Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཉི་ཟླ་གཟའ་འཛིན་འབྲས་རྩིས།
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཉི་ཟླ་གཟའ་འཛིན་འབྲས་རྩིས།next

ཉི་ཟླ་གཟའ་འཛིན་འབྲས་རྩིས།


CMR059_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་ཟླ་གཟའ་འཛིན་འབྲས་རྩིས་བཞུགས་སོ། །གཉིས་མེད་གསུང་པ་སངས་རྒྱས་ལ་ཕྱག་འཚལ་ལོ། །ཐབས་ཤེས་གཉིས་མེད་དཔལ་ལྡན་དུས་འཁོར་གྱི། །དགོངས་པ་ཇི་བཞིན་ཉི་ཟླ་གཟས་ཟིན་པས། །འབྲས་བུ་བཟང་ངན་བཏགས་པ་བཤད་ཀྱིས་ཉོན། ༈ །ས་ག་སྨིན་དྲུག་རྒྱལ་དང་ཁྲུམས་སྟོད་དང་། །མཆུ་དང་བྲ་ཉེ་གྲོ་བཞིན་མེ་སྐར་ཡིན། །དེ་ལ་བཟུང་ན་གྲོགས་དང་གྲོང་ཁྱེར་སོགས། །མེ་ཡིས་ཚིག་ཅིང་ཡུལ་ཁམས་མུ་གེ་འབྱུང་། །ཆོས་ལུགས་སྔ་མ་ནུབ་གྱུར་རྒྱལ་པོ་ཉམ། །བྲན་དང་འཁོར་གཡོག་ཕན་ཚུན་འཐབ་རྩོད་བྱེད། །བ་ཡི་ཞོ་སྐམ་དྲག་པོའི་རླུང་ལྡང་ཞིང་། །འཁྲུག་པ་དར་ནས་སེམས་ཅན་མང་དུ་འཆི། །༈ །མགོ་དང་ནབས་སོ་ནག་པ་མེ་བཞི་སྦོ། །ས་རི་ཐ་སྐར་བདུན་ནི་རླུང་སྐར་ཟླཡིན། །དེ་ལ་བཟུང་ན་ཡུལ་ཁམས་མུ་གེ་འབྱུང་། །ལོ་མ་ཅན་གྱི་ལྗོན་ཤིང་སྐམ་པར་འགྱུར། །གསང་སྔགས་སྒྲུབ་དང་ཚུལ་ལྡན་དགེ་འདུན་རྣམས། །སྣ་ཚོགས་ནད་ཀྱིས་མང་དུ་འཆི་བར་བཤད། །དུད་འགྲོའི་ཚོགས་རྣམས་ནད་ཀྱིས་གཟེར་བར་འགྱུར། །ཁང་པ་ཁང་ཆེན་ལྗོང་ཤིང་སོགས། །རླུང་གིས་རབ་གཡོས་འཇིག་ཅིང་གནོད་པ་འགྱུར། ༈ །སྣར་མ་


CMR059_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་མཚམས་བྱི་བཞིན་གྲོ་བཞིན་སྣོན། །ཆུ་སྨད་མོན་གྲུ་བདུན་ནི་ས་སྐར་ཡིན། །དེ་ལ་གཟའ་ཡི་གཟུགས་འཛིན་ཐམས་ཅད་དུ། །ཆར་ཆུ་ལེགས་འབབ་ལོ་ཐོག་ཕུན་ཚོགས་འཕེལ། །རྒྱལ་པོའི་སྲིད་བདེ་འཁོར་འབངས་བདེ་བར་འགྱུར། །ཤིང་རྩི་བཅུད་རྒྱས་དགེ་མཚན་དུ་མ་རྒྱས། །ཆོས་ལྡན་སྐྱེ་བོ་ཕུན་ཚོགས་བཀུར་སྟི་བགྱི། །དུས་གསུམ་ཆོས་སྤྱོད་གཞན་ཕན་མང་དུ་འབྱུང་། །མདོར་ན་དགེ་མཚན་དུ་མའི་འབྲས་བུ་འགྱུར། ༈ །མགོ་དང་སྐག་དང་མོན་གྲེ་དང་། །སྒྲུབས་དང་ཆུ་སྟོད་ཁྲུམས་སྟོད་དང་། །ནམ་གྲུ་རྣམས་ནི་ཆུ་སྐར་ཏེ། །དེ་ལ་བཟུང་ན་འཇིག་རྟེན་བདེ་འབྱུང་ཞིང་། །སྦྲུམ་མ་རྣམས་ལ་ཕལ་ཆེར་བུ་འབྱུང་འགྱུར། །ཆར་འབབ་ཆུ་ཆེ་ལོ་ཐོགས་རབ་རྒྱས་ཤིང་། །རྒྱལ་པོ་བདེ་ཞིང་སྐྱེ་བོ་ནད་མེད་འགྱུར། །མདོར་ན་བཀྲ་ཤིས་བདེ་ལེགས་མང་དུ་འབྱུང་། ༈ །དེ་ནས་གཟའ་ཡི་འབྲས་བུ་བཤད་པར་བྱ། །གཟའ་ཡི་ཉི་མ་ལ་བཟུང་རྒྱལ་པོ་དང་། །ཡུལ་འཁོར་མི་བདེ་འབྲུ་རྣམས་སྐམ་པར་བྱེད། ༈ །ཟླ་བ་ལ་བཟུང་ཆར་ཆེན་འབྲུ་བཅུད་འཕེལ། ༈ །མིག་དམར་ལ་ནི་དམག་དཔོན་དུ་མ་འཆི། །ཆར་དཀོན་ཉམས་སྟོབས་དུ་མ་འཕེལ་བར་བཤད། ༈ །ལྷག་པ་


