Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཆར་འབོད་བྱེད་དུས་ཕན་ཕྱིར་འབབ་སྐར་དང་ཀླུའི་ཐེབས་ཟློག་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པ།
   
   
   
   
   
   
   
   
   
   
   
   


 
previousཆར་འབོད་བྱེད་དུས་ཕན་ཕྱིར་འབབ་སྐར་དང་ཀླུའི་ཐེབས་ཟློག་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པ།next

ཆར་འབོད་བྱེད་དུས་ཕན་ཕྱིར་འབབ་སྐར་དང་ཀླུའི་ཐེབས་ཟློག་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པ།


CMR059_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་རིན་པོ་ཆེ་རཱ་ག་ཨ་སྱས་ཆར་འབོད་བྱེད་དུས་ཕན་ཕྱིར་འབབ་སྐར་དང་ཀླུའི་ཐེབས་ཟློག་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པ་བཞུགས་སོ།། དེ་ནས་འབབ་སྐར་ཐེབས་ལྡོག་རྟེན་འབྲེལ་དཔྱད། །སྙིགས་དུས་ཀྱི་འབབ་སྐར་ལ་ཡང་འབབ་དཀའ་སྟེ། །དེ་ཉིན་གནམ་གཡུ་འཁོར་བ་ཙམ་རེ་འབྱུང་། །ཆར་འབོད་ཡོད་ན་ངེས་པར་འབབ་ཐུབ་ཕྱིར། །འབབ་སྐར་ཡོད་པའི་ཞག་གསུམ་གང་བརྩི་ནས། །འགྲོ་རྒྱུ་བྱུང་ན་ཤིན་ཏུ་ལེགས་པ་ཡིན། ༈ །ནབས་སོ་ཕུར་བུ་བྱ་རོག་ཕུར་བུ་དང་། །ལག་དང་ཕུར་བུ་རྒྱལ་དང་ཕུར་བུ་འཛོམ། །ཞོད་ཀྱི་ལྡེའུ་མིག་བཞི་སྟེ་འབབ་སྐར་ཡིན། ༈ །དབྱར་འབྲིང་རྟ་ཟླ་ས་ག་ཟླ་བ་ཡི། །ཚེས་གཉིས་ཚེས་ལྔ་ཚེས་བདུན་བརྒྱད། །ཉེར་གཉིས་ཉེར་གསུམ་ཉེར་ལྔ་ཉེར་དྲུག་དང་། །ཉེར་བདུན་ཉེར་བརྒྱད་གནམ་སྟོང་འབབ་དུས་ཡིན། ༈ །སྦོ་དང་བྲ་ཉེ་མགོ་དང་སའུ་ར། །དེ་རྣམས་ཟླ་བ་འདི་ཡི་འབབ་སྐར་ཡིན། ༈ །དབྱར་ཐ་ཆུང་ལུག་ཟླ་སྣོན་གྱི་ཟླ་བ་ཡི། །གཅིག་གཉིས་དྲུག་བརྒྱད་བཅོ་བརྒྱད་དང་། །ཉི་ཤུ་ཉེར་གཉིས་ཉེར་གསུམ་ཉེར་བཞི་དང་། །ཉེར་ལྔ་ཉེར་བདུན་འབབ་པའི་དུས་ཚོད་ཡིན། ༈ །རྒྱལ་དང་སྐག་གཉིས་


CMR059_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་བ་འདི་འཛོམ་འབབ། ༈ །སྟོན་ར་བ་ཆུ་སྟོད་སྤྲེལ་ཟླ་གོ་བའི་ཕུག་ཟླ་ཡིན། །བཅུ་བཞི་བདུན་བརྒྱད་བཅུ་གཉིས་དང་། །ཉེར་གཅིག་ཉེར་གཉིས་རྣམས་ནི་འབབ་པའི་དུས། ༈ །མཆུ་དང་ས་རི་སྨིན་དྲུག་འབབ་སྐར་ཡིན། ༈ །སྟོན་འབྲིང་བྱ་ཟླ་གྲོ་ཞུན་སྲུས་ཟླ་ཡི། །ལྔ་དགུ་བཅུ་བདུན་ཉི་ཤུ་ཉེར་ལྔ་ཉེར་དྲུག་འབབ། ༈ །ས་རི་ཆུ་སྟོད་སྐག་རྣམས་འབབ་སྐར་ཡིན། ༈ །དེ་ནས་ཀླུ་ཡི་ཐེབས་ལྡོག་བརྩི་བ་ནི། །རྟ་ཟླ་བྱ་གྲགས་ས་ག་ཟླ་བ་ཡི། །ཚེས་གཉིས་ཉིན་ཕྱེད་ཀླུ་རྣམས་བྱང་དུ་རྒྱུ། །ཚེས་གཉིས་བཅུ་དང་བཅུ་དྲུག་ཉི་ཤུ་དང་། །ལྔ་དང་བཅུ་གཉིས་གསུམ་དང་བཅུ་གསུམ་དང་། །ཉེར་གཉིས་ཉེར་གསུམ་གནམ་སྟོང་ཀླུ་ཐེབས་ཡོད། །ཚེས་བརྒྱད་བཅོ་ལྔ་བཅོ་བརྒྱད་ཉེར་ལྔ་དང་། །ཉེར་བརྒྱད་རྣམས་ལ་ཀླུ་ལྡོག་ལས་རྣམས་སྤང་། ༈ །དབྱར་ཐ་ཆུང་ལུག་ཟླ་སྣོན་གྱི་ཟླ་བ་ཡི། །ཚེས་ལྔ་ཉི་ཤུའི་ཉི་མ་རྩེ་ཤར་ལ། །ཀླུ་རྣམས་ཤར་ལྷོ་མཚམས་ནས་ནུབ་བྱང་དུ་རྒྱུ། །ལྔ་དང་བཅོ་ལྔ་ཉེར་ལྔ་ཉེར་གསུམ་དང་། །བརྒྱད་དང་བཅུ་བཞི་བཅོ་བརྒྱད་དང་། །ཚེས་གསུམ་བརྒྱད་དང་བཅུ་གསུམ་ཀླུ་ཐེབས་ཡོད། །བཅུ་གཅིག་བཅུ་གཉིས་ཉེར་བདུན་ཚེས་གཅིག་ལྔ། །བཅུ་དང་བཅུ་


