Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བསྔོ་བའི་བཤད་པ་མན་ངག་ཡོན་བཤད་མཆོད་བསྔོ་ཤི་བསྔོ་གསོན་བསྔོ་དམིགས་རིམ་དང་བཅས་པ་ཚིག་ཉུང་ལ་གོ་བདེ་བར་བཀོད་པ་བསྔོ་བ་ཡོན་ཏན་རྒྱ་མཚོ།
   
   
   
   
   
   
   
   
   
   


 
previousབསྔོ་བའི་བཤད་པ་མན་ངག་ཡོན་བཤད་མཆོད་བསྔོ་ཤི་བསྔོ་གསོན་བསྔོ་དམིགས་རིམ་དང་བཅས་པ་ཚིག་ཉུང་ལ་གོ་བདེ་བར་བཀོད་པ་བསྔོ་བ་ཡོན་ཏན་རྒྱ་མཚོ།next

བསྔོ་བའི་བཤད་པ་མན་ངག་ཡོན་བཤད་མཆོད་བསྔོ་ཤི་བསྔོ་གསོན་བསྔོ་དམིགས་རིམ་དང་བཅས་པ་ཚིག་ཉུང་ལ་གོ་བདེ་བར་བཀོད་པ་བསྔོ་བ་ཡོན་ཏན་རྒྱ་མཚོ།


CMR059_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

བསྔོ་བའི་བཤད་པ་མན་ངག་ཡོན་བཤད་མཆོད་བསྔོ་ཤི་བསྔོ་གསོན་བསྔོ་དམིགས་རིམ་དང་བཅས་པ་ཚིག་ཉུང་ལ་གོ་བདེ་བར་བཀོད་པ་བསྔོ་བ་ཡོན་ཏན་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ།།


CMR059_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ལོ་ཀི་ཤྭ་ར་ཡེ། འཕགས་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །དགེ་བ་བྱང་ཆུབ་ཀྱི་ལམ་དུ་འགྲོ་བ་བསྔོ་བའི་མན་ངག་ཅུང་ཟད་ཅིག་བརྗོད་པར་བྱའོ། །དེ་ལ་གང་གིས་བསྔོ་བ་སློབ་དཔོན་གྱི་མཚན་ཉིད། གང་ལ་བསྔོ་བ་རྟེན་གྱི་མཚན་ཉིད། །ཇི་ལྟར་བསྔོ་བ་ཐབས་ཀྱི་མཚན་ཉིད། བསྔོ་བའི་དུས་དང་དཔང་པོ། མ་བསྔོས་པའི་ཉེས་དམིགས། བསྔོས་པའི་ཡོན་ཏན། བསྔོ་བ་དངོས་སོ། །དང་པོ་གང་གིས་བསྔོ་བའི་གང་ཟག་ནི། རབ་སེམས་ཉིད་ལ་དབང་ཐོབ་པ། འབྲིང་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་འབྱོངས་བ། ཐ་མ་དགེ་སློང་དགེ་ཚུལ་ཁྲིམས་དང་ལྡན་པ་གཅིག་དགོས་ཏེ། རྒྱ་གར་གྱི་པཎྜི་ཏ་མཚོ་སྐྱེས་རྡོ་རྗེའི་ཞལ་


CMR059_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

ནས། ལྟ་བ་གནས་ལུགས་དོན་རྟོགས་ཤིང་། །བསྒོམ་པ་ཏིང་འཛིན་ལས་སུ་རུང་། །སྙིང་རྗེའི་བྱང་ཆུབ་སེམས་དང་ལྡན། །མཚན་ཉིད་ཐམས་ཅད་ཡོངས་རྫོགས་པའི། །བཤེས་གཉེན་དམ་པ་རྣམས་ཀྱིས་ནི། །ཡོན་རྣམས་བསྔོ་བའི་སློབ་དཔོན་ཡིན། །ཅེས་དང་། གཞན་ཡང་། དགེ་སློང་དང་ནི་བསམ་དག་གིས། །ཡང་ནས་ཡང་དུ་བསྔོས་ན་འགྲུབ། །ཅེས་དང་། ཚུལ་ཁྲིམས་རྣམ་དག་གང་བསྲུངས་བས། །སྨོན་ལམ་གང་བཏབ་འགྲུབ་པར་འགྱུར། །ཅེས་དང་། འདུལ་བ་ལས། ཚུལ་ཁྲིམས་ལྡན་པས་སྨོན་ལམ་འགྲུབ། །ཅེས་གསུངས་སོ། །དེ་ལྟར་མ་རྙེད་ན་སྦྱིན་བདག་དད་པ་དང་ལྡན་ན་བསྔོ་བ་ཞུ་རུང་སྟེ། ཨོ་རྒྱན་རིན་པོ་


CMR059_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

ཆེས་མཛད་པའི་བསྔོ་བ་ནོར་བུ་བསམ་འཕེལ་ལས། གང་གིས་དད་འདུན་བྱས་པ་ཡི། །བླ་མ་དེ་ནི་སྟོན་པ་དངོས། །ཞེས་གསུངས་སོ། །གཉིས་པ་བསྔོ་བའི་རྟེན་ནི། དགེ་བའི་རྩ་བ་གང་ཡང་རུང་བ་ཞིག་བྱས་ནས། དེ་བྱང་ཆུབ་ཏུ་བསྔོ་བ་ཡིན་ལ། ཁྱད་པར་ཞིང་དག་པ་ལ་འབུལ་བ་དང་། དབུལ་ཕོངས་ལ་སྦྱིན་པ་གང་བྱེད་ཀྱང་། དུག་དང་མཚོན་དང་། བརྐུས་པ་དང་འཕྲོག་པ་དང་། དགེ་འདུན་གྱི་དཀོར་ལ་ཕྲིས་པ་མ་ཡིན་པ་ཞིག་དགོས་ཏེ། མདོ་ལས། དངོས་པོ་སྐུ་འཕྲོག་དཀོར་རྫས་དང་། །གཞན་ལ་གནོད་པ་མ་ཡིན་པ། །རབ་ཏུ་གཅེས་དང་ཡིད་འོང་རྫས། །མཁོ་བར་གྱུར་ན་མཆོག་ཡིན་ནོ། །ཞེས་དང་། སྡིག་དང་སྡུག་སོགས་ལོག་འཚོའི་རྫས། །མཚན་མ་ལ་སོགས་མ་འདྲེས་པ། །སྦྱིན་པ་རྣམ་པ་བཞི་དང་ནི། །འདོད་ཡོན་མཐུན་རྐྱེན་སྣ་ཚོགས་ཀྱིས། །དབུལ་ཕོངས་མ་ནུས་པ་རྣམས་ཀྱང་། །ཞེས་གསུངས་པས། དངོས་པོ་རྣམ་པར་དག་པ་སྟེ། ཡུལ་གོང་མ་ལ་དད་པས་འབུལ། ཉམ་ཐག་འོག་མར་སྙིང་རྗེས་སྦྱིན། དེ་གཉིས་ཀ་གང་ཡང་ཀུན་སློང་སངས་རྒྱས་ཐོབ་འདོད་ཀྱི་བསམ་པ་དང་ལྡན་པས། །བསྔོ་བ་སྨོན་ལམ་རང་གི་ཤེས་སམ་གཞན་ལ་ཞུ་བར་བྱ་སྟེ། ཨོ་རྒྱན་རིན་པོ་ཆེས། དད་དང་སྙིང་རྗེས་ཀུན་བསླངས་ནས། །གཞན་དོན་བྱང་ཆུབ་སེམས་ཀྱིས་སྦྱིན། །བསྔོ་བ་སྨོན་ལམ་ཁ་བསྒྱུར་ཏེ། །འཁོར་


