Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ལོ་གཅིག་སྐག་རྩིས་བྲེ་གང་རྡེལ་དྲུག་ཅེས་བྱ་བའི་ཞལ་ཤེས་ངག་ཁྲིད་གསལ་བ།
   
   
   
   
   
   
   
   
   
   
   
   
   
   
   


 
previousལོ་གཅིག་སྐག་རྩིས་བྲེ་གང་རྡེལ་དྲུག་ཅེས་བྱ་བའི་ཞལ་ཤེས་ངག་ཁྲིད་གསལ་བ།next

ལོ་གཅིག་སྐག་རྩིས་བྲེ་གང་རྡེལ་དྲུག་ཅེས་བྱ་བའི་ཞལ་ཤེས་ངག་ཁྲིད་གསལ་བ།


CMR058_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་གཅིག་སྐག་རྩིས་བྲེ་གང་རྡེལ་དྲུག་ཅེས་བྱ་བའི་ཞལ་ཤེས་ངག་ཁྲིད་གསལ་བ་བཞུགས་སོ། །


CMR058_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཨཱརྱ་མཉྫ་ཤྲཱི་ཡེ། གསོན་པོའི་སྐག་རྩིས་རིགས་མང་ཡང་། །ཀུན་གྱི་དོན་བསྡུས་གནོད་ཆེ་ཡང་། །བྲེ་གང་རྡེལ་དྲུག་ཅེས་སུ་བཤད། །རྡེལ་ཕྲེང་དྲུག་ལ་རྡེལ་དྲུག་ཟེར། །གབ་ཙེ་བཏིང་ལ་རྩིས་བདར་བྱ། །གནམ་ལོའི་སྲོག་ལུས་དབང་ཀླུང་བཞི། །བརྩི་བྱའི་དེ་བཞིན་འཐབ་སྟེ་བརྒྱབ། །བརྩི་བྱའི་སྤར་ཁ་གང་ཡིན་ལ། །ལི་ནི་མེ་སྦྲུལ་ཁོན་ས་ལུག །དུ་ནི་ལྕགས་སྤྲེལ་ཁེན་ས་ཁྱི། །ཁཾ་ནི་ཆུ་ཕག་གིན་ས་གླང་། །ཟིན་ནི་ཤིང་སྟག་ཟོན་ས་འབྲུག །དེ་དག་སྲོག་ལུས་དབང་ཀླུང་དང་། །བརྩི་བྱའི་དེ་བཞིན་འཐབ་ལ་རྡེལ་བཞི་བརྒྱབ། །ལོག་མེན་གནམ་ལོའི་བུ་


CMR058_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

དེད་ཅིང་། །སྐྱེས་པ་སྟག་ནས་ཐུར་དུ་བརྩི། །གནམ་ལོའི་དབང་ཐང་ཤིང་ཡིན་ན། །མེ་སྟག་ནས་ནི་བརྩི་བ་འགྲེ། །བུད་མེད་གནམ་ལོའི་མ་དེད་ཅིང་། །སྤྲེལ་ནས་གྱེན་དུ་བརྩི་བ་སྟེ། །གནམ་ལོའི་དབང་ཐང་ཤིང་ཡིན་ན། །ཆུ་སྤྲེལ་ནས་ནི་གྱེན་དུ་བཀན། །གར་བབ་དེ་ཡི་སྲོག་ལུས་དང་། །དབང་ཐང་རླུང་རྟ་བརྩི་བྱ་འཐབ། །དེ་ནས་ལོག་མེན་རྡེལ་བཞིའོ། །བརྩི་བྱའི་སྲོག་སྨེ་ལུས་སྨེ་བཞི་པོ་འཕུར། །དབང་སྨེ་རླུང་སྨེ་བཞི་པོ་འཕུར། །རང་རང་སྐྱེ་བ་དེ་ཉིད་དང་། །གར་བབ་སྨེ་བ་འཐབས་པས་བཞི། །བརྩི་བྱའི་སྲོག་ལུས་དབང་ཐང་སྨེ་བ་བཞི། །ཤིང་


