Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྨེ་བའི་སྒང་རྩིས།
   
   
   


 
previousསྨེ་བའི་སྒང་རྩིས།next

སྨེ་བའི་སྒང་རྩིས།


CMR058_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

སྨེ་བའི་སྒང་རྩིས་བཞུགས་པའི་དབུ་ཕྱོགས་ལགས་སོ། །


CMR058_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

ཨེ་མ་ཧོ། འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །སྣང་གསལ་སྒྲོན་མེའི་བཅུད་ཕྱུང་བ། །སྨེ་བའི་སྒང་རྩིས་ཆེན་མོ་ལས། །དགུ་ལིང་རྣམ་པ་ལྔ་རུ་བཤད། །ལུས་སྨེ་སྲོག་སྨེ་དབང་དང་གསུམ། །ཀླུང་རྟེ་མ་རླུང་གཉིས་དང་ལྔ། །ལུས་སྨེ་དགུ་ལིང་ལྷོ་རུ་བྱ། །སྲོག་སྨེ་དགུ་ལིང་དབུས་སུ་བྱ། །དབང་སྨེ་དགུ་ལིང་བྱང་དུ་བྱ། །ཀླུང་རྟའི་སྨེ་བ་ཤར་དུ་བྱ། །མ་རླུང་དགུ་ལིང་ནུབ་ཏུ་བྱ། །དེ་ལྟར་དགུ་ལིང་ལྔ་ཙམ་ལ། །དང་པོ་ལུས་ཀྱི་སྨེ་བ་ལེན། །གང་ཤར་དགུ་ལིང་དབུས་སུ་བཞག །སྨེ་བ་ལོ་ཡི་ཕོ་མོ་ཡིན། །ཕོ་དྲུག་གིན་ལ་མོ་དྲུག་ཟོན། །གང་བབ་ལོ་ལ་བརྩི་


CMR058_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཤེས། །དབུས་བཞག་ལུས་ཀྱི་སྨེ་བ་དང་། །གར་བབ་སྨེ་བ་འཐབ་པ་ཡིན། །སྨེ་སྒོ་ཤར་ལ་སྨེ་ཕུག་ནུབ། །དེ་ནས་ཤར་གྱི་སྨེ་བ་ལེན། །གང་ཤར་དགུ་ལིང་དབུས་སུ་བཞག །ལོ་གྲངས་རྩིས་ལ་ཤེས་པར་བྱ། །དགུ་ལིང་དེ་ཡི་གར་བབ་འཐད། །དེ་ནས་ཤར་ལྷོའི་སྨེ་བ་ལེན། །གང་ཤར་དགུ་ལིང་དབུས་སུ་བཞག །གར་བབ་དེ་དང་འཐབ་པ་ཡིན། །གཉིས་པ་སྲོག་གི་སྨེ་བ་ལེན། །གསུམ་པ་དབང་ཐང་སྨེ་བ་ལེན། །བཞི་པ་ཀླུང་རྟའི་སྨེ་བ་ལེན། །ལྔ་པ་མ་རླུང་རྨེ་བ་ལེན། །གང་བླངས་སྨེ་བ་དབུས་སུ་བཞག །སྨེ་བརྒྱད་དང་པོ་སྒོ་ནས་ལེན། །དེ་


CMR058_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཤར་ལྷོའི་སྨེ་བ་ལེན། །གང་བླངས་རང་རང་ཕྱོགས་སུ་བཞག །ཕོ་མོ་གཉིས་ལ་དབྱེ་བ་མེད། །གཡས་སྐོར་བྱེད་ནས་ལེན་པ་ཡིན། །དགུ་མིག་པ་ལ་སྒང་རྩིས་སྤང་། །དེ་ལྟར་སྨེ་བའི་སྒང་རྩིས་ལ། །རྟེལ་བུ་བཞི་བཅུ་ཞེ་ལྔ་བཤད། །མ་བུ་དགྲ་གྲོགས་གཉིས་དང་བཞི། །འབྱུང་བ་ནང་འཕྲད་ལྔ་དང་དགུ། །མ་འཕྲད་རྡེའུ་དཀར་པོ་གཉིས། །བུ་འཕྲད་རྡེའུ་དཀར་ནག་གཉིས། །གྲོགས་འཕྲད་རྡེའུ་དཀར་པོ་གཅིག །དགྲ་འཕྲད་རྡེའུ་ནག་པོ་གཉིས། །ས་ཆུ་ནང་འཕྲད་དཀར་པོ་གཅིག །མེ་ལྕགས་ཤིང་གསུམ་ནང་འཕྲད་ནག་པོ་རེ། །མ་ལོ་མ་ཤེས་སྤར་སྨེ་ལེན། །དེ་ནས་རྡེའུ་རྫོགས་པ་དང་། །སྨེ་བའི་སྒང་རྩིས་དཔྱད་པ་ལ། །ལྷོ་ཕྱོགས་ལུས་ཀྱི་སྨེ་བ་འདི། །མཐོན་པོ་དགུང་གི་སྐོར་ཕྱུ་ཡིན། །གནམ་གྱི་ཀ་བ་མ་འགྱེལ་དགོས། །ལུས་རྡེལ་དགྲ་འཕྲད་འགྱེལ་བ་ཡིན། །ཉི་མ་ཟླ་བ་སྐར་མ་གསུམ། །དུས་གཅིག་གཟའ་ཡིས་མ་འབྱངས་དགོས། །ནག་གསུམ་འཛོམ་ན་འབྱུང་བ་ཡིན། །དབུས་མ་སྲོག་གི་སྨེ་བ་འདི། །རི་རྒྱལ་ལྷུན་པོའི་སྐུ་ཕྱུ་ཡིན། །རི་རྒྱལ་ཐོག་གིས་མ་བཤིག་དགོས། །དབུས་རྡེལ་དགྲ་འཕྲད་བཤིག་པ་ཡིན། །ཡམས་ཀྱི་སྒོ་མོ་མ་ཁྲིད་