CMR059_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དམིགས་མེད་རྒྱ་ཡིས་བཏབ། །ཅེས་དང་། དགོངས་འདུས་བསྔོ་བ་ལས། ཞིང་མཆོག་རྣམ་པར་དག་པ་ལ། །བསམ་པ་རྣམ་པར་དག་ལྡན་པས། །རྫས་མཆོག་འབུལ་ལམ་སྦྱིན་བྱེད་པ། །ཐེག་པ་མཆོག་གི་སར་བསྔོ་ཞིང་། །འཁོར་གསུམ་དམིགས་མེད་རྒྱས་བཏབ་ན། །བསྔོ་བ་དེ་ནི་མཆོག་ཡིན་ནོ། །ཅེས་གསུངས་སོ། །གསུམ་པ་ཇི་ལྟར་བསྔོ་བ་ནི། བདག་བསྔོ་བའི་མཁན་པོ། བསྔོ་རྒྱུའི་དགེ་བ། གང་ལ་བསྔོ་བའི་དམིགས་ཡུལ་དང་གསུམ་མམ། ཡང་ན་གང་བསྔོ་རྒྱུའི་དགེ་བ། གང་ལ་བསྔོ་བའི་གང་ཟག །ཐོབ་རྒྱུའི་འབྲས་བུ་དང་གསུམ་མམ། ཡང་ན་གང་གི་བསྔོ་མཁན། གང་བསྔོ་རྒྱུ། ཇི་ལྟར་སྤྱིའི་བསྔོ་ལུགས་བསྔོ་ཚུལ་གསུམ་པོ་རྣམས། ཡེ་གདོད་མ་ནས་རང་སེམས་ཆོས་སྐུའི་ངང་དུ་དབྱེར་མེད་རོ་གཅིག་པར་རྟོགས་པའི་ལྟ་བ་དང་མ་བྲལ་བའི་ངང་ནས། བསྔོ་བར་བྱ་བ་དྭགས་པོ་བཀའ་བརྒྱུད་ཀྱི་ལུགས། དེ་ཙམ་མི་ནུས་ན་ཡང་དེ་ཐམས་ཅད་བདེན་མེད་སྒྱུ་མ་རྨི་ལམ་ལྟ་བུར་ཤེས་པའི་ངང་ནས་བསྔོ་བ་བྱ་བ་ཇོ་བོ་རྗེས་བཀའ་གདམས་གླེགས་བམ་དུ་གསུངས། དེ་ཙམ་ཡང་དཀའ་ན་དང་པོ་དམིགས་པ་དང་བཅས་བསྔོ་བ་བྱས་ལ། མཐར་དམིགས་མེད་སྟོང་ཉིད་ཀྱིས་རྒྱས་བཏབ་པར་བྱ་སྟེ། ཨོ་རྒྱན་རིན་པོ་ཆེ་སོགས་ཆོས་སྤྱིའི་ལུགས། རྒྱལ་ཚབ་བྱམས་པ་མགོན་པོའི་ཞལ་ནས།


CMR059_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་བསྔོ་བ་ཁྱད་པར་ཅན། །དེ་ཡི་བྱེད་པ་མཆོག་ཡིན་ནོ། །དེ་ནི་དམིགས་མེད་རྣམ་པ་ཅན། །ཕྱིན་ཅི་མ་ལོགས་མཚན་ཉིད་དོ། །ཞེས་དང་། དགོངས་འདུས་བསྔོ་བ་ལས། བསོད་ནམས་བསགས་དང་དེ་ཡི་འབྲས། །བསྔོ་དང་བསྔོ་བ་ལ་སོགས་རྣམས། །རང་བཞིན་མེད་པར་ཡོངས་ཤེས་ནས། །བླ་མེད་མཆོག་གི་བསྔོ་བའོ། །ཞེས་གསུངས་སོ། །འདི་ཡན་ཆད་རང་གིས་ཤེས་པར་བྱ་རྒྱུ་ཡིན་ལ། དེ་ནས་ཕན་ཡོན་ཉེས་དམིགས་སོགས་ནི་ཡོན་བཤད་དུ་བྱ་སྟེ། དེ་ཡང་དུས་ནི། ཉ་སྟོང་བརྒྱད་གསུམ་ལ་སོགས་དུས། །དགེ་རྩ་དཀོན་མཆོག་དྲུང་དུ་བསྔོ། །ཞེས་གསུངས་པས་དུས་ཁྱད་པར་ཅན་ནམ། ཡང་ན་དགེ་བ་བྱས་པའི་དེ་མ་ཐག་ལ་བསྔོ་བ་བྱའོ། །དཀོན་མཆོག་གསུམ་གྱི་རྟེན་ཁྱད་པར་ཅན་གྱི་དྲུང་ངམ། བླ་མ་དང་དཀྱིལ་འཁོར་གཉེན་པོའི་དྲུང་དུ་བསྔོས་ན་ཕན་ཡོན་ཆེ་སྟེ། ལྷའམ་བླ་མ་ལ་སོགས་པ། །དཀོན་མཆོག་གསུམ་དང་རྟེན་དྲུང་དུ། །བསམ་འདུན་དད་པས་ཚོགས་བསགས་ཤིང་། །སྨོན་ལམ་རྒྱ་ཆེན་གདབ་པར་བྱ། །དེ་ཡི་ཡོན་ཏན་བརྗོད་ལས་འདས། །ཞེས་གསུངས་སོ། །དེས་ན་བསྔོ་བ་བྱེད་པའི་ཚེ་ཡོད་ན་དཀོན་མཆོག་གི་རྟེན་བཤམས། སློབ་མའམ་དགེ་འདུན་ཡོན་བདག་སོགས་བསྔོ་བའི་མཐུན་གྱུར་པ་རྣམས་གྲལ་ལ་འཁོད་ཅིང་། ཐམས་ཅད་འདུན་པ་ཕྱོགས་གཅིག་ཏུ་དྲིལ། སློབ་དཔོན་རང་ཉིད་གཞན་ཕན་བྱང་