CMR058_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

ས་སྤེལ་ལ་ལྕགས་ས་སྟག །མེ་ས་ཕག་ལ་ས་ཆུ་སྦྲུལ། །དབུགས་རྒྱུ་མངལ་གནས་ལུས་རྫོགས་དང་། །བཙས་པ་ཁྲུས་བྱེད་གོས་གྱོན་དང་། །ལས་བྱེད་དར་བ་གུད་པ་དང་། །ན་བ་ཤི་བ་དུར་ཞུགས་ཏེ། །ཐམས་ཅད་གནམ་ལོ་ཉིད་ལ་གཏུག །གོས་གྱོན་དར་བ་ལས་བྱེད་གསུམ། །རྡེའུ་དཀར་པོ་གཉིས་རེ་སྟེ། །ལུས་རྫོགས་བཙས་པ་ཁྲུས་བྱེད་གསུམ། །རྡེའུ་དཀར་པོ་རེ་རེ་བཞག །ན་བ་ཤི་བ་དུར་ཞུགས་གསུམ། །རྡེའུ་ནག་པོ་གཉིས་རེ་སྟེ། །རྒུད་པ་དབུགས་རྒྱུ་ནག་པོ་གཅིག །མངལ་གནས་རྡེའུ་དཀར་ནག་གཉིས། །མ་འཕྲད་རྡེའུ་དཀར་པོ་གཉིས། །གྲོགས་འཕྲད་རྡེའུ་དཀར་པོ་གཅིག །དགྲ་འཕྲད་ནག་གཉིས་བུ་ལ་ནག་པོ་གཅིག །ནང་འཕྲད་དཀར་ནག་གཉིས་སུ་བཞག །དེ་ལྟར་ལོ་དང་སྨེ་བ་དར་གུད་དང་། །སོ་སོའི་སྲོག་ལུས་དབང་ཐང་དང་། །རླུང་རྟའི་རྡེའུ་འཕྲད་དུ་བརྩི། །ཁ་དམར་རྡེའུ་བཞི་བཞག་ལ། །རྣ་སྟོང་རྡེའུ་བཞི་ཡིས་གཅོད། །དེ་ལྟར་རྡེལ་ཕྲེང་དྲུག་པོ་ལ། །བྲེ་གང་རྡེལ་དྲུག་ཅེས་སུ་གྲགས། །འདི་ལྟར་ཞལ་ཤེས་མེད་པ་འགའི། །གནམ་ལོའི་རྡེལ་བཞི་ཁོ་ན་ལ། །རྣོ་སྟོང་གཅོད་ཀྱང་ཐིག་རྒྱུ་མེད། །དེ་ཕྱིར་ཕྱི་རབས་ཕན་གྱིས་ཕྱིར། །རཱ་


CMR058_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

ག་ཨ་སྱས་ཞལ་ཤེས་བཀོད། །བཤད་པ་གཞུང་ཉིད་གསལ་ཞིང་ལེགས། །འདི་ནི་སྡོང་པོ་དགུ་འདུས་ཀྱི། །ལོ་གཅིག་སྐག་རྩིས་དོན་བདུན་པ། །སྲོག་གི་ཤི་ཆད་བརྩི་བ་བྱིས་པ་ལ་གཅེས། །སྲོག་རྡེལ་དཀར་ནག་གི་ཁ་དམར་བསྟན་པའོ། །སྲོག་རྡེལ་དཀར་པོ་གཉིས་བབ་ན། །འབྱུང་བ་སྲོག་གི་འཛིན་ཤིང་སྐྱེས། །རིན་ཆེན་གསེར་གྱི་འགྲེངས་ཤིང་ཚུགས། །ཕོ་ལྷ་དགྲ་ལྷས་རྒྱབ་ནས་སྐྱོབ། །དཔལ་གྱི་ཉི་མ་མདུན་ནས་ཤར། །སྲོག་གི་རྒྱ་གྲམ་འོག་ཏུ་བྲིས། །ལྕགས་ཀྱི་འཁོར་ལོ་སྟེང་ནས་བཀབ། །དགྲ་རྒྱལ་མང་སར་གཏམ་སྙན་སྒྲོག །སྲོག་རྡེལ་དཀར་པོ་གཅིག་བབ་ན། །སྲོག་གི་འབྱུང་བ་སྲོག་དང་འཕྲད། །ཚེ་ཡི་འཁོར་ལོ་མ་ཞིག་སྟེ། །ཤི་ཞིང་ཆད་པའི་སེམས་ཁྲལ་མེད། །འགོ་བའི་ལྷ་དང་སྲུང་མས་སྐྱོབས། །མྱ་ངན་བྱུར་གྱི་ཐག་པ་མེད། །སྲོག་འདོན་ཆོ་ག་བླ་བསླུ་གྱིས། །དུར་མཚུན་གསོ་ལ་དུར་སྲི་མནན། །སྲོག་རྡེལ་ནག་པོ་གཉིས་བབ་ན། །འབྱུང་བ་སྲོག་གི་འཛིན་ཤིང་ཆགས། །གནམ་ལོ་རྒྱལ་པོའི་བཀའ་ཆད་བྱུང་། །ལོག་མེན་བདུད་ཀྱི་ཁ་རུ་ཚ། །སྤར་ཁ་རུས་པའི་གཏིང་ནས་ཆགས། །སྨེ་བ་ཤ་ཡི་རྒྱབ་ཡང་རལ། །ཟླ་བ་


