Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྩིས་བརྡར་གྱི་ཆ་ལག་སྔོན་འགྲོ།
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྩིས་བརྡར་གྱི་ཆ་ལག་སྔོན་འགྲོ།next

རྩིས་བརྡར་གྱི་ཆ་ལག་སྔོན་འགྲོ།


CMR058_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

རྩིས་བརྡར་གྱི་ཆ་ལག་སྔོན་འགྲོ་བཞུགས་སོ།


CMR058_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཨརྱ་མཉྫ་ཤི་ཡེ། མདུན་དུ་རྩིས་གཞི་གབ་རྩེའམ། མཐོང་ཚོ་བཀྲམ། བླ་མཁྱེན་ལ་རྒྱབ་གཏད། མདའ་དར། མོ་ནས། ཆུ་ཕོར། དུང་གཅིག སྣཁབ་སོགས་གང་དགོས་སྟ་གོན་བྱས་ལ། ཨོཾ་ཡ་མཱནྟ་ཀ་ཧཱུྃ་ཕཊ༔ རང་ཉིད་སྐད་ཅིག་གིས་འཇམ་དཔལ་ནག་པོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་འབར་བའི་མཆེ་བ་རྣམ་པར་གཙིགས་པ། ཕྱག་གཡས་རྡོ་རྗེའི་བེ་ཅོན་ཕྱར་ཞིང་གཡོན་སྡིགས་མཛུབ་བགེགས་ལ་གཟིར་བ། ཁྲོ་བོའི་ཆས་ཐམས་ཅད་ཀྱིས་བརྒྱན་ཅིང་གཡོན་བརྐྱང་གིས་མེ་དཔུང་གི་ཀློང་ནས་པད་ཉི་རོའི་སྟེང་ནས་འགྱིང་བའི་སྐུར་གྱུར། ན་མོ། དཀོན་མཆོག་གསུམ་དང་རྩ་བ་


CMR058_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱི་བདེན་པ་དང་། བཅོམ་ལྡན་འཇམ་དཔལ་གཤིན་རྗེ་གཤེད་ཀྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོས་མོ་ལ་བརྐུ་བ། རྩིས་ལ་སྒྲིབ་པ། རྡེའུ་དཀར་ནག་ལ་བརྐུ་བ། རྣོ་སྟངས་གཅོད་པ་ལ་གཡོར་བ་བྱེད་པའི་གདོན་བགེགས་ཐམས་ཅད་དཔག་ཚད་རྒྱང་གྲགས་སུ་མ་གནས་པར་གཞན་དུ་སོང་ཞིག །ཅེས་ཆུ་ཕོར་ནང་དུ་སེལ་བཏབ། རྩིས་གཞི་ལ་བསྐོར་ལ་སྒོ་ཕྱི་ནང་བར་དེར་བཞག་བཅུག་གོ །ཧཱུྃ། ཉོན་ཅིག་རྨུ་ནག་ཅན་གྱི་བགེགས། །ང་ནི་ཁྲོ་བོ་གཤིན་རྗེའི་གཤེད། །ང་ཡི་བཀའ་ལ་ཁྱོད་མ་འདའ། །འདི་རུ་མ་འདུག་གཞན་དུ་དེངས། །གལ་ཏེ་


CMR058_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

མི་འགྲོ་འདུག་གྱུར་ན། །གཤིན་རྗེ་གཤེད་པོའི་མཚན་ཐོས་ནས། །ཁྲོ་བོ་ཆེན་པོ་ཐམས་ཅད་ཀུན། །འདར་ཞིང་ལག་ཆ་ཤོར་གྱུར་ན། །བགེགས་ཚོགས་རྣམས་ལ་སྨོས་ཅི་དགོས། །སྡིགས་པའི་མཛུབ་མོས་རབ་གཟིར་ཞིང་། །བེ་ཅོན་འབར་བས་ཀླད་པ་འགེམས། །ཡེ་ཤེས་མེ་ཡིས་ལུས་བསྲེགས་ནས། །སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར། །དེ་བས་མྱུར་དུ་ཕྱིར་དེངས་ཤིག །ཨོཾ་སུཾ་བྷ་ནི་བརྗོད་ཅིང་ནས་ལྕག་བྲབ་བོ། །སྟེང་འོག་རྡོ་རྗེའི་ར་གུར་མེ་འབར་བའི་གུར་ཁང་དུ་གྱུར། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་སྭཱ་ཧཱ། ན་མོ། བསླུ་བ་མེད་པ་དཀོན་མཆོག་གསུམ། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །ཐམས་ཅད་མཁྱེན་པ་བཅོམ་ལྡན་འདས། །ཤཱཀྱ་ཐུབ་ལ་སྐྱབས་སུ་མཆི། །མཁྱེན་རབ་དབང་ཕྱུག་ཡེ་ཤེས་སྒྲོན། །འཇམ་དཔལ་དབྱངས་ལ་སྐྱབས་སུ་མཆི། །ཀྱེ་མ་འཁོར་བའི་སེམས་ཅན་རྣམས། །ཕྱི་ནང་གསང་བའི་འབྱུང་བ་ལྔ། །མ་རྟོགས་དབང་གིས་འཁོར་བར་འཁྱམས། །འཁྲུལ་རྟོག་སྐག་རིག་མ་ལུས་འཚེ། །འདི་རྣམས་བདེ་ལ་འགོད་པའི་ཕྱིར། །བདག་ནི་འཇམ་དབྱངས་རྗེས་འཇུག་སྟེ། །འཇིག་རྟེན་བདེ་ལ་འགོད་པར་བྱ། །ཨ་ཆོས་རྣམས་སྟོང་


