Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྐག་གསུམ་རགས་རིམ་བརྩི་བའི་ཚུལ་གསལ་བར་བཀོད་པ་འཕྲུལ་གྱི་མེ་ལོང་།
   
   
   
   
   
   
   
   
   
   
   
   
   
   


 
previousསྐག་གསུམ་རགས་རིམ་བརྩི་བའི་ཚུལ་གསལ་བར་བཀོད་པ་འཕྲུལ་གྱི་མེ་ལོང་།next

སྐག་གསུམ་རགས་རིམ་བརྩི་བའི་ཚུལ་གསལ་བར་བཀོད་པ་འཕྲུལ་གྱི་མེ་ལོང་།


CMR058_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

སྐག་གསུམ་རགས་རིམ་བརྩི་བའི་ཚུལ་གསལ་བར་བཀོད་པ་འཕྲུལ་གྱི་མེ་ལོང་ཞེས་བྱ་བ་བཞུགས་པའི་དབུ་ཕྱོགས།


CMR058_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཨཱརྱ་མཉྫ་ཤི་ཡེ། རྒྱ་ནག་རི་བོ་རྩེ་ལྔའི་ཤེལ་ཁང་ནས། །མཁྱེན་རབ་མངའ་བདག་འཕགས་པ་འཇམ་དཔལ་གྱི། །གཙུག་ལག་རྩིས་ཀྱི་རྒྱུད་སྡེ་དཔག་མེད་གསུངས། །གནམ་དང་ས་དང་བར་སྣང་གབ་རྩེ་ནས། །སུམ་བརྒྱ་དྲུག་ཅུ་ཚན་གསུམ་གཏན་ལ་ཕབ། །དེ་ཚེ་འཇིག་རྟེན་ལེགས་ཉེས་སྐྱིད་སྡུག་ཀུན། མངོན་ཤེས་འདྲ་བར་གསལ་ཞིང་རྟོགས་པ་འབྱུང་། །དེ་ཚེ་རྒྱ་ནག་མི་རྣམས་ཐམས་ཅད་ཀྱིས། །དེ་ལ་དགའ་ཞིང་དེ་ཉིད་སློབ་པ་ལ། །བྱ་བ་གཞན་རྣམས་སྒྱུར་བ་འདྲ་ཞིག་བྱུང་། །དེ་ཚེ་རྗེ་བཙུན་འཕགས་པ་འཇམ་དཔལ་གྱིས། །རྒྱ་ནག་ཀུན་རྫོབ་


CMR058_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

རྩིས་འདི་དགའ་དྲགས་པས། །ངེས་དོན་ཐུབ་པས་གསུངས་པའི་དམ་པའི་ཆོས། །རྒྱ་ནག་ཡུལ་དུ་དར་བར་མི་མཛད་དགོངས། །རྫུ་འཕྲུལ་སྟོབས་ཀྱིས་རྩིས་རྣམས་ཐམས་ཅད་བསྡུས། །རི་བོ་རྩེ་ལྔའི་བྱང་ཤར་མཚམས་སུ་སྦས། །དེ་ཚེ་ལོ་ཟླ་ཞག་དུས་འབྱུང་བའི་ལྷ། །ཐམས་ཅད་མ་དགའ་འཛམ་གླིང་ཐམས་ཅད་དུ། །བཀྲ་མི་ཤིས་པའི་རྟགས་མཚན་ངན་དགུ་བྱུང་། །དེ་ཚེ་སློབ་དཔོན་པདྨ་འབྱུང་གནས་ཀྱིས། །ལྷ་ཆེན་ཚངས་པ་གདོང་བཞིར་སྤྲུལ་ནས་བྱོན། །སླར་ཡང་རྩིས་རྒྱུད་གསུངས་དགོས་ཞུ་བ་ཕུལ། །དེ་ཚེ་ལྷ་མོ་རྣམ་རྒྱལ་མ་ལ་སོགས། །འཇིག་རྟེན་ལྷ་ཀླུ་


CMR058_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཚོགས་དཔག་མེད་འདུས། །སྡོང་པོ་ཀུན་འདུས་ཤིང་གི་རྒྱུད་དང་གཅིག །སྣང་གསལ་སྒྲོན་མེ་མེ་ཡི་རྒྱུད་དང་གཉིས། །རིན་ཆེན་ཀུན་འདུས་ས་ཡི་རྒྱུད་དང་གསུམ། །ས་ལ་པ་ཏྲ་ལྕགས་ཀྱི་རྒྱུད་དང་བཞི། །བདུད་རྩི་བུམ་པ་ཆུ་ཡི་རྒྱུད་ལྔ་གསུངས། །ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་ལ་སོགས་པ། །འཕྲུལ་གྱི་མི་ལྔས་དེ་དོན་གཏན་ལ་ཕབ། །ས་རྩིས་གཏོ་ཆོག་རྒྱ་གཞུང་དཔག་མེད་མཛད། །སྲོང་བཙན་སྒམ་པོའི་དུས་སུ་རྒྱ་བཟའ་དང་། །ཁྲི་སྲོང་ལྡེའུ་བཙན་དུས་སུ་ལོཙྪ་བཞི། །དེ་དག་རྣམས་ཀྱིས་བོད་དུ་དཔག་མེད་བསྒྱུར། །སྔ་འགྱུར་འགའ་ཞིག་གཏེར་དུ་སྦས་པ་རྣམས། །ཁམས་པ་ཉི་མ་གྲགས་པ་སོགས་ཀྱིས་བཏོན། །བར་སྐབས་རྒྱ་ནག་ཡུལ་དུ་བདུད་སྤྲུལ་ནས། །ཧྭ་ཤང་སེ་ཐན་བྱ་བས་རྩིས་ལོག་བརྩམ། །དེ་ཡི་རྗེས་འབྲང་སྐར་ཡིག་ཝ་མགོ་མ། །སྤར་ཁ་གང་ཤི་དེ་ཡི་ནོར་བརྒྱད་པོ། །དུར་གྱི་སྟེང་དུ་བཤའ་ནས་དུར་ཁ་གཅོད། །རྒྱལ་པོ་ལ་སོགས་མི་ཆེན་སྐག་ཆེ་དུས། །དེ་དང་ལོ་མཉམ་ཡིན་པའི་མི་གཅིག་ལ། །རྒྱལ་པོའི་ཞུ་གོས་བསྐོན་ནས་ངར་མི་བསྔོ། །མི་དེ་བསད་པས་རྒྱལ་པོའི་སྐག་འགྱུར་ཟེར། །གཤིན་རྩིས་རྡེའུ་འགའ་ཞིག་ནག་པ་ན། །རྗེས་ནས་རྡོ་ཟན་མི་