CMR058_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

དགོས། །ནག་གསུམ་འཛོམ་ན་ཁྲིད་པ་ཡིན། །བྱང་ཕྱོགས་དབང་ཐང་སྨེ་བ་འདི། །དང་མོ་ས་ཡི་གཞི་ཕྱུ་ཡིན། །ས་ལ་ས་ཟད་མ་བྱུང་དགོས། །དབུས་རྡེལ་དགྲ་འཕྲད་ཟད་ཞིག་འབྱུང་། །རྩི་ཐོག་སད་ཀྱིས་མ་ཁྱེར་དགོས། །ནག་གསུམ་འཛོམ་ན་ཁྱེར་བ་ཡིན། །ཤར་ཕྱོགས་ཀླུང་རྟའི་སྨེ་བ་འདི། །སྙིང་སྟོང་མདུན་ངོ་མ་བྱུང་དགོས། །ནག་གསུམ་འཛོམ་ན་བྱུང་བ་ཡིན། །ནུབ་ཕྱོགས་མ་ཀླུང་སྨེ་བ་འདི། །ཁ་མཆུ་གླེང་གཞི་མ་བྱུང་དགོས། །ནག་གསུམ་འཛོམ་ན་བྱུང་བ་ཡིན། །ཤར་ཕྱོགས་དུང་རི་དཀར་པོ་ལ། །དུང་སེང་གཡུ་རལ་མ་གོག་དགོས། །སྟོད་གསུམ་ནག་ན་གོག་པ་ཡིན། །ལྷོ་ཕྱོགས་གཡུ་རི་སྔོན་པོ་ལ། །གཡུ་འབྲུག་སྒྲ་སྐད་མ་ལྐུག་དགོས། །སྟོད་གསུམ་ནག་ལ་ལྐུག་པ་ཡིན། །ནུབ་ཕྱོགས་ཟངས་རི་དམར་པོ་ལ། །མཚལ་བྱའི་གཤོག་པ་མ་ཆད་དགོས། །བར་གསུམ་ལྷག་ན་ཆད་པ་ཡིན། །བྱང་ཕྱོགས་གཡུ་མཚོ་སྔོན་མོ་ལ། །ཉ་སྲམ་ཆབ་དང་མ་བྲལ་དགོས། །སྨད་གསུམ་ནག་ན་བྲལ་བ་ཡིན། །གནམ་གྱི་འཇུ་ཐག་མ་ཆད་དགོས། །ཡར་དེད་དགུ་ལ་རྡེལ་ནག་གཉིས། །གནམ་གྱི་འཇུ་ཐག་ཆད་པ་ཡིན། །མར་དེད་དགུ་ལ་