CMR058_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ངང་ཉིད་ལས། །པདྨ་ཟླ་བའི་གདན་དབུས་སུ། །རང་ཉིད་རྗེ་བཙུན་འཇམ་པའི་དབྱངས། །དམར་སེར་ཕྱག་གཉིས་རལ་པོད་འཛིན། །ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་བཞུགས། །དར་དང་རིན་ཆེན་དུ་མས་བརྒྱན། །ཐུགས་ཀར་དྷི༔ཡིག་སྔགས་ཀྱིས་བསྐོར། །དེ་ལས་འོད་ཟེར་འཕྲོས་པ་ཡིས། །ཕྱོགས་བཅུའི་ཞིང་ནས་འཇམ་དཔལ་དབྱངས། །ཁ་བ་བུ་ཡུག་ལྟར་བྱོན་ནས། །རང་ལ་སིབ་སིབ་དབྱེར་མེད་ཐིམ། །དབང་བསྐུར་བྱིན་གྱིས་བརླབ་པར་གྱུར། །ཨོཾ་ཨ་ར་པ་ཙ་ན་དྷི༔ ཅུང་ཟད་བསྙེན། ཨོཾ་སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་ཕྱོགས་འདི་ནི་མ་ཧ་རྩི་ནི་ཡུལ་གྱི་དབུས་སུ་ཕྱི་ལྟར་ན་རིན་པོ་ཆེའི་རི་བོ་མཆོག་རབ་རྩ་བ་གྲུ་བཞི་ལ་རྩེ་མོ་ལྔར་གྱེས་པ། ཙནྡན་གྱི་ནགས་རི། གུ་གུམ་གྱི་སྤང་རི། མུ་ལའི་སྒྲ་ཤིང་ལ་སོགས་ལྗོན་ཤིང་ལ་བྱ་སྣ་ཚོགས་སྐད་སྙན་པར་སྒྲོག་པ། དུས་དུས་སུ་འཇའ་ཚོན་གྱི་གུར་ཕུབ་ཅིང་། མེ་ཏོག་གི་ཆར་འབེབས་པ། རི་བོ་རྩེ་ལྔ་གངས་རི་ཤེལ་གྱི་མཆོད་རྟེན་འདྲ་བ་ལྔའི་ནང་དུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྒྱན་རྟ་བབས་དང་བཅས་པ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ། སེང་གེའི་ཁྲི་ལྔའི་


CMR058_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་དུ་ཤར་དུ་ཐུགས་འཇམ་དབྱངས་སྔོན་མོ། ལྷོར་ཡོན་ཏན་གྱི་འཇམ་དབྱངས་སེར་པོ། ནུབ་ཏུ་གསུང་གི་འཇམ་དབྱངས་དམར་པོ། བྱང་དུ་ཕྲིན་ལས་ཀྱི་འཇམ་དབྱངས་ལྗང་གུ། དབུས་སུ་སྐུ་ཡི་འཇམ་དབྱངས་དཀར་པོ་སྟེ། ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་ཞི་ཞིང་འཛུམ་པ་གཙུག་ལག་རྩིས་ཀྱི་རྒྱུད་སྡེ་མཐའ་ཡས་པ་གསུངས་པ། དབུ་ལ་རིན་པོ་ཆེའི་རྩེ་བྲན་ལྔས་བརྒྱན་ཅིང་རིགས་ལྔ་སོ་སོའི་དབུ་བརྒྱན་པ། ཐུགས་ཀར་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་དང་བཅས་ཏེ། ཨུཏྤལ་ཡལ་འདབ་རྒྱས་པ་གཉིས་རེ་འཛིན་པ། སྙན་གྱི་ཐད་དུ་ཁ་ཕྱེ་བའི་སྟེང་ན་རལ་གྲི་དང་པོ་ཏིས་མཚན་པ། མཚན་དང་དཔེ་བྱད་ཡོངས་སུ་རྫོགས་ཤིང་གཞོན་ནུ་ཟུར་ཕུད་ལྔ་པ་ཅན། དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་ཅིང་རྡོ་རྗེའི་སྐྱིལ་ཀྲུང་གིས་པད་ཟླ་ལ་བཞུགས་པ། སོ་སོའི་འཁོར་བྱང་ཆུབ་སེམས་དཔའི་དགེ་འདུན་དང་། ལྷ་ཀླུ་གནོད་སྦྱིན་དཔའ་བོ་མཁའ་འགྲོ་དང་དྲི་ཟ་གྲུལ་བུམ་ལ་སོགས་པ་བྱེ་བ་ཁྲག་ཁྲིག་དུ་མས་བསྐོར་བ། ཐམས་ཅད་ཀྱང་སྣང་སྲིད་གཏན་འབེབས་གཙུག་གི་རྒྱུད་སྡེ་ཟབ་མོ་ཉན་ཅིང་འཛིན་པ་ཤ་སྟག་གོ། །དེ་ཐམས་ཅད་གནས་གསུམ་ཡི་གེ་གསུམ་དང་གཙོ་བོ་ལྔའི་ཐུགས་


