Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དར་རྒུད་གསེར་ཕྲེང་གི་རྡེལ་བཞིག
   
   
   
   


 
previousདར་རྒུད་གསེར་ཕྲེང་གི་རྡེལ་བཞིགnext

དར་རྒུད་གསེར་ཕྲེང་གི་རྡེལ་བཞིག


CMR058_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

དར་རྒུད་གསེར་ཕྲེང་གི་རྡེལ་བཞིག་བཞུགས། ལོ་ནི་ཉི་ཤུ་རྩ་ལྔ་མ་ས།


CMR058_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་མཉྫ་ཤྲཱི་ཡེ། འཇམ་དཔལ་དབྱངས་ལ་ཕྱག་འཚལ་ནས། །དར་རྒུད་གསེར་ཕྲེང་རྡེའུ་བཞག་ནི། །ཤིང་བུ་སྤྲེལ་ནས་རྒྱུ་བ་སྟེ། །ལྕགས་བུ་སྟག་ནས་རྒྱུ་བར་བྱ། །མེ་བུ་ཕག་ནས་རྒྱུ་བ་སྟེ། །ས་ཆུ་གཉིས་ཀ་སྦྲུལ་ནས་རྒྱུ། །ལོ་སྐོར་བཅུ་གཉིས་སྟེང་ནས་བརྩི། །དབུགས་རྒྱུ་མངལ་ནས་ལུས་རྫོགས་དང་། །བཙས་པ་ཁྲུས་བྱེད་གོས་གྱོན་ཏེ། །ཁྱོན་དང་ལས་བྱེད་དར་བ་རྒུད་པ་དང་། །ན་བ་ཤི་བ་དུར་ཞུགས་སོ། །དེ་ལྟར་རིམ་བཞིན་བརྩི་བར་བྱ། ༈ །དབུགས་རྒྱུ་དབུགས་གནས་དོན་གཅིག་སྟེ། །སྔོན་ཚེ་ཤི་བ་དེ་ཡིན་པས། །དེ་ལ་རྡེའུ་ནག་པོ་


CMR058_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག ༈ །མངལ་གནས་མ་ཡི་མངལ་དུ་ཞུགས། །འཁོར་བར་ལུས་བླང་ནག་པོ་གཅིག །ལུས་རྫོགས་པ་ལ་དཀར་པོ་གཅིག ༈ །ལུས་རྫོགས་བཙས་པ་དོན་གཅིག་སྟེ། །དེ་ལ་རྡེའུ་དཀར་པོ་གཅིག་༈ ཁྲུས་བྱེད་གོས་གྱོན་དོན་གཉིས་སྟོང་། །དེ་ལ་རྡེའུ་དཀར་པོ་གཉིས། །ལས་བྱེད་དཀར་པོ་གཉིས་ཡིན་ནོ། །དེ་བཞིན་དར་བ་དཀར་པོ་གཉིས། ༈ །རྒུད་པ་ན་བ་འཆི་བ་གསུམ། །གསུམ་ཀ་ནག་པོ་གཉིས་རེ་ཡིན། ༈ །དེ་བཞིན་དུར་ཞུགས་ནག་པོ་གཉིས། །འདི་ཡི་མན་ངག་སྙན་བརྒྱུད་ནི། །ཟླ་བ་ཞག་དུས་ཤིས་མི་དགོས། །ཐམས་ཅད་