CMR058_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

རུང་ན་ཚ་འོང་། །རྗེས་ནས་དགེ་བ་བྱས་ཀྱང་མི་ཐོབ་ཟེར། །དེ་འདྲ་འཇམ་དབྱངས་གསུང་ནི་མ་ཡིན་ཞིང་། །ཧྭ་ཤང་སེ་ཐན་ལུགས་ཀྱི་རྩིས་ལོག་ཡིན། །རྩིས་གཞུང་འགའ་ལའང་རྩིས་ལོག་ཅུང་ཞིག་འདྲེས། །བོད་དུ་རྒྱལ་པོ་གླང་དར་བསྟན་པ་བསྣུབས། །རྩིས་པ་ཐམས་ཅད་བསད་ཀྱང་རྩིས་དཔེ་ལུས། །རྒྱ་ལ་མི་རྗེས་སློབ་དཔོན་མེད་ན་ཡང་། །ཤེས་རབ་ཅན་གྱིས་དཔེ་ཆ་སྟེང་ནས་རྩིས། །ལ་ལ་ཤེས་ཞིང་ལ་ལ་འཁྲུལ་གྱུར་པའི། །རྒྱུད་པ་རྒྱ་ཆེར་འཕེལ་ལ་རྩིས་རྙིང་ཟེར། །དེང་སང་སྔགས་པ་ཕལ་ཆེར་དེ་ཡི་ལུགས། །དུས་ཕྱིས་ཁམ་པ་ཁྲ་མོ་རྒྱ་ནག་བྱོན། །དེ་ཡི་བརྒྱུད་པ་ཤིན་ཏུ་དག་ན་ཡང་། །དེ་ཡི་ལུགས་དེ་ཤེས་མཁན་ཉུང་ངུ་ཙམ། །ཆོས་དང་བོན་དང་རྩིས་དང་སྨན་དང་བཞི། །འཕྲུལ་གྱི་མི་བཞི་འཛམ་གླིང་ས་ཡི་མིག །འདི་ཕྱིས་བདེ་ལེགས་ཐམས་ཅད་དེ་ལས་བྱུང་། །དེ་བཞི་མེད་ན་དུད་འགྲོའི་གླིང་དང་འདྲ། །དེ་བཞི་ཡོད་པས་གླིང་བཞི་གཞན་རྣམས་ལས། །འཛམ་བུ་གླིང་འདིར་གླིང་བཞི་གླིང་མཆོག་ཟེར། །མཁས་མང་ཚོགས་པའི་འདུན་ས་དབུས་གཙང་དུ། །རྒྱལ་པོ་མི་ཆེན་བླ་ཆེན་ཐམས་ཅད་ཀྱང་། །སྐུ་སྐག་ཡོད་མེད་སྐུ་


CMR058_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་ཅི་དགོས་སོགས། །མོ་དང་རྨི་ལམ་མངོན་ཤེས་མཐོང་བ་དང་། །ལྷ་དང་དཀོར་བདག་འབབ་པའི་ལུང་བསྟན་སོགས། །དཔག་མེད་ཡོད་ཀྱང་བློ་གཏད་བྱེད་སྲོལ་མེད། །འཇམ་དབྱངས་གསུངས་པ་རྒྱལ་བའི་བཀའ་ཡིན་ཕྱིར། །ཀུན་གྱིས་རྩིས་ལ་ཡིད་ཆེས་བློ་གཏད་པར། །རེས་འགའ་མི་ཐིག་པ་རེ་བྱུང་ན་ཡང་། །རྩིས་ཀྱི་མ་ཐིག་པ་ནི་མ་ཡིན་ཏེ། །མ་ཀླུང་དར་རྒུད་བཟང་ངན་ཁྱད་པར་ཡིན། །མ་ཀླུང་དར་རྒུད་བཟང་པོར་སྐྱེས་པ་ནི། །ལོ་དང་སྤར་ཁ་རྩུབ་ཀྱང་ཉེས་སྐྱོན་མེད། །བསོད་ནམས་ཆེན་པོའི་མི་རྣམས་དེ་འདྲར་སྐྱེས། མ་ཀླུང་དར་རྒུད་ངན་དུས་སྐྱེས་པའི་མི། །ལོ་དང་སྤར་ཁ་འཇམ་ཡང་ངན་དགུ་འབྱུང་། །བསོད་ནམས་ཟད་པའི་མི་དེ་དེ་འདྲར་སྐྱེས། །དེ་ཉིད་བརྩི་ནས་མ་ཀླུང་བརྩི་ཤེས་དགོས། །བྱིས་པ་སྐྱེས་དུས་ཕ་མས་ལོ་དུ་ལོན། །སྐྱེས་དུས་ཟླ་བ་ཞག་དང་དུས་ཚོད་དང་། །གཟའ་དང་སྐར་མ་རྣམས་ཀྱང་ཤེས་དགོས་ཏེ། །དབུས་གཙང་དཔོན་རིགས་རྣམས་ལ་སྲས་འཁྲུངས་དུས། །དེ་དག་ཡི་གེར་བྲིས་ནས་བཞག་སྲོལ་ཡོད། །དེ་ལ་དགོངས་ནས་དྲུང་མཚོའི་སྨན་མོ་ཚོས། །ནག་རྩིས་འདི་ཉིད་ཐིག་པར་བྱེད་པ་ལ། །སྐར་མར་རང་གི་བྱིན་པ་གཅིག་


CMR058_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་གསུངས། །དེ་འདྲར་ཤེས་པ་དཀའ་ཞིང་བརྩི་མི་དར། །འོན་ཀྱང་འཇམ་རྩུབ་རིམ་གྲོ་ཅི་དགོས་སོགས། །འཇམ་དབྱངས་གསུངས་བཞིན་བཤད་ལ་ཉེས་སྒྲིབ་མེད། །འོན་ཀྱང་འབྱོར་པ་མེད་པའི་དབུལ་པོ་ཡིས། །རིམ་གྲོ་ལ་སོགས་ཅི་ཡང་མི་འགྲུབ་ན། །རྩུབ་པར་འདུག་ཀྱང་བརྗོད་པར་མི་རུང་སྟེ། །འཇིགས་སྐྲག་ཆེ་ཞིང་བྱ་ཐབས་མེད་པའི་ཕྱིར། །འཇིག་རྟེན་ཁམས་ན་སྐག་རྣམས་བརྩི་བ་ནི། །ལྕགས་ཀྱི་ཚེར་མས་འབིག་པའི་དམྱལ་བར་སྐྱེ། །གསུངས་པའི་དོན་ཡང་དེ་ལ་དགོངས་པ་ཡིན། །འབྱོར་པ་ཡོད་ཅིང་རྩུབ་ལ་རྩུབ་ཚུལ་བརྗོད། །ཆོས་འདོན་ལ་སོགས་རིམ་གྲོ་ལུང་བསྟན་པས། །ཚེ་འདིར་ཕན་ཅིང་ཕྱི་མ་བདེ་བ་ཐོབ། །ཕན་དང་བདེ་བ་སངས་རྒྱས་བསྟན་པ་ཡིན། །ཞིབ་པར་སྐག་རིགས་སུམ་བརྒྱ་དྲུག་ཅུ་སྟེ། །སྐག་ཕྲན་རེ་རེ་མེད་དུས་མེད་པའི་ཕྱིར། །ཐམས་ཅད་བརྗོད་པར་མི་བྱ་བརྗོད་ན་ནི། །སྤར་ཁ་སྐག་ཁ་རྩུབ་ཁའི་མིང་ངན་དགོས་དོགས་མཆིས། ༈ གནམ་ལོ་རྒྱལ་པོ་ཡིན་ཕྱིར་དབང་ཡང་ཆེ། །ཀུན་གྱི་རྩ་བ་སྤར་ཁ་ཡིན་གསུང་ཕྱིར། །ལོ་དང་སྤར་ཁ་འཇམ་རྩུབ་ཀུན་ལ་གྲགས། །གནམ་ལོ་རང་ལོ་ཤར་དུས་རང་སྐག་རྩུབ།