CMR059_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་ཀྱི་སེམས་བརྩེ་བའི་སྙིང་རྗེ་ཆེན་པོས་ཀུན་ནས་བསླང་སྟེ། ཕྱག་རྒྱ་ཆེན་པོའི་ལྟ་བ་དང་མ་བྲལ་བའི་ངང་ནས་སམ། ཆོས་ཐམས་ཅད་སྒྱུ་མ་རྨི་ལམ་ཙམ་དུ་ཤེས་པའི་ངང་ནས་འདི་སྐད་བརྗོད་པར་བྱའོ། །འོ་ན་ཁྱེད་རྣམས་ཀྱིས་དགེ་བ་འདི་བསྔོ་བ་རྣམ་པར་དག་པས་རྒྱས་འདེབས་པ་གལ་ཆེ་བ་ཡིན་ཏེ། བསྔོ་བས་རྒྱས་མ་བཏབ་ན། ང་རྒྱལ་གྱིས་དགེ་བ་གཞན་ལ་བསྒྲགས་པ་དང་། སེར་སྣས་རྒྱབ་ནས་འགྱོད་པ་སྐྱེས་པ་དང་། ཡུལ་ཁྱད་པར་ཅན་ལ་ཁོང་ཁྲོ་སྐྱེས་ན་རང་གི་དགེ་རྩ་འཛད་པར་འགྱུར་བ་ལ། བསྔོ་བས་རྒྱས་ཐེབ་ན། བྱང་ཆུབ་མ་ཐོབ་བར་དུ་མི་འཛད་དེ། བློ་གྲོས་མི་ཟད་པའི་མདོ་ལས། ཇི་ལྟར་ཆུ་ཐིགས་རྒྱ་མཚོ་ཆེ་ནང་ལྷུང་། །རྒྱ་མཚོ་མ་སྐམ་བར་དུ་དེ་མི་འཛད། །དེ་བཞིན་བྱང་ཆུབ་ཡོངས་བསྔོས་དགེ་བ་ཡང་། །བྱང་ཆུབ་མ་ཐོབ་བར་དུ་དེ་མི་འཛད། །ཅེས་གསུངས་སོ། །རང་རེ་རྣམས་ཚེ་རབས་ཐོག་མ་མེད་པ་ནས་འཁོར་བར་འཁྱམས་པ་འདི། བསོད་ནམས་དང་དགེ་བ་མ་བསགས་པ་མ་ཡིན་ཏེ། བསོད་ནམས་མང་དུ་བསགས་ཀྱང་བྱང་ཆུབ་ཏུ་བསྔོ་མ་ཤེས་པས་ལེན་ཏེ། བདེ་གཤེགས་ཕག་མོ་གྲུ་པའི་ཞལ་ནས། ཚེ་སྔོན་བསོད་


CMR059_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

ནམས་མ་བསགས་པ་ཞིག་མ་ལགས་ཏེ། ཡུན་རིང་པོ་གཅིག་ནས་འཁོར་བར་འཁྱམས། །གནད་བསྔོ་བ་མ་ཤེས་གཅིག་པུས་ལེན། །རྒྱུ་མི་ཟད་གཏེར་དུ་སྦ་བ་ལ། །ཐེག་ཆེན་གྱི་བསྔོ་བའི་རྒྱས་འདེབས་གཅེས། །ཞེས་གསུངས་སོ། །དེ་ནི་མ་བསྔོས་པའི་ཉེས་དམིགས་ཡིན་ལ། བསྔོ་བའི་ཕན་ཡོན་ནི། །བསྔོ་བས་རྒྱས་ཐེབས་པའི་དགེ་བ་དེ། །ཞག་རེ་སོང་ཞིང་སྐྱེད་རེ་འཕེལ་བར་བཤད། ཨརྱ་དེ་ཝས། བསྔོ་བ་མི་ཟད་མང་བ་སྟེ། །འཕེལ་བ་འགྱུར་དང་བཅས་པ་ཡིན། །ཅེས་གསུངས་ཤིང་། ཤེར་ཕྱིན་སྟོང་ཕྲག་ཉེར་ལྔ་པ་ལས། བསྔོ་བའི་ཕན་ཡོན་མཐའ་ཡས་པ་ཞིག་གསུངས་པའི་དོན་བསྡུས་ཏེ་གོ་བདེ་བར་བཤད་ན། སྟོང་གསུམ་གྱི་སེམས་ཅན་ཐམས་ཅད་དགེ་བ་བཅུ་དང་ལྡན་ཞིང་། བསམ་གཏན་བཞི་དང་ཚད་མེད་བཞི་མངོན་ཤེས་ལྔ་ཐོབ་པའི་བསོད་ནམས་ལས་ཀྱང་། དགེ་བའི་རྩ་བ་ཆགས་པ་མེད་པར་ཡོངས་སུ་བསྔོས་ན་བསོད་ནམས་ཆེ་བར་གསུངས། གཞན་ཡང་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་ཁམས་ཀྱི་སེམས་ཅན་ཐམས་ཅད་རྒྱུན་དུ་ཞུགས་པ་དང་། ལན་གཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་རྣམས་དང་། དགྲ་


