Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མཁས་པ་དུ་ཧར་ནག་པོའི་དབང་ཐང་སྨེ་བའི་ཚེ་རབས་ལས་རྩིས།


 
previousམཁས་པ་དུ་ཧར་ནག་པོའི་དབང་ཐང་སྨེ་བའི་ཚེ་རབས་ལས་རྩིས།no next

མཁས་པ་དུ་ཧར་ནག་པོའི་དབང་ཐང་སྨེ་བའི་ཚེ་རབས་ལས་རྩིས།


CMR058_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་པ་དུ་ཧར་ནག་པོའི་དབང་ཐང་སྨེ་བའི་ཚེ་རབས་ལས་རྩིས་བཞུགས་སོ། །


CMR058_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་མཉྫ་ཤྲཱི། གཅིག་དཀར་ལ་སྐྱེས་པའི་མི་ཁྱོད། སྐྱེ་བ་སྔ་མ་འདོད་ཁམས་ཀྱི་ལྷར་སྐྱེ། ཤིང་ལྗོན་པ་གཅིག་དང་མཉམ་དུ་སྐྱེས་ཤིང་དེའི་ཤུན་པ་ལ་གོས་བྱེད། འབྲས་བུ་ཟས་སུ་ཟ། ཁུ་བ་སྐོམ་དུ་འཐུང་། ཤིང་དེ་རྩ་བ་རུལ་ནས་ཤིང་དེ་ལ་སྒྲ་སྐད་ངན་པ་ཞིག་གྲགས་ནས། མི་དེ་ལ་སྐྲག་ནས་དམྱལ་བར་འགྲོ་དོགས་པའི་ཡི་མུག་སྐྱེས། ལུང་པ་དེའི་ཕུ་ན་དྲང་སྲོང་སྟོན་པ་ཤཱཀྱ་པ་བྲི་བྲི་ཧའི་དྲུང་དུ་སོང་ནས། བདག་དམྱལ་བར་མི་བཏང་ཞུ་ཞུས་པས། དྲང་སྲོང་དེས་ཁྱོད་ལྷོ་རྒྱལ་འཛམ་བུ་གླིང་དུ་སྐྱེ་བར་ཤོག །སྐྱེས་མ་ཐག་ཏུ་ཆོས་དང་འཕྲད་པར་ཤོག་།ཅེས་སྨོན་ལམ་


CMR058_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

བཏབ་པས་ཡོན་ཏན་ཅན་གྱི་མི་ལུས་ཐོབ། དེའི་རྟགས་སུ་ཤ་རྩ་དཀར་གཙང་སྦྲ་བྱེད་གཏམ་ལ་དགའ། སྐོམ་དད་ཆེ་སྤྲོ་ཐུང་། སེམས་དཀར་ངག་འཇམ། གཉིད་ཆུང་འགྲོ་འདོད་ཁ་མང་། ངོས་ལྐོག་ཆེ་ཁྲོས་ན་ཞེ་ནག །བཙོག་གིས་དགྲ་བླ་མནོལ། ལྷ་གསོལ་བྱེད་ན་བཟང་། ནོར་དཀར་མཚན་ཅན་བཏང་བས་གཡང་ཉམས། ཕ་མྱེས་དུར་ལ་དགྲ་བྱུང་བུ་གཉིས་ལ་དབང་། ཚེ་ཚད་བདུན་ཅུ་དོན་གཅིག་ཡིན། །བར་ཆད་གསུམ་ཡོད། ནད་རླུང་དང་བད་ཀན་འབྱུང་། གདོན་རྒྱལ་པོ་དང་ཐེའུ་རང་གདོན། མ་ཉེས་པའི་སྲོག་བཅད་པས། བྱི་མ་སྲག་དཀར་