CMR058_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

བློན་པོའི་དམག་ལ་གཏུག །དུས་ཚོད་མཚོན་ཆ་རྣོ་བའི་བཅད། །སྟེང་ནས་བདུད་ཀྱི་བྱ་ནག་ལྡིང་། །འོག་ན་ཕུང་སྲི་རྔ་མོང་མཁུན། །བླ་ལ་བཙན་གྱི་རྐུན་མ་འཇབ། །ཐང་ཤིང་རྨི་ཞིང་སྙིང་མི་དགའ། །གློ་བུར་ཤི་ཆད་བཙན་དེ་ཡིན། །སྲོག་རྡེལ་ནག་པོ་གཅིག་བབ་ན། །སྲོག་གི་རྒྱལ་པོ་སྐྱེས་པའི་འཛིན་ཤིང་ཉམས། །མོ་དཔྱད་རྩིས་ཀྱི་འཕྲང་ལ་གཏོགས། །ཚེ་ལ་གློ་བུར་ཡེ་འདྲོགས་འོང་། །བླ་ལ་བདུད་ཀྱི་ཞགས་པ་འདེབས། །མི་སྔགས་ལྷ་སྔགས་ནད་ངོ་ཡོད། །ཕུང་སྲི་མནན་ཞིང་ཉལ་ས་སྤོང་། །ཚེ་གཟུངས་འདོན་ཅིང་བླ་ཚེ་བསླུ། །ལུས་ལ་ན་ཚ་བརྩི་བ་བུད་མེད་གཅེས། །སྲོག་རྡེལ་དཀར་ནག་གི་ཁ་དམར་བསྟན་པའོ། །ལུས་རྡེལ་དཀར་པོ་གཅིག་བབ་ན། །འབྱུང་བ་ལུས་ཀྱི་རྟེན་ཕུར་ཚུགས། །ལུས་ལ་འབྱུང་བའི་ནད་མི་ཚུགས། །སེམས་ལ་དྲན་པའི་སྡུག་བསྔལ་མེད། །ཁ་རྗེ་འགོ་བའི་ལྷས་མི་ལྡང་། །ལུས་ཀྱི་སྟོབས་བསྐྱེད་རྗེ་མ་བྱམས། །གཅོང་དང་ནད་རྙིང་མི་ལྡང་སྟེ། །ལྷ་མཆོད་ཆོས་སྐྱོང་སྲུང་མ་བརྟེན། །མི་གཙང་འཁོན་ལ་གཟབ་པར་བྱ། །ལུས་རྡེལ་དཀར་པོ་གཅིག་བབ་ན། །འབྱུང་བ་ལུས་ཀྱི་རྟེན་ཕུར་ཚུགས། །ལུས་ཀྱི་ན་ཚ་མེད་ཅིང་འབྱུང་། །