CMR058_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

བརྩི་བྱའི་ལོ་ལ་གཏུག ༈ །མི་གསང་རྡེའུ་རྡེལ་གཅིག་ཟེར། །དེ་ནས་རྡེའུ་གང་བབ་རྒྱབ། །བརྩི་བྱ་སྲོག་ལུས་དབང་ཐང་དང་། །རླུང་རྟ་བཞི་པོ་རང་ལོ་གཏུག །དེ་ལ་རྡེའུ་བཞི་མཐུར་དུ་བཞག །དེ་ནས་དེ་ཡི་མ་བཞི་ཡི། །དར་རྒུད་བརྩིས་བྱས་ལོ་ནས་གཏུག །དེ་བཞིན་ཐུར་དུ་རྡེའུ་བཞི་བཞག །དེ་བཞིན་སྲོག་ལུས་དབང་རླུང་གི །མ་བཞི་བུ་བཞི་གྲོགས་བཞི་དང་། །དགྲ་བཞི་སྔོན་ལྟར་དར་རྒུད་ནི། །བརྩི་བྱའི་ལོ་སྙིང་དེ་ལ་གཏུག །དེ་ཡི་མན་ངག་ཁྱད་པར་ཅན། །གཞན་གྱི་མི་ཤེས་ཟབ་ཁྱད་ནི། །དགྲ་བཞི་རྡེའུ་དཀར་ནག་རྗེ། །དཀར་པོ་གཉིས་ལ་ནག་པོ་གཉིས་རེ་བཞག །ནག་པོ་གཉིས་ལ་དཀར་པོ་གཉིས་རེ་བཞག །ནག་པོ་གཅིག་ལ་དཀར་པོ་གཅིག་རེ་བཞག །དཀར་པོ་གཅིག་ལ་ནག་པོ་རེ་རེ་བཞག །དེ་བཞིན་ཁ་དམར་རྡེའུ་ནི། །རྡེའུ་བཅོ་ལྔ་པོ་དེ་ལ། །སོ་སོར་ཁ་དམར་བཅོ་ལྔ་བཞག །འཕྲད་དུ་རྡེའུ་ཕྲེང་བཞི་པོ་ལ། །ཁ་དམར་རེ་རེ་མཐུར་དུ་བཞག །དེ་ལྟར་རྩ་རྡེལ་དྲུག་ཅུ་དང་། །ཁ་དམར་རྡེའུ་བཅུ་དགུ་སྟེ། །རྡེའུ་བདུན་ཅུ་དོན་དགུ་ཡིན། །དར་རྒུད་གསེར་ཕྲེང་དངོས་གཞི་རྫོགས་སོ།། །། ཨཾ༔ གཞན་ཡང་འཆད་ཆེན་འཆད་ཆུང་


CMR058_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །རུས་ཁམས་རྩིས་ནི་མང་བར་ཡོད། །སེ་གཞིག་བདུན་ཁུར་ལ་སོགས་པ། །འདི་ནི་གཞུང་དུ་མ་བཤད་པའི། །དེ་དག་གཞན་དུ་ཤེས་པར་གྱིས། །འདི་ཡི་མན་ངག་ཡང་ཟབ་ནི། ༈ །སྐྱེས་ནས་ཉི་ཤུ་རྩ་ལྔའི་བར། །སྐྱིད་སྡུག་མ་ཡི་དར་རྒུད་གཙོ། །ཉེར་ལྔ་ནས་ནི་ཞེ་དགུའི་བར། །སྐྱིད་སྡུག་རང་གི་དར་རྒུད་གཙོ། །ཞེ་དགུ་ལོན་པ་ཕན་ཆད་བར། ༈ །ཕ་ཡི་དར་རྒུད་གཙོ་ཆེ་སྟེ། །ཚེ་ལ་བར་ཆད་ཡོད་མེད་ནི། ༈ །སྲོག་གི་དར་རྒུད་རྡེའུ་ལྟོས། །ལུས་ལ་ན་ཚ་འབྱུང་མི་འབྱུང་། །དེ་ཡི་དར་རྒུད་རྡེའུ་ལྟོས། །ཟས་ནོར་ལོངས་སྤྱོད་ཕྱུག་གམ་དབུལ། ༈ །གྲོགས་བཞིའི་རྡེའུ་དཀར་ནག་ལྟོས། །དགྲ་འདྲེའི་གནོད་པ་འབྱུང་མི་འབྱུང་། ༈ །དགྲ་བཞིའི་རྡེའུ་དཀར་ནག་ལྟོས། །དེ་དག་ནག་པོ་བྱུང་བས་ན། །མི་ཚེ་སྟོད་སྨད་བར་གསུམ་ལ། །ནམ་ཕུག་ཕ་མ་བུ་གསུམ་པོ། །དཀར་པོ་བྱུང་ན་ནམ་བཟང་སྟེ། །རང་དང་ཕ་མ་དར་རྒུད་རྣམས། །ཚེ་ཡི་སྟོད་སྨད་སྤྱོད་པ་ཤེས། །ངན་པ་གཞུང་ནས་གསུངས་པ་ལྟར། །རིམ་གྲོ་བྱས་ན་ཕན་པ་ཡིན། །ཚེ་དབང་རྒྱས་ཀྱིས་བསྐུལ་བྱས་ནས། །རྩིས་མཁན་རཱ་ག་ཨ་སྱས་སྨྲས། །རྩིས་མཁན་