CMR059_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་ཉི་ཤུ་ཉེར་གཉིས་བཅུ་དྲུག་ལྡོག ༈ །སྟོན་ར་ཆུ་སྟོད་གོ་བོ་ཕུག་ཟླ་ཡི། །ཉེར་གཉིས་ཉིན་ཕྱེད་ཡུད་ཙམ་ཤར་དུ་རྒྱུ། །ཚེས་གཅིག་དགུ་དང་བཅུ་གསུམ་དང་། །ཉེར་གཉིས་ཉེར་བརྒྱད་ཉེར་དགུ་ཉེར་གསུམ་དང་། །བཅོ་ལྔ་ཚེས་བདུན་བཅོ་བརྒྱད་ཉི་ཤུ་དང་། །ཉེར་བདུན་ཚེས་བརྒྱད་རྣམས་ལ་ཀླུ་ཐེབས་ཡོད། །ཚེས་ལྔ་ཚེས་དྲུག་ཚེས་བཅུ་ཉི་ཤུ་དང་། །ཉེར་ལྔ་ཉེར་དྲུག་རྣམས་ལ་ཀླུ་ལྡོག་གོ ༈ །སྟོན་འབྲིང་བྱ་ཟླ་གྲོ་ཞུན་སྲུས་ཟླ་ཡིན། །བཅུ་བདུན་ཉེར་ལྔ་ཉེར་བརྒྱད་གནམ་གང་དང་། །ཚེས་གཅིག་བཅོ་ལྔ་དེ་བཞིན་ཉི་ཤུ་གཅིག །བཅུ་གཅིག་ཚེས་བཞི་ཚེས་ལྔ་ཀླུ་ཐེབས་སོ། །ཚེས་ལྔ་ཚེས་དྲུག་དགུ་དང་བཅུ་གཅིག་དང་། །ཚེས་བདུན་ཉེར་དྲུག་བཅུ་དྲུག་ཀླུ་ལྡོག་གོ །ཀླུ་ཡི་ཐེབས་ལྡོག་འདྲ་མིན་མི་མཚུངས་ཡང་། །འདི་ནི་དཔེ་ཆ་བཞི་ལ་དག་སྟེར་བྱས། །དེ་ནི་ཀླུ་ཡི་ཐེབས་ཆེན་ཡིན། ༈ །གལ་ཏེ་དེ་ལྟར་འཛོམ་པར་མ་གྱུར་ན། །ཟླ་བ་གང་ཡང་རུང་བ་དེ་ཉིད་ཀྱི། །ཚེས་གཉིས་བཅུ་གཉིས་ཉི་ཤུ་གཉིས་དང་ནི། །ཚེས་བཞི་བཅུ་བཞི་ཉི་ཤུ་བཞི་དང་ནི། །ཚེས་ལྔ་བཅོ་ལྔ་དེ་བཞིན་ཉི་ཤུ་ལྔ། །ཚེས་དྲུག་བཅུ་དྲུག་ཉི་ཤུ་དྲུག་དང་ནི། །ཚེས་བཅུ་ཉི་ཤུ་


CMR059_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་གང་ཆར་འབོད་ངན། ༈ །ཚེས་གཅིག་བཅུ་གཅིག་ཉི་ཤུ་གཅིག་དང་ནི། །ཚེས་གསུམ་བཅུ་གསུམ་དེ་བཞིན་ཉི་ཤུ་གསུམ། །ཚེས་དགུ་བཅུ་གསུམ་ཉི་ཤུ་དགུ་རྣམས་ལ། །ཆར་པ་ཕེབས་ན་ཕེབ་པར་གསུངས་པ་ཡིན། །མངྒ་ལཾ།། །།


previousཆར་འབོད་བྱེད་དུས་ཕན་ཕྱིར་འབབ་སྐར་དང་ཀླུའི་ཐེབས་ཟློག་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པ།next