Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
གནམ་ཁྱིའི་རྩིས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགནམ་ཁྱིའི་རྩིས།next

གནམ་ཁྱིའི་རྩིས།


CMR059_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཨཱརྱ་མཉྫའི་ཡེ། གནམ་ཁྱིའི་རྩིས་ལ་རྒྱས་པར་མང་དུ་བཤད་ཀྱང་རྩི་ཚོད་མི་ཟིན་ནའང་། །སྔོན་གྱི་རྩིས་མཁན་མཁས་པ་རྣམས་ཀྱི་ཕྱག་ལེན་མདོར་བསྡུས་བརྗོད་ན། གནམ་ཁྱི་ནི་སྐར་མ་རྔོན་པ་མི་བདུན་འདི་ཡིན་ཏེ། ལོ་དང་ཞག་དུས་ལ་དབང་བསྒྱུར་ཞིང་བག་མ་ལ་ཀོ་ལོང་དམ་པ་ཡིན་ཏེ། ལོའི་གནམ་ཁྱི་ལ་བཤད་ལུགས་མི་འདྲ་བ་མང་དུ་ཡོད་ཀྱང་། བག་མ་རང་ལོ་སྟེང་དུ་འགྲོ་བ་དང་། བཅོ་བརྒྱད་ལ་ཁེན་ཐོག་ཏུ་འགྲོ་བ་ནི་གནམ་ཁྱི་ལ་ཕོག་ཐུག་ཆེ་བས་འཛེམ། དེ་མིན་ལོའི་གནམ་ཁྱི་རྣམས་མང་གྲགས་པས་འགྲིགས་མི་ཐུབ་ལ་བརྩི་སྲོལ་མེད་པ་ནི་ལོ་བས་ཟླ་བ་དབང་ཆེ་བར་གསུངས་པའི་དོན་ནོ། ༈ །ཟླ་བའི་གནམ་ཁྱི་ནི་གཞོགས་གཡོན་ས་ལ་སྟོན་ནས་ཉ་ཁྱི་འགྲོས་ཀྱི་འཁོར་བ་དེ་བརྩི་རྒྱུ་ཡིན་ཏེ། བག་མའི་འགྲོ་ཕྱོགས་ཡིན་ནོ། །གནམ་ཁྱི་དེའི་གྲིབ་མ་ས་ལ་ཕོག་པས་གཞོགས་གཡོན་ས་ལ་བརྟེན་ནས་འཁོར་ལུགས་སྔོན་ལྟར་བྱེད་པས་ས་ཁྱི་ཡིན་ཏེ། བག་མའི་འགྲོ་ལཕྱོགས་ཡིན་ནོ། །ནུས་པ་ཆུང་བས་བརྩི་སྲོལ་མེད། མགོ་ལ་སོང་ན་རབས་ཆད། ལྟག་པ་ལ་སོང་ན་གཉའ་བ་བཅིངས། རྒྱབ་ཏུ་སོང་ན་ཚེ་ཐུང་། དཔྱིད་མགོ་ལ་སོང་ན་ནོར་ལ་