CMR058_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

བིརྱས་ཡི་གེར་བཀོད། །སརྦ་མངྒ་ལཾ།། །། ༈ དར་རྒུད་བཟང་ངན་བཤད་པ་ནི། སྲོག་ཚེ་རིང་ཐུང་བརྩི་བ་ནི། །དང་པོ་རང་རྡེའུ་དཀར་བ་ན། །ཚེ་ལ་བར་ཆད་མེད་པ་ཡིན། །ལྗོན་ཤིང་ལོ་འདབ་རྒྱས་པ་འདྲ། །མི་ཚེ་ཆུ་བོའི་གཞུང་ལས་རིང་། །ཕ་སྤུན་གཉེན་འདུན་ལ་གཟན་པས། སྤུ་གྲི་ཀླད་ལ་གཡུག་པ་འདྲ། ༈ །སྲོག་གི་རང་རྡེའུ་ནག་པས་ན། །ཤིང་གི་རྐེ་ནས་ཆག་པ་འདྲ། །སྲོག་ལ་བར་ཆད་འོང་བ་དེར། །ལུག་གུ་སྤྱང་ཀིས་གཏོར་འདྲ་བ། །ཚེ་གཟུངས་ཚེ་མདོ་དབང་བསྐུར་ཞུ། །མ་དང་ཕྱི་མོ་ཉེ་བ་ངན། ༈ །སྲོག་གི་མ་རྡེལ་དཀར་བས་ན། །མ་དང་ཞང་པོའི་རིགས་ལ་བཟང་། །གོས་བཟང་ལུས་ལ་གྱོན་པ་འོང་། །མ་དང་འགྲོགས་ཡུན་རིང་བ་དེར། །ཆུ་བོར་གཞུང་ལས་བཟང་བར་བཤད། ༈ །སྲོག་གི་མ་རྡེལ་ནག་པས་ན། །མ་ཕྱི་རིང་ལ་ངན་པའི་དྲན། །ཆུང་བའི་འགྲོ་ཡུན་ཐུང་བའམ། །་མ་ཕྱི་རང་ཡང་ཆུང་གི་ཟིན་ན་འཐུང་། །མ་ཕྱི་ཁ་རྗེ་དབང་ཐང་ཡོད་ན་བཟང་། །སྲོག་གི་བུ་རྡེལ་བུ་ས་ཡིན། །ཚེ་སྟོད་བུ་ཡི་ཕན་ཐོགས་པས། །མི་འགྱུར་བརྟན་པའི་རི་བོ་འདྲ། །བུ་ཚ་བཟང་པོ་གཉིས་སྐྱེས་པས། སྟག་ཕྲུག་སེང་


CMR058_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲུག་བཙན་པ་འདྲ། །ཚེ་སྐད་བུ་ཡི་བཟང་ངན་བརྩི། ༈ །སྲོག་གི་བུ་རྡེལ་ནག་པས་ན། །བུ་ལ་ངན་ཞིང་རོ་ཚན་ཆེ། །རང་ཡང་ཚེ་རིང་མི་ཐུབ་པས། །ཚེ་ཆོག་བྱེད་ལ་ཚེ་མདོ་འདོན། །ཚེ་བདུད་བཀྲལ་ལ་བཟློག་མདོས་བྱ། །ཚེ་འབར་གསོ་བ་བྱས་ན་བཟང་། ༈ །སྲོག་གི་གྲོགས་རྡེལ་དཀར་བས་ན། །རྟ་ནོར་བ་ལང་སུ་ཐོན་ཚད། །རིན་ཆེན་གླིང་དུ་ཕྱིན་པ་འདྲ། །ཟས་ནོར་ལག་ཏུ་ཕྱིན་པ་དེ། །གླང་ཆེན་ཁལ་དུ་བཀལ་བ་འདྲ། །འོག་རྟ་སྒོ་ནོར་དག་ལ་བཟང་། ༈ །སྲོག་གི་གྲོགས་རྡེལ་ནག་པས་ན། །ནོར་རྒུད་ཆེ་ཞིང་བློ་ཉེས་གཏོར་བརླག་འོང་། །བུ་ཚ་མི་ཡུལ་འཁྱམས་ཉན་ཡོད། །རང་ཡུལ་བྱེ་བྲལ་འོང་བ་ཡིན། །ཆུ་སྦྱིན་ནག་པོ་སྟོང་མཆོད་བྱ། ༈ །སྲོག་གི་དགྲ་རྡེལ་དཀར་བས་ན། །ཚེ་ལ་བར་ཆད་མེད་པ་སྟེ། །བདུད་ཀྱི་ཆད་པ་མི་ཚུགས་བས། །རྩལ་གསུམ་འཛོམ་པ་སེང་གེ་འདྲ། །རང་གི་ཤེས་སྐལ་གང་ཆེ་བ། །ཚེ་སྲོག་མི་ཆད་བཟང་བ་ཡིན། ༈ སྲོག་གི་དགྲ་རྡེལ་ནག་པ་ན། །དཔའ་བོ་ལན་བརྒྱ་བྱས་ཀྱང་རི་ཁར་ཤི། །དགྲ་མནན་དགྲ་བྲུབ་ཡང་ཡང་བྱ། །ལུག་གི་བུ་དང་ནོར་སྐལ་བརྩི། ༈ །ལུས་ཀྱི་རང་རྡེལ་དཀར་བས་