CMR058_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

རྡེལ་ནག་གཉིས། །ས་ཡི་རྟེན་ཕུར་བུད་པ་ཡིན། །བརྟེན་པའི་ཀ་བཞི་མ་འགྱེལ་དགོས། །དབུས་རྡེལ་བཞི་པོ་ནག་པ་ན། །བརྟེན་པའི་ཀ་བཞི་ནག་འགྱེལ་ཡིན། །གདུང་མ་བརྒྱད་པོ་མ་ཡོ་དགོས། །ནག་པོ་མང་ན་ཡོ་བ་ཡིན། །བར་འཁྱམས་བཅུ་གཉིས་མ་འཁྱམས་དགོས། །ནག་པོ་མང་ན་འཁྱམས་པ་ཡིན། །ཕྱི་ར་ཉི་ཤུ་མ་འཐོར་དགོས། །ནག་པོ་མང་ན་འཐོར་བ་ཡིན། །དབུས་ཀྱི་ཀ་ཆེན་མ་འགྱེལ་དགོས། །དགྲ་དང་འཕྲད་ན་འགྱེལ་བ་ཡིན། །ད་ནི་གདན་ས་དབྱེ་བ་ལ། །ལུས་སྨེ་སྟོད་ཀྱི་རྡེལ་གསུམ་འདི། །ཆེ་རྒྱུད་ནང་ཟློགི་ཆེ་རྒྱུད་ས། །ལུས་སྨེ་བར་གྱི་རྡེལ་གསུམ་འདི། །ཆེ་རྒྱུད་ནང་གི་འབྲིང་རྒྱུད་ས། །ལུས་སྨེ་སྨད་ཀྱི་རྡེལ་གསུམ་འདི། །ཆེ་རྒྱུད་ནང་གི་ཆུང་རྒྱུད་ས། །སྲོག་སྨེ་སྟོད་ཀྱི་རྡེལ་གསུམ་འདི། །འབྲིང་རྒྱུད་ནང་གི་ཆེ་རྒྱུད་ས། །སྲོག་སྨེ་བར་གྱི་རྡེལ་གསུམ་འདི། །འབྲིང་རྒྱུད་ནང་གི་འབྲིང་རྒྱུད་ས། །སྲོག་སྨེ་སྨད་ཀྱི་རྡེལ་གསུམ་འདི། །འབྲིང་རྒྱུད་ནང་གི་ཆུང་རྒྱུད་ས། །དབང་ཐང་སྨེ་བའི་སྟོད་གསུམ་འདི། །ཆུང་རྒྱུད་ནང་གི་ཆེ་རྒྱུད་ས། །དབང་ཐང་སྨེ་བའི་བར་གསུམ་འདི། །ཆུང་རྒྱུད་ནང་གི་འབྲིང་རྒྱུད་ས། །དབང་ཐང་སྨེ་བའི་སྨད་


CMR058_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་འདི། །ཆུང་རྒྱུད་ནང་ནས་ཆུང་རྒྱུད་ས། །ཀླུང་རྟའི་སྨེ་བའི་སྟོད་གསུམ་འདི། །ཕ་སྤུན་ནང་གི་ཆེ་རྒྱུད་ས། །ཀླུང་རྟའི་སྨེ་བའི་བར་གསུམ་འདི། །ཕ་སྤྱན་ནང་གི་འབྲིང་རྒྱུད་ས། །ཀླུང་རྟའི་སྨེ་བའི་སྨད་གསུམ་འདི། །ཕ་སྤུན་ནང་གི་ཆུང་རྒྱུད་ས། །མ་རླུང་རྨེ་བའི་སྟོད་གསུམ་འདི། །མྱེས་བཙུན་ནང་གི་ཆེ་རྒྱུད་ས། །མ་རླུང་རྨེ་བའི་བར་གསུམ་འདི། །སྐྱེས་བཙུན་ནང་གི་འབྲིང་རྒྱུད་ས། །མ་རླུང་རྨེ་བའི་སྨད་གསུམ་འདི། །མྱེས་བཙུན་ནང་གི་ཆུང་རྒྱུད་ས། །དེ་ལྟར་གདན་ས་བཅོ་ལྔ་ལ། །ནག་པོ་བྱུང་ན་ངན་པ་ཡིན། །དཀར་པོ་བྱུང་ན་བཟང་བར་བཤད། །གཡས་གསུམ་ཐམས་ཅད་ལྷ་ས་ཡིན། །བཙང་ཕོད་ལྷ་ཡིས་མ་བཙང་དགོས།་།དཀར་པོ་མང་ན་མ་བཙང་ངོ་། །ནག་པོ་མང་ན་བཙང་བ་ཡིན། །དེ་ཡི་གཏོ་ལ་འདི་ལྟར་གྱིས། །ཕོ་སྐོར་མགོ་ལ་ཞྭ་ནག་གྱོན། །རྐང་ལ་རེ་བའི་ལྷམ་ནག་གྱོན། །ཡུལ་དགུ་དག་ཏུ་སྤང་བ་དང་། །རུས་པ་མི་གཅིག་བོན་གསུམ་གྱིས། །གཤིན་རྗེའི་ཚང་བཟློག་མགོ་གསུམ་དང་། །ཀུན་རིག་ཆོ་ག་གྱིས་དང་འགྱུར། །གཡོན་གསུམ་ཐམས་ཅད་འདྲེ་ས་ཡིན། །ཉེ་ཕོད་འདྲེ་ཡིས་མ་ཉེ་དགོས། །ནག་པོ་མང་ན་