CMR058_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཀྱི་སྡུག་བསྔལ་ཟུག་རྔུ་ཞི། །མྱ་ངན་ལྟས་ངན་ཕྱིར་ལ་འཕོ། །གང་ལ་བསམ་པ་ལས་སུ་རུང་། །དགྲ་མཁོན་ལག་ཏུ་ནོར་མི་ཤོར། །སྨན་དང་གཏར་སྲེག་ལག་མི་འགྲིམ། །ལུས་ཀྱི་རྟེན་བཟང་རང་ཟས་ཟ། །ལུས་རྡེལ་ནག་པོ་གཉིས་བྱུང་ན། །འབྱུང་བ་ལུས་ཀྱི་རྟེན་ཕུར་བུད། །ནད་འཁོར་སེམས་ལ་སྡུག་བསྔལ་འཆང་། །ལག་ངར་སྟེང་ན་བྱིས་པ་གདེངས། །མགྲོན་དུ་སྨན་བོའི་མཁན་གསུམ་གསོ། །ལས་སུ་བདུད་འདྲེ་སྲིན་པོ་བཅོས། །ལྡན་པ་གཡས་གཡོན་སྲོག་ཤིང་ཚང་། །གཏར་སྲེག་ཡུན་རིང་ན་ཚ་འོང་། །རོ་འཛིན་མྱ་ངན་འབབ་པའི་དུས། །ལུས་འགྱུར་སྐྱབས་འགྲོ་དབང་བསྐུར་ཞུ། །ལམ་བཅོས་མཆོད་རྟེན་ན་བཟའ་གསོལ། །ཚ་ཚ་བཏབ་ཅིང་བཞི་སྡེ་མཆོད། །ལུས་རྡེལ་ནག་པོ་གཅིག་བབ་ན། །ལུས་ཀྱི་འབྱུང་བ་ཉམ་པ་སྟེ། །གྲ་ཉམ་ན་ཚ་སྡུག་བསྔལ་འབྱུང་། །སྲིད་ཕྱིད་མགྲོན་ལ་ཤིད་ཕྱེད་ཡས། །གཏོ་ཕྱེད་སྨན་ལ་ཟས་ཕྱེད་སྤྱད། །བསྡད་ན་འགྲོ་འདོད་འགྲོ་ན་བསྡད་སྙིང་འདོད། །སྙིང་མི་དགའ་ཞིང་སྡུག་བསྔལ་འབྱུང་། །མིང་སྤོ་སྡོམ་པ་དམ་ཚིག་བསྲུང་། །ཆོས་སྦྱིན་བཏང་ཞིང་གོང་མ་མཆོད། །དབང་ཐང་ཟས་ནོར་ལ་


CMR058_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

བརྩི་བ་སྐྱེས་པ་དར་མ་ལ་བརྩི། དབང་ཐང་གི་རྡེའུ་དཀར་ནག་གི་ཁ་དམར་བསྟན་པའོ། །དབང་རྡེལ་དཀར་པོ་གཉིས་བབ་ན། །འབྱུང་བ་སྐྱེད་ཀྱི་ར་བ་གང་། །འདོད་ཡོན་ལོངས་སྤྱོད་རྩི་ཐོག་རྒྱས། །ལོ་ལེགས་ཕྱུགས་འཕེལ་བསམ་པ་འགྲུབ། །ལུས་གང་གོས་གྱོན་ཚང་བྱས་རྒྱལ། །ཁ་གང་ཟས་ཟ་མིག་གང་ལྟ། །གསེར་གྱི་ས་གཞི་མཛེས་པ་ལ། །སྔོན་མོ་གཡུ་ཡི་མྱུ་གུ་འཁྲུངས། །གཏེར་རྡོར་ལྷ་འདྲེའི་གླུ་གཡང་འབེབས། །དབང་རྡེལ་དཀར་པོ་གཅིག་བབ་ན། །བསམ་པ་འགྲུབ་ཅིང་གྲོགས་དང་འཕྲད། །ལོ་དང་ཕྱུགས་ལ་གོད་ཁ་མེད། །ར་ལུག་འཕེལ་ཞིང་ཟས་ནོར་སྡུད། །རྣམ་གྲགས་ལྷ་འབེབས་བཙལ་ན་རྙེད། །འབྱོར་བ་ཕུན་སུམ་ཚོགས་པས་བཟང་། །དབང་རྡེལ་ནག་པོ་གཉིས་བབ་ན། །མི་དེས་དཔལ་གྱིས་ཟོ་བ་སྟོང་། །དངོས་གྲུབ་གཡང་གི་ར་བ་རལ། །འདོད་ཡོན་ལོངས་སྤྱོད་སྲིས་སྒོ་འགགས། །ཟས་ནོར་ལོངས་སྤྱོད་ཕུང་སྲི་ལྟོ་འགོང་ལུས། །ནོར་ནད་ཕྱུགས་ནད་གོད་ཁ་ལངས། །བློ་དང་སྟོང་ཉིས་སྟོར་བརླག་འོང་། །བསམ་པ་མི་འགྲུབ་སྟོང་པར་འོང་། །བུ་ཕོ་བུ་མོ་བརྫོང་བ་དང་། །བླ་མ་དཀོན་མཆོག་དགེ་འདུན་མཆོད། །གཏོར་མ་ཆུ་གཏོར་