CMR058_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ལོ་བདུན་ཟུར་ཤར་དུས་བདུན་ཟུར་སྐག །གནམ་ལོ་དུར་དང་འཕྲད་དུས་དུར་སྐག་སྟེ། །རྟ་སྦྲུལ་ཁྱི་དང་བྱ་སྤྲེལ་གླང་གི་ལོ། །སྟག་ཡོས་ལུག་དང་ཁྱི་འབྲུག་གླང་ལུག་བཞི། །བྱི་ཕག་འབྲུག་ལོ་ཤར་དུས་དུར་མིག་ཡིན། །ལོ་སྐག་མང་ཡང་དེ་གསུམ་ཙམ་ཞིག་གཙོ། །དེ་ཡི་བཅོས་ནི་སྤར་ཁ་གང་བབ་ཀྱི། །བཅོས་རྣམས་བྱས་པས་སྐག་དེ་འགྱུར་བ་ཡིན། །བྱི་རྟ་རུ་ཆོད་གླང་ལུག་ཕུང་གྱོད་དང་། །སྟག་སྤེལ་བདུན་ཟུར་བྱ་ཡོས་བྱེ་བྲལ་དང་། །ཁྱི་འབྲུག་ཐོག་བརྫིས་ཕག་སྦྲུལ་ལྕེ་མདུང་རྣམས། །ཕན་ཚུན་གནོད་པ་སྐྱེལ་བའི་བདུན་ཟུར་ཟེར། །དེ་ལ་ཕྱི་སྐག་གནམ་ལོའི་སྐག་ཅེས་བྱ། །ནང་སྐག་སྤར་ཁའི་སྐག་ནི་བརྩི་བའི་ཚུལ། །ཕོ་རྣམས་ཐམས་ཅད་ལི་ནས་གཡས་སུ་བསྐོར། །མོ་རྣམས་ཐམས་ཅད་ཁམ་ནས་གཡོན་དུ་བསྐོར། །སྤར་ཁའི་སྐག་ཕྲན་མང་པོ་བརྗོད་མི་ལོང་། །དགྲ་ཐོག་དུར་མིག་གཉིས་ནི་གཙོ་བོ་ཡིན། ༼ལི༽ །བྱ་སྤྲེལ་ལི་ལ་ཕྱིན་ན་དགྲ་ཐོག་ཡིན། །ཁྱི་འབྲུག་གླིང་ལུག་མ་ཐོག་ཡིན་པས་འཇམ། །འཛེམ་བྱ་མང་ཡང་ཐམས་ཅད་འཛེམ་པར་དཀའ། །སྦྱིན་སྲེག་མི་བླུག་ཤི་ཡང་བསྲེག་མི་རུང་། །དུས་ཚོད་སྤང་ཁ་སེར་དུས་རྩུབ་པ་སྟེ། །དེ་ཕན་ཚེ་


CMR058_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཚེ་སྒྲུབ་ཞུ་བ་དང་། །རྣམ་འཇོམས་ཟབ་ཁྲུས་ཚེ་མདོ་འདོན་པ་དང་། །བཙན་མདོས་བྱས་ན་ལོ་གསུམ་ཚེ་ཤུག་འོང་། །དེ་སྐད་སྤར་ཁའི་ཞལ་ཆེམས་ནང་ན་གསལ། །ཚེ་དབང་བརྒྱའམ་ལོ་གྲངས་བཅུ་གསུམ་དང་། །བདུན་བརྩེགས་སུམ་བརྩེགས་ལ་སོགས་སྐབས་དང་བསྟུན། །ཚེ་ཆོག་གྲངས་ཀ་ཡང་ནི་དེ་དང་འདྲ། །རྣམ་འཇོམས་དབང་དང་བྱབ་ཁྲུས་གཟའ་ཡུམ་དབང་། །པདྨ་གཙུག་ཏོར་དབང་ཡང་བསྐུར་བར་བྱ། །ལང་ཀར་གཤེགས་པ་ཚེ་མདོ་ཚེ་གཟུངས་དང་། །འཇམ་དཔལ་རྩ་རྒྱུད་མཚན་བརྗོད་མདོ་བསྡུས་པ། །གཙུག་ཏོར་རྣམ་རྒྱལ་གཙུག་ཏོར་གདུགས་དཀར་དང་། །གཙུག་ཏོར་དྲི་མེད་རྡོ་རྗེ་རྣམ་འཇོམས་དང་། །ཚར་གྲངས་དུ་ཐོན་འབྱོར་པ་དེ་དང་དཔག །གཏོར་མ་བཏང་ཞིང་བསྐང་བ་བཅའ་བ་དང་། །གསས་མཁར་ལ་བཙས་བསྟོད་ཅིང་གཏོར་སྐུ་བཙུགས། །ཤ་རུ་བཀྱག་དང་འདྲེ་མོ་རྫ་མདོས་བྱ། །དབང་ཕྱུག་མ་ཡི་ཟོར་མདོས་བྱ་བ་ཡིན། །བུག་གམ་སྤུངས་ན་མདུན་ངོ་བསང་མང་བྱ། །ནུབ་ནས་འདྲེ་ལྔ་བྱང་དུ་བདུད་གཅོད་ཡོད། །དེ་དག་ཕྱོགས་སུ་མདོས་གླུད་བཏང་བ་ལེགས། །མགོ་ལ་ཁྲག་ནི་གཏར་བར་མི་རུང་ཟེར། །