CMR059_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་པར་གྱུར་པ་ལ། དེ་དག་ཐམས་ཅད་ནམ་འཚོའི་བར་དུ། ན་བཟའ་དང་བསོད་སྙོམས་དང་། བསྙེན་བཀུར་ཕུན་སུམ་ཚོགས་པར་བྱས་པ་བས་ཀྱང་། །ཆགས་པ་མེད་པར་ཡོངས་སུ་བསྔོས་པ་འདི་བསོད་ནམས་ཆེ་བར་གསུངས། དེ་བཞིན་དུ་སྟོང་གསུམ་ཁམས་ཀྱི་སེམས་ཅན་ཐམས་ཅད་རང་སངས་རྒྱས་སུ་གྱུར་པ་ལ། མཆོད་པ་དང་བཀུར་སྟི་ཕུན་སུམ་ཚོགས་པ་བྱས་པ་བས་ཀྱང་བསྔོ་བ་འདི་བསོད་ནམས་ཆེ་བར་གསུངས། དེར་མ་ཟད་སྟོང་གསུམ་ཁམས་ཀྱི་སེམས་ཅན་ཐམས་ཅད་བྱང་ཆུབ་སེམས་དཔའ་ཤ་སྟགས་སུ་གྱུར་པ་ལ། བྱང་ཆུབ་སེམས་དཔའ་རེ་རེ་ལ་ཡང་ཕྱོགས་བཅུའི་འཇིག་རྟེན་ཁམས་ཀྱི་སེམས་ཅན་ཐམས་ཅད་ཀྱིས་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་བཀུར་སྟི་མཆོད་པ་ཕུན་སུམ་ཚོགས་པ་བྱས་པ་བས་ཀྱང་། འཁོར་གསུམ་མི་དམིགས་པའི་བསྔོ་བ་འདི་བསོད་ནམས་ཆེ་གསུངས་སོ། །ཁྱད་པར་དུ་ཚེ་འདས་ཉིད་ཀྱི་དོན་དུ་དགེ་བ་བྱས་ཤིང་བསྔོ་zབས་རྒྱས་བཏབ་ན། ཚེ་འདས་དེ་བར་དོར་ཡོད་ན་མཐོ་རིས་སུ་སྐྱེས་ལ། ངན་སོང་དུ་སོང་ན་ཡང་མྱུར་དུ་ཐར་བ་དང་། མཐོ་རིས་སུ་སྐྱེས་ན་ཡང་ཚེ་རིང་བ་དང་། ལོངས་སྤྱོད་


CMR059_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

འཕེལ་བ་ལ་སོགས་པའི་ཕན་ཡོན་ཡོད་དེ། ཚེ་འཕོ་བ་ཇི་ལྟར་འགྱུར་ཞུས་པའི་མདོ་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀྱི་རྒྱལ་པོ་ཆེན་པོ་ཚེ་འཕོས་པ་དེ་ལས་གང་སྤྱད་པའི་རྣམ་པར་སྨིན་པ་ལས། འགྲོ་བ་རིགས་ཐ་དད་པ་གང་དུ་སྐྱེ་བ་ལེན་པ་དེ་ལ། མི་དགེ་བ་དང་མ་འདྲེས་པ་བསོད་ནམས་སུ་གྱུར་པའི་ལས་དགེ་བ་སྣ་ཚོགས་པས་བཏང་ན། མཐོ་རིས་དང་ཐར་པར་ཡང་སྐྱེ་ལ་གལ་ཏེ་སྐྱེ་བ་བླངས་བ་ཞིག་ལ་བསོད་ནམས་སུ་གྱུར་པ་ལས་དགེ་བ་དག་གིས་བཏང་ན་སྐྱེ་བ་བླངས་བ་དེས་ནོར་རྙེད་པ་དང་། ལོ་ལེགས་པ་དང་། འདོད་པའི་ལོངས་སྤྱོད་འཕེལ་བ་དང་། འགྲོ་བ་གཞན་ཐམས་ཅད་ཀྱིས་མཆོད་ཅིང་བཀུར་བར་གྱུར་པའི་ཕན་ཡོན་ཡོད། ཅེས་གསུངས་པ་དང་། བླ་མའི་ཡོན་ཏན་ཡོངས་བཟུང་ལས། །ཉེ་དུ་འབྲེལ་བ་ཤུལ་དུ་གནས་པ་ཡི། །གཤིན་པོའི་རྗེས་སུ་དགེ་བ་གང་བྱས་པ། །རྣམ་པར་སྨིན་པ་མ་ཕྱིར་བེའུ་བཞིན། །གང་དུ་སྐྱེས་པ་དེ་ཡི་རྗེས་སུ་འབྲང་། །ཞེས་གསུངས་པས། གཤིན་པོའི་ཐོབ་པར་ཐེ་ཚོམ་མེད་པ་ཡིན། གསོན་པོའི་དོན་དུ་བསྔོ་བ་བྱས་ན་ཡང་ཚེ་རིང་བ་དང་ནད་གདོན་ཞི་བ་སོགས་བསྔོ་བའི་ལས་ཚོགས་