CMR058_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་སྦྱིན་གཏོང་། །གཡང་བླང་བྱིས་སྦར་སྟོན་མོ་བྱ། །དབང་རྡེལ་ནག་པོ་གཅིག་བབ་ན། །དབང་ཐང་ནུ་མ་ལྟོགས་འདྲེ་ལང་། །ཕྱུག་ཅིང་ཕྱུག་ལ་རྒྱལ་བསེན་བསྡུ། །ཞིང་ལ་བཙའ་སད་སེར་བ་འོང་། །བཙལ་བས་མི་རྙེད་ཟས་ནོར་ཤོར། །རྟ་འཆི་གླང་ཤོར་བ་གཞོན་སྐམ། །ཚོང་ཉེས་དགྲས་བཅོམ་རྐུན་མ་འོང་། །ལྷ་ཁང་རྟེན་ལ་མར་མེ་འབུལ། །དགེ་འདུན་མཆོད་ལ་ལམ་འཕྲང་གསོ། །རླུང་རྟ་དགྲ་བྱུར་བརྩི་བ་བོན་དང་མི་ཆེན་གཅེས། །རླུང་རྟའི་སྲོག་གི་ཁ་དམར་བསྟན་པའོ། །དབང་རྡེལ་ནག་པོ་གཉིས་བབ་ན། །རླུང་རྟ་སྙན་པའི་བ་དན་ཕྱིར། །ཡ་རབ་གྲགས་ལ་སྙན་པའི་ཡིག་ཚང་ཐོབ། །གཙོ་བོའི་མདུན་མས་བསམ་པ་འགྲུབ། །དཔའ་བོ་དགེ་དང་གཏམ་སྙན་ཐོས། །བན་བོན་མཐུ་དང་གྲགས་པ་ཐོབ། །ཁ་སྨྲ་མི་ཁ་ཁ་མཆུ་མེད། །ཚུར་ལ་བཙན་བཙུགས་ཕར་ལ་ཟློག །རླུང་རྡེལ་དཀར་པོ་གཅིག་བབ་ན། །འགྲོ་བ་མི་ཡི་མ་བཙལ་བའི། །དར་བ་དུས་སུ་རྒུད་དང་མཉམ། །སྐྱེས་པ་མང་པོའི་སྔོན་དུ་གཏམ་སྙན་ཐོས། །བུད་མེད་སྔོན་དུ་གཟུགས་སྡུག་སྙན། །བཙལ་བ་རྙེད་ལ་བསོགས་པ་སོགས། །མཉམ་གཉིས་ཤག་འདེབས་བྲན་དུ་


CMR058_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

ཁོལ། །དགྲ་ཐེབ་བྲུབ་ན་ཕར་ལ་འཆི། །ཀླུང་རྡེལ་ནག་པོ་གཉིས་བབ་ན། །ཀླུང་རྟ་སྙན་པའི་བ་དན་ཆག །གྲགས་པ་འབྲུག་སྒྲའི་འུར་རྒྱུན་ཆད། །མངའ་ཐང་དཔལ་གྱི་ཉི་མ་ནུབ་།མི་ཁ་བྲ་མཆུ་གླེང་རེས་བྱེད། །དགྲ་དང་བྱུར་གྱི་མགྲོན་སྣ་ཟུག །སྙིང་དུ་བསམ་ཡས་གློ་བ་ཟུག །གྲོགས་སུ་བསམ་ཡས་ངན་སྣ་དྲངས། །མི་བྱུར་རང་གི་བྱུར་དུ་བབ།། ལེགས་པར་བྱས་ཀྱང་ཉེས་པ་འགྱུར། །དགྲ་སྲི་མནན་ཞིང་འཁོན་སྣ་བྲུབ། །ལམ་འཕྲང་བཅོས་ཤིང་ཟམ་པ་བཙུགས། །ཀླུང་རྡེལ་ནག་པོ་གཅིག་བབ་ན། །ཁ་སྨྲས་གླེང་གཞི་འོང་བའི་དུས། །རྟག་ཏུ་ཉེ་བས་གཉེན་སྐྱོང་མེད། །གཉེན་ཕྱེད་སྡང་བའི་དགྲ་རུ་སོང་། །ལས་སུ་གོང་མའི་རྫ་ས་ཁུར་ཡང་། །དྲིན་དུ་མ་སོང་ཐམས་ཅད་འགལ། །ཁྱིམ་དུ་ཟས་ཟོས་སྐམ་འཐུང་ཡང་། །ཕྱི་རུ་དྲིན་བསད་འཁྱར་ཁ་གཏོང་། །སྤང་སྐོང་འདོན་ཞིང་མི་ཁ་བྲུབ། །དགྲ་སྲི་བྲུབ་ཅིང་དགྲ་རྐུན་བསྲུངས། །སྲོག་རླུང་དབང་ཐང་རླུང་རྟའི་རྡེལ་ཕྱེད་མའི་ཁ་དམར་བསྟན་པའོ། །སྲོག་རྡེལ་དཀར་ནག་གཉིས་བབ་ན། །སྲོག་གི་འབྱུང་བ་མ་ཉམ་ནས། །ལྷ་དང་དམུ་ཡི་བུ་འཐབས་པས། །འགོ་བའི་ལྷ་དང་གནོད་བྱེད་བདུད། །ཚེ་དང་