CMR058_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

ན། །ལུས་ལ་ན་ཚ་མེད་པ་དེ། །ཤ་ཁྱི་ལ་ཁར་ཕྱིན་པ་འདྲ། །ཕ་མ་བུ་ལ་གཟིན་པ་དེ། །ལྕུག་ཕྲན་ཟོར་བས་རྔས་པ་འདྲ། །རང་ལ་བཟང་སྟེ་གཞན་ལ་ངན། ༈ །ལུས་ཀྱི་རང་རྡེལ་ནག་པས་ན། །ཕ་མེས་རིགས་ལ་འགྲོས་པ་དེ། །རུས་པ་མེད་པའི་མི་དང་འདྲ། །ན་ཚ་མང་ཞིང་སྲིན་བུའི་ཟིན། །བྱད་ཟློག་དང་ནི་གཏད་གྲོལ་བྱ། །སྐྱེས་པ་ན་ཚ་མང་དུ་བཤད། ༈ །ལུས་ཀྱི་མ་རྡེལ་དཀར་བས་ན། །ཕ་མྱེས་རིགས་བཟང་ཡོད་པ་དེ། །གངས་ལ་ཉི་མ་ཤར་བ་དང་། །ཕ་དང་འགྲོགས་ཡུན་རིང་བ་དེ། །དེ་ལ་ཤིང་གི་རྩེ་མོ་འདྲ། །ཕ་མྱེས་རིགས་ལ་སྤྱོད་པ་དེ། །ཡིད་བཞིན་ནོར་བུ་རྙེད་པ་འདྲ། ༈ །ལུས་ཀྱི་མ་རྡེལ་ནག་པ་ན། །ཕ་ངན་བུ་རིང་ཆུང་བ་འདི། །འགྲོགས་ལ་ཡུན་རིང་ཐུང་བའམ། །ཕུ་ནུའི་ཕན་པ་མི་ཐོགས་པས། །ས་འགམ་དང་ནི་ལུས་བསྒྱུར་བ། །མིང་ཕོ་སྐྱབས་སྡོམ་ཞུས་ན་བཟང་། ༈ །ལུས་ཀྱི་བུ་རྡེལ་དཀར་བས་ན། །ཚེ་སྟོད་བུ་ཡི་ཕན་ཐོགས་པས། །གཡུ་ཡི་ལྗོན་ཤིང་སྐྱེས་པ་ལ། །བུ་ཚ་མཛེས་པ་སྨྱུག་ཕྲན་འདྲ། །མེ་ཏོག་པདྨ་ཁ་ཕྱེས་འདྲ་བས་བཟང་། ༈ །ལུས་ཀྱི་བུ་རྡེལ་ནག་པས་ན། །ཚེ་མགོས་བུ་ཡི་ཕན་མི་ཐོགས། །ཚེ་