CMR058_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཡང་སྤར་ཁའི་འཛེམ་བྱ་མང་ན་ཡང་། །འཛེམ་བྱ་མི་ཐུབ་རྣམ་རྟོག་ལང་བའི་རྒྱུ། །དེ་ཕྱིར་བརྗོད་པར་མི་བྱ་ཕྱག་སྲོལ་ཡིན། ༼ཁོན༽ །བྱི་ཕག་ཁོན་ལ་ཕྱིན་ན་དགྲ་ཐོག་རྩུབ། །སྟག་ཡོས་ལོ་པའི་དུར་མིག་ཡིན་པས་རྩུབ། །བྱ་སྤྲེལ་ལོ་པའི་མ་ཐོག་ཡིན་པས་འཛམ། །ཀུན་རིག་ཚེ་དབང་ཡུམ་ཆེན་སེར་མོ་དང་། །ཁྲོ་གཉེར་ཅན་དང་གཤེད་དམར་དབང་བསྐུར་བྱ། །བསྐལ་བཟང་གསེར་འོད་གྲྭ་ལྔ་སྒྲོལ་མའི་རྒྱུད། །ཉི་ཁྲི་བསྒྲེས་མོས་ཞུས་མདོ་ཀླུ་འབུམ་དང་། །བཟང་སྤྱོད་རྣམས་ནི་འདོན་པའི་ཆོས་ཡིན་ནོ། །བརྒྱ་བཞི་ཆོ་ག་གླིང་བཞི་སྤྱི་མདོས་དང་། །ས་བདག་འཁྲུགས་བཅོས་འདྲེ་མོ་རྫ་མདོས་དང་། །བུག་གམ་སྤུང་ན་དུར་ངོ་ས་སྒོ་བཅད། །དུས་ཚོད་རོལ་ཁ་ནག་་་་ཞིང་རྨོ་དུས་རྩུབ་པ་ཡིན། །ཤར་ལྷོ་འདྲེ་ལྔ་བྱང་དུ་བདུད་གནས་སོ། །ཆུ་བོ་གཞུང་ལ་ཞུགས་དུས་ཕན་ཆད་ལ། །དབང་དང་སྐྱབས་གནས་ཞུ་ཞིང་ཚེ་ཆོག་བྱ། །བསྲེགས་ལོས་བྱ་ཞིང་ཚེ་ཐར་བཏང་བ་དང་། །ལམ་འཕྲང་བཅོས་ཞིང་ཆོས་འདོན་བྱས་པ་ན། །ལོ་གསུམ་བར་གྱི་ཆེ་ཤུག་འོང་བར་བཤད། ༼དཱ༽ །སྟག་ཡོས་དྭ་ལ་ཕྱིན་པ་དགྲ་ཐོག་རྩུབ། །བྱི་ཕག་ལོ་པ་མ་ཐོག་ཡིན་པས་འཇམ། །


CMR058_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

བུག་གམ་སྤུང་ན་དགྲ་ངོ་གྲི་ངོ་ཡོད། །འཇམ་དབྱངས་གཤེད་དམར་གསང་འདུས་ཕྱག་རྡོར་དབང་། །ཕྱག་རྡོར་འཆི་བདག་འཇོམས་པ་ལ་སོགས་པ། །ཚེ་དཔག་མེད་ཀྱི་དཀྱིལ་འཁོར་དབང་གཅིག་ཞུ། །རྒྱ་ཆེར་རོལ་པ་སྤྲིན་ཆེན་མཚན་བརྗོད་དང་། །ཏོག་དང་གསེར་འོད་ཁྱེའུ་ཞུས་མདོ་དང་། །གཟུངས་འདུས་རྣམས་ནི་གང་རྙེད་ཅི་འགྲུབ་འདོན། །ཚེ་སྒྲུབ་ཚེ་ཆོག་དམ་ཅན་གསོལ་ཁ་བྱ། །དུས་ཚོད་འཁྱག་པ་ཆལ་ཆོལ་དུས་སུ་རྩུབ། །ཤར་དུ་བདུད་དང་ལྷོ་རུ་འདྲེ་ལྔ་གནས། །འཁྱག་པ་ཁྲལ་ཁྲོལ་ཕན་ཆད་བསྲེག་ལོས་དང་། །ཕར་ཕྱིན་གྲྭ་ལྔ་འུར་འདོན་བྱས་པ་ན། །ལོ་གསུམ་བར་གྱི་ཚེ་ཤུག་འོང་བར་བཤད། །འདི་ལ་དགྲ་ཆོས་དགྲ་ཟློག་དགོས་གསུངས་པ། །རྒྱས་པར་གཤིན་རྗེ་ཀིང་ཀང་མདོས་གསུངས་པ། །བསྡུ་ན་དགྲ་ཆོས་བསྡུས་པ་ཚར་མང་འདོན། ༼ཁེན༽ །ཁེན་ལ་རྟ་སྦྲུལ་ལོ་པ་དུར་མིག་རྩུབ། །ཀུན་རིག་གཤེད་དམར་གཟའ་ཡུམ་ཁྱུང་ཁྲའི་དབང་། །ཁྲི་བརྒྱད་ཨ་པ་དང་གསེར་འོད་རྡོར་གཅོད་དང་། །མཆུ་སྡེ་ལྔ་དང་གཟའ་ཡུམ་ཤེར་སྙིང་དང་། །ཤེས་རབ་ཁྲི་པ་ནམ་མཁའི་སྙིང་པོའི་མདོ། །དེ་རྣམས་མང་ཉུང་གང་ཐོན་འབྱོར་པར་བསྟུན། །