CMR058_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

དམར་འདྲེས་པས་གནོད་སྦྱིན་གྱི་བུ་མོར་སྐྱེ། དེ་མི་སྐྱེ་བར་བྱེད་ན། མར་མེ་ལོ་གྲངས་གསོ། ཟམ་པ་བཅོས། རྣམ་རྒྱལ་དཀར་མོ་བཞེངས། གོས་དྲི་མ་ཅན་ཞལ་བསྒྱུར་ལ་བྱིན། བསྙེན་གནས་སྲུང་། ཏོག་གསེར་གྱིས་བྲིས། དེ་ལྟར་བྱས་ན་ཡུལ་ལྷ་ས་ན། སྨོན་ལམ་བྱ་བའི་བུ་དཀོར་བདག་གཅིག་ཏུ་སྐྱེས། རིམ་པར་མི་ལུས་ཐོབ། དེའི་རྟགས་སུ་ཁོག་སྨད་དུ་སྨེ་བ་ཡོད། ༈ གཉིས་ནག་ལ་སྐྱེས་པ་ཁྱོད། དམྱལ་བའི་སྡེ་ནས་ཆད། སྐྱེ་བ་སྔ་མ་རྒྱ་མུལ་ག་ཇ་རུ་བྱ་བ་ན། གཞུ་མཁན་མ་སྲིན་མོ་རུ་བྱ་བའི་བུར་སྐྱེས། ཉིན་གཅིག་གཞུ་ལྔ་ལ་སིལ་བཀོན་ཤིན་ཡོད་ཙ། སྒོ་ནས་བག་ཤིང་བཞི་སྡེ་གཅིག་གིས་གྲོ་སྟེར་ཟེར་བས་གཞུ་མཁན་དེ་ལ་ང་ཡི་སློབ་མ་བྱེད་དགོས་ཟེར་ནས། བག་ཤིས་ན་རེ་ཁྱོད་རིགས་བཟང་བོད་དུ་སྐྱེས་ནས་དམ་པའི་ཆོས་དང་འཕྲད་པར་ཤོག །ཟེར་ནས་སྨོན་ལམ་བཏབ་པས། མི་གཅིག་ཤ་བ་བརྡ་བ་ལ་སོང་ནས་རྩྭ་ཆུས་ཁྱེར་ནས་ཤི །དེའི་རྟགས་སུ་ངོ་ནག་ཤ་ཁྲག་ལ་དགའ། གཏོ་ཆེ་བྱུར་ཡང་ཆེ། རང་གི་སེམས་ལ་མ་བྱུང་ན་བཅོས་དཀའ། སྐྱིད་སྡུག་རེས་བྱེད། ཟས་ནོར་ཆེ་ཡང་སྤྱོད་རྒྱུ་ཆུང་། མཐུ་ཆེ་སྙིང་ངན། ཁ་འཇམ་ཁོག་རྩུབ་


CMR058_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

ཚེར་རྩུབ་དར་གཏུམ་འདྲ། འགྲན་ཟླ་མེད་པའི་བསེ་རུ་དང་འདྲ། གདོང་མེ་རག་འདྲ་སྟེ་ཕ་མ་ལ་གཟན། ཚང་རོགས་ལ་གནོད། ཤི་ཆད་མང་། ཟས་ནོར་ལ་གཡང་ཉམས། ཕན་པ་བྱས་ཀྱང་མགུ་བ་གཅིག་ཀྱང་མེད། སྔགས་པ་བྱས་ན་བཟང་། རབས་ཆད་ཡོད་ན་ཐང་། མ་ཉེས་པའི་སྲོག་གཉིས་བཅད་པས་ཕྱི་མ་ཡི་དྭགས་གནས་སུ་ཆུ་བྱ་ཀངྐའི་ལུས་གསུམ་ལེན། དེར་མི་སྐྱེ་བར་འདོད་ན་ལྷ་མོ་ནོར་རྒྱུན་མ་ནར་མར་འདོན། ཆུ་སྦྱིན་འབུམ་གཏེར་དང་འཇམ་དཔལ་འབུམ་གཏེར་འདོན། རྡོར་གཅོད་གསེར་གྱིས་བྲིས། དེ་ལྟར་བྱས་ན་འཕན་ཡུལ་བྱ་བ་ནི་བནེ་མིང་སོ་རྡོར་གྱི་བུར་སྐྱེ། མོ་དུད་ལྔ་བརྒྱའི་དཔོན་པོ་བྱེད་དེའི་རྟགས་སུ་ལག་པ་གཡོན་པ་ན་སྨེ་བ་ཡོད། བདུན་ཅུ་དོན་བདུན་ཚེ་ཚད་ཡིན། བར་ཆད་གཉིས་ཡོད། ༈ གསུམ་མཐིང་ལ་སྐྱེས་པའི་མི་ཁྱོད། སྐྱེ་བ་སྔ་མར་བལ་པོའི་ཡུལ་བཟའ་མི་བདུན་ཡོད་པའི་རྨོས་གླང་གཅིག་ཏུ་སྐྱེས། གླང་དེ་ཤི་ནས་བྱ་བྲལ་བདུན་གྲོ་ཆད་ནས་དྲོངས་བས་སྨོན་ལམ་བཏབ་ནས་ཕྱི་མ་མི་ལུས་ཐོབ་པར་ཤོག་གསུངས་ནས་དེའི་རྟགས་སུ་ལང་ན་སྟག་ལོང་ཉལ་ན་གླང་ཉལ་བྱེད། སེམས་རྒྱུད་བཟང་ཚིག་བསྲན་ཆེ།