CMR058_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་ལ་ཆོ་ལོ་འགྱེད། །རྒྱང་འབྲེལ་བྱེད་ཅིང་འགོག་་་ཤོར། །སྲོག་ལ་ཤི་ཆད་བརྩི་བ་བྱིས་པ་གཅེས། །ལུས་རྡེལ་དཀར་གཉིས་བབ་ན། །སྲོག་གི་འབྱུང་བ་མ་ཉམས་ནས། །ལྷ་དང་དམུ་ཡི་བུ་འཐབས་པས། །དཀར་ནག་རྒྱབ་འབྲེལ་ཆོ་ལོ་འགྱེད། །བྲེལ་སྔངས་སྟབས་བསྣོལ་འོང་བའི་རྒྱུ། །བཟང་ངན་ཡག་ཉེས་ཤན་མ་ཕྱེས། །ལུས་བསྒྱུར་སྲུང་འཁོར་བཏགས་ཤིང་བཟང་། །ལུས་ལ་ན་ཚ་བརྩེ་བ་བུད་མེད་གཅེས། །དབང་ཐང་སྡེལ་དཀར་གཉིས་བབ་ན། །ཟས་ནོར་བོ་རལ་འོང་བའི་དུས། །ལོངས་སྤྱོད་རེས་ཡོད་རེས་མེད་ལ། །མི་རྟག་སྨིག་རྒྱུ་མཐོང་བ་འདྲ། །ཟས་ནོར་ཡིད་ལ་གཅེས་པ་ནི། །གང་སྟོང་རྨི་ལམ་ནོར་དང་འདྲ། །དཀར་ནག་རྒྱ་བྲེ་ཆོ་ལོ་འབྱེད། །སྲི་དང་དཔལ་གྱི་ཆོ་ལོ་འགྱེད། །དབང་ཐང་རྩས་ནོར་བརྩི་བ་བུད་མེད་སྐྱེས་དར་མ་གཅེས། །ཀླུང་རྡེལ་དཀར་ནག་གཉིས་བབ་ན། །བསོད་ནམས་རྙེད་པའི་གྲགས་པ་ལ། །དཔལ་བྱུང་གཉིས་པོ་མ་འཆམས་པས། །དཀར་ནག་རྒྱབ་འདྲལ་ཆོ་ལོ་འགྱེད། །གོང་མ་བྱམས་ཤིང་འོག་མས་སྡང་། །ཕོ་སྐྱེས་གླེང་ན་ཁ་འཛིན་སྡིག །སྡང་བའི་ནང་ནས་ཉེས་གཅིག་འོང་། །ཀླུང་རྟ་བན་


