Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
རྒྱ་དཀར་ནག་གི་འབྱུང་བ་བརྩི་ལུགས་ཤིན་ཏུ་གསལ་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྒྱ་དཀར་ནག་གི་འབྱུང་བ་བརྩི་ལུགས་ཤིན་ཏུ་གསལ་བ།next

རྒྱ་དཀར་ནག་གི་འབྱུང་བ་བརྩི་ལུགས་ཤིན་ཏུ་གསལ་བ།


CMR059_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་དཀར་ནག་གི་འབྱུང་བ་བརྩི་ལུགས་ཤིན་ཏུ་གསལ་བ་བཞུགས་པའི་དབུ་ཕྱོགས་ལགས་སོ།།


CMR059_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་མཉྫནཱ་ཐ་ཡ། བྱང་ཕྱོགས་རྒྱུད་དུ་བྱུང་བའི་པཎྜི་ཏ། །འཇམ་དབྱངས་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །ཕྱི་ནང་སྣོད་བཅུད་འཁོར་འདས་ཐམས་ཅད་ནི། །འབྱུང་བའི་དགྲ་གྲོགས་ཁོ་ནའི་བྱེད་ལས་ཏེ། །ཕྱི་ཡི་འབྱུང་བ་མཁའ་རླུང་མེ་ཆུ་ས། །དེ་དག་གཅིག་གྲོགས་གཅིག་གིས་བྱས་པ་སྟེ། །བསྐལ་པ་ཆགས་དང་ཡར་དར་གནས་པ་འབྱུང་། །དེ་དག་གཅིག་དགྲ་གཅིག་གིས་བྱས་པ་ལས། །བསྐལ་པ་མར་འགྲིབ་འཇིག་རྟེན་ཞིག་ཅིང་སྟོང་། །ནང་གི་འབྱུང་བ་སེམས་དབུགས་དྲོད་ཁྲག་ཤ། །དེ་དག་གཅིག་གྲོགས་གཅིག་གིས་བྱེད་པ་ལས། །སྐྱེ་ཞིང་ཡར་ཚར་


CMR059_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

གཞོན་དང་ལུས་པོ་བདེ། །དེ་དག་གཅིག་གྲོགས་གཅིག་གིས་བྱས་པ་ལས། །རྒས་རྒོག་ན་དང་འཆི་དང་ཕུང་པོ་འཐོར། །གསང་བ་སེམས་ཉམས་རང་རྩལ་འབྱུང་བ་ལྔ། །སེམས་ཉིད་ངོ་བོ་སྟོང་པ་ནམ་མཁའི་ཁམས། །སྣ་ཚོགས་འཕྲོ་ཞིང་གཡོ་བ་རླུང་གི་ཁམས། །རིགས་པ་རྒྱུན་ཆད་མེད་པ་ཆུ་ཡི་ཁམས། །སེམས་ཉིད་མེ་ཡིན་ཤི་ནས་དྲོད་མི་གནས། །སེམས་ཉིད་ས་ཡིན་མི་ནི་ཆུར་འཕང་ཏིག །སེམས་ཉིད་རོ་ཡིན་ཆུ་ཡི་ཁ་རུ་ལྡིང་། །དེ་དག་དགྲ་རུ་གྱུར་པ་དུག་ལྔ་སྟེ། །དེ་ཡིས་འཁོར་བར་འཁྱམས་ཤིང་སྡུག་བསྔལ་བསྐྱེད། །གྲོགས་སུ་གྱུར་ན་ཡེ་ཤེས་ལྔ་བསྐྱེད་


