཞིང་སྤྲུལ་པ་གྲུབ་ཐོབ་དང་། །རབ་ཀྱི་རབ་རྩིས་མི་ཐིག་གི །ཐ་མའི་ཐ་མ་རྩིས་མི་ཐིག །སངས་རྒྱས་ཐབས་མཁས་ཐུགས་རྗེ་ཆེ། །ཐབས་ཀྱི་དགེ་ལ་བསྐུལ་ཕྱིར་ཡིན། །སྐྱེ་བ་སྔོན་དང་ཕྱི་མ་ལ། །དེ་འདྲ་ནམ་ཞིག་འགྱུར་བ་ལ། །དགོངས་ཀྱི་སྔོན་དང་ཕྱི་མ་མངར། །ངེས་ངེས་ཏིག་ཏིག་མེད་པའོ། །དེ་བཞིན་གཤིན་གྱི་ཞལ་ཆེམ་ཡང་། །ཁན་སྐྱེ་རྒན་རྒོན་བྱིས་པ་སོགས། །རིགས་པས་དཔྱད་སྟེ་སྨྲ་དགོས་སོ། །མདའ་ཚད་འདོན་དུ་མི་རུང་ངོ་། ༈ །གསོན་པོའི་སྐག་རྩིས་མན་ངག་ནི། །གཉོམ་ཆུང་རིམ་གྲོ་མི་འཛེམ་ལ། །འབྱོར་པ་དེ་དང་མི་བསྟུན་པའི། །བཀའ་བདེན་གདའ་ཚུལ་བརྗོད་མི་བྱ། །སྐྲག་ཅིང་རིམ་གྲོ་མི་ཐོན་པའི། །སྐག་རྩིས་ཉེས་པས་དམྱལ་བ་ནི། །སྒོ་ལྕགས་ཀྱི་ཚེར་མ་འབིགས་པ་རུ། །སྐྱེ་ཞེས་མདོ་ལས་གསུངས་པའོ། །རྩིས་རྒྱས་འཕགས་པའི་བཀའ་ལ་ཚོལ། །འབྱོར་པའི་དེ་དག་ཐོབ་ངེས་པའི། །ཆོས་དང་མཐུན་ཅིང་སྡིག་མེད་


CMR058_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

པའི། །རིམ་གྲོ་ལུང་བསྟན་བྱས་པ་ཡི། །བར་ཆད་སེལ་ཞིང་དགེ་བསྐུལ་འགྲུབ། །རྩིས་ཀྱི་དགོངས་ཆ་དེ་ཡི་དོན། །ན་ཤིན་རྩིས་བཟུང་ཐང་མི་ཐུབ། །མི་ཐུན་གནོད་བྱས་མི་ཐོན་་། །ཟེར་བ་རྒྱ་ནག་ཧྭ་ཤང་ཡིན། །སེ་ཐན་ཞེས་བྱ་རྩིས་ལོག་སྟེ། །དེ་བཞིན་ལོ་མཉམ་བསད་པའི་སྐག །གང་གི་སྟེང་དུ་ཤི་བ་ཡི། །སྤར་ཁའི་སྐག་བརྒྱད་མང་པོ་ནི། །བཤས་པས་ཤི་སྒབ་ཆོད་ལ་སོགས། །རྩིས་ལོག་ཡིན་པས་སྤང་བར་བྱ། ༈ །ཁྱིམ་གཅིག་མཚམས་བཞི་ལོ་ཚང་ན། །ཕུང་ཁྲལ་འབྱུང་བ་ལོགས་སུ་ཡོད། །མི་རུང་བཞིན་དུ་བྱེད་དགོས་བྱུང་། །མཚམས་བཞི་ཤིང་ནི་ཚེར་མ་ཅན། །ཤར་དུ་གྲི་དང་ལྷོ་རུ་ཆུ། །ནུབ་ཏུ་མེ་དང་བྱང་དུ་ས། །བཀྲམ་ལ་སྣང་བརྒྱད་ཚར་མང་བཀླག །དག་པ་གསེར་ཐིག་བཀྲ་ཤིས་མདོ། །ཉེས་པ་ཀུན་སེལ་བཀླག་པར་བྱ། །དེ་ལྟར་འཕྲལ་དུ་གང་དྲན་ཙམ། །རྩིས་པ་རྣམས་ལ་ཕན་པའི་ཕྱིར། །སྙིགས་དུས་བྱུང་བ་རྩིས་པ་ནི། །༧ དྲང་སྲོང་རཱ་ག་ཨ་སྱས་བཀོད། །འདི་ཉིད་རྒྱ་ཆེར་འཕེལ་ནས་ཀྱང་། །ཡོན་བདག་ཀུན་ཀྱི་རྐྱེན་སེལ་ཞིང་། །འདི་ཕྱི་བདེ་ལེགས་འབྱུང་བར་ཤོག །མངྒ་ལཾ།། །།


previousགཙུག་ལག་རྩིས་ཀྱི་སྡོམ་ཚིག་ཉེར་མཁོ་མ་རིག་མུན་སེལ།next