CMR058_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པ་ཕུག་ཐུང་། ཁོང་ཡུས་ཆེ། མིག་རེ་ལྟོས་ཆེ། བུ་གསུམ་ལ་དབང་། བསམ་པ་འབྲིང་ལ་ཉེས་པའི་སྲོག་གསུམ་བཅད་པས་ཕྱི་མ་སྲིན་པོའི་བུར་སྐྱེས་པས་དམར་དད་ཆེ་དེར་མི་སྐྱེ་བར་འདོད་ན། ཡོན་ཏན་ཅན་ལ་གྲོ་དྲོངས། དགོན་སྡེ་ལ་འགྱེད་བྱ། འཇམ་དབྱངས་སྐུ་དང་འཇམ་སྡུད་སྨོན་གསུམ་ཚེ་མདོ་གསེར་གྱིས་བྲིས། མཆོད་རྟེན་ལ་དཀར་ཆབ་གསོལ། དེ་ལྟར་བྱས་ན་ལྕེ་ཆུས་འགྲམ་ན་མི་རྒྱུད་བདུན་གྱི་དཔོན་དུ་སྐྱེ། མི་མང་པོའི་མགོན་བྱེད། བསོགས་པ་ཆེ་ནོར་མང་། མི་རྒྱུད་ལ་ཞ་ལོང་ལྐུགས་གསུམ་ཡོད་ན་ཐང་། མོ་རྒྱུད་ལ་ཆུ་གྲི་ཡོད་ན་ཐང་། ཚ་ཚ་བཏབ། ཞི་བ་དཀར་པོ་བྱ། ཆབ་གཏོར་བཏང་གཡང་བླང་བཀྲ་ཤིས་བརྗོད། བརྒྱད་ཅུ་གྱ་གཅིག་ཚེ་ཚད་ཡིན། བར་ཆད་གསུམ་ཡོད། ༈ བཞི་ལྗང་ལ་སྐྱེས་པ་ཁྱོད། ཀླུའི་སྡེ་ནས་ཆད། སྐྱེ་བ་སྔ་མ་འབྲི་སྟོད་འདམ་བུ་ཆུ་སྣ་བྱ་བ་ན། ཕ་ལ་ཨ་སྟག་བྱ་བ་དང་། མ་ལ་གཡང་བྱ་བའི་བུར་སྐྱེ། ཤ་བ་བརྡ་ལ་སོང་བས་ཆུས་ཁྱེར་ནས་ཤི། བླ་མཆོད་མཁན་པོ་ཅིག་ན་རེ། མྱ་ངན་མ་བྱེད་ཞག་བདུན་ནས་མི་ལུས་ཐོབ་ཅིག་བྱེད་ཟེར། དེའི་རྟགས་སུ་ཁྲུས་དང་གཙང་སྦྲ་ལ་དགའ། སོས་དལ་ཚིག་ཉུང་འགྲོ་


