Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མིའི་སྐྱེ་སྐར་གཟའ་བརྒྱད་སྐར་མ་ཉེར་བརྒྱད་བཟང་ངན་བརྟགས་མདོ།
   
   
   
   
   
   
   
   
   
   
   
   
   


 
previousམིའི་སྐྱེ་སྐར་གཟའ་བརྒྱད་སྐར་མ་ཉེར་བརྒྱད་བཟང་ངན་བརྟགས་མདོ།next

མིའི་སྐྱེ་སྐར་གཟའ་བརྒྱད་སྐར་མ་ཉེར་བརྒྱད་བཟང་ངན་བརྟགས་མདོ།


CMR058_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

མིའི་སྐྱེ་སྐར་གཟའ་བརྒྱད་སྐར་མ་ཉེར་བརྒྱད་བཟང་ངན་བརྟགས་མདོ་བཞུགས་སོ། །


CMR058_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་གཟའ་བདུན་སྐྱེས་སྐར་འབྲས་རྩིས་ནི། ༈ ཉི་མ་ལ་སྐྱེས་ན། ཞག་བདུན་པོའི་སྟེང་ཚེ་རིང་ཞིང་། བུ་སྐྱེས་ན་མི་ཆེན་བྱམས། བུ་མོ་སྐྱེས་ན་དཀར་ལ་འཇམ་དུང་ཆེ། ༈ ཟླ་བ་ལ་སྐྱེས་ན། ༈ མིག་དམར་ལ་སྐྱེས་ན། སྡིག་ལ་དགའ། སྤྲོ་ཐུང་བྱ་བྱེད་ང་རྒྱལ་ཁོང་ཁྲོ་ཆེ། བུ་ཡིན་ན་གསོ་དཀའ། བུ་མོ་ཚེ་ཐུང་། ༈ ལྷག་པ་ལ་སྐྱེས་ན། ནད་ཀྱིས་བཏབ། བུ་ཡིན་ན་ངན་མ་ལ་རྩུབ། བུ་མོ་ཡིན་ན་ཕ་མ་དབུལ་དུ་འགྲོ། མོ་རང་དབང་ཆེ། ༈ ཕུར་བུ་ལ་སྐྱེས་ན། བློ་


CMR058_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་མཁས་ཤིང་ཆོས་བྱེད། བུ་མོ་སྐྱེས་ན་ཚེ་རིང་མི་ཡ་རབ་དང་འཕྲད། ༈ པ་སངས་ལ་སྐྱེས་ན། དམེ་དང་མགར་བ་བྱེད། བུ་སྐྱེས་ན་དབང་པོ་རྣོ། བུ་མོ་སྐྱེས་ན་ཚེ་ཐུང་དཔལ་ཆེ། ༈ སྤེན་པ་ལ་ནི། གཟུགས་བཟང་བསོད་ནམས་ཆུང་། ཁྱེའུ་ཡིན་ན་འབྲིང་ངོ་། ༈ མིའི་སྐྱེས་པའི་སྐར་མ་ལ། །ཐ་སྐར་ལ་སྐྱེས་པའི་མི། །ལོ་ནི་དྲུག་ཅུའམ་བརྒྱད་ཅུ་ཐུབ། །ལྕེ་བདེ་གཟུགས་བཟང་ཆོས་ལ་དགའ། །སྨན་སྦྱོར་མཁས་རྣམས་སྨན་པ་དེ། །གླུ་གར་རོལ་མོ་སྒྲ་ལ་མཁས། །བློ་ལུས་མ་བདེ་སྡོད་མི་ཚུགས། ༈ བྲ་ཉེ་ལ་ནི་སྐྱེས་པའི་མི། །བསམ་གཏན་ནད་