CMR059_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

པས། །རིགས་ལྔའི་གོ་འཕང་ཐོབ་ཅིང་རྫོགས་སངས་རྒྱས། །འདི་དོན་འཇིག་རྟེན་རྒྱ་ནག་གཙུག་ལག་གཞུང་། །ཕྱི་ནང་ཐུན་མོང་སྒྲ་ཡི་གཞུང་རྣམས་དང་། །དུས་འཁོར་ལ་སོགས་གསར་རྙིང་རྒྱུད་སྡེ་ནས། །རྒྱ་ཆེར་གསུངས་ཕྱིར་ཀུན་གྱི་སྤྱི་བོར་ལེན། །དེ་ཡང་རྒྱལ་བའི་གསུང་གིས་གསང་བ་དང་། །འགྲོ་བའི་ངག་དང་རྩ་ཡིག་འབྱུང་བའི་སྒྲ། །ཡིག་འབྲུའི་གཟུགས་སུ་སྣང་བ་ཤེས་པ་ཏེ། །ཨ་ཨ་ཀ་ཁ་ག་གྷ་ང་ཧ་ཀཽཎཱཀྵ། །མགྲིན་པ་སྟོང་པ་ནས་འབྱུང་ནམ་མཁའི་ཁམས། །སུ་ལའང་མི་དགྲ་ཀུན་དང་གྲོགས་ཡིན་ནོ། །ཞེ་སྡང་འཇོམས་ཤིང་མེ་ལོང་ཡེ་ཤེས་བསྐྱེད། །ཨི་ཨི་ཨེ་ཨེ་ཙ་ཚ་ཛ་ཛྷ་ཉ་ཡ་ཤ། །ལྕེ་སོ་སྐན་ལས་བྱུང་སྟེ་ལྕེ་དེ་ཡང་། །རླུང་ལྟར་བསྐྱེད་པས་རླུང་གི་ཁམས་ཡིན་ནོ། །དགྲ་རུ་གྱུར་ན་རླུང་ནད་རླུང་དགྲ་གནོད། །གྲོགས་སུ་གྱུར་ན་ང་རྒྱལ་འཇོམས་པ་དང་། །མཉམ་ཉིད་ཡེ་ཤེས་བསྐྱེད་པར་བྱེད་པ་ཡིན། །རི་རི་ཊ་ཋ་ཌ་ཌྷ་ཎ་ར་ཥ། །ལྕེ་རྩེ་རྐན་དང་སྤྱི་བོ་ནས་འབྱུང་སྟེ། །ལྕེ་རྩེ་མེ་ལྟར་གྱེན་འབར་མེ་ཡི་ཁམས། །དགྲ་འགྱུར་མཁྲིས་པ་རིམས་ཚད་མེ་དགྲ་གནོད། །གྲོགས་སུ་གྱུར་ན་གཏི་མུག་འཇོམས་པ་དང་། །ཆོས་དབྱིངས་ཡེ་ཤེས་བསྐྱེད་པར་བྱེད་པ་


CMR059_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །ཨུ་ཨུ་ཨོ་ཨོ་པ་ཕ་བ་བྷ་མ་ཝ་སྤ་སྤ། །མཆུ་གཉིས་སྦྱར་ལས་འབྱུང་ཞིང་མཆུ་ཡང་ནི། །ཆུ་ལྟར་མཐུར་དུ་འབབ་པས་ཆུ་ཡི་ཁམས། །དགྲར་གྱུར་གྲང་བཞི་ཆུ་ནད་ཆུ་དགྲ་འབྱུང་། །གྲོགས་སུ་གྱུར་ན་ཕྲག་དོག་འཇོམས་པ་དང་། །བྱ་གྲུབ་ཡེ་ཤེས་བསྐྱེད་པར་བྱེད་པ་ཡིན། །ལི་ལཱི་ཏ་ཐ་ད་དྷ་ན་མ་ས། །ལྕེ་རྩེ་སོ་རྣམས་འཐབ་པ་ལས་འབྱུང་སྟེ། །ལྕེ་རྐན་འཐབ་པར་སྦྱར་བ་ས་ཡི་ཁམས། །དགྲར་གྱུར་བད་ཀན་ས་ཡི་གནོད་པ་འབྱུང་། །གྲོགས་སུ་གྱུར་ན་འདོད་ཆགས་འཇོམ་པ་དང་། །སོ་སོར་རྟོགས་པའི་ཡེ་ཤེས་༈ བསྐྱེད་པར་བྱེད། །ལེགས་སྦྱར་གཞུང་ལ་བོད་ཡིག་དྲུག་མེད་ཀྱང་། །ཅ་ཆ་ཇ་ཉ་ཙ་ཚ་ཛ་མཚུར་རླུང་། །ཞ་ཟ་འ་གསུམ་ནམ་མཁའི་ཡི་གེ་ཞེས། །མར་པས་ཞུས་ཕྱིར་ནཱ་རོ་པ་ཡིས་གསུངས། །དབྱངས་གསལ་བོད་ཡིག་ཀུན་བརྩི་འབྱུང་ཆེན་ཏེ། །ཐམས་ཅད་བརྩི་བས་འབྱུང་བ་ཆེན་པོར་གྲགས། །སྔགས་ཀྱི་ཐོག་མ་རང་གི་མིང་རྣམས་ལ། །དབྱངས་ཡིག་དང་ནི་བུ་དྲུག་ཡོད་པ་ན། །དེ་ལ་འབྱུང་ཆུང་བརྩི་རྒྱུ་མེད་པ་ཡིན། །གཉིས་ཀ་གསལ་བྱེད་སྡེ་ལྔའི་གྲ་ཡིན་ན། །དེ་ལ་འབྱུང་ཆུང་བརྩི་བར་བྱ་བ་སྟེ། །ཆེ་ཆུང་གཉིས་ཀ་མཐུན་ན་རབ་


