Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
བག་རྩིས་ཁྲ་མོའི་དོན་བསྡུས་གསལ་བའི་མེ་ལོང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
no previousབག་རྩིས་ཁྲ་མོའི་དོན་བསྡུས་གསལ་བའི་མེ་ལོང་།next

བག་རྩིས་ཁྲ་མོའི་དོན་བསྡུས་གསལ་བའི་མེ་ལོང་།


CMR059_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

བག་རྩིས་ཁྲ་མོའི་དོན་བསྡུས་གསལ་བའི་མེ་ལོང་བཞུགས་སོ། །


CMR059_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་མཉྫའི་ཡེ། བག་རྩིས་ཁྲ་མོ་དོན་བསྡུས་ནས། །སྟག་སྤྲེལ་བྱ་ཡོས་ཁྱི་འབྲུག་དང་། །ཕག་སྦྲུལ་གྱི་རྟ་གླང་ལུག་རྣམས། བདུན་ཟུར་མི་མཐུན་དགྲ་གཤེད་ཡིན། །སྲོག་དང་རླུང་རྟ་གཉིས་པོ་ནི། །སྐྱེས་པ་བརྩི་བྱར་བྱས་ནས་ནི། །བུད་མེད་དེ་དང་འཐབ་པར་བྱ། ལུས་དང་དབང་ཐང་གཉིས་པོ་ནི། །བུད་མེད་བརྩི་བྱར་བྱས་ནས་ནི། །སྐྱེས་པ་དེ་དང་འཐབ་པར་བྱ། །དེ་དག་རྡེའུ་དཀར་བ་ན། །མི་མཐུན་ནང་ཡང་མཐུན་པར་བརྩི། །དེ་ནས་གི་གང་རྐྱང་པའི་རྩིས། །ནང་ལྟར་ཁུག་པ་བརྩི་བ་ནི། །སྐྱེས་སྨེ་མཐུན་དང་མི་མཐུན་ནི། །གཅིག་དཀར་དགུ་


CMR059_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

དམར་གཉིས་མཐུན་སོགས། །རབ་འབྲིང་ཐ་མ་གསུམ་པོ་ལ། །རེ་རེ་ལའང་གསུམ་རེ་སྟེ། །ལིང་ཚེ་ནང་དུ་བལྟ་བར་བྱ། །སྐྱེས་པ་ལྔ་སེར་ཡིན་པ་ནི། །གཉིས་ནག་དག་དང་དོན་གཅིག་བརྩི། །བུད་མེད་ལྔ་སེར་ཡིན་ན་ནི། །བདུན་དམར་དག་དང་དོན་གཅིག་བརྩི། །གི་གང་སྨེ་བའི་རྩིས་ལ་ནི། །བུད་པ་ཅུང་ཞིག་རྒན་པ་དང་། །བུད་མེད་ཅུང་ཞིག་གཞོན་པར་ལེགས། །གསང་བ་ཡང་ཁུག་བརྩི་བ་ནི། །དང་པོ་སྐྱེས་པ་བརྩི་བྱར་བྱས། །བུད་མེད་སྲོག་ལུས་དབང་རླུང་བཞི། །རུས་ཁམས་དང་ནི་ལྔ་ཁར་འཐབ། །དེ་བཞིན་སྲོག་ལུས་དབང་ཐང་དང་། །