CMR058_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

མེད་བདེ་བ་གནས། །ཚེ་ལོ་སུམ་ཅུ་རྩ་དྲུག་གོ །རིང་ན་དགུ་བཅུ་ལྔ་བཅུ་ཐུབ། །བཟང་པོའི་རིགས་ལ་མཁས་པ་དང་། །བརྩོན་འགྲུས་ཆེ་ཞིང་སྙིང་རྗེ་ཆུང་། །ཕྱི་མ་དམྱལ་བའི་གནས་སུ་སྐྱེ། ༈ །སྨིན་དྲུག་ལ་ནི་སྐྱེས་པའི་མི། །སྙན་གྲགས་ཆེ་ཞིང་གཟི་བརྗིད་ཆེ། །དྲོད་པ་ཆེ་ཞིང་བུད་མེད་སྐྱིད། །ལོངས་སྤྱོད་ཆེ་ཞིང་ཆགས་པ་ཆེ། །མཁས་པ་རབ་ཏུ་དཔའ་བ་སྟེ། །ཚེ་སྟོད་ངན་ལ་ཚེ་སྨད་ལ། །འགྱུར་ལ་བཟང་པོ་ཉིད་དུ་འགྱུར། །ཚེ་ཚད་འབྲིང་པོ་ཉིད་དུ་འགྱུར། ༈ །སྣར་མ་ལ་ནི་སྐྱེས་པའི་མི། །ལོ་བརྒྱའི་བར་དུ་འཚོ་བ་སྟེ། །གཟུགས་གཟང་ངན་འཇམ་བདེན་པར་སྨྲ། །ཕྱུག་ཅིང་ཆོས་མཐུན་སྦྱིན་ལ་དགའ། །གཡོ་མི་ཤེས་ཤིང་མཁས་པ་སྟེ། །རྣམ་པ་ཀུན་ཏུ་མཛེས་དང་ལྡན། །དགྲ་རྣམས་རྟག་ཏུ་འཛོམ་པར་འགྱུར། །དཔའ་ཞིང་རྒྱས་པའི་ཕུན་སུམ་ཚོགས། ༈ །མགོ་ལ་སྐྱེས་པའི་ཚེ་ཡི་ཚད། །ཉེར་བརྒྱད་ནས་ནི་ཉེར་གཉིས་བར། །རིང་ན་དགུ་བཅུ་ཐུབ་པར་འགྱུར། །ཆོས་ལྡན་སྡོམ་བརྩོན་བདེན་པར་སྨྲ། །དཔའ་ཞིང་བློ་གསལ་ལོངས་སྤྱོད་ལྡན། །མི་གཞན་དག་ལ་དགའ་བ་ལ། །རབ་ཏུ་བཟང་ཞིང་དགེ་བར་འགྱུར། །རྒོད་ཅིང་བརྩོན་འགྲུས་


CMR058_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་དང་ལྡན། ༈ །ལག་ལ་སྐྱེས་པས་ཚེ་ཡི་ཚད། །སུམ་ཅུ་རྩ་གསུམ་ལྔ་བཅུ་འཚོ། །ཡང་ན་དྲུག་ཅུ་རྩ་ལྔ་འཚོ། །ཆོམ་པོའི་ལས་ཀྱིས་འཚོ་བ་ཡིན། །གཏུམ་པོ་བློ་ཅན་ལག་མི་གཟེབ། །ཁྲོ་ཞིང་དབུལ་ཞིང་ཤིན་ཏུ་བླུན། །བྱ་བ་བཟང་པོ་མི་བྱེད་ཅིང་། །ངན་པའི་རིགས་ལ་ཤིན་ཏུ་བརྩོན། །ང་རྒྱལ་སྡིག་པའི་ལས་ལ་དགའ། ༈ །རྒྱལ་སྟོད་ལ་ནི་སྐྱེས་པའི་མི། །ལྔ་བཅུ་དང་ནི་དྲུག་ཅུ་ཐུབ། །ཞིང་པ་ལོངས་སྤྱོད་ལྡན་པ་འོང་། །སེམས་ནི་རབ་ཏུ་བཟང་པོ་སྟེ། །རང་བཞིན་མཉན་ཞིང་ཡངས་པ་སྟེ། །རྒོད་པ་དང་ནི་རྩོལ་བ་སྨྲ། །རྟ་གླང་མི་འཕོངས་འབྲུ་རྣམས་འཕེལ། །བློ་ལྡན་ནད་མེད་སྐོམ་དང་ནི། །ཅ་ཅོམ་ཆེ་ཞིང་འཛེམ་པ་འབྱུང་། ༈ །རྒྱལ་སྨད་ལ་ནི་སྐྱེས་པའི་མི། །ཚེ་ཚད་བརྒྱད་ཅུ་ཐུབ་པ་སྟེ། །གོས་སྨྲ་ཚུལ་ཁྲིམས་ལྡན་པའི་མི། །ཞི་ཞིང་སྦྱིན་པ་གཏོང་བ་སྟེ། །བྱ་བའི་ལས་བརྩོན་སྙན་པ་ཆེ། །ལྕེ་བདེ་ལུས་བཟང་ལག་པ་གཟོབ། །བློ་ཕུག་མི་བདེ་་སྡོད་མི་ཚུགས། །མཁས་ཤིང་ནོར་ལྡན་སྐལ་པ་བཟང་། ༈་།སྐག་ལ་སྐྱེས་པའི་མི་རྣམས་ལ། །ལོ་ནི་ལྔ་བཅུ་ཐམ་པ་ཐུབ། །རང་བཞིན་དྲུག་ཅུ་གསུམ་པ་ཐུབ། །མཁས་ཤིང་