CMR058_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ཚོད་གནམ་སྔོ་ས་སྔོ་དུས་སུ་ཆུབ། །བུག་གམ་སྤུང་ན་གཟའ་ནད་ཐོག་སེར་འོང་། །གཟའ་སྲུང་ཐོག་སྲུང་ལ་སོགས་བཏགས་ན་ལེགས། །ཤར་དུ་འདྲེ་ལྔ་ལྷོ་རུ་བདུད་གཅོད་གནས། །ཆོས་སྐྱོང་དང་ནི་དམ་ཅན་གསོལ་ཁ་བྱ། །གནམ་སྒོ་བཅད་ཅིང་གཟའ་འགྱོགས་རྒྱལ་འགྱོགས་བྱ། །གནམ་སྔོ་ས་སྔོ་དུས་ནི་ཕན་ཆོད་ལ། །འབུམ་ལ་འུར་འདོན་རྒྱལ་མདོས་བསྲེག་ལོས་བྱ། །ཚེ་དབང་ཞུས་ན་ལོ་གསུམ་ཚེ་ཤུག་འོང་། ཁཾ༽ །ཁམ་ལ་རྟ་སྦྲུལ་ལོ་པ་དགྲ་ཐོག་རྩུབ། །སྟག་ཡོས་ལོ་པ་མ་ཐོག་ཡིན་པས་འཇམ། །བུག་གམ་སྲུང་ན་བྱིས་པའི་དུར་ངོ་ཡིན། །བྱིས་པའི་གདོན་ཆེན་བཅོ་ལྔའི་མདོས་བྱའོ། །རྡོ་རྗེ་རྣམ་འཇོམས་དབང་དང་ཟབ་ཁྲུས་བྱ། །གོས་སྔོན་ཅན་དང་ཁྲོས་མ་ནག་མོའི་དབང་། །ཕྱག་བརྒྱད་བསྐོར་བའི་དཀྱིལ་འཁོར་དབང་། །མྱ་ངན་འདས་མདོ་སྤྲིན་ཆེན་ཀླུ་འབུམ་དང་། །ཀླུ་ཡི་སྤང་སྐོང་རྣམ་འཇོམས་ཀླུ་གཟུངས་འདོན། །ཀླུ་གཏོར་མཚོ་སྨན་གུར་མདོས་མགོ་གསུམ་དང་། །ཀླུ་མཆོད་དང་ནི་མཚོ་འབུལ་བྱ་བ་ཡིན། །ཆུ་བོ་གཞུང་རྒྱུས་དུས་སུ་རྩུབ་པ་ཡིན། །ཆུ་བོ་ཟམ་ཆད་ཕན་ལ་ཆུ་གཏོར་དང་། །ཀླུ་གཏོར་མང་བཏང་རྣམ་འཇོམས་འུར་


CMR058_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

འདོན་བྱ། །ལོས་དང་གུར་མདོས་བྱས་ན་ཚེ་ཤུག་འོང་། །ལྷོ་ནུབ་བདུད་དང་བྱང་ཤར་འདྲེ་ལྔ་གནས། ༼གིན༽ །གིན་ལ་བྱ་སྤྲེལ་ལོ་པའི་དུར་མིག་སྟེ། །བཟང་དང་ངན་གཉིས་འཛོམ་ཕྱིར་ཅུང་ཞིག་དྲག །བནྡེ་གིན་ལ་ཕྱིན་ན་རྩུབ་པར་བརྩི། །ཐུབ་པའི་དབང་དང་གཤེད་དམར་ཀུན་རིག་དབང་། །རྟ་མགྲིན་ཕྱག་རྡོར་རྣམས་ཀྱི་དབང་ཞུའོ། །ཁྲོ་རོལ་འཆར་དཀར་བྱད་ཟློག་སུན་ཟློག་དང་། །བརྒྱ་བཞི་ས་བདག་རྒྱལ་གསོལ་རྒྱལ་འགྱོགས་གཉིས། །སྔར་ནས་བྱེད་སྲོལ་གང་ཡོད་དེ་བྱའོ། །རི་རབ་བརྩེགས་མདོས་བྱ་བ་རྒྱུད་ནས་གསུངས། །དཀོན་མཆོག་བརྩེགས་པ་གླང་རི་ལུང་བསྟན་དང་། །རྣམ་རྒྱལ་མ་དང་གདུགས་དཀར་གསེར་འོད་དང་། །ཚེ་གཟུངས་རྣམས་ནི་འབྱོར་པ་དང་བསྟུན་འདོན། །བྱང་དུ་འདྲེ་ལྔ་ཤར་ལྷོར་བདུད་ཡོད་དོ། །བུག་གམ་སྤུང་ན་རྒྱལ་འགོང་ཁྱིམ་དུ་ཞུགས། །དུས་ཚོད་ན་འགྲམ་སྔོ་དུས་ཡིན་པས་ན། །དེ་ཕན་མཆོད་རྟེན་འགྲོ་ཤེས་གཅིག་བཞེངས་ཤིག །མཆོད་རྟེན་བྱིན་རླབས་ཅན་ལ་དཀར་རྩི་གསོལ། །ཕར་ཕྱིན་འུར་འདོན་རྒྱལ་མདོས་བསྲེགས་ལོས་བྱ། །དེ་བྱས་ལོ་གསུམ་ཚེ་ཤུག་འོང་བར་གསུངས། །མཇལ་མ་


CMR058_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

མྱོང་བའི་ལྷ་ཁང་མཆོད་རྟེན་ནི། །མཇལ་མི་རུང་ཞིང་བསྐོར་ལམ་མེད་ཅེས་བརྗོད། ༼ཟིན༽ །ཟིན་ལ་ཁྱི་འབྲུག་གླང་ལུག་བཞི་པོ་ནི། །སྤར་ཁ་དགྲ་ཐོག་ཡིན་པས་ཤིན་ཏུ་རྩུབ། །རྟ་སྦྲུལ་ལོ་པ་མ་ཐོག་ཡིན་པས་འཇམ། །མི་གཡོ་བ་དང་རི་ཁྲོད་ལོ་མ་ཅན། །གུ་རུ་ཞི་དྲག་སྤྱན་རས་གཟིགས་དབང་ཞུ། །སྡོང་པོ་རྒྱན་པའི་མདོ་དང་སྡོང་རྒྱན་གཟུངས། །དཀོན་མཆོག་བརྩེགས་པ་ལྟུང་བཤགས་གདུགས་དཀར་དང་། །ཀླུ་ཡི་སྤང་སྐོང་གཟུངས་འདུས་མཚན་བརྗོད་དང་། །སྡོང་པོ་རྒྱན་མདོས་ལྷ་མོའི་གསང་མདོས་དང་། །བསྐང་མདོས་མགོན་པོའི་བེང་བཟློག་ཤ་རུ་བཙན། །བུག་གམ་ང་ན་ནང་འཛིང་འོང་བའི་ངོ་། །རྒྱལ་མགྱོགས་ལ་སོགས་འགོང་པོ་བཀར་བར་བྱ། །ནུབ་བྱང་འདྲེ་ལྔ་ནུབ་ཏུ་བདུད་གནས་སོ། །ཤིང་ལོ་ཁ་འབུར་དུས་སུ་རྩུབ་པ་ཡིན། །དེ་དུས་ཕན་ལ་ལོས་བྱས་འབུམ་བཏོན་ན། །དེ་ཡིས་ཆེ་ཤུག་འོང་བར་གསུངས་པ་ཡིན། ༼ཟོན༽ །ཟོན་ལ་ཁྱི་འབྲུག་གླང་ལུག་བཞི་པོ་དང་། །བྱི་ཕག་ལོ་པའི་ལོ་བདུད་ཡིན་པས་རྩུབ། །ཡུམ་ཆེན་མོ་དང་གཤེད་དམར་ཀུན་རིག་དབང་། །གཙུག་ཏོར་གདུགས་དཀར་མོ་ཡི་དབང་ཞུའོ། །འདི་རུ་བུག་གམ་སྲུང་ན་སྨྱོ་འབོག་