CMR059_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་རྟ་རུས་ཁམས་ལྔ་ཁ་ལ། །རིམ་བཞིན་འཐབ་པའི་རྡེལ་ཉེར་ལྔ། །དེ་ནས་བུད་མེད་བརྩི་བྱར་བྱས། །སྐྱེས་པ་དང་ནི་སྔོན་བཞིན་འཐབ། །དེ་ནས་ཁོ་རང་གཉིས་ཀ་ཡི། །སྲོག་ལུས་དབང་རླུང་བཞི་ཀ་ཡི། །སྨེ་བ་འགྲིགས་དང་མི་འགྲིགས་བལྟ། །རབ་ལ་བབས་ན་རྡེལ་དཀར་གཉིས། །འབྲིང་ལ་དཀར་ནག་གཉིས་རེ་བཞག །ཐ་མའི་ཐ་མ་རྡེལ་ནག་གཉིས་།ཐ་མའི་རབ་ལ་རྡེལ་ནག་གཅིག །སྨེ་བ་འགྲིགས་དང་མི་འགྲིག་གི །དཀར་ནག་གང་བཞག་རིགས་པས་དཔྱད། །དེ་ནས་སྲོག་ལུས་དབང་རླུང་སོགས། །བརྩིས་ལ་སྲོག་ལུས་ར་བ་བཞག །སྲོག་མཐུན་འགྲོགས་ཡུན་རིང་བ་ཡིན། །གཅིག་གི་སྐྲ་དཀར་གཅིག་གི་འཐུད། །གཅིག་གི་གཉེར་མ་གཅིག་གི་འདྲེན། །ཤིན་ཏུ་འགྲོགས་ཡུན་རིང་བ་ཡིན། །ལུས་མཐུན་བུ་ཚ་འཕེལ་བ་ཡིན། །ནད་དཀོན་ཚེ་ལ་བར་ཆད་མེད། །བུ་ཚ་དབང་པོ་སྐྱོན་མེད་ཡོང་། །དབང་ཐང་མཐུན་ན་ཟས་ནོར་འཕེལ། །ལོ་དང་ཕུགས་སུ་བྱར་མི་བརྟན། །ལག་པ་མི་ལ་མི་ལྡིང་ཞིང་། །ཟས་དང་ནོར་རྣམས་ཕུན་སུམ་ཚོགས། །རླུང་རྟ་མཐུན་ན་མི་ཁ་བྱམས། །ནོར་དང་རྟ་དང་བོང་བུ་འཕྲད། །ཕྱི་མི་ནང་མི་གཉིས་ཀས་


CMR059_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

བྱམས། །ལྷག་པར་ཡ་རབས་གོང་མས་བྱམས། །རུས་ཆེན་གཉིས་པོ་མཐུན་པས་ན། །ཚེ་ཚད་རིང་ཐུང་མཉམ་པ་ནི། །ཤིན་ཏུ་འགྲོགས་ཡུན་རིང་བའོ། །སྲོག་མི་མཐུན་ན་འགྲོགས་ཡུན་ཐུང་། །ནད་མང་ཚེ་ཐུང་བྱར་མི་གཏུབ། །ལུས་ནི་མི་མཐུན་ནད་མང་ཞིང་། །བུ་ཚ་བྱར་མི་གཏུབ་པ་ལ། །བྱིས་པ་དབང་པོ་སྐྱོན་ཅན་འོང་། །དབང་ཐང་མི་མཐུན་ནོར་མི་ཆག །ཕྱི་ན་སྒྲོམ་གྱི་གསེར་ཡོད་ཀྱང་། །དགོས་དུས་ནང་དུ་ས་རྡོ་སོང་། །རླུང་རྟ་མི་མཐུན་མི་ཁ་ལྡང་། །སྟོར་རླག་ལྡང་ཞིང་མི་ཁ་མང་། །ལེགས་པོ་ངོས་ན་བྱས་གྱུར་ཀྱང་། །ངོ་སོ་གཞན་གྱིས་ཁྱེར་བ་འོང་། །རུས་ཆེན་གཉིས་པོ་མ་མཐུན་ན། །འབྱུང་བ་གང་ཕམ་ཕུགས་སུ་ངན། །དེ་ནས་སྨེ་བ་མཐུན་མི་མཐུན། །རབ་ཀྱི་རབ་ལ་བབ་པ་ན། །བུ་ཚ་མིང་སྲིང་བདུན་གྱིས་བསྐོར། །རབ་ཀྱི་འབྲིང་ལ་བབ་པ་ན། །ནད་དཀོན་ཚེ་ལ་བར་ཆད་མེད། །གདོན་བགེགས་མི་ཚུགས་བུ་ནོར་འཕེལ། །རབ་ཀྱི་ཐ་མར་བབ་པ་ན། །གོད་ཁ་མི་འོང་ཟ་ཐང་ཆེ། །བུ་ནི་འབྲིང་སྟེ་ཞིང་ལ་ཟོལ། །འབྲིང་གི་རབ་ཀྱང་དེ་དང་འདྲ། །འབྲིང་གི་འབྲིང་ལ་བབ་པ་ན། །ནོར་ལ་གང་སྟེ་བུ་རྒྱུད་འབྲིང་། །དེ་མན་