CMR058_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

ཁེང་ཞིང་འདོད་ཆགས་ཆེ། །མདངས་དང་འགྲོགས་ཡུན་ཐུང་བ་ཡིན། །ཁྲོ་ཞིང་འཁྲིགས་དང་གཡེམ་ལ་དགའ། །སྲིད་པ་ཆེ་ཞིང་གཏེར་ཡང་ཕོད། །འགྲོག་པ་མི་བདེ་ཚུལ་ཁྲིམས་འཆལ། །བྱ་བ་བཟང་པོ་མི་བྱེད་ཅིང་། །ངན་པའི་ལས་ལ་ཤིན་ཏུ་བརྩོན། །མི་སྡུག་གཤིན་རྗེ་བྱེད་པའི་གནས། །ཆོས་གོས་གདེང་བར་ཟད་པར་བྱེད། །གཡོ་ཅན་སྡིག་པ་ཅན་གྱི་མི། ༈ །མཆུ་ལ་སྐྱེས་པའི་མི་ཚེའི་ཚད། །ལོ་བརྒྱད་བར་དུ་མ་ཤི་ན། །ལྔ་བཅུ་ཡང་ན་དགུ་བཅུ་ཐུབ། །བུ་མོ་ཡིན་ན་མ་ལ་ངན། །ཁྱེའུ་ཡིན་ན་བུ་རང་འཆི། །མ་ཤི་བར་དུ་རང་བཞིན་གྱི། །གཡོ་དང་འདོད་ཆགས་ཆེ་བ་ཡིན། །བཟོ་ལ་མཁས་ཤིང་འདོད་པ་མང་། །གཏམ་དང་གོས་རྒྱན་དག་ལ་དགའ། །སྒོ་ལོག་ཁ་འཇམ་ཟས་ལ་ངན། ༈ །སྤོ་ལ་སྐྱེས་པའི་མི་ཡི་ཚད། །ཕྱུག་ཅིང་ལོངས་སྤྱོད་ཚུལ་ཁྲིམས་ལྡན། །རྫུན་མེད་བདེན་སྨྲ་སྦྱིན་ལ་དགའ། །འགྲོ་བ་དང་ནི་སྙན་ལ་དགའ། །དགའ་ཞིང་ཅུང་ཟད་བླན་པར་འགྱུར། འཆི་རྐྱེན་དུག་གིས་བྱེད་པར་འགྱུར། ༈ །མེ་བཞི་ལ་ནི་སྐྱེས་པའི་མི། །ཕ་ཡི་ཚེ་ལ་བར་ཆད་འབྱུང་། །ལོ་ནི་བརྒྱད་ཅུ་ཐམ་པ་ཐུབ། །ལྕེ་བདེ་གཟུགས་བཟང་ལག་པ་གཟོབ། །