CMR059_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མ་ཞིག་རྡོ་རྗེ་རྒྱལ་མཚན་གྱི་བསྔོ་བའི་མདོ་དང་སྤྱོད་འཇུག་སོགས་ལས་གསུངས་པས། བསྔོ་བ་ནི་ཡིད་བཞིན་གྱི་ནོར་བུ་དང་འདྲ་སྟེ། རྗེ་ཕག་མོ་གྲུ་པས། །ཚོགས་གཉིས་ཡིད་བཞིན་ནོར་བུ་ལ། །སྨོན་ལམ་གྱི་བྱི་དོར་མ་བྱས་ན། །དགོས་འདོད་ཀྱི་འབྲས་བུ་མི་འབྱུང་བས། །རྗེས་བསྔོ་བ་འདི་ལ་ནན་ཏན་མཛོད། །ཅེས་གསུངས་ཤིང་། གནས་སྐབས་སུ་བདེ་སྐྱིད་ཐམས་ཅད་འབྱུང་ཞིང་། མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཐབས་མ་ནོར་བ་ནི་བསྔོ་བ་འདི་ཡིན་ཏེ། དཔུང་བཟང་གིས་ཞུས་པའི་མདོ་ལས། དཔེར་ན་ཆུ་ཀླུང་རྒྱ་མཚོར་ཕྱིན་པ་ན། །ལན་ཚྭའི་རོ་ནི་ཐམས་ཅད་གཅིག་པ་ཉིད། །དེ་ལྟར་བླ་མེད་བྱང་ཆུབ་བསྔོས་པ་ཡི། །བསོད་ནམས་རྒྱལ་བའི་རོ་ནི་གཅིག་ཏུ་འགྱུར། །ཞེས་གསུངས་སོ། །གཞན་ཡང་སྦྱིན་བདག་གིས་དད་པས་ཕུལ་བའི་དཀོར་སྦྱོང་བའི་ཐབས་མཆོག་ཏུ་གྱུར་པ་ཡང་བསྔོ་བ་འདི་ཉིད་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་འདུལ་བ་དང་། མདོ་སྡེ་མང་པོ་ནས་བསོད་སྙོམས་དང་ཡོན་བླངས་ནས་བསྔོ་བ་བྱ་ཚུལ་རྒྱ་ཆེར་གསུངས་པ་དང་། རྗེ་བཙུན་མི་ལ་རས་པའི་ཞལ་ནས། བྲག་ལ་སྒོམ་པའི་སྒོམ་


CMR059_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་དང་། །འཚོ་བ་སྦྱོར་བའི་ཡོན་བདག་གཉིས། །སངས་མཉམ་དུ་རྒྱས་པའི་རྟེན་འབྲེལ་ཡོད། །རྟེན་འབྲེལ་གྱི་རྩ་བ་བསྔོ་བ་ཡིན། །ཞེས་གསུངས་སོ། །དེ་ལྟ་བུའི་ཕན་ཡོན་དང་ལྡན་པའི་བསྔོ་བ་བྱེད་པ་ལ། བསྔོ་བའི་དཔང་པོ་མདུན་གྱི་ནམ་མཁར་རྨ་བྱ་བརྒྱད་ཀྱིས་བཏེག་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ། སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ། མཆོད་བསྔོ་ལ། ཞི་བར་གཤེགས་པ་རྒེ་དང་དབྱེར་མེད་པའི། བཅོམ་ལྡན་འདས་འོད་དཔག་ཏུ་མེད་པ། གསོན་བསྔོ་ལ་ཚེ་དཔག་ཏུ་མེད་པ། སྐུ་མདོག་པདྨ་རཱ་གའི་ཕུང་པོ་ལྟ་བུ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པ། དེའི་གཡས་སུ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས། གཡོན་དུ་བྱང་ཆུབ་སེམས་དཔའ་མཐུ་ཆེན་ཐོབ། གཞན་ཡང་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མངོན་སུམ་དུ་གསལ་བར་གྱུར། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་


CMR059_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གསོལ། །སྤྱན་འདྲེན་ཤོ་ལོ་ཀ་དང་། ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་དུ་སྤྱོད་པར་ཤོག །ཤི་བསྔོ་ཡིན་ན། དེ་ལྟར་བཅོམ་ལྡན་འདས་ཀྱི་མདུན་དང་སྦྱིན་བདག་གི་གཡོན་ཟུར་དུ་ཚེ་ལས་འདས་པ་དེ་ལོ་བཅུ་དྲུག་གི་ན་ཚོད། གོས་དཀར་པོ་དྲི་མ་མེད་པ་གྱོན་ཅིང་ཐལ་མོ་སྦྱར་བའི་བར་ན་མེ་ཏོག་པདྨ་དཀར་པོ་འཛིན་ཅིང་། པུས་མོ་སླ་ང་ས་ལ་བཙུགས་ནས་རབ་ཏུ་དད་ཅིང་གུས་པས་བསྔོ་བའི་རྗེས་ཟློས་བྱེད་པར་གྱུར། བཅོམ་ལྡན་འདས་རྒྱལ་བ་འོད་དཔག་ཏུ་མེད་པ་ལ་སོགས་པ་ཕྱོགས་བཅུའི་ཞིང་རབ་འབྱམས་ན་བཞུགས་པའི་རྒྱལ་བ་སྲས་དང་སློབ་མར་བཅས་པ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་ཐམས་ཅད་ཞི་བར་གཤེགས་པ་རྨེའམ། སྦྱིན་པའི་བདག་པོ་རྒུའམ། ཚེ་ལས་འདས་པ་རྒེའམ། སྦྱིན་པའི་བདག་མོ་ཆེའམ། ཞེས་བགྱི་བ་ལ་ཐུགས་བརྩེ་བ་ཆེན་པོས་དགོངས་སུ་གསོལ། དམིགས་ཡུལ་གྱི་དགེ་བའི་རྩ་བ་འདི་ཉིད་འཇིག་རྟེན་ལས་འདས་པ་འཁོར་གསུམ་ཡོངས་སུ་དག་པའི་བསྔོ་བས་ཡོངས་སུ་བསྔོ་བར་མཛད་དུ་གསོལ། ཇི་ལྟར་སྔོན་