CMR058_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

སྙུག་རིང་། མི་ལ་ཕན་ཐོགས་པ་ལ་དགའ། ཉེ་བ་ལ་སྡང་། དར་རྒུད་ཆེ། གང་སྟོང་ཡོད། ཕ་མྱེས་དུར་ལ་དགྲ་བྱུང་བས་ཀླུ་འབུམ་འདོན། མ་ཉེས་པའི་སྲོག་བཅད་པས་ཆུ་བྱའི་ལུས་ལེན། དེར་མི་སྐྱེ་བར་འདོད་ན་ཕྱག་ན་རྡོ་རྗེའི་སྐུ་བཞེངས། སྙིང་པོ་ཟླ་བ་བདུན་ལ་འདོན། སྒྲོལ་མ་འདོན། རྡོ་རྗེ་མཆུ་བྲི། ཐུགས་རྗེ་ཆེན་པོ་ལ་ལོ་བདུན་སྐྱབས། དགེ་སློང་ལ་གྲོ་དྲོངས། སྤྲང་པོ་ལ་སྦྱིན་པ་བྱིན། དེ་ལྟར་བྱས་ན་ཡུལ་འབྲི་གུང་རོང་བྱ་བ་སྔགས་པ་མཐུ་ཆེན་བདུན་གྱི་དཔོན་དུ་སྐྱེ། དེའི་རྟགས་སུ་ལག་པ་གཡས་སུ་ཤ་མཚན་དང་སྨེ་བ་ཡོད། དྲུག་ཅུ་རེ་གཅིག་ཚེ་ཚད་ཡིན། བར་ཆད་གཉིས་ཡོད། ༈ ལྔ་སེར་ལ་སྐྱེས་པའི་མི་ཁྱོད། སྐྱེ་བ་སྔ་མ་མིའི་སྡེ་ནས་ཆད། སྐྱེ་བ་སྔ་མ་ཙང་རུའི་ཟངས་ལོང་བྱ་བ་ན། ཕ་ཤེས་རབ་གྲགས་པ། མ་གཡུ་སྒྲོན་བྱ་བའི་བུར་སྐྱེ། ལོ་ལྔ་ལོན་པ་ནས་ཤིན་ཏུ་བོན་པོ་ལ་མཁས་པ་བྱང་། ལོ་ཉི་ཤུ་རྩ་ལྔ་ནས་སེམས་ཅན་གྱི་དོན་བྱེད་པའི་གྲགས་པ་ཅན་གྱི་བུ་རུ་སྐྱེས། དེའི་རྟགས་སུ་དྲང་པོར་སྨྲ། རང་གཞན་གྱི་དོན་ཁོག་སྐོམ། ཤེས་པ་གསལ་ཡིད་མྱུར་སེམས་ཆུང་ཤ་སེར་གྲོགས་བཤེས་མང་། སྤྱི་དང་མཐུན།