CMR058_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

སྤོབས་པ་བཟང་ཞིང་བློ་རྒྱ་ཆེ། །བློ་ལུས་མི་བརྟན་སྡོད་མི་ཚུགས། །སྐྱེ་ཞིང་གཡོ་ལ་དྷརྨཱ་ཆེ། །དབྱུག་གོ་གཙོ་བོ་ནོར་ལྡན་ཞིང་། །སྦྱིན་དང་མཆོད་བསྟོད་སྣ་ཚོགས་བྱེད། །ཆོས་ལྡན་བྱང་ཆུབ་ཡན་ལག་བདུན། །བློ་དུལ་གྲགས་ལྡན་ཁྲིམས་ཀུན་བསྲུང་། །ཡང་ན་རྐུན་པོ་སྐོམ་དད་ཆེ། ༈ །ནག་པ་ལ་ནི་སྐྱེས་པའི་མི། །ཚེ་ཚད་ལོ་ནི་ཉེར་བརྒྱད་འཚོ། །གླུ་གར་རོལ་མོའི་སྒྲ་ལ་མཁས། །སྦྱིན་བདག་ལོངས་སྤྱོད་མཛེས་པར་ལྡན། །ལྕེ་བདེ་བློ་རྣོ་གྲོགས་དང་ལྡན། །སྦྱིན་ལོག་མི་དགའ་ཆེ་བ་འོང་། །རྫུན་མེད་ངག་རྩུབ་འདོད་ཆགས་ཆེ། །མིག་དང་ཡན་ལག་དབང་པོ་ལེགས། །སྣ་ཚོགས་གོས་གྱོན་ཕྲེང་བ་ཐོགས། ༈ །ས་རི་ལ་ནི་གང་སྐྱེས་པ། །ཚེ་ལོ་ཉི་ཤུ་ཡང་ན་དྲུག་ཅུ་འཚོ། །རྩིས་པ་འབྱོར་ཉིད་ཁྲོ་བོ་འགྱུར། །གཡོ་སྒྱུ་སེམས་ལ་ནད་བུ་ཅན། །ལོངས་སྤྱོད་ལྡན་ཞིང་གཟུགས་བཞིན་ལེགས། །ཕས་བྱམས་མས་སྡང་མི་ཁ་སྡང་། །ཕྲག་དོག་སེར་སྣ་ཆེ་བ་ཡིན། །རང་བཞིན་གཉེན་ལ་ཡང་པ་དང་། །བགྲོད་པ་དང་ནི་བརྩོན་པ་དགའ། །བློ་དུལ་ཚོང་ཤེས་དེ་ལ་སྤྱོད། །བརྩེ་ལྡན་སྙན་སྨྲ་དེ་ལ་སྤྱོད། ༈ །ས་ག་ལ་ནི་གང་སྐྱེས་ལ། །


CMR058_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་ཡི་ཚད་ནི་བདུན་ཅུ་འཚོ། གཟི་བརྗིད་ཆེ་ཞིང་དཔལ་དང་ལྡན། །མཁས་ཤིང་ནོར་ལྡན་བུད་མེད་འདུ། །དཔའ་ལ་དགྲ་ཐུབ་ཤེས་རབ་ཆེ། །དང་པོ་ངན་ཞིང་ཚེ་སྨད་བཟང་། །ཕྲག་དོག་སེར་སྣ་གཟི་བརྗིད་ཆེ། ༈ །ལྷ་མཚམས་སྐྱེས་པའི་ཚེ་ཡི་ཚད། །ཉི་ཤུ་རྩ་བརྒྱད་འཚོ་བ་སྟེ། །ཚོགས་པ་དབང་པོ་དུལ་བ་དང་། །ཆོས་སྤྱོད་བློ་གྲོས་ཆེ་ལྡན་ཞིང་། །་ཚོང་པ་ཆོས་ཀྱི་འཚོ་བ་ཡིན། །ལྕེ་བདེ་གཟུགས་བཟང་ཚུལ་ཁྲིམས་ལྡན། །ནོར་ཕྱུགས་བྱེས་འགྲོ་རབ་ཏུ་བཟང་། །བྱས་ལ་དགའ་ཞིང་བྱས་དང་འཕྲོད། །མི་གཞན་དགའ་ཞིང་འདི་ལ་འདུ། ༈ །སྣོན་ལ་གང་སྐྱེས་མི་རྣམས་ལ། །ཚུལ་ཁྲིམས་འཆལ་ལ་སྙིང་རྗེ་མེད། །མཚོ་རྫས་ལ་སོགས་འཕེལ་བར་བྱེད། །ཕལ་ཆེར་མི་འདུག་ཚེ་ཚད་ཐུང་། །དབུལ་ཞིང་ཆོག་ཤེས་འདོད་པ་ཆུང་། །བྱ་བ་བཟང་པོ་མི་བྱེད་ཅིང་། །ངན་པའི་ལས་ལ་ཤིན་ཏུ་བརྩོན། །ཆོས་བྱས་མྱུར་དུ་ཚུལ་ཁྲིམས་འཆལ། ༈ །སྒྲུབས་ལ་སྐྱེས་པ་ལོ་ལྔའམ། །རིང་ན་དྲུག་ཅུ་རེ་གསུམ་འཚོ། །སྐལ་ལྡན་སྐྱེས་བུ་སྡོམ་པ་ཅན། །ཁྲོང་བཟང་འཛིན་ཅིང་ཞི་བ་ཡི། །ནོར་དང་འབྲུ་ཡི་བདག་པོ་སྟེ། །འཇིག་རྟེན་བྱ་བ་བུ་མི་སྐྱེ། །སྐྱེས་ཀྱང་གསོ་བར་