CMR058_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

ཀའི་དྷཱི༔ཡིག་དཀར་སེར་དམར་ལྗང་ལྔ་ལས་འོད་ཟེར་འཕྲོས་པས། རྒྱ་ནག་རི་བོ་རྩེ་ལྔའི་ཤེལ་ཁང་ནས་བྷེ་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། བཛྲ་ས་མ་ཡ་ཛ༔ མ་ལུས་སེམས་ཅན་ཀུན་གྱིས་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །འཇམ་དབྱངས་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་པར་ལྡན། །བདག་གི་མཆོད་ཡོན་བཞེས་སླད་དུ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །པདྨ་ཀ་མ་ལ་ཡེ་སྟེ། ཨཱརྱ་མཉྫ་ཤི་ཨགྷཾ་སོགས། སྤྲོ་ན་སྨོན་ཐུང་མ་དང་མཎྜལ་ཡང་འབུལ། གཞོན་ནུ་སྐུ་ལུས་འཆང་བ་སོགས་བརྗོད། རྒྱ་གར་སྐད་དུ། ཨཱརྱ་མཉྫ་ཤྲཱི་ཏན་ཙིཏྟ། བོད་སྐད་དུ། འཕགས་པ་འཇམ་དཔལ་གྱི་རྒྱུད་ཀྱི་ཡང་སྙིང་། འཕགས་པ་འཇམ་དཔལ་གཞོན་ནུ་གྱུར་པ་ཕྱག་འཚལ་ལོ། །འདི་ལྟར་སངས་རྒྱས་བཅོམ་ལྡན་འདས། །ཡེ་ཤེས་སྐུ་སྟེ་རང་བྱུང་བ། །ཡེ་ཤེས་མིག་གཅིག་དྲི་མ་མེད། །ཡེ་ཤེས་སྣང་བ་ལམ་མེ་བ། །ཨ་ར་པ་ཙ་ན་ཡ་ཏེ་ན་མ། །ཡེ་ཤེས་སྐུ་ཉིད་ཁྱོད་ལ་བསྟོད། །རྫོགས་


CMR058_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སངས་རྒྱས་རྣམས་ཀྱིས་བཤད། །བཅོམ་ལྡན་འཇམ་དཔལ་ཡེ་ཤེས་སེམས་དཔའི་དོན་དམ་པའི་མཚན་ཡང་དག་པར་བརྗོད་པ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་གསུངས་པ་རྫོགས་སོ། །གུ་རུ་པདྨས་ཤེལ་བཟའ་སྒྲོན་མ་ལ་གནང་། འདི་མཚན་བརྗོད་ཚར་རེ་དང་མཉམ་གསུངས་སོ། །བཅོམ་ལྡན་འདས་འཇམ་དཔལ་རིགས་ལྔའི་ལྷ་ཚོགས་ཐམས་ཅད་ཀྱིས་བདག་ལ་སྣང་སྲིད་ལེགས་ཉེས་ཐམས་ཅད་གསལ་བར་བསྟན་དུ་གསོལ། ཞེས་གསོལ་བ་བཏབ་པས་འཇམ་དབྱངས་རིགས་ལྔའི་སྐུ་ལས་འོད་ཟེར་ཁ་དོག་ལྔ་འཕྲོས་རྩིས་གཞི་ལ་ཐིམ་པས་གཙུག་ལག་སྲིད་པའི་གབ་རྩེ་ཁྲ་མོ་འདི་ཉིད་ཕྱི་ལྟར་ན་དབང་ཆེན་གསེར་གྱི་ས་གཞི། འབྱུང་བ་ལྔའི་རང་བཞིན། ནང་ལྟར་ན་རྩིས་བྱའི་ལུས་ཤ་ཁྲག་དྲོད་དབུགས་ཀྱི་རང་བཞིན། གསང་བ་ལྟར་ན་བརྩི་བྱའི་སེམས་འཁོར་འདས་ཐམས་ཅད་ཀྱི་ངོ་བོ་དེ་ལྟར་ཡིན་པ་ལ་རྣམ་པ་ནི་འཕགས་པ་འཇམ་དཔལ་གྱི་སྤྲུལ་པ་མ་ཧཱ་གསེར་གྱི་རུ་སྦལ་གྱི། ལུས་ལ་སྤར་ཁ་བརྒྱད། སྨེ་བ་དགུ། བརྒྱད་ཅུ་རྩ་གཅིག །ལོ་བཅུ་གཉིས། ལོ་རྒན་དྲུག་ཅུ་ལ་སོགས་པ། ས་ཡི་གབ་རྩེ་སུམ་བརྒྱ་དྲུག་ཅུ་ཚང་བ། ཤེས་རབ་ཡུམ་གྱི་ཚུལ་གནས་པ། དེའི་སྟེང་དུ་ནམ་མཁའི་གཡུ་སྦལ་སྔོན་མོ་