CMR058_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གྱིས་བཀུར། རྒྱལ་འགོང་གདོན། གཟེར་ནད་འོང་། བུ་ལྔ་ལ་དབང་། མི་རྒྱུད་ཐོག་གི་བསད་ན་ཐང་། བྱ་ཁྱི་བཞིའི་སྲོག་བཅད་པས། ཕྱི་མ་ཕག་གཅིག་ཏུ་སྐྱེས། དེར་མི་སྐྱེ་བར་འདོད་ན་སྤང་ལོང་ལ་སྦྱིན་པ་དཔག་ཏུ་མེད་པ་ཐོང་། ཆུ་སྦྱིན་ཁྲི་ཚར་བསྔོ། གསེར་འོད་བྲི་བ་དང་འདོན་པར་བྱ། དེ་ལྟར་བྱས་ན་དབུས་ཀྱི་ཟངས་ལོང་བྱ་བ་ན་མ་ལ་ལྕམ་གྱི་བུ་ལྷ་གཉེན་རྡལ་བྱ་བར་སྐྱེ། བརྩོན་འགྲུས་ཆེ་འབྱོར་བ་ཆེ། ཆེ་རྒྱུད་རྒུད་པའི་ཆུང་རྒྱུད་དར་བ་གཅིག་ཏུ་སྐྱེ། དགུ་བཅུ་གོ་དགུ་ཚེ་ཚད་ཡིན། བར་ཆད་བཞི་ཡོད། །དྲུག་དཀར་ལ་སྐྱེས་པ་ཁྱོད་གཟུགས་ཁམས་ལྷ་ལས་ཆད། སྐྱེ་བ་སྔ་མ་ཡུལ་ཙང་ཀ་བྱ་བ་ན་ཕ་ཡི་མིང་དཀར་མཁན་མའི་མིང་དཀར་མོ། བུའི་མིང་རྡོ་རྗེ་བྱ་བར་སྐྱེ། རང་གི་ལུག་ཁྱིས་དེད་ནས་བསད་པས། ཁྱི་ལ་མདའ་འཕང་བས་བུ་ལ་ཕོག་ནས་ཤི། རྒོད་མ་དར་མ་གསུམ་བསད། དེའི་རྣམ་པར་སྨིན་པས་ཆུ་གྲིར་ཤི། ཞིང་གི་མུ་ཚིག་གི་བར་ཏོས་གཉིས་ནས་དོམ་ནག་པོ་མགོ་དགུ་ཡན་ལག་བརྒྱད་ཡོད་པ་གཅིག་ཏུ་སྐྱེས། སྡིག་སྦྱོང་ལ་དགེ་སློང་པཎྜི་ཏ་གཅིག་གིས་ལྷོ་འཛམ་བུ་གླིང་དུ་སྐྱེས་ནས་མི་ལུས་ཐོབ་པར་ཤོག་གསུངས་


CMR058_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སྨོན་ལམ་བཏབ་བོ། དེ་ནས་མིའི་ལུས་ཐོབ་བོ། དེའི་རྟགས་སུ་མི་འཕྲོད། སྨྲ་བ་ཉུང་མོ་དད་ཆེ། བཟང་ཕར་བྱེད་ཀྱང་ངན་ཚུར་བྱེད། དགྲ་ལྷའི་མགོན་བྱེད་ཐེའུ་རང་གདོན། བུ་མིང་སྲིང་དྲུག་ལ་དབང་། ཕྱི་མ་རྟའི་ལུས་ལེན། དེར་མི་སྐྱེ་བར་འདོད་ན། ཐུགས་རྗེ་ཆེན་པོ་ལ་སྐྱབས་བྱས་སྐུ་བཞེངས། རྒྱལ་བ་རྒྱ་མཚོའི་དབང་ཞུ། སྡུད་པ་གསེར་གྱིས་བྲིས་ལ་འདོན། དེ་ལྟར་བྱས་ན་ཡུལ་སྟག་ལུང་རོང་བྱ་བར་ཡོན་ཏན་གྲགས་བྱ་བར་སྐྱེས་ནས། འགུར་མཁན་ལྔ་བཅུའི་དཔོན་དུ་སྐྱེ། །དེའི་རྟགས་སུ་རྐང་པ་གཡོན་ན་སྨེ་བ་ཡོད། བདུན་ཅུ་དོན་དྲུག་ཚེ་ཡིན། བར་ཆད་གསུམ་ཡོད། རིམ་གྲོ་བྱའོ། ༈ །བདུན་དམར་ལ་སྐྱེས་པ་ཁྱོད་སྐྱེ་བ་སྔ་མ་ལྷོ་རྫ་དགོན་ལ་བྱ་བ་ན། བླ་མ་དར་མ་ཤེས་རབ་བྱ་བའི་ནམ་ཚོད་འཛིན་པའི་བྱ་ཕོ་གཅིག་ཏུ་སྐྱེས། ཆོས་པ་རྣམས་ཀྱིས་བྱ་ཕོ་ཁྱོད་མི་ལུས་གཙང་མ་ཐོབ་པར་ཤོག་ཟེར། དེའི་རྟགས་སུ་སྙིང་ཆུའི་སྦུ་བ་འདྲ། ལེ་ལོ་བྱེད་བློ་རྒོད། བསམ་པ་མང་སྨྲ་མཁས། ཚིག་སྲན་ཆུང་ཕྱི་མིའི་བྱམས། ནང་མིའི་སྡང་། མི་ཁ་གཟན་སྙིག་ཐབས་བྱེད། ཚེ་སྨད་ལ་ཟས་ནོར་