CMR059_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

ངན། རྔ་མ་ལ་སོང་ན་སྲིད་འཆད། སྡེར་མོ་ལ་སོང་ན་ནོར་དབུལ། ལྟོ་བ་ལ་སོང་ན་དཔལ་ཆེ་བས་བཟང་། མཆེ་བ་ལ་སོང་ན་མི་བདག་འཆི། དེ་ནི་བག་མ་ལ་ཤིན་ཏུ་བརྩི་གལ་ཆེ། ཡང་དམིགས་བྱའི་ཕྱོགས་སུ་གནམ་ཁྱིའི་མགོ་བསྟན་དུས་རྔ་མའི་ཕྱོགས་ནས་ཟོར་སོགས་དྲག་ལས་བྱས་ན་འགྲུབ་པར་བཤད་པ་བརྩི་སྲོལ་ནི་ཆུང་། ཞག་གི་གནམ་ཁྱི་ནི་བག་མ་འགྲོ་ཉིན་གྱི་ཚེས་གྲངས་ཡིན་ཏེ། བརྩི་ལུགས་དཔེའུ་རིས་ལྟར་ལས། མཆུ་ལ་ཁ་མཆུ་འོང་། སྣ་ལ་མི་བདག་འཆི། མིག་ལ་བུ་མིག་འབྲས་འདྲ་བ་གཉིས་སྐྱེ། རྣ་བ་ལ་བུ་རྣ་མཆོག་འདྲ་བ་གཉིས་སྐྱེ། ལྟག་པ་ལ་གཉའ་བ་བཅིང་། རྒྱབ་ལ་རབོས་ཆད། མཇུག་མ་ལ་བུ་མོ་མང་། རྐང་པ་ལ་བུ་གཉིས་སྐྱེ་སྟེ་ལྕགས་ཀྱུས་བཤལ་བས་ཕ་མིང་གི་ནོར་ལ་ངན། ལྟེ་བ་ལྟོ་བ་སྦོ་དང་གཉིས་གཅིག་ཏུ་བརྩི་སྟེ་བུ་མང་། ལག་པ་ལ་བཟང་། ཐང་ཀ་ལ་བུ་སྟག་ལྟ་བུ་སྐྱེ། ལྐོག་མ་ལ་ངན་ཏེ་ཉན་ཙམ་ཡིན་འབྲིང་། ཞིག་གི་གནམ་ཁྱི་འདི་གལ་ཆེ། དུས་ཚོད་ཀྱི་གནམ་ཁྱི་བརྩི་ལུགས་དཔེའུ་རིས་ལྟར་ཏེ། བཤད་པ་ནི་གོང་ལྟར་མཐུན་ནའང་བརྩི་སྲོལ་ནི་ཆེ་བར་མི་འདུག །ཅེས་པ་སྐར་ཡིག་མི་འདྲ་བ་བརྒྱད་དགུ་ཙམ་


CMR059_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

བསྟུན་ཏེ་འདྲ་མན་མང་བ་དང་། ཡིག་ཆ་མ་དག་པའི་སྐྱོན་གྱིས་རང་ཚིག་དང་འགལ་བ་དང་། དངོས་སྟོབས་ཀྱི་རིག་པ་དང་འགལ་བ་སོགས་གང་ལའང་ཡིད་གཏད་དཀའ་བར་གདའ་བས། སློབ་དཔོན་མཁས་པ་རྣམས་ཀྱི་གསུང་རྒྱུན་དང་བསྟུན་ནས་འདིར་འཁྲུལ་མེད་གཏན་ལ་ཕབ་པ་ཡིན་པས་ཕྱི་རབས་རྣམས་ཀྱི་ངེས་ཤེས་མཛོད། སྙིགས་དུས་ཀྱི་རྩིས་མཁན་པྲ་ཝ་གཱ་གས་སྦྱར་བ་ལ། འགལ་འཁྲུལ་ཉེས་པ་གང་མཆིས་མཁས་པ་རྣམས་ཀྱི་དྲུང་དུ་བཤགས་ཤིང་། དགེ་བས་རྩི་ས་མཁན་རྣམས་ཞལ་དྲོ། ཡོན་བདག་ཚེ་རིང་བག་མ་རྣམས་བུ་ནོར་འཛོམས་པར་གྱུར་ཅིག །མངྒ་ལཾ། ཡང་གནམ་ཁྱི་འདིའི་དོགས་གཅོད་ལ། དགོངས་འདུས་སྐར་མཛོད་དང་། ས་སྐྱའི་སྐར་མཛོད་སོགས་མ་བཅོས་པ་རྣམས་ནི་ཁུངས་བཙུན་ལ། དེ་མིན་སྐར་ཡིག་ཕལ་ཆེར་ཞིག་སྐུ་ཡོན་ཆུང་བའི་བསྒོམ་པ་རྒན་པོ་རྣམས་ཀྱང་། གཞན་ལ་མེད་པའི་ཁྱད་ཆོས་ཡིན་པ་སྐད་དུ། རྩིས་གཞུང་རྣམས་དང་འགལ་བའི་ བླུན་གཏམ་སྨྲས་པ་སློབ་མ་རྣམས་ཀྱི་སྐར་ཡིག་ཞུག་ཏུ་བཙུད་པ་མང་བས་བསླད་འདུག་ལོའི་གནམ་ཁྱི་དང་ཟླ་བའི་གནམ་ཁྱི་དང་། མགོ་ཤར་དུ་ལྟ་དུས་གིན་ཟིན་གཉིས་མཆེ་ཡིན་ཟེར་བ་