CMR059_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

ཐོག་མཐའ་བར་གསུམ་དགེ །འབྲིང་གི་ཐ་མར་བབ་པ་ན། །འགྲོགས་ཡུན་རིང་སྟེ་ན་ནད་མང་། །ནོར་ཕྱུགས་མང་སྟེ་ཟས་མི་འགོས། །ཅི་ཡོད་བྱིན་ཀྱང་མི་མི་མགུ། །ཐ་མའི་རབ་ལ་བབ་པ་ན། །སྟོར་བརླག་གོད་ཁ་མང་བ་དང་། །ཆུང་ཞིག་ནད་མང་རྒྱུད་མི་སོས། །ཉེ་བ་དགྲར་ལྡང་སྲིད་མི་འཕེལ། །བསམ་པ་མི་འགྲུབ་ལོག་པར་འགྲོ། །ཐ་མའི་འབྲིང་ལ་བབ་པ་ན། །བཟའ་མི་མི་མཐུན་བྱེ་བྲལ་འོང་། །ལོ་ཏོག་མིས་ཟོས་མི་ཁ་ལྡང་། །བསགས་པའི་ནོར་རྣམས་གཞན་གྱིས་ཟ། །ཐ་མའི་ཐ་མར་བབ་པ་ན། །རང་དོན་གང་ཡོད་མི་ཡིས་འདེབས། །ལག་སྟོང་མཆན་བཅུག་དབང་ཐང་ཆུང་། །ཐ་མར་རབས་ཆད་ཁོང་སྟོང་ལུས། ༧ །གི་གང་སྨེ་བའི་བཤད་པ་ནི། །ཕོ་རྒན་མོ་གཞོན་འགྲིག་པ་ན། །འཕྲལ་ཕུག་གཉིས་བཟང་རྒས་དུས་སྐྱིད། །གོ་ལོག་བྱུང་ན་མོ་དབང་ཆེ། །ཕོ་རྒྱུད་མི་འཕེལ་མོ་རྒྱུད་འཕེལ། །དེ་ཙམ་བརྩི་བ་ཕྱག་ལེན་ཏེ། །རུས་ཆེན་སྐྱེས་ཟླ་བཙན་ཀླུ་དང་། །དར་རྒུད་བཟང་ངན་གང་ལ་སྐྱེས། །སྤྱན་གྲངས་རུས་མི་རུས་ཆེན་རྣམས། །བརྩི་བར་བཤད་ཀྱང་འགྲིགས་དཀའ་བས། །བརྩི་བའི་སྲོལ་ནི་མི་སྣང་ངོ་། ༧ །བག་ལམ་ཡོད་མེད་བརྩི་


CMR059_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི། །རྒྱས་པར་བག་རྩིས་རིན་ཆེན་ཕྲེང་བ་ལྟར། །ཡིན་ཀྱང་དེ་དག་འགྲིགས་དཀའ་བས། །རྩིས་པ་རྣམས་ཀྱི་བརྩི་སྲོལ་ཆུང་། །བག་མ་རང་ལོ་སྟེང་དང་ནི། །གནམ་ལོ་བདུན་ཟུར་སྟེང་དུ་འཛེམ། །སྤར་ཁ་ལི་ཐོག་འགྲོ་བ་སྤང་། །ཁེན་ལ་སོང་ན་བག་མ་སྨྱོ། །དེ་གཉིས་ཤིན་ཏུ་འཛེམ་སྲོལ་ཆེ། །མག་པ་དྭ་དང་བག་མ་ཟིན། །དེ་ལ་མག་པ་གྲི་ཁར་འཆི། །མག་པ་གིན་དང་བག་མ་ཁོན། །བཤའ་གྲི་བརྡར་མི་གོད་ཁ་ཆེ། །བག་མའི་སྐྱེས་སྨེ་འཕུར་བྱས་ལ། །གཉིས་ནག་བདུན་དམར་སྟེང་ཕྱིན་ཚེ། །བག་མ་ཕྱིན་ན་ཤིན་ཏུ་ངན། །རང་ལོ་རང་ཟླའི་སྟེང་མི་འགྲོ། །མག་པ་ལི་ཐོག་ཡོད་དུས་འཛེམས། །མག་པའི་ཕ་མ་སྤུན་ཟླ་སོགས། །ལི་ཐོག་ཡོད་པ་དེ་ཉིད་གཡོལ། །ཇ་ཆང་མ་མཆོད་བར་དུ་ནི། །བག་མ་ལ་ནི་བལྟ་མི་རུང་། །བག་མ་རང་གི་ཟླ་བ་དང་། །ཉི་མ་ལ་ཡང་འཛེམས་པ་ཡིན། །སྐར་སྐྱོན་ལ་ཡང་འཛེམས་པ་དང་། །སྐྲ་བཀྲུ་ཉིན་ཡང་སྐར་འཇམ་སྤྱད། །སྨིན་དྲུག་བྲ་ཉེ་ཤིན་ཏུ་འཛེམ། །བཟང་དྲག་གཡང་སྐར་འགྲུབ་སྦྱོར་མིན། །ངན་དྲག་སྐར་ངན་སྐར་སྐྱོན་མེད། །ཞག་གི་གནམ་ཁྱི་གཙོ་ཆེ་སྟེ། །ལྟོ་བ་ལ་སོགས་བཟང་པོ་