CMR058_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

འོང་། །རྒྱལ་མགྱོགས་ལ་སོགས་དེ་ཡི་བཅོས་ཀྱང་བྱ། །འབུམ་དང་ཏོག་གཟུངས་གདུགས་དཀར་གྲྭ་ལྔ་དང་། །ཉི་ཁྲི་ཕལ་པོ་ཆེ་དང་གསེར་འོད་དང་། །སྟོབས་པོ་ཆེ་ཡི་གཟུངས་རྣམས་གང་རྙེད་འདོན། །ཕུར་མདོས་གཤིན་རྗེའི་བཟློག་མདོས་མགོ་གསུམ་བྱ། །རྒྱལ་གསོལ་རྒྱལ་མགྱོགས་གཉིས་པོ་སྲོལ་གང་ཡོད། །ལྷོ་ནུབ་འདྲེ་ལྔ་བྱང་ཤར་བདུད་གནས་སོ། །ཕུབ་མ་རླུང་ཁྱེར་དུས་སུ་སྐག་ཡིན་པས། །དེ་ཕན་འབུམ་ལ་འུར་འདོན་བཟློག་པ་དང་། །རྒྱལ་མགྱོགས་བསྲེགས་ལོས་བྱས་ན་ཚེ་ཤུག་འོང་། ༈ ཁྱིམ་གཅིག་ཡིན་པའི་ཕོ་མོ་ཐམས་ཅད་བརྩི། །བརྒྱད་ཁ་གང་ན་ཤིན་ཏུ་ངན་པ་སྟེ། །བཅོ་ལྔའི་ཟླ་རྒྱས་འགྲིབ་པའི་ལས་ཞེས་བྱ། །དེ་ལ་མེ་འགོ་སོ་སོར་བསྡུས་ན་ཕན། །ལི་ཁམ་སྟོང་ན་གནམ་ས་གཞུང་རལ་ཟེར། །རལ་བ་རྒྱུན་གྱི་གྲུབ་ཟེར་འབུམ་རྒྱུན་བྱ། །མ་འགྲུབ་ཟབ་མདོ་ལ་སོགས་རྒྱུན་ཀྱང་རུང་། །དྭ་ཟིན་སྟོང་ན་སྐྱིད་ལ་སྐྱེད་ཆད་འབྱུང་། །ཕྱོགས་བཞི་སྟོང་ན་བདུད་ཀྱི་སྒོ་བཞི་བྱེ། །མཚམས་བཞི་སྟོང་ན་རྩ་བཞི་མཐའ་ནས་འཁུམ། །སྟོད་གསུམ་སྟོང་ན་རི་གསུམ་རྩེ་ནས་ཉིལ། །སྨད་གསུམ་སྟོང་ན་ཐང་གསུམ་མཐའ་ནས་བསྡུས། །གདན་


CMR058_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་འཛོམ་ན་བར་མ་ཡར་ཅེས་ཟེར། །ཕོ་མོ་གཉིས་འཛོམ་ཟམ་ཐུག་བྱུང་ཞེས་ཟེར། །གལ་ཆེན་མི་ལ་སྤར་ཁ་མི་རྩུབ་ཀྱང་། །སྤྱི་ལ་རྩུབ་ན་གང་ལ་འབོ་སྲིད་པས། །ཞེས་པའི་མི་ལ་རིམ་གྲོ་ཟབ་ཅེས་ཟེར། །དེ་དག་གང་ཡང་བརྒྱ་བཞི་སྡོང་རྒྱན་དང་། །ཁ་འབར་མ་དང་ས་བདག་འཁྲུགས་བཅོས་དང་། །འབུམ་དང་གཏོར་ཟློག་མགོ་གསུམ་ཀུན་ལ་ཕན། །འབྱོར་པ་མེད་ན་ཀོང་ཙེ་གཏོ་བསྒྱུར་ཟབ། །རྩུབ་ཅིང་ཅེས་པའི་མི་ལ་འཆི་བསླུ་བྱ། །འབུམ་དང་དུར་ལོས་སྤར་ཁ་ཀུན་ལ་ཕན། །ཚེ་དབང་ཚེ་སྒྲུབ་བསྙེན་པ་ཚེ་ཆོག་དང་། །ཚེ་མདོ་ཚེ་གཟུངས་སྲོག་གི་མདུད་མ་ཡིན། །དེ་དག་ཀུན་ལ་ཡོངས་སུ་གྲགས་པ་ཡིན། །ཀུན་གྱི་མཐོང་ཐོས་མེད་པའི་གཏོ་ཕྲན་སོགས། །མང་དུ་བཤད་ཀྱང་མི་འཛོམས་དགོས་པ་མེད། །རྩིས་སྐྱར་འཕགས་པའི་བཀའ་ལ་འཆོལ་གསུངས་པ། །དབང་དང་ཆོས་དང་གཟུངས་ཀྱི་མང་ཉུང་སོགས། །ཚར་གྲངས་ཕལ་ཆེར་འབྱོར་པའི་སྟོབས་དང་བསྟུན། །འབྱོར་པ་ཆེ་ཞིང་རིམ་གྲོ་བརྩོན་པ་ནི། །སྐག་ཆེན་མེད་ཀྱང་སྐག་ཕྲན་མེད་དུས་མེད། །སྤར་ཁའི་བཅོས་ནི་འགའ་ཟུང་ལུང་སྟོན་རུང་། །རིམ་གྲོ་དགོས་ཀྱང་འབྱོར་པ་ཆུང་བ་ལ། །སྤར་ཁའི་ཆོས་ཆུང་