CMR059_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཅིང་། །གདམས་ངག་བྱུང་ན་འབྱུང་ཆུང་དབང་ཆེན་གསུངས། །འབྱུང་ཆུང་ཀ་ཙ་ཊ་ཏ་པ་ས་ཡིག །ཁ་ཚ་ཋ་ཐ་ཕ་རྣམས་ཆུ་ཡིག་སྟེ། །ག་ཛ་ཌ་ད་བ་རྣམས་མེ་ཡིག་གོ །གྷ་ཛྷ་ཌྷ་དྷ་བྷ་རྣམས་རླུང་ཡིག་སྟེ། །ང་ཉ་ཎ་ན་མ་རྣམས་ནམ་མཁའོ། །བུ་དྲུག་གསལ་བྱེད་རྣམས་ལ་དབྱངས་ཞུགས་པས། །དབྱངས་ནི་སྲོག་ཡིན་དེ་ཉིད་དབང་ཆེར་བརྩི། །ར་ཏཱ་གི་གུ་ཅན་ནི་མེ་ཡིག་སྟེ། །དཔེར་ན་དྷིཡིག་མེ་རུ་བརྩི་དང་མཚུངས། །ཐིག་ལེ་ཀླད་སྐོར་ནམ་མཁའི་ཁམས་ཡིན་ཏེ། །དཔེར་ན་བྷཾ་ནི་ནམ་མཁར་བརྩི་བའོ། །བོད་ཡིག་སྲོག་དང་ལྡན་ན་དེ་ཉིད་ཏེ། །སྲོག་མེད་ལ་སོགས་ལེགས་སྦྱར་སྐད་དུ་གྱུར། །དཔེར་ན་འཇིག་རྟེན་ལོ་དཀར་བསྒྱུར་ལྟར་རོ། །མིང་ཡིག་ཐོག་མ་བརྩེགས་སམ་བརྟན་འཕུལ་ཅན། །དེ་ཡི་ཡིག་འབྲུ་ཐོག་མ་བརྩི་བྱ་སྟེ། །རྒྱལ་མཚན་ར་དང་བསོད་ནམས་ལ་ནི་བ། །ཕུལ་བརྩེགས་མེད་ན་ཐོག་མའི་ཡི་གེ་བརྩི། །སྔགས་མགོ་ཨོཾ་དང་ན་མོ་ཏད་ཡ་ཐ། །སདྱ་ཐེ་དན་མི་བརྩི་དེ་འཕྲོའི་སྔགས། །ཡིག་འབྲུ་དང་པོ་རང་གི་ཡིག་འབྲུ་ཡི། །དགྲའམ་གྲོགས་སམ་ཐ་མལ་འགྱུར་ཞེས་བརྟག །དབྱངས་ཡིག་དགྲ་རུ་གྱུར་ན་ཚེ་ཐུང་ཞིང་། །གསལ་བྱེད་དགྲ་རུ་གྱུར་ན་ནད་


CMR059_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

མང་འགྱུར། །ཐ་མལ་གྱུར་ན་བཟླས་ཀྱང་ནུས་པ་མེད། །ས་དགྲ་མེ་ཡིན་མེ་ཡི་དགྲ་ནི་ཆུ། །ཆུ་དགྲ་རླུང་ཡིན་རླུང་གི་དགྲ་ནི་ས། །དགྲ་རུ་གྱུར་ན་ཤིན་ཏུ་གནོད་པ་ཆེ། །གནོད་ལུགས་ཅི་འབྱུང་སྔོན་དུ་བཤད་ལྟར་རོ། །ས་ཆུ་གཉིས་ནི་ཕན་ཚུན་གྲོགས་ཡིན་ཏེ། །མེ་རླུང་གཉིས་ཀྱང་ཕན་ཚུན་གྲོགས་པོ་ཡིན། །ནམ་མཁའ་ཀུན་གྲོགས་ཀུན་ཀྱང་ནམ་མཁའི་གྲོགས། །གྲོགས་སུ་གྱུར་ན་དངོས་གྲུབ་ཅི་འདོད་འབྱུང་། །ཉོན་མོངས་གང་ཞི་ཡེ་ཤེས་གང་བསྐྱེད་པ། །གོང་དུ་བཤད་པའི་དོན་གྱི་ཤེས་པར་འགྱུར། །ས་ནི་མེ་ལ་ནུས་མེད་ཐ་མལ་པ། །དེ་བཞིན་མེ་ནི་ཆུ་ལ་ནུས་པ་མེད། །ཆུ་ནི་རླུང་ལ་ནུས་པ་མེད་པ་སྟེ། །དེ་བཞིན་རླུང་ནི་ས་ལ་ནུས་པ་མེད། །ཕར་ལ་བསད་ཕྱིར་ཚུར་ལ་ནུས་པ་མེད། །སྔགས་བཟླས་ན་ཡང་འབྲས་བུ་མེད་པར་འགྱུར། །ཆུ་ནང་འཕྲད་ན་ཞི་བའི་ལས་ཀུན་འགྲུབ། །ས་ནང་འཕྲད་ན་རྒྱས་པའི་ལས་ཀུན་འགྲུབ། །མེ་ནང་འཕྲད་ན་དབང་དང་དྲག་པོ་འགྲུབ། །རླུང་ནང་འཕྲད་ནས་དྲག་པོའི་ལས་ཀུན་འགྲུབ། །ནམ་མཁའ་ནང་འཕྲད་མཆོག་གི་དངོས་གྲུབ་ཐོབ། །འདི་ཡི་རིགས་པས་མིང་ཡིག་དང་པོ་གཉིས། །དགྲ་གྲོགས་ཅི་འགྱུར་ལེགས་