CMR059_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲད། །དུས་ཚོད་མག་པ་བག་མ་ཡི། །དུས་ཚོད་མིན་པ་གཅིག་ལ་གཉེར། །ཕྱོགས་མི་ཕྱོགས་ཀྱི་གཙང་ས་སྟེ། །ཧལ་ཁྱི་ཐེ་ཁྱིམ་ཤིན་ཏུ་འཛེམ། །ཟླ་བའི་གནམ་ཁྱི་གཙོ་ཆེ་སྟེ། །ལྟོ་བ་ལ་སོགས་བཟང་པོ་སྤྲད། །བག་མའི་སྐྱེས་སྨེ་དགུ་དམར་དང་། །འཕུར་སྨེ་དགུ་དམར་ལ་བབ་ན། །གཡང་ནི་རྗེས་སུ་འགྲོ་བཤད་པས། །གཡང་སྐྱབས་གཡང་ལེན་གཟབ་པར་བྱ། །གནམ་ལོ་བག་མའི་བདུན་ཟུར་རམ། །ཟླ་བའི་བདུན་ཟུར་སྟེང་འགྲོ་ན། །སྣ་འདྲེ་ཆེ་བས་སྣ་ཁྲུས་གཟབ། །ཁྱིམ་བསང་བཏང་སྟེ་སྒོར་འདུག་དུས། །བག་མ་ཁ་ཡི་གྱུ་ཕྱོགས་ནི། །ཕྱོགས་ནི་གཙང་སར་རྒྱུ་བའམ། །སྣ་སའི་ཁྱིམ་དུ་ཕྱིན་པའི་ཚེ། །སྒོ་རྒྱབ་ཏུ་ནི་གནམ་མཐོང་དང་། །རྩིག་རྩ་ཀ་བའི་རྩ་བ་ནི། །ཐབ་ཀའི་རྩ་རུ་བཞག་མི་རུང་། །སྟན་ནི་སྲོག་གི་མདོག་དག་ཏུ། །བག་མའི་སྲོག་ནི་རྒུད་པ་ན། །གདན་སྟེང་རྡོ་རྗེ་རྒྱ་གྲམ་བྲི། །ལུས་རྒུད་འཁོར་ལོ་རྩིབས་བརྒྱད་བྲི། །དབང་ཐང་ངན་དང་སྤར་ཁ་རྩུབ། །གཡུང་དྲུང་གཡས་འཁྱིལ་བྲི་བར་བྱ། །སྨེ་བ་རྩུབ་བམ་ངན་པ་ན། །སྨེ་བའི་ཕོ་བྲང་གླིང་དགུ་བྲི། །རླུང་རྟ་རྒུད་ཅིང་ངན་པ་ན། །པདྨ་འདབ་བརྒྱད་བྲི་བར་བྱ། །དེ་