CMR058_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

སྟོད་ན་ཚ་མང་བ་འདི། །བུ་ལ་ཕན་མི་ཐོགས་པས་ནད་ཀྱི་ཟིན་པ་དང་། །ཐ་མ་མི་ཡུལ་འཁྱམས་པ་འོང་། ༈ །ལུས་ཀྱི་གྲོགས་རྡོར་དཀར་བ་ན། །ཁ་དང་བྱད་དུ་འཕྲད་པ་དེ། །གོམ་གསུམ་འགྲིམ་ན་སྤྱང་ཀི་འདྲ། །ཆུང་མ་མགོ་གཙང་བླང་བ་དེ། །ཡིད་བཞིན་ནོར་བུ་རྙེད་པ་འདྲ། །ཐ་མ་ཅི་འོང་ཁྱིམ་གྱི་ཁ་རྗེས་བཏང་བ་ཡིན། ༈ ལུས་ཀྱི་གྲོགས་རྡེལ་ནག་པས་ན། །བྱས་ཀྱིས་ནོར་ལ་ཕན་མི་ཐོག །ཆུང་མ་བྱས་ཡུགས་ཅན་དང་འཕྲད། །ཡང་ན་བྱེ་བྲལ་འོང་དོགས་ཡོད། །ཡས་དགུ་ཕྱེ་མོར་གླུད་འཇལ་བྱས་ན་ཕན། ༈ །ལུས་ཀྱི་དགྲ་རྡེལ་དཀར་བས་ན། །བུ་རྒྱུད་འཕེལ་ཞིང་དར་བ་ཡིན། །བེའུ་ཆང་བཟང་གསེར་དང་འདྲ། །ཆུ་གསུམ་ཞེ་སྡང་བྱེད་པ་དེ། །གསེར་གཞོང་མར་ཁུའི་བཀང་ཀླུབ་འདྲ། །ཚེ་རིང་འཕེལ་དང་བསོད་ནམས་རྟགས། ༈ །ལུས་ཀྱི་དགྲ་རྡེལ་ནག་པས་ན། །བུ་ཚ་གླང་པོ་ཆང་གི་བརྫི་བ་འདྲ། །རང་ཡང་དགྲ་དང་འཕྲད་དོགས་ཡོད། །དགྲ་བྲུབ་དང་ནི་དགྲ་ཆོས་བྱ། ༈ །དབང་རྡེལ་ནོར་ཕྱུགས་ཆེ་ཆུང་རྩིས། ༈ །དབང་ཐང་རང་རྡེལ་དཀར་བས་ན། །ཟས་ནོར་གསེར་གྱི་ཁ་འབྱེད་ཅིང་། །བཙན་དང་ཕྱུགས་གནས་ལུས་


CMR058_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོད་པ། །གཡང་དཀར་ལྷ་ཡི་གང་བར་འདྲ། ༈ །དབང་དང་རང་རྡེལ་ནག་པས་ན། །ཕ་མྱེས་ནོར་ཟས་ཕན་མི་ཐོགས། །ནོར་གོད་སྙིང་སྟོང་གོད་ཁ་འོང་། །གཡང་ཉམས་གཡང་ལེན་ཆུ་གཏོར་བཏང་། །ཚེ་ཆོག་གཡང་སྐྱབས་དགྲ་བྲུབ་ཟབ། ༈ །དབང་ཐང་མ་རྡེལ་དཀར་བས་ན། །ཕ་མྱེས་མ་ཕྱིའི་རིགས་རྒྱུད་བཟང་། །རི་རབ་སྲོག་གུར་ཕུར་བ་འདྲ་།མ་གསུ་ཞང་པོའི་དྲིན་བཟའ་བ། །རིན་ཆེན་གཏེར་ལ་སྤྱོད་པ་འདྲ། །ཡིད་བཞིན་ནོར་བུ་རྙེད་དང་མཚུངས། ༈ །དབང་དང་མ་རྡེལ་ནག་པས་ན། །ཞིང་ཕྱི་ནོར་ལ་ཕན་མི་ཐོགས། །གསུ་མོ་བག་མ་མི་ལེན་པ། །ཕུང་འདྲེ་བྱས་དང་ཕུང་སྲི་མནན། །བཅད་ཏེ་རྩིག་དང་ཆུ་གཏོར་བཏང་། ༈ །དབང་དང་བུ་རྡེལ་དཀར་བས་ན། །ཚེ་སྨད་བུ་ཡི་ཕན་ཐོགས་ཤིང་། །གསེར་གྱི་ལྗོན་ཤིང་འདབ་རྒྱས་འདྲ། །བུ་ཚ་ཁ་དྲག་མང་བ་དེ། །ཁ་གྱོད་ཟར་མའི་མེ་ཏོག་འདྲ། །ཚེ་སྨད་བུ་ཚ་བཟང་ངན་བརྟག ༈ །དབང་དང་བུ་རྡེལ་ནག་པས་ན། །ཚེ་སྐད་བུ་ཡིས་ཕན་མི་ཐོགས། །བུ་ལ་ལྕགས་ཀྱི་ཟིན་པའམ། །མི་ཡུལ་འཁྱམ་ལ་འགྲོ་བ་འོང་། །བུ་ལ་བརྗེ་བྱས་ན་བཟང་། །སཙྩ་བཏབ་ན་བཟང་བ་ཡིན། ༈