CMR059_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

པར་བཏང་ཤེས་ན། །ཡུལ་དང་ཁང་པ་མཚེར་ས་འཕྲག་མི་འཕྲག །རྟ་དྲེལ་ནོར་ལུག་འཕེལ་དང་གོད་ཁ་འོང་། །བཟའ་ཚང་སློབ་དཔོན་གྲོགས་ཁ་མཐུན་མི་མཐུན། །ཁ་མཆུ་འཐབ་རྩོད་སུ་ཕམ་སུ་རྒྱལ་སོགས། །ཞིབ་པར་བརྟགས་ན་ཟག་བཅས་མངོན་ཤེས་འཆར། །གཙོ་ཆེན་དུས་འཁོར་རྒྱུད་ཀྱི་དགོངས་པ་ལགས། །བདག་གིས་སློབ་དཔོན་མཁས་པ་མང་པོར་གཏུག །དེ་ཙམ་གཅིག་ལ་ཐམས་ཅད་ཞལ་འཆམ་ཡང་། །རང་མིང་ཡི་གེ་དང་པོ་ཞལ་མ་འཆམ། །ལ་ལས་རང་མིང་རྒྱ་སྐད་བསྒྱུར་དགོས་ཟེར། །འོ་ན་ནཱ་རོ་བོད་ཡིག་དྲུག་པོ་ཡི། །འབྱུང་བ་གསུངས་པ་དེ་ཡང་དགོས་མེད་འགྱུར། །མས་ཕུལ་ཡོད་ན་མ་གཏོགས་བསྒྱུར་མི་དགོས། །ལ་ལས་རང་གི་གསང་མཚན་བརྩི་དགོས་ཟེར། །དབང་བསྐུར་མང་པོ་ཐོབ་པས་གསང་མཚན་མང་། །འདི་བརྩི་དེ་བརྩི་མེད་དེ་འབྲེལ་མེད་འབྱུང་། །ལ་ལས་ཀར་ལུགས་ཀ་དང་དགེ་ལུགས་བློ། །ས་ལུགས་ཀུན་དང་སྟག་འབྲུག་ངག་དབང་རྣམས། །སྤྱི་མིང་ཡིན་པས་བརྩིས་པས་ཕན་མེད་དེ། །རང་གི་མིང་གི་དངོས་གཞི་བརྩི་དགོས་གསུངས། །ལ་ལས་མིང་ཡིག་རྒྱས་པས་མགོ་བརྩི་ཟེར། །ཐག་ཆོད་མེད་པར་ཐམས་ཅད་ཧད་དེ་


CMR059_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

ལུས། །དེ་ཚེ་བདག་གི་ལུང་དང་རིགས་པས་དཔྱད། །འདི་ནི་ཀུན་རྫོབ་བདེན་པ་གཙོ་ཆེ་སྟེ། །ང་དང་བདག་ཏུ་འཛིན་པ་མིང་གི་བྱས། །མིང་དེ་བཟླས་ན་ཨ་ལན་བྱེད་ཤོར་ཤིང་། །མིང་དེ་སྨོད་པར་ཐོས་ནས་ཁོང་ཁྲོ་སྐྱེ། །མིང་དེ་བསྟོད་པར་ཐོས་ན་ཡིད་དགའ་བ། །ཀུན་གྱི་ཤེས་ཤིང་ཀུན་གྱི་བརྗོད་པ་ཡི། །རང་གཞན་ཀུན་ལ་བསྒྲུང་བའི་མིང་དེ་བརྩི། །གལ་ཏེ་མིང་ཡིག་ལྷ་དང་མ་མཐུན་ན། །བླ་ཆེན་སྟོབས་ཆེན་མངའ་ཐང་ཆེ་རྣམས་ཀྱིས། །ངག་དབང་ལ་སོགས་ཀུན་དང་མཐུན་པ་ཡིས། །རང་གི་རང་ལ་མཚན་ནི་གསར་པ་གསོལ། །རང་གི་དེར་འཛིན་རྩོམ་ཆོས་མཇུག་ཏུ་བྲི། །གྲྭ་སློབ་རྣམས་ལ་མཚན་གསར་བརྗོད་འཇུག་སྲོལ། །ཐ་མལ་པ་ཡང་ས་མིང་དགྲར་གྱུར་པས། །ན་ཚ་མང་ལ་ཕན་པའི་མིང་གཞན་བཏགས། །རང་གི་མིང་གསར་དེ་ལ་བདག་བཟུང་ནས། །ཀུན་གྱི་མིང་གསར་བརྗོད་པར་གྱུར་ན་ཕན། །མིང་རྙིང་དོར་ནས་བདག་བཟུང་མེད་གལ་ཆེ། །མགོ་རུ་ཨོཾ་དང་མཇུག་ཏུ་ཧཱུྃ་ཕཊ་དེ། །སྭཱ་ཧཱ་སྦྱར་བའི་བར་དུ་ལྷ་ཡི་མིང་། །སྦྱར་བ་དེ་ནི་སྔགས་སུ་འགྱུར་བ་སྟེ། །མིང་གི་ཐོག་མའི་ཡི་གེ་ཐུགས་རྡོ་རྗེ། །མིང་ཡིག་རྐྱང་པ་ལྷ་དེའི་གསུང་རྡོ་རྗེ། །