CMR059_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ནས་འབྲུའི་བཏོད་ནས་བྲི། །དེ་སྟེང་བག་མ་བཞག་པར་བྱ། །ཁ་ནི་ཀུན་གྱིས་མ་ཕྱོགས་རྒྱུ། །དེ་རྣམས་རྩིས་མཁན་མཁས་རྣམས་ཀྱི། །བརྩི་སྲོལ་ཕྱག་ལེན་གཞུང་མ་ཡིན། །ཞིབ་པར་བྱུར་སྟག་ཉི་ཤུ་སོགས། །ཤིན་ཏུ་བརྩི་རྒྱུ་མང་དྲག་པས། །རྩིས་ན་འགྲིགས་པའི་དུས་མི་ཡོང་། །ཕྲན་ཚེག་སྐག་ཕྲན་སྤྱི་བཅོས་ནི། །སྣ་ས་ཕ་མེས་གཉིས་ཀ་ཡི། །བསང་དང་གཏོར་མ་བཏང་བ་དང་། །མཚན་བརྗོད་རྣམ་འཇོམས་ཟབ་མདོ་འདོན། །གཡང་སྐྱབས་རང་རང་ཕུག་ལྷ་མཆོད། །སྣ་སེལ་གླང་ཆེན་སྣ་བསྒྱུར་བྱ། །རྣམ་འཇོམས་སྨེ་བརྩེགས་གཟུངས་ཆུས་བཀྲུ། །གཉེ་བོ་མཐུན་གསུམ་ལོ་པས་བྱ། །སྣ་ཁྲིད་བག་མ་དེ་ཉིད་ཀྱི། །སྲོག་གི་མའམ་གྲོགས་ཀྱིས་བྱ། །རྟ་ཁ་ཁྲིད་མཁན་བག་མ་ཡི། །ཀུན་གྱི་མ་ནི་ཡིན་པས་བྱ། །རྟ་ནི་ལུས་ཀྱི་འབྱུང་བའི་མདོག །ཡང་ན་རླུང་རྟའི་སྤུ་མདོག་བྱ། །སྣ་ཁྲུས་པ་ལ་བག་མ་ཡི། །རླུང་རྟའི་དགྲ་ཡི་རླུང་རྟ་ཅན། །བག་མའི་དབང་ཐང་དེ་རྣམས་ཀྱི། །མ་རུངས་གྱུར་པའི་དབང་ཐང་ཅན། །དེ་ཡི་ཕྱེ་མར་བཞག་པར་བྱ། །སྣ་མི་བདུན་ཟུར་ལོ་པས་འབུད། །དེ་ཙམ་ལག་ལེན་ཀུན་གྱི་ལུགས། །རྒྱས་པར་ཁྲ་མོ་གླིང་


CMR059_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

དགུ་དང་། །བག་རྩིས་རིན་ཆེན་ཕྲེང་བར་ལྟོས། །དེ་དག་ཐམས་ཅད་འགྲིགས་དཀའ་བས། །བཤོལ་ནི་དགོས་པ་མ་ཡིན་ཏེ། །སོ་སོའི་བཅོས་ཀ་བྱས་ལ་བརྫ་ང་། །ཤིན་ཏུ་གལ་ཆེན་གནམ་ཁྱི་བརྩི། །ཟླ་བ་ཕོ་དྲུག་ཤར་བའི་ཚེ། །ཚེས་གཅིག་མཆུ་ལ་ཚེས་གཉིས་སྣ། །དེ་ཡི་གཡས་སུ་བསྐོར་ལ་བརྩི། །ཟླ་བ་མོ་དྲུག་ཤར་བའི་ཚེ། །ཚེས་གཅིག་མཇུག་མ་ཚེས་གཉིས་རྒྱབ། །དེ་ཡི་གཡོན་དུ་བསྐོར་ལ་བརྩི། །བརྩི་ཚུལ་ལིང་ཚེ་ཉིད་དུ་བརྩི། །མཆུ་ལ་སོང་ན་ཁ་མཆུ་འོང་། །སྣ་ལ་སོང་ན་སྤུ་གྲི་ཐོགས། །མིག་ལ་མིག་འདྲའི་བུ་གཉིས་སྐྱེ། །རྣ་བ་བུ་གཉིས་རྣ་ཅོ་འདྲ། །ལྟག་པ་ལ་ནི་གཉའ་བ་བཅིང་། །རྒྱབ་ན་མི་རུང་རྒྱས་ནས་ངན། །མཇུག་མ་ལ་ནི་བུ་མོ་དགུ། །རྐང་པ་ལྕགས་ཀྱུ་བཤལ་བའི་ཕྱིར། །ཕ་མིང་ནོར་ལ་ངན་པ་ཡིན། །ལྟ་བའམ་ལྟེ་བར་མངལ་ཅིག་གམ། །བུ་རྒྱུད་དཀོན་ཀྱང་ཉེས་སྐྱོན་མེད། །ལྟོ་བ་ལག་པ་བུ་མང་བཟང་། །ཐང་དཀར་རྨོ་ཀྱང་རུང་བ་ཙམ། །དེ་ནི་ཞག་གི་གནམ་ཁྱི་སྟེ། །ཟླ་བའི་གནམ་ཁྱི་འགྲོ་ཕྱོགས་བརྩི། །གནམ་ཁྱི་ཁར་སོང་རབས་ཆད་ཅིང་། །གཉའ་བར་སོང་ན་རྣ་བ་བཅིང་། །རྒྱབ་ཏུ་སོང་ན་ཚེ་ཐུང་ལ། །སྤྱི་མགོར་སོང་ན་