CMR058_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

དབང་རྡེལ་གྲོགས་རྡེལ་དཀར་བ་ན། །རྔ་མོང་བུ་དང་འཕྲད་པ་བཞིན། །བདུད་རྩིའི་ཆར་ཆེན་འབེབས་པ་འདྲ། །ནོར་རྫས་འབྲུ་དང་འཕྲད་པ་དེ། །ཟལ་མོ་ཟས་དང་འཕྲད་པ་འདྲ། །དབུལ་པོ་ཕྱུག་པོ་འོང་བ་ཡིན། །ཞིང་བྲུབ་བུ་ལུ་མི་འཕྲད་བཏག་པ་ནི། །དབང་ཐང་གྲོགས་རྡེལ་ནག་པས་ན། །རྨིག་པ་ཁ་བྲག་ཅན་ལ་ངན། །རྒས་ཁ་ནོར་དང་འབྲལ་ཉན་ཡོད། །ནོར་ནི་དཀར་མཚན་ཅན་ལ་ངན། །གསེར་འོད་གཡང་སྐྱབས་ནོར་གཟུངས་འདོན། ༈ །དབང་ཐང་དགྲ་རྡེལ་ནག་པས་ན། །རང་ལེན་མེད་པའི་ཤ་སྟོང་འཇལ། ༈ །ནོར་ཡོད་མི་ལ་ཤོར་ཉན་ཡོད། །རང་ཡང་མི་ཡིས་བསད་དོགས་ཡོད། །དཔོན་རིགས་བཟང་པོ་གཅིག་ནི་བཙལ་ན་བཟང་། ༈ །དབང་དང་དགྲ་རྡེལ་དཀར་བས་ན། །ཟས་ནོར་ཤོར་གོད་མེད་པ་ཡིན། །མུ་ཏིག་དར་ལ་བརྒྱུས་པ་འདྲ། །དབུལ་པོ་ཕྱུག་པོ་འོང་བ་ཡིན། །ཞག་གི་རྒྱ་མཚོ་འཁྱིལ་བ་འདྲ། །ནོར་གོད་ཆུང་བ་བཏག་པ་ཡིན། །རླུང་རྟའི་ཡིད་ཚད་བཟང་ངན་བརྩི། །རླུང་རྟའི་རང་རྡེལ་དཀར་བས་ན། །ཡིད་ཚད་ཡི་གེ་གཏེར་མི་ལ། །གསོན་ཁྱིམ་འགྲོ་བ་གསེར་གཡུ་སྤྲས་པ་འདྲ། །ངན་སྔགས་གང་ལ་སྒྲུབ་པ་