CMR059_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་འཇམ་པའི་དབྱངས་སོགས་ཉེ་བའི་སྲས་ཆེན་རྣམས་ཀྱིས་བསྔོ་བ་མཛད་པ་དེ་བཞིན་དུ་དགེ་བའི་རྩ་བ་འདི་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་རྒྱ་ཆེར་བསྔགས་པའི་བསྔོ་བའི་མཆོག་དེས་ཡོངས་སུ་བསྔོ་བར་མཛད་དུ་གསོལ། །དེ་ནི་རང་རེ་སོ་སོའི་སྐྱེ་བོས་འཇིག་རྟེན་ལས་འདས་པའི་བསྔོ་བ་དངོས་སུ་བྱེད་མི་ནུས་པས་འཕགས་པ་རྣམས་ལ་མཛད་པར་གསོལ་བ་འདེབས་པའོ། །ཕྱོགས་བཅུ་དུས་གསུམ་གྱི་བདེ་བར་གཤེགས་པ་སྲས་དང་སློབ་མར་བཅས་པ་རྣམས་ཀྱིས་བསོད་ནམས་ཡེ་ཤེས་ཀྱི་ཚོགས་གཉིས་ཅི་བསགས་པ་དེ་དག་ཐམས་ཅད་ལ་རྗེས་སུ་ཡི་རང་བའི་མཆོག །དམ་པས་རྗེས་སུ་ཡི་རང་བར་བགྱིའོ། །དེས་བསོད་ནམས་མཉམ་དུ་འཐོབ་པའི་གནད་ཡོད་དོ། །དེ་ལྟར་རྗེས་སུ་ཡི་རང་བའི་དགེ་བ་དང་། འདི་ལྟར་བགྱིད་པའམ། ཕུལ་བའི་དགེ་བས་མཚོན་ཏེ། རྗེ་ཞེས་བགྱི་བས་དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་ཐམས་ཅད་གཅིག་ཏུ་བསྡོམས་ཏེ། སངས་རྒྱས་སྣང་བ་མཐའ་ཡས་དང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་སོགས་པ། ཕྱོགས་བཅུའི་རྒྱལ་བ་སྲས་དང་སློབ་མར་བཅས་པ་ཐམས་ཅད་ཀྱི་སྤྱན་སྔར་འབུལ་བར་བགྱིའོ། །དེ་ལྟར་ཕུལ་བས་མཆོད་པའི་སྤྲིན་བྱང་


CMR059_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བ་ལྟ་བུ་བསམ་གྱིས་མི་ཁྱབ་པ་དུས་གསུམ་རྒྱུན་ཆད་མེད་པར་འབྱུང་བར་གྱུར་ཅིག །དེས་སངས་རྒྱས་ཐམས་ཅད་མཆོད་པའི་བསོད་ནམས་ཐོབ། དེ་ལྟར་བྱུང་བ་ལ་བརྟེན་ནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཀྱི་སྐུ་ཚེ་དང་མཛད་ཕྲིན་ཆེས་ཆེར་འཕེལ་ཞིང་རྒྱས་པར་གྱུར་ཅིག །དེས་སངས་རྒྱས་ཀྱི་བསྟན་པ་ལ་བྱ་བ་རྒྱ་ཆེན་པོ་བྱས་པའི་ཕན་ཡོན་ཐོབ། དེ་ལྟ་བུའི་དགེ་བའི་རྩ་བ་དེ་མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་ཡོངས་སུ་བསྔོ་བར་བགྱིའོ། །བསྔོས་པ་བཞིན་དུ་ཐོབ་ནས་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་སྡུག་བསྔལ་དང་བྲལ་ནས། མྱུར་དུ་རྣམ་པ་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་གྱུར་ཅིག །དེས་འགྲོ་དོན་བསམ་གྱིས་མི་ཁྱབ་པ་བྱས་པའི་ཕན་ཡོན་ཐོབ་བོ། །འདི་ཡན་ཆད་མཆོད་བསྔོ་ཤི་བསྔོ་གསོན་བསྔོ་གང་བྱེད་ཀྱང་། ཁྱད་མེད་ཐུན་མོང་གི་ཆོ་ག་ཡིན་ནོ། །དེ་ནས་མཆོད་བསྔོ་ལ། དེ་ལྟ་བུའི་དགེ་བའི་རྩ་བ་དེ་དཔལ་ལྡན་བླ་མ་དམ་པ་སྐུ་ཞི་བར་གཤེགས་པ་རྨི་ཞེས་བགྱི་བ་དེ་


CMR059_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ལ་ཡོངས་སུ་འབུལ་བར་བགྱིའོ། །དེ་ལྟར་ཕུལ་བ་བཞིན་དུ་དགེ་བའི་རྩ་བ་འདི་ད་ལྟ་ཉིད་དུ་ཞི་བར་གཤེགས་པ་རྒེ་ཞེས་བགྱི་བའི་ཐུགས་རྒྱུད་ལ་ཡོངས་སུ་སྨིན་པར་གྱུར་ཅིག ། དེ་ལྟར་སྨིན་པ་ལ་བརྟེན་ནས་བཅས་པ་དང་རང་བཞིན་གྱི་ཁ་ན་མ་ཐོ་བའི་སྒྲིབ་པའི་ཆ་མཆིས་ན་ཡང་ད་ལྟ་ཉིད་དུ་བྱང་ཞིང་དག་པར་གྱུར་ཅིག །ཆག་ཉམས་འགལ་འཁྲུལ་གྱི་ཆ་མཆིས་ན་ཡང་ཡོངས་སུ་བཀང་ཞིང་སོར་ཆུད་པར་གྱུར་ཅིག །འཆི་བ་འོད་གསལ་ཆོས་ཀྱི་སྐུ་མངོན་དུ་མཛད་ནས། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་དང་དབྱེར་མེད་པར་ཆོས་སྐུ་རོ་གཅིག་ཏུ་སངས་རྒྱས་པར་གྱུར་ཅིག །དེའི་ངང་ནས་བར་དོ་ལོངས་སྤྱོད་རྫོགས་པའི་སྐུར་བཞེངས་ཏེ། འོག་མིན་འཐུག་པོ་བཀོད་པའི་ཞིང་ཁམས་སུ་ལོངས་སྐུ་རྣམ་པར་སྣང་མཛད་དང་དབྱེར་མེད་པར་སངས་རྒྱས་པར་གྱུར་ཅིག །སླར་ཡང་སྐྱེ་བ་སྤྲུལ་པའི་སྐུ་ཐུགས་རྗེ་དང་སྨོན་ལམ་གྱི་དབང་གིས་འཛམ་གླིང་བྱེ་བ་ཕྲག་བརྒྱར་མཛད་པ་བཅུ་གཉིས་ཀྱིས་འགྲོ་བའི་དོན་བྱེད་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལྟ་བུར་གྱུར་ཅིག །ཐུགས་རྒྱུད་ཀྱི་ངོ་བོ་བདེ་བ་ཅན་གྱི་ཞིང་ཁམས་སུ་བརྫུས་ཏེ་སྐྱེས་ནས་དུས་རྟག་ཏུ་སངས་རྒྱས་ཚེ་དཔག་མེད་