CMR058_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

འཕེལ། ཕྱི་མ་ལུས་མདོ་གམ་ཤོད་ན། བོང་བུ་སྐྱ་རིང་གཅིག་ཏུ་སྐྱེས། དེར་མི་སྐྱེ་བར་འདོད་ན། ཇོ་བོ་གཅིག་གི་མདུན་དུ་ཚེ་འབར་གསོ། མཚན་བརྗོད་གསེར་གྱིས་བྲིས་ལ་འདོན། དེ་ལྟར་བྱས་ལ། རྒྱ་ཆུའི་སོག་པོ་བརྒྱད་ཅུའི་དཔོན་དུ་སྐྱེ། དེའི་རྟགས་སུ་རྩིབ་ལོགས་ན་སྨེ་བ་ཡོད། དྲུག་ཅུའི་རེ་དགུའི་ཚེ་ཚད་བར་ཆད་གསུམ་ཡོད། ༈ བརྒྱད་དཀར་ལ་སྐྱེས་པ་ཁྱོད། སྐྱེ་བ་སྔ་མ་ལྷ་ཡུལ་དུ་མི་ལ་ལྟད་མོ་ལ་འོང་། ཕ་མཛེས་པའི་འོད། མ་ཡིད་དགའ་མ་བྱ་བའི་བུ་དྲི་མ་མེད་པར་སྐྱེ། དེའི་རྟགས་སུ་ཁྲུས་དང་གཙང་སྦྲ་ལ་དགའ་མི་གཙང་བ་ལ་སྔར། དབྱིབ་ལེགས་བཞིན་བཟང་། ཕོ་ལྷས་མགོན་བྱེད། ཐེའུ་རང་དང་སྨུག་འདྲེ་གདོན། རླུང་དང་བད་ཀན་ནད་ཀྱི་འཆི། ལྷ་གསོལ་གཡང་སྐྱབས་བྱ། ཕ་མྱེས་བྱས་པ་ཅན་ཡོད་ན་ཐང་། ལྷ་འདྲེའི་བྱད་ཁ་འོང་། བུ་གསུམ་ལ་དབང་ངོ་། །ནམ་ཕུག་སྐྱིད། ཆོས་མ་བྱས་ན་ལི་ལིའམ་བྱ་རྒོད་གཅིག་གི་ལུས་ལེན། དེར་མི་སྐྱེ་བར་འདོད་ན། དྲིན་ལེན་བསབ་མདོ་གསེར་གྱིས་བྲིས། གདུགས་དཀར་དང་འབུམ་འདོན། དེ་ནས་དགའ་ལྡན་དུ་སྐྱེ་ཟེར་ཡང་འདུག་སྟེ། དབུས་ཀྱི་ཕ་ཝང་འཕན་