CMR059_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་རྫོགས་པ་ལྷ་དེའི་སྐུ་རྡོ་རྗེ། །བྱུང་ནི་ས་བོན་ལྷ་ཉིད་བསྒོམ་པའི་རྟེན། །གསུང་ནི་མཆོད་པའི་སྔགས་མགོར་སྦྱར་བར་བྱ། །སྐུ་ཡི་རྡོ་རྗེ་བཟླས་བྱའི་སྔགས། །འོན་ཀྱང་སྔགས་རིགས་གསུམ་པོ་དེ། །འབུམ་ཕྲག་རེ་ནི་བཟླས་པར་གསུང་པའང་ཡོད། །ཐུགས་ཀྱི་རྡོ་རྗེ་ཐིག་ལེས་བརྒྱན། །ཨོཾ་ནས་སྭ་ཧཱའི་བར་དུ་བཅུག །དེས་ཀྱང་འགྲུབ་པར་མ་གྱུར་ན། །འབྱུང་བའི་ཡི་གེ་གནད་ལ་དབབ། །ཨོཾ་གྱི་མགོ་དང་སྔགས་ཀྱི་མགོར། །ཧ་དང་ཕཊ་སྦྱར་བཟླས་པ་ན། །ལྷ་དེ་མཚོན་གྱིས་བསྣུན་འགྱུར་ཏེ། །བརྒྱལ་ཞིང་རང་གི་དབང་དུ་འདུས། །ནམ་མཁའི་ཡི་གེས་མནན་པའོ། ཧཱུཾ་སྦྱར་ནས་བཟླས་པ་ན། །ལྷ་དེ་རང་ལ་ཕེབས་པར་འགྱུར། །རླུང་གི་མནན་པས་ཕེབས་པའོ།། ར༔ བོ་ཥཊ་སྦྱར་བཟླས་པ་ན། །མེ་ཡིག་ཀྱིས་མནན་ལྷ་བསྲེགས་འགྱུར། ཝན་མ་སྦྱར་བཟླས་པ་ན། །ཆུ་ཡི་ལྷ་ཉིད་གསོས་པར་འགྱུར། ལསཱ་ཧཱ། སྦྱར་བཟླས་པའི། ས་ཡི་ཡི་གེ་ལྷ་རྒྱས་འགྱུར། ཐིག་ལེས་མནན་པའི་ལྷ་མཉེས་ནས། །མཆོག་གི་དངོས་གྲུབ་སྟེར་བའི་ཐབས། །མིང་ཡིག་དང་པོ་ཐིག་ལེས་བརྒྱན། །དཔེར་ན་སྒྲོལ་མ་ལྟ་བུ་ལ། །ཏཾ་ཝ་ཥཊ་སྦྱར་བཟླས་པའོ། །