CMR059_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

མི་འཐད་དེ། ལྟག་ཁུང་ན་མཆེ་བ་མི་སྲིད་པའི་ཕྱིར་རོ། ཁེན་ཁོན་གཉིས་སྦར་མོ་ཡིན་ཟེར་བ་ཡང་མི་འཐད་དེ། གནམ་ཁྱི་གློ་ཉལ་ཡིན་པར་བཤད་པ་དང་འགལ་བའི་ཕྱིར་རོ། །ལོ་ཟླ་ཞག་དུས་བཞིའི་གནམ་ཁྱི་ཡང་། ཁྱི་ལོ་ཁྱི་ཟླ་ཁྱི་ཉི་ཁྱིའི་དུས་ཚོད་རྣམས་ཡིན་ཟེར་བ་ལ་མི་འཐད་དེ། དེ་རྣམས་ཀྱི་བདག་པོ་ལ་མི་ལུས་ཁྱིའི་མགོ་ཅན་རེ་རེ་ཡོད། གནམ་ཁྱི་ལ་ཁྱི་ནག་པོའི་གཟུགས་ཅན་གཅིག་ལས་མེད་པས་སོ། །ཁེན་ཟོན། གཅིག་དཀར། གཟའ་ཉི་མ། སྨིན་དྲུག་བརྟན་མ་ཐེ་ཁྱིམ་སོགས་བག་མ་ལ་ཀོ་ལོང་དམ་ཚད་ལ་གནམ་ཁྱིའི་མིང་བཏགས་པ་ནི་ཧ་ཅང་ཐལ་ཆེས། ཞག་གི་གནམ་ཁྱི་ལ་ཡང་སྒོ་དང་ལྟེ་བ་ལྟོ་བ་གསུམ་གཅིག་ཡིན་པ་ལ། སོ་སོར་བརྩིས་ནས་ལག་པ་ཆད་པར་མི་འཐད། ཟླ་བ་མོ་དྲུག་གཡོན་སྐོར་དུ་འཇུག་མ་ནས་རྐང་པ་སོགས་བརྩི་བ་མི་ཐད། གཡོན་སྐོར་ཡིན་ཟེར་བ་དང་འགལ་བའི་ཕྱིར་རོ། །དུས་ཚོད་ཀྱི་གནམ་ཁྱི་འདི་བཤད་འདུག་ཀྱང་རྩིས་མཁན་རྣམས་ཀྱི་བརྩི་སྲོལ་ནི་ཆེར་མི་སྣང་། ཞག་གི་གནམ་ཁྱི་འདི་ཟླ་བ་མོ་དྲུག་མཚལ་གྱི་བྲིས་པ་ལྟར། སྐར་ཡིག་ཕལ་ཆེར་ནས་བཤད་པ་ལྟར་ཡིན་ཀྱང་མ་དག་པར་འདུག །འོན་ཀྱང་རྣམ་གྲངས་སུ་བཀོད་པ་


CMR059_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། ཞེས་པའང་པྲ་ཝ་ག་གས་སོ། །ས་ཁྱི་བརྩི་བ་འདི་ཅི་ལ་མཁོ་ན། མཆེ་བའི་ཕྱོགས་སུ་འཕགས་ན་ཐོབ་པའོ། །ཤུ་བྷཾ་ཏུ་སརྦ་ཛ་ག་ཏཾ།


previousགནམ་ཁྱིའི་རྩིས།next