CMR058_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་བྱ་བའི་དཀོར་གཉེར་གཅིག་ཏུ་སྐྱེ། དེ་ནས་མངོན་པར་བྱང་ཆུབ་ཐོབ། ཚེ་ཚད་དྲུག་ཅུ་རེ་བརྒྱད། བར་ཆད་གཉིས་ཡོད། ༈ དགུ་དམར་ལ་སྐྱེས་པའི་མི་ཁྱོད། སྐྱེ་བ་སྔ་མོ་རྒྱ་གར་ཝཱ་རཱ་ཎ་སཱི་ན། ཕ་ཚོང་དཔོན་དར་མ་ཡེ་ཤེས། མ་བདེན་རྫུན་སྒྲོལ་མ་བྱ་བའི་བུ་ལ་སྐྱེས། བུ་ལ་ཡོན་ཏན་གྲགས་མིང་། འཁོར་མང་པོའི་དཔོན་དུ་སྐྱེ་ལོ་གཅིག་ཡུལ་དེར་མུ་གེ་བྱུང་ནས་མང་པོ་ཤི། འོ་ན་ཕ་ར་འབྲས་ཁལ་ཉིས་སྟོང་ཡོད་པ་སྦྱིན་པ་བཏང་ཟེར་བས། བུས་དེ་མི་བྱེད་རང་རེ་ལྟོགས་ནས་འཆི་བར་འདུག་པས། ཕ་རྩིག་པ་ཟ་ནས་ན་རེ། ཁྱོད་ཕྱི་མ་ཁྱིའི་ལུས་ལེན་ནས་དབུལ་པོར་ཨི་མི་སྐྱེ་ཟེར། དེའི་རྟགས་སུ་གཞུངས་བཟང་ཆོས་དད་ཆེ། ཁ་ཁྲོབ་ཁོག་དྲངས། རང་ནོར་མི་ལ་མི་འཆོར། ཁ་གང་གི་ཟས་ཟ། མིག་གང་གི་ལྟད་མོ་ལྟ། རྒྱབ་གང་གི་གོས་གྱོན། ལག་གང་ནོར་སྤྱད། ལྷ་སྨན་གྱི་མགོན་བྱེད། མ་ཉེས་པའི་སྲོག་བཅད་པས། མི་བཀྲེས་འཕང་གི་གནས་སུ་ཞག་གཅིག་སྐྱེས་ཀྱང་ཟེར་ཏེ། མི་དབུལ་པོ་ཅིག་གི་སྒོ་ཁྱི་ལ་སྐྱེ། དེར་མི་སྐྱེ་བར་འདོད་ན། བདེ་བར་གཤེགས་པ་ལ་མཆོད་པ་བརྩོན་པར་བྱ། རྣམ་རྒྱལ་མའི་གཟུངས་ལ་འབད་པ་


CMR058_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཆུ་གཏོར་མང་དུ་བཏང་། དེ་ལྟར་བྱས་ན་མི་ལུས་ཐོབ་བོ། །གདོན་དུ་བདར་གདུག་གྲི་གདོན། མཐར་སྐྱིད་བ་གཉིས་ལ་དབང་། ནོར་མང་པོའི་ཁྱི་ལ་སྐྱེ། དེར་མི་སྐྱེ་བར་བྱེད་ན། གཟུངས་འབུམ་བྲི། འོད་དཔག་མེད་ཀྱི་ཞིང་བཀོད་བཞེངས། ཤར་ཕྱོགས་ཙང་ཀའི་ཕྱུག་པོ་ནོར་སྐྱོང་ཅིག་ཏུ་སྐྱེས། དེ་ནས་ཡོན་ཏན་གྱི་ལུས་དགུ་ལེན་ནས། སུམ་ཅུ་རྩ་གསུམ་དུ་སྐྱེ་བར་འགྱུར་རོ། །ཚེ་ཚད་དགུ་བཅུ་གོ་བརྒྱད་ཡིན་བར་ཆད་བཞི་ཡོད། སརྦ་མངྒ་ལཾ། ༈ ལི་དམར་པོ། ཁོན་སེར་པོ། དྭ་དཀར་པོ། ཁེན་སེར་པོ། ཁཾ་སྔོན་པོ། གིན་སེར་པོ། ཟིན་ལྗང་གུ། ཟོན་སེར་པོ། ཨོཾ་སུ་ཏྲི་ར་ཏྲི་མ་སུ་ཏྲི་ཨེ་ཏྲི་ལ་དུན་ཡ་བྷོ། ཙ་ཏྲི་རྫི་དུ་ཏྲི་ཨ་ཡ་མ་དུ་རུ་ཙ་ཤ་ན་བྷོ༔ ཅེས་བྲིས་པ་གྲོད་པའི་ནང་དུ་བཅུག །ཙ་ཏྲི་དུ་ཏྲི་ཡ་མ་དུན་བྷོ། ཨ་འབྲི་ལ་དུན་བྷོ༔ ཛ་སུ་ཏྲི་ར་ཏྲི་མ་སུ་ཏྲི་གཤེད་ཁ་ཆིངས་འབྱུང་བའི་དགྲ་གཤེད་ཆིངས་མཆིག་མིག་ཏུ་བཅུག །མཇུག་ནས་ཡར་དྲིལ། །ངར་མི་ནག་པོ་གཅིག་ཆངས་བུ་གསུམ། ཤ་དུམ་གཅིག །འབུ་སྐྱག་ཟོ་ཤེ། སྐྱེར་པའི་ཁྲོ་ཕུར་ཅིག །མཆིག་མ་ལོ་ཅིག །སྐྱེར་ཐུར་བཅུ་གསུམ་བཞི་མདོ་ན་མནན། ཁ་རྡོ་རྗེ་རྒྱ་