CMR058_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

དཀའ་བའོ། །གྲགས་དང་རྒྱལ་ལ་ཆེ་བ་ཡི། །ངན་པའི་ལས་ལ་ཤིན་ཏུ་བརྩོན། ༈ །ཆུ་སྟོད་སྐྱེས་པ་བརྒྱད་ཅུ་འཚོ། །ཆོས་དང་ལྡན་པ་ཐོབ་པ་ཆེ། །བཟོ་དང་བྱ་བ་ཀུན་ལ་མཁས། །ཆོས་སྐྱོང་སྦྱིན་པ་བཏང་ལ་དགའ། །འཁོར་ལ་དྭངས་ཤིང་ཀུན་ལ་དད། །ང་རྒྱལ་ཅུང་ཟད་ཆེ་ན་ཡང་། །ཚུལ་ཁྲིམས་ལྡན་ལ་མཐོ་རིས་ཐོབ། ༈ །ཆུ་སྨད་སྐྱེས་ན་སྐྱེས་པ་བརྒྱ་ཕྲག་འཚོ། །ཡང་ན་བརྒྱ་བཅུ་གྱ་ལྔ་ཐུབ། །ཕྱུག་ཅིང་སྦྱིན་པ་བཏང་ལ་དགའ། །རྒྱུན་དུ་རྫུན་བྲལ་སོ་སོར་སྨྲ། །བུ་དང་གྲོགས་མང་ཤེས་པ་ཆེ། །སེམས་ཅན་ལ་བྱམས་བློ་ཡང་དུལ། །མཁས་ཤིང་རིག་བཟོ་ནད་ཀྱང་དཀོན། །ཚད་པས་ནད་བྱུང་གསོ་བར་དཀའ། ༈ །གྲོ་བཞིན་སྐྱེས་པ་དྲུག་ཅུའམ། །རེ་གཉིས་འཚོ་ཞིང་སེམས་རབ་་བཟང་། །རང་བཞིན་མཉམ་ཞིང་ཤེས་པ་ཡང་། །བགྲོད་པ་དང་ནི་བཙོན་ལ་དགའ། །བློ་དུལ་ཚངས་ཤེས་དེ་ལ་སྤྱོད། །བརྩེ་ལྡན་སྙན་སྨྲའི་ཆོས་ལ་སྤྱོད། །ལོངས་སྤྱོད་རྟག་ཅིང་ནད་ཀྱང་དཀོན། །རྒྱལ་པོ་དང་ནི་སེམས་ཅན་བྱམས། །དཔའ་ཞིང་བསྟན་ཐུབ་གྲོགས་ཀྱི་མཆོག །ཡུལ་འཁོར་སྐྱོང་ཞིང་དགྲ་རྣམས་ཐུལ། །མཁས་པར་བྱེད་པའི་མཆོག་ཡིན་