CMR058_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

ཉེ་བ་ཡིན། །དཀར་པོ་མང་ན་མ་ཉེས་སོ། །ཚེ་བདུད་ནག་པོའི་བཟློག་མདོས་གྱིས། །ཡང་ན་གཤིན་རྗེའི་ཚང་བཟློག་དང་། །བདུད་བཟློག་ཐང་གསུམ་རྒྱས་པར་གྱིས། །གཡས་གཡོན་དཀར་ནག་ཆ་མཉམ་ལ། །ལྷ་ས་གཅིག་གམ་གཉིས་ནག་ཤི། །འདྲེ་ས་གཅིག་གམ་གཉིས་ནག་ན། །ལྷ་འདྲེས་ཉོ་ཚང་གཏམ་འདོད་ཡིན། །དེ་ལ་དུར་ཁ་ཚེ་བཟློག་དང་། །གཤིན་རྗེའི་ཚང་བཟློག་གྱིས་དང་ལེགས། །དཀར་ནག་ཆ་མཉམ་ལྷ་མཆོད་ཅིང་། །མར་ལ་འདྲེ་ཡང་བཀར་ན་བཟང་། །རུས་པ་མི་གཅིག་བོན་གསུམ་གྱིས། །མགོ་ཞྭ་མི་འདྲ་གསུམ་གྱོན་ནས། །དགྲ་བྲུབ་དང་ནི་གྲི་བྲུབ་གྱིས། །ཁ་མང་བརྒྱ་ཡི་ཁ་ཁོག་ལ། །མིག་མང་བརྒྱ་ཡི་མིག་གཡོར་ཅིག །མཚན་བརྗོད་སྟོང་ཙམ་བརྗོད་པ་དང་། །ཐུགས་རྗེ་ཆེན་པོ་འུར་འདོན་གྱིས། །ཡར་གྱི་གནམ་སྒོ་བྱེ་བ་དང་། །འཁྲི་འཕང་བཅུ་གསུམ་རྩེ་མོ་རུ། །ཁྱི་མགོས་གནམ་གྱི་དར་སྒོ་ཆོད། །ས་སྒོ་བྱེ་ན་ངར་མི་ཚང་། །དཀྱིལ་གསུམ་ཐམས་ཅད་མི་ས་ཡིན། །དཀར་ནག་འདྲེས་མ་བྱུང་ན་བཟང་། །ལུས་སྨེའི་དཀྱིལ་མ་ལག་པ་ཡིན། །བསྙབས་པའི་ལག་པ་མ་ཆག་དགོས། །ཆག་ན་མགོ་དཔོན་བཟའ་དཔོན་དང་། །ཕོ་ཡི་


CMR058_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

རྒན་རིམ་གཅིག་ལ་ངན། །འདབས་ཆགས་བརྒྱ་ལ་སྟོན་མོ་གྱིས། །ཟན་གྱི་རིལ་བུ་གྲངས་མེད་གཏོར། །ཡར་ལ་བསང་སྒོ་བཅུ་གསུམ་གྱིས། །ལྷག་པར་ཕོ་དང་ཕོ་ཡི་ས། །སྤྱི་བོ་གང་གི་གནམ་རྡིབ་ཟེར། །དེ་ལ་ཚེ་རིང་གསས་མཁར་བརྩིགས། །མགོན་པོ་བྱ་གདོང་མངའ་གསོལ་བྱ། །ཡར་དུ་མཉན་རྒྱལ་ཤ་རུ་ཁྱོག །མ་སྐོར་གནམ་གྱི་མདུན་ཞྭ་ཕུད། །ཕ་སྐོར་མདའ་ཁ་གྲི་འཛིན་གྱིས། །གྲི་སྐེད་ཐུམ་ལ་གྲི་མདོས་གྱིས། །ཕ་དང་རྒས་རིམ་སྒོམ་ཆེན་གྱིས། །མར་མེ་ཚེ་འབར་ལོ་གྲངས་གསོས། །ཡུལ་དགུ་སྤྱང་ལ་ཁྱིམ་མཚེས་ཀྱི། །ཁྱི་རྣམས་བསྡུས་ལ་སྟོན་མོ་གྱིས། །དེ་གོང་གཏོ་འགྱུར་དམོད་བཅོལ་གྱིས། །གོང་གི་གཏོ་རྣམས་མ་འཕྲོད་ན། །གཏོ་ནག་དེ་ལྟར་གྱིས་དང་འགྱུར། །སྲོག་སྨེའི་དཀྱིལ་ན་ལྟ་བའི་མིག །ལྟ་བའི་སྤྱན་མིག་མ་ལང་དགོས། །ལང་ན་རང་དང་བུ་ལ་ངན། །མཚན་བརྗོད་གྲངས་མེད་རྒྱུན་ལ་བསང་། །ཚེ་འབར་མར་མེ་ལོ་གྲངས་གསོས། །སྐོར་བ་ལོ་ཡི་གྲངས་ཙམ་གྱིས། །བདུད་བཟློག་རྒྱས་པ་གཅིག་གིས་ནི། །སྟེང་དུ་དུང་སྐས་ཐེམ་པ་བཅུ་གསུམ་བྱ། །ཡང་ན་གྲོག་ཚང་གྲངས་མེད་ཐམས་ཅད་དུ། །བྲ་ཕྱེ་བླུག་ལ་འདི་སྐད་