CMR059_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཞབས་འབྲིང་བྱེད་པར་གྱུར་ཅིག །དེའི་སྤྲུལ་པའི་རྫུ་འཕྲུལ་གྱིས་མངོན་པར་དགའ་བ་ལ་སོགས་པ་སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་དུ་སྤྲུལ་པ་རེ་རེར་སྣང་ནས་སངས་རྒྱས་དེ་དག་ལ་བསྙེན་བཀུར་བྱེད་ཅིང་དམ་པའི་ཆོས་ཟབ་ལ་རྒྱ་ཆེ་བར་ཐོས་ཤིང་འཛིན་པར་གྱུར་ཅིག །མ་དག་པའི་ཞིང་ཁམས་རྣམས་སུ་གང་ལ་གང་འདུལ་གྱི་སྤྲུལ་པས་འཁོར་བ་ཇི་སྲིད་དུ་འགྲོ་བའི་དོན་མཛད་པ་ལ་འཕགས་པ་སྤྱན་རས་གཟིགས་ལྟ་བུར་གྱུར་ཅིག །ཤེས་བྱའི་གནས་རྣམས་ལ་ཆགས་ཐོགས་དང་བྲལ་བའི་ཤེས་རབ་ཀྱིས་སངས་རྒྱས་ཀྱི་བསྟན་པ་འཛིན་ཅིང་སེམས་ཅན་རྣམས་ཀྱི་རྨོངས་པ་སེལ་བ་འཇམ་པའི་དབྱངས་ལྟ་བུར་གྱུར་ཅིག །རང་དང་སློབ་བརྒྱུད་རྣམས་ལ་བདུད་ཀྱི་བར་ཆད་གང་གིས་ཀྱང་མི་ཚུགས་ཤིང་མཐུ་སྟོབས་ཕུན་སུམ་ཚོགས་པ་དཔལ་ཕྱག་ན་རྡོ་རྗེ་ལྟ་བུར་གྱུར་ཅིག །མདོར་ན་སྐུ་ཞི་བར་གཤེགས་པ་རྗེ་དེ་ཉིད་མཐོང་བ་དང་ཐོས་པ་དང་དྲན་པ་དང་ཆོས་དང་ཟང་ཟིང་འབྲེལ་པ་ཐོབ་པ་ཐམས་ཅད་ཀྱང་མྱུར་དུ་བླ་ན་མེད་པའི་བྱང་ཆུབ་ཏུ་སངས་རྒྱ་བར་གྱུར་ཅིག །དེའི་གདུང་དང་རིང་བསྲེལ་ན་བཟའ་བཞུགས་མལ་ལ་སོགས་པ་མཐོང་བ་དང་རེག་པ་ཐམས་


CMR059_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀྱང་བསྐལ་པ་སྟོང་དུ་བསགས་པའི་སྡིག་སྒྲིབ་དག་ནས་བྱང་ཆུབ་ཀྱི་ས་བོན་ཐོབ་པར་གྱུར་ཅིག །བླ་མ་དམ་པ་ཞི་བར་གཤེགས་པ་དེ་ཡི་རིགས་རྒྱུད་དང་ཆོས་བརྒྱུད་འཛིན་པའི་འཁོར་སློབ་རྣམས་ཀྱང་། ཚེ་དང་བསོད་ནམས་དང་བསྟན་པ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །དེ་ལ་བརྟེན་ནས་ཞི་བར་གཤེགས་པ་དེ་ཡི་ཟག་པ་མེད་པའི་ཐུགས་ཀྱི་དགོངས་པ་ཁྱད་པར་ཅན་གོང་ནས་གོང་དུ་ཡོངས་སུ་རྫོགས་པར་གྱུར་ཅིག །དཔལ་ལྡན་བླ་མའི་ཐུགས་དགོངས་རྫོགས་པ་དང་། །མཁའ་མཉམ་ཡོངས་ལ་བདེ་སྐྱིད་འབྱུང་བ་དང་། །བདག་གཞན་མ་ལུས་ཚོགས་བསགས་སྒྲིབ་སྦྱངས་ནས། །མྱུར་དུ་སངས་རྒྱས་ས་ལ་འགོད་པར་ཤོག །འོ་དེ་ལྟར་མཆོད་བསྔོ་ཕུལ་བས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་རྡོ་ཁབ་ལེན་ལ་ལྕགས་ཕྱེ་འདུས་པའམ། ཉི་མ་ལ་འོད་ཟེར་འདུས་པ་བཞིན་དུ་སངས་རྒྱས་སྣང་བ་མཐའ་ཡས་ལ་ཐིམ། སྐུ་ཞི་བར་གཤེགས་པ་རྒེ་དང་དབྱེར་མེད་པའི་སངས་རྒྱས་སྣང་བ་མཐའ་ཡས་དེ་ཡང་སྐད་ཅིག་ལག་པ་བརྐྱང་བསྐུམ་ཙམ་ལ་བདེ་བ་ཅན་གྱི་ཞིང་ཁམས་སུ་གཤེགས་ནས་དེར་བཞུགས་པའི་རིགས་བདག་ཉིད་ཀྱི་