CMR059_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་ཆོས་སྐྱོང་ལ་སོགས་བསྒྲུབ་པའི་དུས། །མང་པོ་མ་ནོན་རྩུབ་འཁྲུགས་ཆེ་བ་ན། །མགོ་མེད་མགོ་བོ་བཏགས་ཏེ་བཟླས་པའོ། །ཨོཾ་ཨཱཿཧཱུྃ་གསུམ་སྦྱར་ནས་བཟླས་པས་འཇོམས། །ཧ་ཀྱང་འཇམ་ཐལ་རྟགས་མཚན་ཀྱང་མེད་ན། །ཨོཾ་དེ་བསྐྱུར་ནས་བཟླས་པས་རྣོ་ལ་མྱུར། །མགོ་ཅན་མགོ་བོ་བཅད་དེ་བཟླས་པའོ། །ལན་དགུ་བསྒྲུབ་ཀྱང་མ་འགྲུབ་རྟགས་མེད་ན། །གནད་ལ་དབབ་ནས་ཤི་ས་བསྟན་པ་ནི། །སྔགས་དེ་མཇུག་ནས་གྱེན་ལ་འབྲུ་བཟློག་བཟླས། །ཧ་ཅང་མི་མང་མང་ན་རང་སྲོག་འཆད། །པད་གླིང་རཏྣའི་གཏེར་ཁ་ཨོ་རྒྱན་གསུངས། །ནཱ་རོ་འཇམ་དབྱངས་རལ་གྲི་རྣམ་ཐང་བ། །ཞལ་ལུ་ལ་སོགས་མཁས་པའི་གཞུང་རྣམས་དང་། །དུས་འཁོར་རྒྱུད་འགྲེལ་སྒྲ་ཡི་གཞུང་རྣམས་དང་། །སློབ་དཔོན་མཁས་པ་མང་པོས་ཞལ་ཕྱེས་ཤིང་། །རང་གི་ལེགས་པར་བརྟགས་ཤིང་ཉམས་མྱོང་བསྟུན། །དེ་ཕྱིར་འདི་ལ་ཡིད་ཆེས་བྱ་བར་རིག །ཀུན་ལ་མ་བསྒྲགས་གདམས་ངག་ཁྱད་པར་ཅན། །རྒྱ་ནག་རི་བོ་རྩེ་ལྔའི་ཤེལ་ཁང་དུ། །མཁྱེན་རབ་བདག་པོ་འཕགས་པ་འཇམ་དཔལ་གྱིས། །རྒྱ་ནག་རྩིས་ཀྱིས་འདུལ་བའི་དུས་དགོངས་ནས། །གནམ་དང་ས་དང་


CMR059_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

བར་སྣང་གབ་རྩེ་ནི། །སུམ་བརྒྱ་དྲུག་ཅུ་ཚན་གསུམ་གཏན་ལ་ཕབ། །དེ་ཉིད་དར་ཆེ་དམ་ཆོས་མི་དར་དོགས། །ཐམས་ཅད་གཏེར་དུ་སྦས་པས་བཀྲ་མི་ཤིས། །སླར་ཡང་རྩ་བའི་དོན་བསྡུས་རྒྱུད་ལྔ་གསུངས། །སྡོང་པོ་ཀུན་འདུས་སྣང་གསལ་སྒྲོན་མེ་དང་། །རིན་ཆེན་ཀུན་འདུས་ས་ལ་པ་ཏྲ་དང་། །བདུད་རྩི་བུམ་པ་ལ་སོགས་རྒྱུད་ལྔ་ལ། །བརྟེན་པ་འཕྲུལ་གྱི་མི་བཞི་ལ་སོགས་པ། །རྒྱ་ནག་ཡུལ་གྱི་སློབ་དཔོན་མང་པོ་ཡི། །བྱིས་པ་བཙས་ལྷུང་བག་མ་ཁ་བསྒོས་དང་། །ཤི་བ་དུར་མཛོད་གསོན་པོ་སྟག་རྩིས་དང་། །ཕན་ཡོན་གཏོ་ཡི་ཆོ་ག་མང་དུ་མཛད། །ལོ་ཙཱ་རྣམས་ཀྱིས་བོད་དུ་ལན་དགུ་བསྒྱུར། །སོ་སོར་མི་སྤེལ་གསང་བའི་གདམས་ངག་མང་། །དེ་ལ་སྡོང་པོ་ཀུན་འདུས་རྒྱུད་ཀྱི་དོན། །ཤིན་ཏུ་ཟབ་པས་མ་སྤེལ་་གསང་རྒྱ་ཅན། །གཞན་ལ་མ་གྲགས་ཀཐོག་ཕྱོགས་སུ་དར། །དུས་ཕྱིས་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་ཉིད། །ཀཐོག་བླ་མ་ཀུན་གྱི་བླ་མར་གྱུར། །དེ་དུས་ཕུལ་ནི་འདུག་ཕྱིར་བདག་གིས་ཤེས། །དེ་ཡི་མན་ངག་རྩ་ཚིག་འདི་ལྟ་སྟེ། །ལྷ་ཡི་སྐུ་མདོག་འབྱུང་བའི་ཁ་དོག་དང་། །རང་གི་ལོ་རུས་འབྱུང་བ་ཨི་མཐུན་བརྩི། །ཚེ་སྒྲུབ་ལྷ་ནི་སྲོག་དང་ཨི་མཐུན་བརྩི། །