CMR058_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད། །བདག་མིང་འདི་ཞེས་བྱ་བ་ཡི། །སྟོན་མོ་ཚོགས་བསོགས་བྱེད་པ་ཡིན། །བདག་གིས་འཆི་བཟློག་བདུད་བཟློག་བྱ། །གློ་བུར་ནད་རྣམས་ད་སོལ་ཅིག །དེ་ལྟར་བཀའ་བསྒོ་གང་ཤེས་བྱ། །དབང་ཐང་སྨེ་བའི་དཀྱིལ་མ་འདི། །འགྲོ་བར་བྱེད་པའི་རྐང་པ་ཡིན། །འགྲོ་བའི་རྐང་པ་མ་ཆག་དགོས། །ཆག་ན་ཆུང་རྒྱུད་བུ་ལ་ངན། །ཞ་བོ་བརྒྱ་ལ་སྟོན་མོ་གྱིས། །ཞྭ་ཚང་ནང་དུ་བྲ་ཕྱེ་བླུགས། །ཆུ་ནང་ཉ་ལྕོང་གྲངས་མེད་ལ། །ཟན་གྱི་རིལ་བུ་གྲངས་མེད་གྱིས། །ཆོས་སྒོར་ཞུགས་པའི་དགེ་འདུན་ལ། །རྒྱ་བོ་ཁ་སེར་ཁྱེད་རྣམས་ལ། །བདག་མིང་འདི་ཞེས་བགྱིས་པ་ཡིས། །སྟོན་མོ་ཚོགས་སོགས་བྱས་པ་ཡིས། །བདག་གི་རྒྱལ་པོས་ལོ་སྐག་སྒྱུར། །སྲིན་པོའི་ལོ་སྐག་ད་བསྒྱུར་ཅིག །ས་བདག་ལོ་སྐག་ད་བསྒྱུར་ཅིག །བཙན་བདུད་ལོ་སྐག་ད་བསྒྱུར་ཅིག །སྤར་ཁའི་ལོ་སྐག་ད་བསྒྱུར་ཅིག །སྨེ་བའི་ལོ་སྐག་ད་བསྒྱུར་ཅིག །ཞེས་པའི་ཚིགས་བཅད་ཁ་ཐོན་གྱིས། །ཡང་ན་བྱིས་ཚང་ལོ་གྲངས་ཀྱི། །སྟེང་དུ་ངར་མི་ལོ་གྲངས་བཅུག །ལོ་བདུད་སྟེང་དུ་བསྲེག་ལོས་གྱིས། །གོང་གི་གཏོ་རྣམས་མ་འཕྲོད་ན། །གཏོ་ནག་དེ་ལྟར་གྱིས་དང་འགྱུར། །བསམ་པའི་སྙིང་


CMR058_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

ནི་མ་བུད་དགོས། །བུད་ན་སྐྱེས་པ་དར་མར་ངན། །ཡ་རབ་ཡིན་ན་སྤང་དག་གྱིས། །ཀུན་རིག་ཆོ་ག་བརྒྱ་རྩ་དང་། །དཀྱིལ་འཁོར་ཞལ་བསྒྱུར་ལྔ་རྩེག་དང་། །ཨུཥྞི་ཥ་ཡི་བཟློག་བསྒྱུར་དང་། །རིན་པོ་ཆེ་ཡི་ཤ་རྒྱས་ཆོག །གསོན་གཤིན་གྱིས་ལ་ཡུལ་དགུ་སྤྲང་། །རྟ་ནོར་ལམ་སྟོན་སྤྲིལ་ཤིག་གྱིས། །དེ་རྣམས་མ་འཕྲོད་འདི་རྣམས་གྱིས། །ཕོ་སྐྱེས་ཡིན་ན་ཞྭ་ཡི་ནང་། །ནག་མོ་ཡིན་ན་བལ་འཕང་ནང་། །ངར་མི་སྤར་ཁའི་ཁ་དོག་གྱིས། །ཆངས་སྤྱད་བརྒྱད་ཅུ་རྩ་གཅིག་པ། །ལོ་གྲངས་དགུ་ཡིས་བསྐོར་ལ་ཞོག །ཕོ་ལ་མདའ་སྟེ་མོ་ལ་འཕང་། །ལོ་ཁྲམ་བྲིས་ལ་གཡས་སུ་བཞག །རྟ་ནོར་ཆ་སྤྱད་བཅས་པ་ཡི། །གླུད་འཇལ་ཚང་མ་སྣོད་དུ་བཅུག །བརྒྱ་ལམ་མདོ་རུ་བསྐྱལ་ཏེ་བོར། །ཡང་ན་བསྲེགས་ལོས་གྱིས་དང་བཟང་། །བརྟེན་པའི་མཆིན་པ་མ་བུད་དགོས། །བུད་ན་ཕ་སྤུན་རང་ལ་ངན། །རླུང་རྟ་ཕ་སྤུན་ས་ཡིན་པས། །དགྲ་འཕྲད་ནག་པོ་མང་གྱུར་ན། །དོན་མཆོག་བརྩེགས་པ་སྡོང་རྒྱན་མདོས། །ཁྲོ་བོ་རོལ་པའི་བཟློག་པ་དང་། །ཚེ་བདུད་ནག་པོའི་བཟློག་པ་དང་། །ཁ་འབར་མ་ཡི་བཟློག་པ་དང་། །རྒྱ་ནག་ངན་བཟློག་སྐག་བཟློག་