CMR058_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

གཟུངས་ཆུང་ལོ་གྲངས་ཙམ། །དབང་ཡང་རེ་ཟུང་ཙམ་རེ་ལུང་སྟོན་བྱ། །འབྱོར་པ་མེད་ན་ཤེས་རབ་ཆེ་བ་ལས། །སྤར་ཁ་གང་ཡིན་སོ་སོའི་དབང་བསྐུར་ནས། །དེ་ཡི་སྔགས་ཐུང་བྱེ་བ་ཁས་ལེན་བྱ། །དེས་ན་ཁོ་ཡི་རྐྱེན་བཟློག་མཆོག་ཏུ་འགྱུར། །དེ་རྣམས་ཡོངས་གྲགས་སྤར་ཁ་སྤྱི་ཡི་ལུགས། ༈ །ཀུན་ལ་མ་གྲགས་མན་ངག་སྤར་ཁ་ནི། །ཕོ་ཕྱུ་རྟ་ཕྲུ་ལི་ནས་གཡས་སུ་བསྐོར། །དགྲ་ཕྱུ་མི་རྒན་ཁོན་ནས་གཡས་སུ་བསྐོར། །ནོར་ཕྱུ་བནྡེ་གིན་ནས་གཡས་སུ་བསྐོར། །སྐྱེས་ཕྲན་དར་མ་དྭ་ནས་གཡས་སུ་བསྐོར། །བོན་པོ་བུ་ཆུང་ཁམ་ནས་གཡོན་དུ་བསྐོར། །དགྲ་ཕྱུ་རྟ་ཕྱུ་ནོར་ཕྲུ་གསུམ་པོ་ནི། །བཟའ་དཔོན་དེ་ཡི་ལོ་གྲངས་ཙམ་ཞིག་བསྐོར། །ལུག་ཕྱུ་རྒན་མོ་ཁོན་ནས་གཡོན་དུ་བསྐོར། །བུད་མེད་ན་སྟོད་གྲོགས་ཕྲུ་ཟོན་གཡོན་བསྐོར། །བུད་མེད་དར་མ་མོ་ཕྲུ་ཟིན་གཡོན་བསྐོར། །ཕོ་རིགས་ཡིན་ན་ཐམས་ཅད་གཡས་སུ་བསྐོར། །མོ་རྐྱང་ཡིན་ན་ཐམས་ཅད་གཡོན་ནས་བསྐོར། །དེ་ལྟར་སྤར་ཁ་བརྒྱད་ལ་བསྐོར་མགོ་བརྒྱད། །རང་རང་བསྐོར་མགོའི་སྟེང་དུ་ཕྱིན་དུས་རྩུབ། །དགྲ་ཐོག་བདུན་ཟུར་དུར་མིག་ཡིན་དུས་རྩུབ། །རྩུབ་དུས་ཕྱིན་ན་སོ་སོའི་གཏོ་བཅོས་


CMR058_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། །རྟ་ཕྱུ་ངན་ན་རྟ་གཟུངས་རྟ་གཏོ་བྱ། །ཕོ་ཕྱུ་ངན་ན་ཕོ་ལྷའི་གསོལ་མཆོད་གཟབ། །མི་རྒན་ངན་ན་ཚེ་དབང་ཚེ་མདོ་འདོན། །དགྲ་ཕྱུ་ངན་ན་འོད་ཟེར་ཅན་མའི་གཟུངས། །དེ་བཞིན་དགྲ་ཆོས་དགྲ་བཟློག་རྣམས་ཀྱང་བཅའ་བར་བྱ། །རྒན་མོ་ལ་ངན་རྒན་མོའི་ཚེ་དབང་ཞུ། །ལུག་ཕྱུ་ངན་ན་ལུག་གཟུངས་གསེར་འོད་འདོན། །བུ་ཆུང་ལ་ངན་གདོན་ཆེན་བཅོ་ལྔའི་མདོས། །བན་བོན་ལ་ངན་རང་རང་ལྷ་སྲུང་གསོལ། །ནོར་ཕྱུ་གྲོགས་ཕྲུ་ལ་ངན་གཡང་སྐྱོབ་བྱ། །སྐྱེས་པ་བུད་མེད་དར་མ་གང་རྩུབ་ཀྱང་། །ཚེ་རྟ་མགོ་འབྲེལ་གཤེད་དམར་དབང་ཞུའོ། །འདི་ནི་མདོ་དང་འདྲ་སྟེ་དེ་བས་ནོ། །དེ་ཡི་ནང་སྐག་སྤར་ཁའི་མཐོ་ཐོག་སོང་། ༈ །དེ་ནས་གསང་སྐག་སྨེ་བ་བརྩི་བའི་ཚུལ། །ཕོ་བྲང་ལིང་དགུ་དགུ་དགུ་བརྒྱད་ཅུ་གཅིག ༣༡ ༢ ༣༤༥༦༧༨༩ །གྱེན་དུ་བཀོད་པ་རྩིས་རྙིང་མ་དག་སྟེ། །འཁྲུགས་སྨེ་ཞེས་བྱ་རྒྱ་ཡི་ངན་བསླབ་སྟེ། ༩༨༧༦༥༤ ༣༢༡ །ཐུར་དུ་བཀོད་པ་རྩིས་གསར་དག་པ་སྟེ། དབུས་ནས་ནུབ་བྱང་ནུབ་དང་བྱང་ཤར་དང་། །ལྷོ་དང་བྱང་དང་ལྷོ་ནུབ་ཤར་ཤར་ལྷོ། །དེ་ལྟར་བཀོད་པ་དེ་ཡི་སྟེང་ནས་བརྩི། །རང་རང་སྐྱེས་པའི་སྨེ་བའི་དབུས་བཞག་སྟེ། །དེ་


CMR058_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་བཀོད་ལུགས་གོང་ལྟར་བྱས་ནས་ཀྱང་། །སྨྲ་སྒོ་ཤར་ཡིན་རྒྱུན་དུ་ཤར་དུ་འབུད། ༈ །བྱི་སྟག་འབྲུག་རྟ་སྤྲེལ་ཁྱི་ཕོ་ལོ་དྲུག །གཡས་སུ་བསྐོར་ཞིང་གིན་ནས་དབུས་སུ་འཇུག །གླང་ཡོས་སྦྲུལ་ལུག་བྱ་ཕག་དྲུག་ནི་མོ། །གཡོན་དུ་བསྐོར་ཏེ་ཟོན་ནས་དབུས་སུ་འཇུག །མགྱོགས་རྩིས་ལིང་རྩི་རེ་ལ་བཅུ་ཚོ་བསྒྲངས། །དེ་ནས་རྩིས་པས་སྤར་ཁ་དུས་དང་འདྲ། །བྱིས་པ་གཅིག་དཀར་སྐྱེས་པ་གསུམ་མཐིང་རྩུབ། །ཡུགས་ས་བཞི་ལྗང་བནྡེ་ལྔ་སེར་རྩུབ། །བོན་པོ་དྲུག་དཀར་བུད་མེད་བདུན་དམར་རྩུབ། །གཙོ་བོ་བརྒྱད་དཀར་རྒྱལ་པོ་དགུ་དམར་རྩུབ། །གཉིས་ནག་དབུས་ཚུད་གཉིས་ནི་ཀུན་ལ་རྩུབ། །དེ་དག་སོ་སོའི་གཏོ་བཅོས་མདོར་བསྡུས་ནི། །གཅིག་དཀར་གཟའ་མགྱོགས་རྒྱལ་མགྱོགས་རྣམ་འཇོམས་ཁྲུས། །གཉིས་ནག་བདུད་མདོས་མ་མོའི་ཁྲག་མདོས་བྱ། །གསུམ་མཐིང་ལ་ནི་མཚོ་སྨན་གུར་མདོས་བྱ། །བཞི་ལྗང་ལ་ནི་ཀླུ་མཆོད་ཀླུ་གཏོར་བཏང་། །ལྔ་སེར་རྒྱལ་མགྱོགས་མ་མོའི་ཁྲག་མདོས་བྱ། །དྲུག་དཀར་རང་གི་ལྷ་སྲུང་གསོལ་ཁ་དང་། །སྤང་ཀོང་ཕྱག་རྒྱ་པ་འདོན་ཚེ་སྒྲུབ་འདོན། །བདུན་དམར་བཙན་མདོས་བྱ་ཞིང་དམར་གཏོར་འབུལ། །