CMR058_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། །ཟབ་ཡང་སྙན་སྦྱོར་དག་ལ་དགའ། །དཔལ་དང་འབྱོར་པ་ཆེ་བ་ཡི། །གྲགས་པ་ཆེ་ཞིང་ཆུང་མ་མཛེས། ༈ །བྱི་བཞིན་ལ་ནི་སྐྱེས་པའི་མི། །ལོ་ནི་དྲུག་ཅུ་འཚོ་བ་སྟེ། །ཝཱཕྲ་ཞིང་འདོད་ཆགས་ཆུང་བ་ལ། །ཐོས་ལྡན་མཁས་ཤིང་ཤེས་རབ་ཆེ། །གྲོང་ཁྱེར་རྣམས་ཀྱི་གཙོ་བོ་འོས། །དགྲ་བོ་འདུལ་བའི་ལས་ལ་མཁས། །སེམས་ནི་བཟང་ཞིང་སྙན་པ་འོང་། །འབྱོར་ལྡན་བགྲོད་དང་གཏམ་ལ་དགའ། །ནད་མེད་སྟོབས་དང་ལྡན་པ་ཡིན། ༈ །མོན་གྲེ་སྐྱེས་པ་ཉེར་ལྔའམ། །དྲུག་ཅུ་ཐམ་པ་འཚོ་བ་ཡིན། །ཁྲོ་ཞིང་སྨན་མཁས་བུ་ནོར་ལྡན། །རང་གར་སྤྱོད་ཅིང་བྱ་བ་རྩོམ། །སེམས་བཟང་རང་བཞིན་མཉམ་ཞིང་འོང་། །བློ་གཙིང་བག་ཡང་བཅོམ་ལ་དགའ། །སྟེར་ཕོད་དཔའ་ཞིང་གླུ་གར་མཁས། །བླུན་ཞིང་ཆུ་ཡིས་འཆི་བར་འགྱུར། ༈ །མོན་གྲུ་སྐྱེས་པ་མྱུར་དུ་འཆི། །ཁྲོ་ཞིང་གོས་ལྡན་ཆད་ལ་བརྩོན། །ནང་མི་བྱམས་ཤིང་མཆོད་ཅིང་སྲུང་། །གཟུགས་བཟང་ཕྱུག་ཅིང་སྟེར་ཡང་ཕོད། །དཀའ་ཐུབ་ལ་དགའ་བབ་ཅོལ་ཆེ། །ནད་མེད་གཉིད་ཀྱང་ཆེ་བ་ཡིན། ༈ །ཁྲུམས་སྟོད་སྐྱེས་པ་གོ་ལྔ་འཚོ། །གཡོ་སྒྱུ་རྐུ་དང་གསོད་ལ་དགའ། །གཤིས་ངན་དམག་


CMR058_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

དང་རྐུ་ལ་དགའ། །བཟོ་ལ་མཁས་ཤིང་རང་བཞིན་ངན། །བླུན་ཞིང་གཞན་ལ་གནོད་པ་ཆེ། །སྟེར་མི་ཕོད་ཅིང་གྲགས་པ་ཆེ། །སྣང་བ་ཡང་ཞིང་ནོར་ལ་སྤྱོད། གཉེན་རྣམས་བཙི་ཞིང་སྤྱི་ལ་སྡང་། །ཆུང་མ་དབང་དང་ལྡན་པ་ཡིན། ༈ །ཁྲུམས་སྨད་ལ་ནི་ལྔ་བཅུ་ཐུབ། །ཡང་ན་དྲུག་ཅུ་ཐུབ་པར་འགྱུར། །གླུ་གར་རིག་པ་དག་ལ་མཁས། །འདིས་ནི་ཆོས་ཀྱི་སྦྱིན་པ་བྱེད། །ཕྱུག་ཅིང་སྦྱིན་ལ་དགའ་བ་སྟེ། །རྒྱུན་དུ་རྫུན་བྲལ་སོ་སོར་སྨྲ། །ཚུལ་ཁྲིམས་ཤེས་རབ་སྙིང་རྗེ་ལྡན། །སྐྱིད་ཅིང་འཁོར་བསྟན་སྨྲ་བ་མཁས། །འཁོར་མང་འདུ་ཞིང་དགྲ་ལས་རྒྱལ། ༈ །ནམ་གྲུ་ལ་ནི་ཉེར་བརྒྱད་དང་། །དགུ་བཅུ་ཐམ་པ་འཚོ་བ་ཡིན། །སྐྱེ་བོ་རབ་བཟང་ནོར་འབྲུ་ལྡན། །འབྱོར་ལ་དགའ་བརྩོན་དབྱིག་ལ་སྤྱོད། །མི་གཞན་ཀུན་ལ་དགའ་བ་དང་། །རབ་ཏུ་བཟང་ཞིང་དགེ་བར་འགྱུར། །ཤེས་མཁས་དུ་ཡང་འགྱུར་པ་དང་། །དབང་པོ་ཚང་ཞིང་དཔའ་བ་ཡིན། །སྐྱེས་སྐར་རྫོགས་སོ།། །། སརྦ་མངྒ་ལཾ། མཆོད་རྟེན་ལྷ་ཁང་ལྷ་སྐུའི་འབྲས་རྩིས་ནི། །གསུང་རབ་ལོགས་བཞེངས་འབྲས་རྩིས་ནི། །ཉི་མ་ལ་ནི་མེ་ཡིས་འཇིག །མིག་དམར་གནམ་ལྕགས་འབབ་པའམ། །