CMR058_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

དེ། །ལྕགས་མིག་སྲན་མ་འདྲིལ་བ་འདྲ། ༈ །རླུང་རྟའི་རང་རྡེལ་ནག་པས་ན། །ཕྱི་མི་བྱམས་ན་ནང་མི་སྡེ། །གོང་མས་བྱམས་ལ་འོག་མས་སྡང་། །གཏོ་ལ་དགྲ་བ་བྱུར་བདུན་བྱ། །མི་ཁ་བྲུབ་མནན་བྱས་ན་བཟང་། ༈ །རླུང་རྟའི་ཡ་རྡེལ་དཀར་བས་ན། །རིགས་རྒྱུད་བཟང་པོ་འཁོར་བ་དེ། །མུ་ཏིག་བཙལ་རྙེད་བརྒྱུས་པ་འདྲ། །མཚན་པ་ཕྲིན་ལས་རིམ་པ་ནི། །ངར་དང་མར་ཆེན་བརྒྱང་པ་འདྲ། །ཕྱི་མཛེས་རྒྱལ་མཚན་རྩེ་མོ་འདྲ། ༈ །རླུང་རྟའི་མ་རྡེལ་ནག་པ་ན། །བློན་པོ་དང་ནི་དྲིན་ཆུང་བའི། །ཤེས་རབ་སློབ་ཀྱང་མི་ལོབ་པ། །རིགས་རྒྱུད་མི་ལ་ཤོར་བའམ། །ཁ་རྗེ་སློང་ན་བཟང་བར་བཤད། ༈ །རླུང་རྟའི་བུ་རྡེལ་དཀར་བས་ན། །གཉེན་འདུན་བརྩེ་གདུང་ཆེ་བ་དེ། །ཁ་རོ་ལ་ལྕགས་གཟར་བ་འདྲ། །གཞང་ཞིང་གྲོགས་ཁ་མ་རལ་བ། །མུ་ཏིག་དར་ལ་བརྒྱུས་པ་འདྲ། །ཚེ་སྨད་བུ་ཡི་མིང་མ་བརྩི། ༈ །རླུང་རྟའི་བུ་རྡེལ་ནག་པས་ན། །ཕ་ཚན་ནམ་བུ་དབང་ཐང་ཆུང་། །རྒྱ་མཁལ་བརྩིགས་དང་ཏོག་གཟུངས་འདོན། ༈ །ཀླུང་རྟའི་གྲོགས་རྡེལ་དཀར་བས་ན། །ཟས་ནོར་ལག་ཏུ་འོང་བ་དེ། །མཐུད་མར་བརྩེགས་པའི་རི་བོ་འདྲ། །རྒས་ཁ་


CMR058_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

གཡང་ཁ་མ་རལ་བ། །དངུལ་གཞོང་མར་ཁུའི་བཀང་བ་འདྲ། །སྒོ་ནོར་ཡོད་མེད་སྐྱིད་སྡུག་བདག་༈ །རླུང་རྟའི་གྲོགས་རྡེལ་ནག་པས་ན། །བྱས་སུ་ནོར་མི་གཡང་ཉམས་པ། །གཡང་སྐྱོབས་འདོན་ལ་གཡང་འབོད་བྱ། ༈ །རླུང་རྟའི་དགྲ་རྡེལ་དཀར་བས་ན། །སྔོན་དུ་ཐམས་ཅད་བྱམས་པའི་ནད། །ལྷག་པར་རྣོ་སོ་སྨྲ་མི་བྱེད། །རྒྱལ་པོ་ལྐོག་གི་མི་རྣམས་དང་། །ཉེ་བའི་ཕན་པས་མི་སྡང་ངོ་། །རྒས་ཁ་དགྲ་རྣམས་ཐུལ་བ་དང་། །ཐམས་ཅད་ཀུན་གྱི་བྱམས་པ་ཡིན། ༈ །རླུང་རྟའི་དགྲ་རྡེལ་ནག་པས་ན། །སྐྱིད་ཀ་དགྲ་རྐུན་ལང་བ་དང་། །མཚོན་ཆ་རྣོ་གཅོད་བབ་པ་ཡིན། །དགྲ་མནན་དགྲ་ཆོས་དགྲ་བྲུབ་བྱ། །བླ་མར་སྐྱབས་སྡོམ་ཞུ་བའོ། ༈ །སྲོག་བཞིའི་ལུས་ཚང་ངམ་མ་ཚང་། །༈ རྣམ་བཞིའི་ལྷག་པ་བུད་མི་བུད། ༈ །བུ་བཞིའི་མཁར་བུ་ཚུད་དམ་མ་ཚུད། ༈ །གྲོགས་བཞིའི་གཏེར་ཆེན་ཐོན་ནམ་མ་ཐོན། ༈ །དགྲ་བཞིའི་བྱུར་བཞི་བཤའ་མཚོན་ཐོགས་སམ་མ་ཐོགས། ༈ །བུ་བཞིའི་བློ་སྒོ་ཤོར་རམ་མ་ཤོར་བརྟགས་པའོ། ༈ །སྲོག་བཞིའི་དཀར་པོ་བྱུང་བས་ན། །ཚེ་ཡི་གཞི་མ་མ་ཤོར་བཟང་། །ཚེ་ཡི་ཉི་མ་བདུན་དུ་ཤར། །ཚེ་