CMR058_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་དཀར་ལྷ་གསོལ་དགྲ་ཆོས་དགྲ་བྲུབ་བྱ། །དགུ་དམར་མ་མོས་མདོས་བྱ་ནོར་རྒྱུན་འདོན། །དེ་དག་སྐྱེ་བའི་བཅོས་ཀ་མདོར་བསྡུས་ཏེ། ༈ །ལོ་དང་སྤར་ཁ་སྨེ་བ་གསུམ་ཀ་རྩུབ། །རྩུབ་གསུམ་འཛོམ་ན་རིམ་གྲོ་ཆེན་པོ་དགོས། །འབུམ་རྒྱུན་བསྲེགས་ལོས་འཆི་བསྒྲགས་ཀུན་ལ་བསྔགས། །སྐྱེས་སྨེ་སྲོག་སྨེ་ཞེས་པ་སྨེ་ཕྲེང་གོང་མ་སྟེ། །དེ་ཉིད་དབུས་བཞག་སྐོར་བ་གཙོ་ཆེ་སྟེ། །ཁྱིམ་གང་ནག་པ་ཀུན་གྱི་སྨེ་བ་བསྐོར། །བདུན་དམར་སྟེང་ན་ཕྱིན་མཁན་མང་ན་ནི། །ངེས་པར་རོ་གཅིག་འབྲུལ་བའི་དུར་ངོ་ཡིན། །རོ་འཁྱམས་གཞན་ཚུལ་འཇུ་རོགས་བྱས་ན་ཐུབ། །གཉིས་ནག་མང་ན་བྱིས་པ་འཆི་བའི་ངོ་། །བྱིས་པ་ཡོད་ན་བྱིས་ཁྲ་སྤར་འགྱེད་བྱ། །འབྱོར་པ་མེད་ཀྱང་གདམས་ངག་གཏོ་བཅོས་ནི། །སྤར་ཁ་མང་དུས་གཅིག་ཏུ་སྤྱང་པ་ལ། །བགོས་བྱ་ཞག་གསུམ་མེ་མགོ་སོ་སོར་བསྡུ། །རང་འཐག་ཁ་ཕྱེས་ཞག་གསུམ་སོ་སོར་འཕེན། །གཞུང་རལ་བྱུང་ན་བསང་བྱ་བཅའ་ཁྲི་བརྩེགས། །སྐྱེད་ཆད་བྱུང་ན་ཟམ་བཙུགས་ལམ་ངན་གསོ། །རྩ་བཞི་འཁུམ་ན་ཚ་ཚ་བརྒྱ་བཏབ་ལ། །དུམ་བུ་བཞི་བགོས་མཚམས་བཞིའི་ཕྱོགས་སུ་སྤུང་། །སྒོ་བཞི་བྱེ་ན་ཕྱོགས་བཞིར་གླུད་བཞི་


CMR058_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

འཕེན། །རི་བོ་རྩེ་ནས་ཉིལ་ན་བསང་བཅུ་གསུམ། །གསས་མཁར་གཏོར་སྐུ་ལི་ཡི་བཅོས་རྣམས་བྱ། །ཐང་གསུམ་མཐའ་ནས་སྟོང་སྟེ་སྡུད་པ་ལ། །དུར་ལོས་དང་ནི་མགོ་གསུམ་ས་སྒོ་བཅད། །གཡས་སུ་སྤུང་ངམ་གཡོན་དུ་སྤུང་བ་ལ། །ཁལ་ནི་ཡོ་སྟེ་ཡོ་བ་འབུམ་འདོན་བསྲང་། །གཞན་ཡང་སྤར་ཁ་སྨེ་བ་རྩུབ་ཆེ་ན། །ཕུ་ཡི་གྲོག་མ་མདའ་ཡི་ཉ་མོ་གསོ། །འདབ་ཆགས་བརྒྱ་ལ་སྟོན་མོ་ཞེས་བྱ་བ། །ཟན་གྱི་རིལ་བུ་མང་པོ་ཁང་ཐོག་གཏོར། །ཁྱིམ་ནི་ཕྱི་ནང་བསྒྱུར་བ་ཞེས་བྱ་བ། །དུད་པ་ཐམས་ཅད་བསྡུས་ཏེ་ཁང་ཐོག་བཏབ། །སྐག་ཆེན་མི་དེ་ཤི་ཞེས་གཏམ་ངན་བསྒྲགས། །ཞག་པོ་གསུམ་གྱི་བར་དུ་བྱ་སྤང་བྱ། །དེ་དག་རྒྱུ་བཏང་མི་དགོས་འགྱུར་ཆེ་བས། །དབུལ་པོ་རྣམས་ལ་ཕན་ཐོགས་ཆེ་བ་ཡིན། །དེ་བཞིན་སྤར་ཁ་གདན་འཛོམ་ཟམ་ཐུག་ལའང་། །ཕོ་གྲལ་མོ་གྲལ་གཡས་གཡོན་སྤོ་ཞེས་པ། །ཞག་གསུམ་བར་དུ་གོ་ཁའི་འདུག་ས་བརྗེ། །དེ་དག་རྟེན་འབྲེལ་གཏོ་བཅོས་ཟབ་མོ་ཡིན། །བླ་མ་པདྨ་འགྲོ་དོན་གྱིས་བསྐུལ་ནས། །སྙིགས་དུས་རྩིས་མཁན་རཱ་ག་ཨ་སྱ་ཡིས། །འཕྲལ་དུ་ངག་ནས་སྨྲས་པ་ཇི་ལྟ་བ། །རྩིས་མཁན་བིརྱ་ཞེས་བྱས་ཡི་


CMR058_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

གེར་བཀོད། །འགལ་འཁྲུལ་མཆིས་ན་མཁས་པ་རྣམས་ལ་བཤགས། །དགེ་བས་མ་འོངས་རྐང་གཉིས་མི་རྣམས་ཀུན། །ནད་གདོན་དུས་མིན་འཆི་བའི་སྐག་ལས་ཐར། ཕྱིན་ཅིང་བཀྲ་ཤིས་བདེ་ལེགས་ཤོག །སརྦ་མངྒ་ལཾ། དགེའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousསྐག་གསུམ་རགས་རིམ་བརྩི་བའི་ཚུལ་གསལ་བར་བཀོད་པ་འཕྲུལ་གྱི་མེ་ལོང་།next