CMR059_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་དམ་སྐུ་མདོག་སྐྱེས་སྨེ་ཨི་མཐུན་བརྩི། །ནོར་ལྷ་སྐུ་མདོག་དབང་ཐང་ཨི་མཐུན་བརྩི། །ཆོས་སྐྱོང་སྐུ་མདོག་རླུང་རྟ་ཨི་མཐུན་བརྩི། །ལུས་ཀྱི་བརྩི་ཚུལ་གསལ་བར་མ་གསུངས་ཀྱང་། །ནད་ལ་ཕན་ཕྱིར་བསྙེན་པ་ན། །ལྷ་ཡི་སྐུ་མདོག་ལུས་དང་ཨི་མཐུན་བརྩི། །འབྱུང་བ་ལྗང་གུ་ཤིང་ཡིན་དམར་པོ་མེ། །ས་གསེར་ལྕགས་དཀར་ཆུ་ནི་སྔོན་པོ་སྟེ། །སྲོག་ནི་སྟག་ཡོས་ཤིང་ལ་རྟ་སྦྲུལ་མེ། །བྱ་སྤྲེལ་ལྕགས་ཡིན་བྱི་ཕག་སྲོག་ནི་ཆུ། །ཁྱི་འབྲུག་གླང་ལུག་བཞི་ཡི་སྲོག་ནི་ས། །ཁྱི་རྟ་སྟག་གསུམ་རླུང་རྟ་ལྕགས་ཏེ་དཀར། །བྱི་འབྲུག་སྤྲེལ་གསུམ་རླུང་རྟ་ཤིང་ཡིན་ལྡང་། །ཕག་ལུག་ཡོས་གསུམ་རླུང་རྟ་མེ་སྟེ་དམར། །བྱ་གླང་སྦྲུལ་གསུམ་རླུང་རྟ་ཆུ་ཡིན་སྔོ། །གབ་རྩེ་ཕྲེང་གསུམ་དྲུག་ཅུ་ཐམ་པ་ཡི། །གནམ་ལོ་གང་ཡིན་མ་འཆུག་དེ་ཉིད་ནི། །རང་གི་ལོ་གྲངས་དུ་ལོན་གྱེན་དུ་བརྩི། །གབ་རྩེ་ཟད་ནས་ལྷར་ཡང་མཇུག་ནས་ཡར། །རྩིས་པས་རང་གི་ལོ་སྙིང་གང་ཡིན་ཤེས། །སྟེང་མ་ལུས་དང་བར་མ་དབང་ཐང་ཡིན། །འོག་མ་རང་ཉིད་སྐྱེས་པའི་སྨེ་བ་སྟེ། །སྨེ་བ་གཅིག་དཀར་དྲུག་དཀར་བརྒྱད་དཀར་ལྕགས། །བདུན་དམར་དགུ་དམར་གཉིས་ནི་མེ་ཡིན་ལ། །བཞི་


CMR059_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

ལྗང་ཤིང་ལ་གཉིས་ནག་གསུམ་མཐིང་ཆུ། །ལྔ་སེར་ས་སྟེ་ཁ་དོག་སེར་པོ་ཡིན། །ཤིང་བུ་མེ་ལ་མེ་བུ་ས་ཡིན་ཏེ། །ས་བུ་ལྕགས་ཡིན་ལྕགས་བུ་ཆུ་ཡིན་ནོ། །ཆུ་བུ་ཤིང་སྟེ་མཐུར་དུ་དེད་པའི་བུ། །ཤིང་མ་ཆུ་ཡིན་ཆུ་ཡི་མ་ནི་ལྕགས། །ལྕགས་མ་ས་ལ་ས་མ་མེ་ཡིན་ཏེ། །མེ་མ་ཤིང་ཡིན་གྱེན་དུ་དེད་པའི་མ། །ཤིང་གཅིག་མེ་གཉིས་ས་གསུམ་ལྕགས་ནི་བཞི། །ཆུ་དང་ལྔ་སྟེ་འབྱུང་བའི་གྲངས་སུ་འདོད། །ཨ་ཕྱི་དགྲ་ཡིན་ཚ་བོ་གྲོགས་སུ་འགྱུར། །གྱེན་དེད་མ་ཡིན་ཐུར་དེད་བུ་རུ་གྱུར།། །ཤིང་དགྲ་ལྕགས་ལ་ལྕགས་ཀྱི་དགྲ་ནི་མེ། །མེ་དགྲ་ཆུ་ལ་ཆུ་ཡི་དགྲ་ནི་ས། །ས་དགྲ་ཤིང་ཡིན་ཚུར་ལ་གནོད་པའི་དགྲ། །ཤིང་གྲོགས་ས་ཡིན་ས་ཡི་གྲོགས་ནི་ཆུ། །ཆུ་གྲོགས་མེ་ཡིན་མེ་ཡི་གྲོགས་ནི་ལྕགས། །ལྕགས་གྲོགས་ཤིང་ཡིན་ཕར་ལ་ཐུབ་པས་བཟང་། །མ་རུ་གྱུར་ན་མཆོག་ཡིན་དཀར་པོ་གཉིས། །གྲོགས་དང་འཕྲད་ན་བཟང་བའི་དཀར་པོ་གཅིག །དེ་ལྟར་འགྲིག་ན་ཡིད་བཞིན་ནོར་བུ་འདྲ། །ཇི་ལྟར་འདོད་པའི་དོན་དེ་ངེས་པར་འགྲུབ། །དགྲ་འཕྲད་ཤིན་ཏུ་ངན་པས་ནག་པོ་གཉིས། །དགྲ་འཕྲད་ལྕུག་ཕྲན་ཟོར་བས་བརྔས་པ་ལྟར། །རི་བོ་ཡིན་ཡང་ཐར་བར་བརླག་པ་དང་། །རྒྱ་