CMR058_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་དགུ་བཅུ་ཐུབ་པ་ཡིན། ༈ །མ་བཞི་དཀར་པོ་བྱུང་བས་ན། །ཕ་ཁུ་དར་མ་ཚེ་ཡི་མདུད། །ཞང་མྱེས་རིག་རྒྱབ་བརྟེན་མི་ཆེན་ལ། ༈ །བུ་བཞི་དཀར་པོ་བྱུང་བ་ན། །བུ་ནི་དྲུག་དང་བདུན་གྱིས་བསྐུར། ༈ །གྲོགས་བཞི་དཀར་པོ་བྱུང་བས་ན། རི་རབ་ལ་རྒྱབ་རྟེན། རྒྱ་མཚོ་ལ་མཆུ་ཟུག་པ། འབྲི་བརྒྱ་བཞོ། ལུག་བརྒྱ་བཏགས། ༈ །དགྲ་བཞི་དཀར་པོ་བྱུང་བས་ན། རྒྱས་པ་ཁ་བུ་དང་ནོར་ལ་འཕེལ། དགྲ་རྣམས་ཐུལ་བ་ཕར་ཐུབ་བྱེད། །སྲོག་བཞི་ནག་པོ་བྱུང་བས་ན། །ཚེ་སྲོག་ལ་ཁར་ཕྱིན་པའི་རྩེ་མོ་ཆེ། ༈ །མ་བཞི་ནག་པོ་བྱུང་བའི་ན། གསུ་མོ་བུ་སྲིན་མཐའ་ནས་རྩོད་ཆད་ཡིན། ༈ བུ་བཞི་ནག་པོ། ད་ལྟ་བུ་སྤུན་མང་ན་ཡང་། ཐ་མལ་རབས་ཆད་བུ་མལ་སྟོང་། ༈ གྲོགས་བཞི་ནག་པོ། །ཟས་ནོར་མི་ལ་ཤོར་དོགས་འོང་། ༈ དགྲ་བཞི་ནག་པོ་བྱུང་བས་ན། །ནོར་བརྒྱ་ཡོད་ཀྱང་ཐ་མ་སྤྲང་པོར་འགྲོ། ཡོད་པ་མི་ལ་ཤོར། འབྲི་བརྒྱ་བཞོས་ཀྱང་ཐ་མ་བཞོ་རྫ་ས་ཟད། ཐ་མ་ཇེ་ངན་དུ་འགྲོ་གསུངས་སོ། །དར་རྒུད་གསེར་ཕྲེང་གི་རྡེལ་དཔྱད་གསལ་བའི་སྒྲོན་མེ་ཞེས་བྱ་བ་རྫོགས་སོ།། །།སརྦ་མངྒ་ལཾ།།


CMR058_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

རེའུ་མིག་ཡོད། ལྕགས་བྱི་ལོ་པ་རང་ལོའི་བྲེ་གང་རྡེལ་དྲུགགི་རྡེའུ། བུ་མོ་ལྕགས་བྱི་ལོ་པ་རང་ལོའི་བྲེ་གང་རྡེལ་དྲུག་གི་རྡེའུ། གོང་གསལ་བཞིན་འདི་དོན་ལྟར་རིགས་པས་དཔྱད་ཤེས་དགོས། གནམ་ཁྱི་སྦྱོར་རྩིས་ཡོད། འདི་འོག་གསོན་རྩིས་ཡོད། །


CMR058_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

རེའུ་མིག་ཡོད། མེ་ཕོ་བྱི་བ་སྐྱེས་དར་མ་རང་ལོ་ཉེར་ལྔའི་བྲེ་གང་རྡེལ་དྲུག་གི་རྡེའུ། བུད་མེད་མེ་ལོ་བྱི་བ་རང་ལོ་༢༨ལོ་པའི་བྲེ་གང་རྡེལ་དྲུག་གི་རྡེའུ།


CMR058_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

རེའུ་མིག་ཡོད། ས་ཕོ་སྟག་གི་ལོ་ས་ཕོ་ལོ་བརྒྱད་ཅུ་རྩ་གསུམ་ལོ་པའི་བྲེ་གང་རྡེལ་དྲུག་གི་རྡེའུ། ༈ བུད་མེད་ས་ཕོ་སྟག་གི་ལོ་མ་ལོ་བརྒྱད་ཅུ་རྩ་གསུམ་ལོ་པའི་བྲེ་གང་རྡེལ་དྲུག་གི་རྡེའུ།


previousདར་རྒུད་གསེར་ཕྲེང་གི་རྡེལ་བཞིགnext