CMR058_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །རྒྱ་ནག་ཚུལ་བཟློག་བརྒྱ་བཞིའི་མདོས། །ཐང་འབུམ་དུར་ཁ་ཚེ་བཟློག་དང་། །འབྱུང་བ་ལམ་སེལ་གྱིས་དང་འགྱུར། །ཡང་ན་འབྲུ་ནག་བསྲེས་པ་ཡི། །ངར་མི་གླུད་ཟན་ཆངས་སྤྱད་ནི། །གྲངས་མེད་གྱིས་ལ་སྟོན་མོ་དྲོངས། །ལན་ཆགས་ཆུ་སྦྱིན་གཏོར་མ་ཐོང་། །ཚ་ཚ་་གྱིས་ལ་སྣང་བརྒྱད་ཐོན། །མཆོད་རྟེན་བརྩིགས་ལ་དཀར་ཆབ་གསོལ། །ལྷ་ཁང་རྣམས་ལ་ཚེ་འབར་གསོས། །ལམ་ངན་གསོ་ཤིང་ཟམ་པ་ཚུགས། །མ་ཀླུང་འགྲོ་བའི་རྐང་པ་ཡིན། །རྐང་མར་བུད་ན་ཨ་ཕྱི་དང་། །ལྷག་པར་མ་ལ་ངན་པ་ཡིན། ཡང་ན་འོག་རྟ་འགེལ་མཛོ་དང་། །སྒོ་ཡི་ནོར་ལ་ངན་པར་ངེས། །གཏོ་ལ་གསོན་གཤིན་འཆི་བསླུ་གྱིས། །མཆོད་རྟེན་བརྩེགས་ལ་སྣང་བཞི་ལུགས། །ཤ་རྒྱས་ཆོ་ག་སྦྱིན་སྲེག་བླུགས། །རྒྱལ་མོ་ཝ་ཤིག་རྩུབ་གྱུར་གྱིས། །སྟོང་བྲུབ་མི་ཁ་བྲུབ་མནན་གྱིས། །དགྲ་སྲི་བྲུབ་ལ་དཔལ་ཁྲུས་གྱིས། །གནམ་ས་སྣང་བརྒྱད་བརྒྱ་ཚར་ཐོན། །གསེར་འོད་ཐོན་ལ་གཡང་སྐྱབས་བྱ། །དེ་ལྟར་རྒྱས་པ་མ་འཕྲོད་ན། །ཆོས་དཀོར་དང་ནི་འོག་རྟ་དང་། །ཁལ་མཛོ་སེམས་ཅན་ཀུན་གྱི་སར། །འགགས་པ་སོལ་འགགས་མདུད་པ་ཁྲོལ། །དབང་ཐང་གཡང་གི་ར་


CMR058_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཡིན། །ངན་ན་ཟ་ཁ་བསེ་རག་ཞུགས། །དབང་ཐང་བདུད་རྩིའི་འོ་མ་ཕོས། །ཡར་ལ་མཚུན་བཅོས་གཡང་ལེན་བྱ། །ཆུ་སྦྱིན་ནག་པོ་སྟོང་བསྔོའོ། །ཨ་རོ་ལི་ཀའི་ཆུ་གཏོར་དང་། །ཕོ་མ་རུ་རིང་གྲེ་སེལ་གྱིས། །ཕོ་ལམ་བྱེ་བྲལ་བྱུང་བ་དང་། །མི་ནག་གཡག་ཁམ་བཀལ་བ་དང་། །ར་ལུག་དཀར་ནག་ཕྱེ་གསལ་དང་། །གླང་པོ་ཆེ་ཡི་སྣ་བསྒྱུར་དང་། །མི་ནག་མགོ་གསུམ་བཟློག་པ་གྱིས། །གནམ་གྱི་འཇུ་ཐག་ཆད་པ་ན། །བསྐང་བཤགས་གྱིས་ལ་གཡག་ནག་དང་། །ར་ལུག་ནག་པོ་རྩེན་ནི་བཟང་། །གསས་མཁར་བརྩེགས་ལ་ཚེ་སྒྲུབ་གྱིས། །ཚེ་དབང་ལ་སོགས་དབང་བསྐུར་ཞུས། །ས་ཡི་རྟེན་ཕུར་བུད་པ་ན། །མཚོ་སྨན་རྒྱལ་མོའི་གུར་མདོས་གྱིས། །མཆོད་རྟེན་སྤང་ཐུབ་བརྩེགས་ན་བཟང་། །རྒྱ་ཡི་ཐག་པ་ཆད་པ་ནི། །ཤ་རྒྱས་ཆོ་གས་འགག་པ་སེལ། །ཚེ་འཛིན་རྐང་པ་བུད་པ་ན། །བུ་ཚ་མིང་སྲིང་འགྲུལ་པ་དང་། །བུ་དང་ཚ་བོ་མང་ས་ལ། །ཕྱེ་མར་གྱིས་ལ་སྟོན་མོ་དྲོངས། །ཀླུ་མཆོད་གྱིས་ལ་སྲིད་སློང་གྱིས། །རྩ་དཀར་གྱིས་བྱ་སྒོང་བལྟས་ན་འགྱུར། །ད་ནི་ཡར་དེད་སྤྱད་པ་ནི། །གཅིག་པ་བདག་གི་ས་ཡིན་པས། །ནད་བཀག་