CMR059_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

མཚོ་ཡིན་ཡང་སྐམ་པར་འཇམ་དབྱངས་གསུངས། །བུ་འཕྲད་ཅུང་ཙམ་ངན་པས་ནག་པོ་གཉིས། །འབྱུང་བ་ནང་འཕྲད་འབྲིང་སྟེ་དཀར་ནག་གཉིས། །ཞིབ་རྩིས་ས་ཆུ་ནང་འཕྲད་དཀར་པོ་གཅིག །མེ་ལྕགས་ཤིང་གསུམ་ནང་འཕྲད་ནག་པོ་གཉིས། །ལ་ཆེན་བུ་འཕྲད་ནང་འཕྲད་འགལ་བ་ཆུང་། །གལ་ཏེ་མ་མཐུན་ན་ཡང་སྤང་མི་དགོས། །ལྷ་ལ་ཁ་དོག་རིགས་ལྔ་ཀུན་ལ་ཡོད། །གང་མཐུན་དེ་ཉིད་བསྒོམས་པས་ཆོག་པ་སྟེ། །དཔེར་ན་བྱ་སྤྲེལ་ལོ་པས་ཚེ་སྒྲུབ་དུས། །ཚེ་དཔག་དམར་སེར་ལི་ཁྲིའི་མདོག་ཅན་ལ། །རྒྱན་དང་ན་བཟའ་གསེར་མདོག་བསྒོམས་པས་འཐུས། །སྟག་ཡོས་ལོ་པས་སྒྲོན་དཀར་ཚེ་སྒྲུབ་དུས། །སྐུ་མདོག་དཀར་ལ་སྔ་བ་ཆུ་ཤེལ་མདོག །སྟོད་གཡོགས་སྨད་གཡོགས་དར་དཔྱང་མཐིང་ཁ་བསྣམས། །དེ་ནི་བསྒྱུར་ཁ་རིགས་པས་ཤེས་པར་བྱ། །འདི་ཡང་ཟབ་ཁྱད་གནད་ཀྱི་གདམས་པ་ཡིན། །རྒྱ་གར་རྒྱ་ནག་ལུགས་ཀྱི་འབྱུང་བའི་རྩིས། །ཚིག་མི་མཐུན་ཡང་དོན་ལ་མཐུན་པ་སྟེ། །ཤིང་དང་རླུང་གི་ངོ་བོ་གཅིག་པ་དང་། །ལྕགས་དང་ནམ་མཁའ་དོན་ལ་གཅིག་པར་བཤད། །འབྱུང་བ་ཆེ་ཆུང་བརྩི་ཐབས་ཡི་གེའི་ཚོགས། །ས་སྟེང་ཁྱབ་ཅིང་ཀུན་གྱི་


CMR059_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲ་ན་ཡང་། །ཇ་གྲལ་རྣམས་སུ་བླ་བོ་བརྗོད་ཅི་ལས། །ལག་བླང་རང་ཉམས་བླང་བ་དཀའ་མཐོང་ནས། །དགེ་བའི་བཤེས་གཉེན་ཀརྨ་ས་ག་རས། །གལ་ཆེན་མཎྜལ་བཟང་པོ་དང་བཅས་བསྐུལ། །འདི་ལ་གོམས་པ་རཱ་ག་ཨ་སྱ་ཡིས། །གབ་སྦས་སྤང་སྟེ་སྙིང་ཕྱུངས་ལག་པས་བཀོད། །ཕྱི་རབས་ལྷ་སྒོམ་སྔགས་བཟླས་བྱེད་ཀུན་ལ། །བཞག་པ་མི་ཆུང་ཆེའོ་དགའ་བ་བསྒོམ། །འཁྲུལ་པ་མེད་པས་བཤགས་བྱ་ཅུང་མ་མཆིས། །ཀུན་ཁྱབ་ཀུན་ལ་ཕན་པའི་བཀྲ་ཤིས་ཤོག །ཤུ་བྷཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousརྒྱ་དཀར་ནག་གི་འབྱུང་བ་བརྩི་ལུགས་ཤིན་ཏུ་གསལ་བ།next