CMR058_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

གྲམ་གྱིས་བཅད། བཀུག་གཞུག་ལན་དགུ་བརྗོད། ཕ་དམ་པས་མཛད་པའི་ཨུར་ནོན་ངེས་པ་ཅན་ཡིན་ལགས་སོ། །མངྒ་ལཾ།། ༈ གླེགས་བམ་འདི་ཉིད་བཞེངས་པ་དང་། །འཆང་དང་ཀློག་པའི་དགེ་བའི་མཐུས། །བདག་ཅག་མཆེད་གཉིས་འཁོར་བཅས་དང་། །འཚོ་བ་སྦྱོར་བའི་ཡོན་བདག་རྣམས། །ཚེ་འདིར་་བཀྲ་ཤིས་ཚེ་རིང་ཞིང་། །བདེ་སྐྱིད་ཕུན་སུམ་ཚོགས་པ་དང་། །ནམ་ཞིག་འདི་ནས་འཕོས་མ་ཐག །བདེ་བ་ཅན་དུ་སྐྱེ་ཕྱིར་བསྔོ། །ཞེས་པ་༧ ཨ་རཱ་གས་སོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR058_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

རི་མོ་ཡོད། ལྷོ་ནུབ་སྲོག་ལུས་དབང་ལུང་བཞིའི་སྨེ་བ་ངོས་འཛིན་ལུགས་སྤྱི་ལྟར་བྱས་པས་ད་ལན་ཁྱེད་ཀྱི་ལུས་སྨེ་ལྔ་སེར་དབུས་བཞག་གི་དེ་ལ་འཕུར་སྨེའི་ལོ་གྲངས་བྱང་ཤར་མཚམས་ནས་ཆད་པའི་བརྒྱད་དཀར་དེས་ལྔ་སེར་མ་འཐབ་པའི་དབུས་རྡེལ་བཞག །དེ་ནས་ཤར་གྱི་སུམ་མཐིང་དབུས་བཞག་ན་འཕུར་སྨེ་དྲུག་བབ་པ་དེ་ལུས་སྨེ་ལྔ་སེར་ལ་འཐབ་པའི་ཤར་གྱི་རྡེལ་བཞག །དེ་ནས་ཤར་ལྷོའི་བཞི་ལྗདབུས་བཞག་སྟེ་འཕུར་སྨེ་ནུབ་བྱང་བདུན་དམར་དེས་ལུས་སྨེ་ལྔ་སེར་ལ་འཐབ་པའི་རྡེལ་བཞག །དེ་ནས་དགུ་དམར་དབུས་བཞག་དུས་འཕུར་སྨེ་སུམ་མཐིང་བབ་པ་དེས་ལུས་སྨེ་ལ་འཐབ་པའི་རྡེལ་བཞག་པ་སོགས་ཕྱི་མ་རྣམས་དེས་འགྲེས་ཤེས་པར་བྱའོ།། །།


previousམཁས་པ་དུ་ཧར་ནག་པོའི་དབང་ཐང་སྨེ་བའི་ཚེ་རབས་ལས་རྩིས།no next