CMR058_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

ཐོག་ནི་སྡེབ་པའི་ཉེས་ཡོད་དོ། །ཕུར་བུ་ཆོས་འཕེལ་དངོས་གྲུབ་ཐོབ། །ཟླ་བ་ལྷག་པ་པ་སངས་བཟང་། །སྤེན་པ་གདོན་འཇུག་ནོར་རྣམས་བཟང་། །སྨིན་དྲུག་མགོ་དང་རྒྱལ་སྟོད་སྨད། །བྱིན་རླབས་དངོས་གྲུབ་ལས་ལ་བཟང་། །མཆུ་སྦོ་ནག་པ་ས་རི་ལ། །བཀྲ་ཤིས་ལྡན་ཏེ་བྱིན་རླབས་བཟང་། །སྒྲུབས་དང་ཆུ་སྨད་བྱི་བཞིན་དང་། །མོན་གྲེ་ཆུ་སྟོད་བསམ་འགྲུབ་བཟང་། །བྲ་ཉེ་མེ་བཞི་ལག་དང་སྐག །བར་ཆད་མི་རུང་སྣ་ཚོགས་འབྱུང་བས་ངན། །ས་ག་སྣོན་དང་ལོངས་སྤྱོད་དབུལ། །དུས་སྦྱོར་གླང་འཁྲིག་བུ་མོ་གཞུ། །སེང་གེ་རྣམས་ནི་བཀྲ་ཤིས་རབ་གནས་ལྡན། །གཞན་མ་དྲུག་པོ་ངན་པ་མཁས་པས་སྤངས། །ཉི་མ་གླང་ལུག་ཁྱི་འབྲུག་སྟག་རྣམས་བཟང་། །གཞན་མ་ལ་ནི་ངེས་པ་མི་གསུངས་སོ། །ཡར་ངོ་ཚེས་བཅུ་བཅུ་གཉིས་བཅུ་གསུམ་དང་། །བཅུ་དང་བཅོ་ལྔ་དག་ལ་བཟང་བར་གསུངས། །མར་ངོའི་ཚེས་ལ་རབ་གནས་ངན་པ་མི་རུང་ངོ་། །སརྦ་མངྒ་ལཾ།། བཀྲ་ཤིས་ཤོག། མི་ཤི་བ་གཟའ་མི་རུང་། ཉི་མ་ལ་ནི་ཤིན་ཏུ་ཟློས། །ཟླ་བ་ལ་ནི་བཟང་བ་ཡིན། །མིག་དམར་གསུམ་ཟློས་མི་ནོར་ངན་ཟློས་མོ་ལ་ངན། ལྷག་པ་ཕོ་ཤི་བྲན་ལ་ངན། །མོ་ནི་ཤི་བ་


CMR058_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

མཇུག་ཆོད་བཟང་། །ཕུར་བུ་འབྲིང་སྟེ་གཅིག་ལ་ངན། །པ་སངས་འཁུ་ཟློག་མེད་དེ་བཟང་། །སྤེན་པ་ལ་ནི་ནོར་གཡང་ཉམ། །བུད་མེད་ཤི་བ་ལྔ་ཟློས་སོ། །སརྦ་མངྒ་ལཾ།། འདི་ནས་སྐར་མ་ནབས་སོ་དང་གྲེ་གཉིས་ཀྱི་བཤད་པ་ཆད་འདུག་སྙམ་པས་ཕྱི་རབས་རྩིས་པ་རྣམས་ཀྱིས་མཁྱེན་པར་འཚལ། ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousམིའི་སྐྱེ་སྐར་གཟའ་བརྒྱད་སྐར་མ་ཉེར་བརྒྱད་བཟང་ངན་བརྟགས་མདོ།next