CMR058_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

བོན་མི་ཆེན་ལ་བརྩེ་བ་ཅེས་སོ། །རྡེའུ་བཞི་ཀ་དཀར་བ་ན། །ནག་པོའི་ཁ་དམར་བསྟན་པའོ། །སྲོག་ལུས་དབང་ཐང་ཀླུང་རྟ་བཞི། །བཞི་ཁ་དཀར་ན་བཟང་བས་ཉི་ས་མ། །འོན་ཀྱང་འགོ་བའི་ལྷ་མི་དགའ། །ཉམས་གྲིབ་འཁོན་དང་མི་གཙང་གནོད། །རོ་བག་དམེ་ཡུགས་མཛེ་ཡུགས་སམ། །མི་གཙང་ཉམས་གྲིབ་རྣམས་ལ་འཛེམ། །འགོ་བའི་ལྷ་དང་སྲུང་མས་གྲོས། །ཉེས་པ་མི་ལ་འོང་བའི་དུས། །ལྷ་གསོལ་བསྐང་བཤགས་ཁྲུས་གཙང་སྦྲ། །འབྲོག་སྐག་ཆོ་ག་མྱུར་དུ་བྱ། །སྲོག་ལུས་དབང་ཐང་རླུང་རྟ་ཀུན། །རྗེལ་བུ་ནག་པོ་བབ་པ་ན། །མཐོན་པོ་གནམ་ལ་རལ་པོ་འབྱུང་། །དང་མོ་ས་ལ་གཞུང་དུ་གས། །འབྱུང་བའི་ཉི་མ་རྩེ་ནས་ཉིལ། །བླ་མཚོ་སྔོན་མོ་གཏིང་ནས་སྐམ། །བླ་ཤིང་ལྗོན་པ་རྐེད་དུ་ཆོག ། འཆི་བདག་བདུད་ཀྱི་ཁྲམ་ལ་བཏབ། །ཕ་མྱེས་ཕུང་སྲི་དུར་ནས་ལངས། །རྨི་ལམ་རྟགས་དང་མཚན་མ་ངན། །ཤི་ཆད་ནད་ཡམས་གོད་ཁ་འོང་། །འབུམ་འདོན་དབང་བསྐུར་མདོས་ཆེན་བཏང་། །བདུད་ཀྱི་ཁྲམ་བཟློག་ཞལ་བསྒྱུར་བྱ། །འབྱུང་བའི་གཏོར་མ་ཚ་ཚ་བཏབ། །སྨེ་སྤར་གཉིས་ཀྱི་རིམ་གྲོ་བྱ། །ཤིང་ལ་ལྕགས་ཀྱི་དགྲ་དར་ན། །ལྕགས་ཀྱི་མི་མོ་ལུས་


CMR058_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་བཏང་། །རལ་གྲིའི་ཆུ་གྲིའི་གཟུངས་ཀྱང་བཏང་། །རི་བོང་གསོབ་དང་དར་དཀར་བཏང་། །ལུག་དང་བོང་བུའི་ཐོད་པ་བཏང་། །མེ་ལ་ཆུ་ཡི་དགྲ་དར་ན། །སྦ་ཞལ་རིན་ཆེན་སྣ་ལྔ་བསྲེགས། །གཏའ་སྡམ་རིན་ཆེན་སྣ་ལྔ་བསྲེག །ཞི་བའི་སྦྱིན་སྲེག་མང་དུ་བྱ། །ཚ་ཚ་མང་དུ་བཏབ་ན་ཕན། །ས་ལ་ཤིང་གི་དགྲ་དར་ན། །བླ་་བསླུ་ཞལ་བསྒྱུར་ཁྲམ་བཟློག་བྱ། །བནྡེ་མི་བདུན་ཆོ་ག་བྱ། །ལུས་ཚོད་ཤིང་ལ་ཁྲམ་བྲིས་ལ་དགྲ་ཕྱོགས་སུ་བསྐྱལ་ལོ། །ཆུ་ལ་ས་ཡིས་དགྲ་དར་ན། །ཁམས་པའི་གཏོར་ཟོར་བཏང་བ་དང་། །སྐྱེ་ཤིང་བཙུགས་ལ་ཕོ་བཏང་བོར། །སྐག་བསྒྱུར་བྱའོ། །ལྕགས་ལ་མེ་ཡི་དགྲ་དར་ན། །རྡོ་རྗེ་མཆུ་དང་བསྐང་བརྒྱ་བྱ། །བན་བོན་དགྲ་སྲི་མནན་ཆུ་གཏོར་བཏང་། །རཱ་ག་ཨ་སྱས་སྨྲས་པ་དགེ། །སརྦ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousལོ་གཅིག་སྐག་རྩིས་བྲེ་གང་རྡེལ་དྲུག་ཅེས་བྱ་བའི་ཞལ་ཤེས་ངག་ཁྲིད་གསལ་བ།next