CMR058_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

ནད་ངོ་མ་བབ་དགོས། །གཉིས་པ་བུ་ཡི་ས་ཡིན་པས། །ལུས་ཀྱི་རྩེ་ར་མ་སྟོང་དགོས། །གསུམ་པ་བུད་མེད་ས་ཡིན་པས། །བུད་མེད་འཕང་ར་མ་སྟོང་དགོས། །མགོ་ལ་མདུན་ཞུ་མ་གྱོན་དགོས། །ཐག་ཆ་སྐེད་ནས་མ་ཡལ་དགོས། །བཞི་པ་ཕ་སྤུན་ས་ཡིན་པས། །གཤེད་ཀྱི་དགྲ་ངོ་མ་ལང་དགོས། །ལྔ་པ་མྱེས་པོའི་ས་ཡིན་པས། །ལྔ་མཐུན་བྱེ་བྲལ་མ་བྱུང་དགོས། །དྲུག་པ་ཡང་མྱེས་སྤྱན་གྱི་ས། །འདྲེ་ཡི་འདྲེ་མགྱོགས་མ་བབ་དགོས། །བདུན་པ་ཕ་ཕྱོགས་ཞང་པོའི་ས། །བདུན་ཟུར་གྱོད་ངོ་མ་ལང་དགོས། །བརྒྱད་པ་བུད་མེད་ཞང་པོའི་ས། །རྒྱ་མ་འཐེང་སྡོད་མ་བབ་དགོས། །དགུ་པ་བུ་ཆུང་ཞང་པོའི་ས། །གསེར་གྱི་ཟམ་པ་མ་ཆག་དགོས། །བཅུ་པ་མང་འཁོར་བྲན་གྱི་ས། །རོ་འཛིན་དཔུང་པ་མ་བརྫིས་དགོས། །བཅུ་གཅིག་དགྲ་བླའི་ས་ཡིན་པས། །ལྷ་ངོ་ཁྱི་ཡིས་མ་བརྫིས་དགོས། །བཅུ་གཉིས་འོག་རྟའི་ས་ཡིན་པས། །གཤིན་གྱི་དོ་མ་མ་ཆག་དགོས། །བཅུ་གསུམ་ཁལ་མཛོའི་ས་ཡིན་པས། །དགྲ་རྐུན་ཐག་མདའ་མ་ཕོག་དགོས། །བཅུ་བཞི་སྲིད་ཀྱི་ས་ཡིན་པས། །མི་ནོར་བླ་མཚོ་མ་སྐམ་དགོས། །བཅོ་ལྔ་འདྲེ་ཡི་འགྲིམ་ལམ་ཡིན། །ལྷ་འདྲེའི་ཆོ་འཕྲུལ་


CMR058_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

མ་བསྟན་དགོས། ༈ །ཡང་ཅིག་ཡར་དེད་བྱེད་པ་ལ། །གཅིག་པ་བདག་གི་ས་ཡིན་པས། །བྱི་བ་ལོ་པའི་ལོ་མཛོད་ཡིན། །བྱི་རྟའི་རུ་ཆོད་མ་བབ་དགོས། །གཉིས་པ་བུ་ཡི་ས་ཡིན་པས། །གླང་ལོ་པ་ཡི་ལོ་མཛོད་ཡིན། །གླང་ལུག་ཕུང་འགྱོད་མ་བྱུང་དགོས། །གསུམ་པ་ཆུང་མའི་ས་ཡིན་པས། །སྟག་ལོ་པ་ཡི་ལོ་མཛོད་ཡིན། །སྟག་སྤྲེལ་བདུན་ཟུར་མ་བྱུང་དགོས། །བཞི་པ་ཕ་སྤྱན་ས་ཡིན་པས། །ཡོས་བུ་ལོ་པའི་ལོ་མཛོད་ཡིན། །བྱ་ཡོས་བྱེ་བྲལ་མ་བྱུང་དགོས། །ལྔ་པ་སྐྱེས་སྤྱན་ས་ཡིན་པས། །འབྲུག་ལོ་པ་ཡི་ལོ་མཛོད་ཡིན། །ཁྱི་འབྲུག་གནམ་སྒོ་མ་བྱེ་དགོས། །དྲུག་པ་ཡང་མྱེས་སྤུན་གྱི་ས། །སྦྲུལ་ལོ་པ་ཡི་ལོ་མཛོད་ཡིན། །ཕག་སྦྲུལ་ས་སྒོ་མ་བྱེ་དགོས། །བདུན་པ་ཕ་ཕྱོགས་ཞང་པོའི་ས། །རྟ་ལོ་པ་ཡི་ལོ་མཛོད་ཡིན། །བརྒྱད་པ་མ་ཕྱོགས་ཞང་པོའི་ས། །ལུག་ལོ་པ་ཡི་ལོ་མཛོད་ཡིན། །དགུ་པ་བུ་ཆུང་ཞང་པོའི་ས། །སྤྲེལ་ལོ་པ་ཡི་ལོ་མཛོད་ཡིན། །བཅུ་པ་ཡང་འཁོར་བྲན་གྱི་ས། །བྱ་ལོ་པ་ཡི་ལོ་མཛོད་ཡིན། །བཅུ་གཅིག་དགྲ་བླའི་ས་ཡིན་པས། །ཁྱི་ལོ་པ་ཡི་ལོ་མཛོད་ཡིན། །བཅུ་གཉིས་འོག་རྟའི་ས་ཡིན་པས། །ཕག་ལོ་པ་ཡི་