CMR058_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

ལ། གཟའ་ཆེན་བརྒྱད། རྒྱུ་སྐར་ཉི་ཤུ་རྩ་བརྒྱད། གནམ་ཁྱི་ལ་སོགས་གནམ་གྱི་གབ་རྩེ་སུམ་བརྒྱ་དྲུག་ཅུ་ཚང་བ་དེ་ཐབས་ཡབ་ཀྱི་ཚུལ་ཁ་སྦུབ་ཏུ་གནས་པའོ། །དེའི་བར་སྣང་གི་དུང་སྦལ་དཀར་པོ་ལངས་ཏེ་གནས་པ་ལ། ལོ་ལ་འཁོར་བའི་རྗེ་བློན་བཅུ་བདུན། ཟླ་བ་ལ་འཁོར་བའི་རྗེ་བློན་བཅུ་བདུན། ཞག་དང་ཟ་མའི་ས་བདག་ལ་སོགས་པ་བར་སྣང་གི་གབ་རྩེ་སུམ་བརྒྱ་དྲུག་ཅུ་ཚང་བ། དེ་ལྟར་མ་ཧཱ་གསེར་གྱི་རུ་སྦལ་ཡབ་ཡུམ་སྲས་གསུམ་གྱི་ལུས་ལ་གབ་རྩེ་སྟོང་དང་དྲུག་བརྒྱ་བཀྲ་བ། གབ་རྩེ་སྟོང་དང་དྲུག་བརྒྱའི་ནང་ནས་བརྩི་བྱ་རྣམས་ཀྱི་ཚེ་སྔ་ཕྱི་བར་གསུམ་ལས་དང་ལས་ཀྱི་རྣམ་སྨིན། རྐྱེན་དང་བར་ཆད་ཡོད་མེད། ཚེ་རིང་ཐུང་། བསོད་ནམས་རླུང་རྟ་དར་རྒུད། སྐྱེ་གནས་མཐོ་དམན་དང་བཅས་པ། མེ་ལོང་ནང་གི་གཟུགས་བརྙན་ལྟར་གྱུར་ཅིག །དེ་ལ་མདུན་གྱི་འཇམ་དབྱངས་རིགས་ལྔ་ལྷ་དང་དྲང་སྲོང་དཔའ་བོ་མཁའ་འགྲོ་ཐམས་ཅད་ཀྱི་ཡང་། རྟེན་གྱི་མངོན་ཤེས་བདག་ལ་མངོན་སུམ་དུ་སྟོན་ཅིང་། སྟངས་གཅོད་ཀྱི་གཟུ་དང་དཔང་པོ་མཛད་དུ་གསོལ། ཨོཾ་ཝ་གི་ཤྭ་རི་ཧཱུཾ། ཧྲཱིཿམ་ཧ་རི་ནི་ས་ཙིཏྟ་ཧྲིང་ཧྲིང་ཛ༔ པྲ་མོ་ཤག་ཤག་པྲ་མོ་སྟོན། ཆུ་བུར་


CMR058_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

མིག་གི་སྒོ་སོལ་ཕྱེས། རྣོ་མཐོང་གསལ་བའི་སྒྲོན་མེ་ཁྱོག །ཅེས་ཅུང་ཟད་སྔགས་བཟླས། དེ་ནས་རྩིས་བརྡར་བྱའོ། །ཞེས་སྔགས་འཆང་ཚེལ་ལེ་གྱིས་བསྐུལ་ནས་རྩིས་མཁན་རཱ་ག་ཨ་སྱས་སྦྱར་བའོ། །སརྦ་མངྒ་བྷཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousརྩིས་བརྡར་གྱི་ཆ་ལག་སྔོན་འགྲོ།next