CMR059_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་ལ་ངན། །རྔ་མར་སོང་ན་སྲིད་རྒྱུད་ཆད། །རྐང་པར་སོང་ན་དབུལ་པོར་འགྱུར། །ལྟོ་བར་སོང་ན་དཔལ་ཆེ་བཟང་། །ལག་པར་སོང་ན་མི་བདག་འཆི། །དེ་ནས་དུས་ཚོད་གནམ་ཁྱི་ནི། །ཕོ་དྲུག་མཆུ་ནས་གཡས་སྐོར་ལ། །མོ་དྲུག་མཇུག་མ་ནས་གཡོན་སྐོར། །བརྩི་ཚུལ་ལིང་ཚེ་ནང་བཞིན་ཏེ། །བཟང་ངན་ཞག་གི་གནམ་ཁྱི་མཚུངས། །ཞག་དང་ཟླ་བའི་གནམ་ཁྱི་གཉིས། །གལ་ཆེན་གནམ་ཁྱི་བརྩི་སྲོལ་ཆེ། །དུས་ཚོད་གནམ་ཁྱི་རྩི་བསྲོལ་ཆུང་། །མདོར་ན་བག་མའི་ཕྱོགས་སྐོར་ལ། །གནམ་ཁྱི་ཁོ་ན་གཙོ་ཆེ་ཞེས། །རྒྱ་ནག་རྩིས་གཞུང་འཛིན་མཁན་གྱི། །རྩིས་པ་ཐམས་ཅད་མགྲིན་གཅིག་གོ །མདོར་ན་ལོ་ཁམས་མཐུན་མི་མཐུན། །བག་ལམ་ཡོད་མེད་བག་ལམ་སོགས། །ཤིན་ཏུ་བརྩི་རྒྱུ་མང་བའི་ཕྱིར། །ཐམས་ཅད་འགྲིགས་ཤིང་ལེགས་པ་ནི། །འཁོར་ལོས་སྒྱུར་བའི་རྒྱལ་པོ་སོགས། །བསོད་ནམས་ཅན་ལ་ཨི་སྲིད་ཙམ། །གཞན་ལ་དེ་འདྲ་མི་སྲིད་ཅིང་། །འདི་ག་ཙམ་ཞིག་བརྩི་བ་ལས། །ཞིབ་རྒྱས་བརྩི་སྲོལ་མི་སྣང་ངོ་། །དབོན་པོ་བསོད་ནམས་རྒྱལ་མཚན་གྱིས། །བསྐུལ་ཕྱིར་རཱ་ག་ཨ་སྱ་ཡིས། །འཕྲལ་དུ་ཆེ་ལོང་མདོར་


CMR059_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་ཙམ། །ངག་ནས་བརྗོད་པ་ཇི་བཞིན་དུ། །དགེ་སློང་ཨོ་རྒྱན་ཐབས་མཁས་ཀྱིས། །མགྱོགས་པར་བྲིས་པའི་དགེ་བ་དེས། །འགྲོ་བ་བདེ་སྐྱིད་འབྱུང་གྱུར་ཅིག །སརྦ་མངྒ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


no previousབག་རྩིས་ཁྲ་མོའི་དོན་བསྡུས་གསལ་བའི་མེ་ལོང་།next