CMR058_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་མཛོད་ཡིན། །དེ་རྣམས་བདུན་ཟུར་ནང་འཕྲད་ངན། །དགྲ་འཕྲད་རྡེའུ་ནག་ན་ངན། །བསྙབས་པའི་ལག་པ་ཆགས་ན་ཆེ་རྒྱུད་ལ་ངན། །ལྟ་བའི་མིག་ལོང་ན་རང་ལ་ངན། འགྲོ་བའི་རྐང་པ་བུད་ན་ཆུང་རྒྱུད་དང་བྲན་གཡོག་ལ་ངན། །གཡས་ཕ་སྤུན་ས་ནས་ཕར་བརྩི། །གཡོན་མྱེས་སྤུན་ས་ནས་ཚུར་ལ་བརྩི། །མྱེས་པོའི་ས་ནས་ནག་པོ་གཉིས་བབ་ན་ངན། །སྤྱིར་ཐམས་ཅད་ལན་དང་བཅས་པས་དཔྱད་དོ། །དཀར་པོ་འབྱམ་ཐལ་བྱུང་ན་སྐྱིད་ལ་བརྒལ་བས་ངན། །ནག་པོ་བྱུང་ཐལ་ན་སྡུག་ལ་ལུས་པས་ངན། རྡེལ་ནག་མང་ན་ནག་པོ་མགོ་གསུམ་དང་དགྲ་བྲུབ་དྲག་པོ་བྱ། རྡེའུ་དཀར་ནག་ཆ་མཉམ་ནས། དཀར་པོ་གསུམ་བརྩེགས་མང་ན་བཟང་ངོ་། །སྨེ་བའི་སྒང་རྩིས་ཆེན་མོ་རྫོགས་སོ།། །།རྒྱ་ཁྱི་ཐན་གྱི་ལ་ཁར་གསེར་མཎྜལ་གྲུ་གང་བ་གཅིག་ལ་མེ་ཤེལ་ཆུ་ཤེལ་གྱིས་བརྒྱན་དེ། མུ་ཏིག་གི་ཕྲེང་བ་བརྒྱ་ཕྲག་ཕུལ་ནས་ཞུས་པ་ཡིན། འདི་ནི་བརྩིས་ཀྱི་རྒྱུད་ལྔ་ཡང་སྙིང་ཡིན་ཅིང་གར་ཐོད་ཐོད་མི་བྱ། བྱས་ན་འབྱུང་བ་ལྔ་དང་ལྷ་འདྲེ་ཀུན་གྱི་ཆད་པ་འོང་། །དམ་ཚིག་གཡོ་རུ་ཅན་ལ་མ་སྤེལ་ཅིག །ང་ཆེ་ང་མཁས་ཅན་ལ་མ་སྤེལ་ཅིག །རྫུན་མ་མགོ་སྐོར་ཅན་མ་མ་སྤེལ་


CMR058_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག །དམ་ཚིག་དངོས་ལྐོག་ཅན་ལ་མ་སྤེལ་ཅིག །གཅིག་རྒྱུད་མ་གཏོགས་གལ་ཏེ་སྤེལ་གྱུར་ན། །ལྷ་འདྲེ་ཀུན་གྱིས་ཆོ་འཕྲུལ་འོང་བར་ངེས། །འདི་བྲིས་དགེ་བས་འབྲས་བུ་བཟང་པོ་ཀྱིས། །བདག་དང་མཐའ་ཡས་སེམས་ཅན་མ་ལུས་ཀུན། །བཅོམ་ལྡན་འཇམ་དཔལ་ཐུགས་རྗེའི་བཟུང་སླད་དུ། །རྣམ་མཁྱེན་རྒྱལ་བའི་གོ་འཕང་ཐོབ་གྱུར་ཅིག །ཅེས་པ་ཨ་རཱ་གས་སོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousསྨེ་བའི་སྒང་རྩིས།next