CMR059_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

དག་ལ་ཆར་སྙོམས་རྐུན་མ་མང་། ༈ །ཕུར་བུར་རིག་བདེ་འཕེལ་ཞིང་བདེ་སྐྱིད་འབྱུང་། ༈ །པ་སངས་ལ་ནི་མི་རྣམས་སེམས་ཁྲོ་ཞིང་། །ཆར་སྙོམས་རིམས་ནད་ཕྲ་མོ་མང་དུ་འབྱུང་། ༈ །སྤེན་པ་ལ་ནི་འཐབ་རྩོད་ཆོམ་རྐུན་མང་། །སད་དང་སེར་བ་ལོ་ནད་འཕེལ་བར་བཤད། ༈ །དེ་ནས་ཁ་དོག་རྟག་ནི་བཤད་པ་ནི། །དཀར་ཤས་ཆེ་ན་འཇིག་རྟེན་ལོ་ལེགས་ཤིང་། །དགེ་སྦྱོར་བྲམ་ཟེ་ཚོགས་ལ་མི་དགེ་འགྱུར། །ཁ་དོག་དམར་ན་མེ་ཡི་འཇིག་པ་འབྱུང་། །མགར་བའི་ཚོགས་ལ་སྡུག་བསྔལ་མང་དུ་བསྐྱེད། ༈ །ལྗང་སེར་མདོག་ཅན་ཀླུ་ནད་དར་བར་འགྱུར། ༈ །ཁམས་སེར་འདུག་ན་རིགས་སུ་བསྒྲོད་པ་སྟེ། །མགྲོན་པོ་རྣམས་དང་འཐབ་འཁོན་ཡུལ་དུ་གཅོད། ༈ །དམར་སྐྱ་གྱུར་ན་ཡུལ་ཁམས་ མུ་གེ་འབྱུང་། ༈ །དུད་ཁ་འབྲུ་མདོ་ཆར་ཆུ་དཀོན་མོད་ཀྱིས། ༈ །དེ་ཡང་ཤར་བཟུང་ནུབ་ཕྱོགས་གཞོན་ནུ་ངན། །ལྷོ་ནས་བཟུང་ན་སྐྱེས་དར་མ་ལ་ངན། །ནུབ་ནས་བཟུང་ན་ཤར་ཕྱོགས་རྐུན་པོ་ངན། །དྲིལ་བུ་བཟུང་ན་སྐྱེ་བོ་ཡོངས་ལ་ངན། །དཔྱིད་དུས་བཟུང་ན་བུད་མེད་དག་ལ་ངན། །དབྱར་དུས་བཟུང་ན་ཆར་ཆེན་འབེབས་པ་འགྱུར། །སྟོན་དུས་


CMR059_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་ན་འཐབ་རྩོད་མང་དུ་འབྱུང་། །དགུན་དུས་བཟུང་ན་རྒྱལ་པོ་བུད་མེད་འཆི། །ཉི་ཟླ་གང་རུང་གཟའ་ཡི་བཟུང་རྗེས་སུ། །ཁ་ཆར་བབ་པ་དེའི་འབྲས་བུ་བསྟན་ནོ། །དང་པོ་ཞགས་ལ་རྒྱལ་པོ་རྒྱལ་བར་འགྱུར། །གཉིས་པ་ཡིན་ན་འབྲུ་རྣམས་རྒྱས་པར་བྱེད། །གསུམ་པ་ཡིན་ན་མཛེས་དང་འབྲུ་ཚོགས་མོད། །བཞི་ལ་བབ་ན་དགྲ་བོ་དག་དང་འཕྲད། །ལྔ་པ་མུ་གེ་འབྱུང་ཞིང་འཕྲོག་བཅོམ་བསྐྱེད། །དྲུག་པ་ཡིན་ན་བདེ་སྐྱིད་ཕུན་ཚོགས་འབྱུང་། །ཞག་བདུན་བར་དུ་ཁ་ཆར་འབབ་གྱུར་ན། །སྔར་བྱུང་མི་དགེ་འབྲས་བུ་མེད་པར་བཤད། །དེ་ལྟར་མཁའ་ལ་ཉི་མ་ཟླ་བའི་ཁྱིམ། །སྒྲ་གཅན་གདོང་འཇུག་ཕོག་པས་འབྲས་བུ་ཡིན། །ལེགས་པར་བཤད་པ་པདྨ་དཀར་པོའི་ཆུན་པོ་ལས། །ཉི་ཟླ་གཟའི་འབྲས་བུ་བསྟན་པའི་ལེའུ་སྟེ་བཞི་པའོ།། །།མངྒ་ལཾ། ཉི་མ་དག་པའི་སྐར་གནས་ལ། །ལྔ་དང་ཆུ་ཚོད་ཉེར་ལྔ་ནམ་བྱུང་ཚེ། །དབྱར་གྱི་ཉི་མ་བཟློག་པ་ཡིན། །ཉི་སྐར་བཅོ་ལྔ་ཤར་བའི་དུས། །དགུན་གྱི་ཉི་མ་བཟློག་པ་ཡིན། །ཉི་སྐར་བཅུ་གཉིས་དང་ཆུ་ཚོད་བཅུ་ཤར་བའི་ཚེ། །སྟོན་གྱི་ཉིན་མཚན་མཉམ་པ་ཡིན། །།ཉི་སྐར་ཉེར་ལྔ་ཆུ་ཚོད་ཤར་བས། །དཔྱིད་ཀྱི་ཉི་མཚན་མཉམ་པ་ཡིན།། །།


previousཉི་ཟླ་གཟའ་འཛིན་འབྲས་རྩིས།next