CMR059_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀར་ཐིམ་སྟེ་ངོ་བོ་དབྱེར་མེད་ཆོས་ཀྱི་སྐུར་སངས་རྒྱས་པར་གྱུར་ཅིག །མཆོད་བསྔོ་འདི་ཧ་ཅང་མཐོན་པོ་ཡིན་ནོ། །ཞེས་སྟོང་ཉིད་ངང་ལ་མཉམ་པར་བཞག་གོ། །།ཡང་ཤི་བསྔོ་སྤྱི་མཚམས་ནི། དེ་ལྟ་བུའི་དགེ་བའི་རྩ་བ་དེ་ཚེ་ལས་འདས་པ་རྒེ་ཞེས་བགྱི་བའི་རྗེས་སུ་འབྲངས་ཤིང་རྗེས་སུ་འཇུག་པར་གྱུར་ཅིག །རྗེས་སུ་འབྲངས་ནས་ཀྱང་ཚེ་ལས་འདས་པ་ཆེ་ཞེས་བགྱི་བའི་རྒྱུད་ལ་དགེ་བའི་རྩ་བ་དེ་ད་ལྟ་ཉིད་དུ་སྨིན་པར་གྱུར་ཅིག །དེ་ལྟར་སྨིན་པ་ལ་བརྟེན་ནས་ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་མ་ལུས་པ་བྱང་ཞིང་དག་པར་གྱུར་ཅིག །ཆོས་ཉིད་བར་དོར་ཞི་ཁྲོའི་སྣང་བ་འཆར་བའི་ཚེ་རང་གི་ཡི་དམ་གྱི་ལྷ་ངོ་ཤེས་པར་གྱུར་ཅིག །སྒྲ་འོད་ཟེར་གསུམ་འཇིགས་སྐྲག་འཁྲུལ་སྣང་སྣ་ཚོགས་ཤར་བའི་ཚེ། ཐམས་ཅད་རང་སྣང་ངོ་ཤེས་ནས་འཇིགས་སྐྲག་དང་བྲལ་བར་གྱུར་ཅིག །དག་པ་ཡེ་ཤེས་ཀྱི་འོད་ལམ་ལྔ་དང་མ་དག་འཁོར་བའི་ལམ་ལྔ་བཤིབ་ནས་འཆར་བའི་ཚེ། མ་དག་རིགས་དྲུག་གི་སྐྱེ་སྒོ་བཀག་ནས་དག་པའི་ཞིང་ཁམས་བགྲོད་པར་གྱུར་ཅིག །སྲིད་པ་བར་དོ་ཡ་ང་བའི་འཕྲང་བརྒྱད་འགྲིམ་པའི་ཚེ་ཡི་དམ་གྱི་ལྷ་དང་བླ་མ་


CMR059_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པའི་ཐུགས་རྗེས་སྐྱོབ་པར་གྱུར་ཅིག །རིགས་དྲུག་གི་སྐྱེ་གནས་དང་འཁོར་བའི་མངལ་སྒོ་འགྲིམ་པའི་ཚེ། དེ་རྣམས་སུ་མ་འགྲོ་བར་མངལ་སྒོ་བགགས་ནུས་པར་གྱུར་ཅིག །ད་ནི་མ་དག་འཁོར་བའི་གནས་སུ་མི་ལྡོག་པར་ནུབ་ཕྱོགས་བདེ་བ་ཅན་དུ་འགྲོ་སྙམ་པའི་རྟོགས་པ་རྒྱུད་ལ་སྐྱེ་བར་གྱུར་ཅིག །དེ་མ་ཐག་ཏུ་སངས་རྒྱས་སྣང་བ་མཐའ་ཡས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་རྒྱང་རིང་པོ་ནས་ལྷང་ངེ་ལྷན་ནེ་ལྷམ་མེར་བཞུགས་པ་མངོན་སུམ་དུ་མཐོང་བར་གྱུར་ཅིག །དེས་ཡིད་བདེ་བ་དང་དགའ་བ་སྐྱེས་ཏེ་སྐད་ཅིག་ཡུད་ཙམ་ལ་སེང་གེའི་མཆོངས་སྟབས་ཀྱིས་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་བགྲོད་པར་གྱུར་ཅིག །དེར་གདན་མེ་ཏོག་པདྨའི་སྙིང་པོ་ལ་བརྫུས་ཏེ་སྐྱེ་བར་གྱུར་ཅིག །མཚན་བཟང་པོ་དང་དཔེ་བྱད་བཟང་པོས་ཡང་དག་པར་བརྒྱན་པའི་ལུས་ཐོབ་པར་གྱུར་ཅིག །དེར་སྐྱེས་མ་ཐག་ཏུ་མེ་ཏོག་པདྨ་ཁ་བྱེ་ནས་སངས་རྒྱས་འོད་དཔག་ཏུ་མེད་པའི་ཞལ་མངོན་སུམ་དུ་མཐོང་བར་གྱུར་ཅིག །རང་གི་ལག་པའི་མཐིལ་ནས་མཆོད་པའི་སྤྲིན་དཔག་ཏུ་མེད་པ་སྤྲུལ་ནས། དེ་བཞིན་གཤེགས་པ་དེ་ལ་མཆོད་པ་བྱེད་པར་གྱུར་ཅིག །དེ་མ་ཐག་ཏུ་བྱང་ཆུབ་


CMR059_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ཏུ་ལུང་སྟོན་པར་གྱུར་ཅིག །ལུང་བསྟན་མ་ཐག་ཏུ་ཤིང་ཏ་ལ་བདུན་སྲིད་ཀྱི་ནམ་མཁའ་ལ་འཕགས་ནས་ས་དང་པོ་རབ་ཏུ་དགའ་བ་ཐོབ་པར་གྱུར་ཅིག །དེ་ནས་རིམ་གྱིས་ས་དང་ལམ་གྱི་ཡོན་ཏན་ཡོངས་སུ་རྫོགས་པ་ཐོབ་པར་གྱུར་ཅིག །མདོར་ན་དེ་བཞིན་གཤེགས་པ་འོད་དཔག་ཏུ་མེད་པ་དང་སྐུ་གསུང་ཐུགས་དབྱེར་མེད་པར་འགྲུབ་པར་གྱུར་ཅིག །པདྨོ་འདམ་གྱི་མ་གོས་ལྟར། །སྲིད་གསུམ་དྲི་མས་མ་གོས་ཤིང་། །སྲིད་པའི་པདྨོ་ལས་བྱུང་བ། །བདེ་བ་ཅན་དུ་སྐྱེ་བར་ཤོག །མི་གཙང་ལུས་འདི་བོར་བར་ཝཱིགྱུར་མ་ཐག །བདེ་བ་ཅན་དུ་བརྫུས་ཏེ་སྐྱེ་བར་ཤོག །སྐྱེས་མ་ཐག་ཏུ་ས་བཅུར་བར་བགྲོད་ནས། །སྤྲུལ་པས་ཕྱོགས་བཅུ་གཞན་དོན་བྱེད་པར་ཤོག །འོ་དེ་ལྟ་བུའི་བསྔོ་བ་དང་སྨོན་ལམ་རྣམ་པར་དག་པ་ལ་བརྟེན་ནས། མདུན་གྱི་ནམ་མཁར་བཞུགས་པའི་སངས་རྒྱས་འོད་དཔག་ཏུ་མེད་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཚེ་འདས་ཀྱི་ལུས་ངག་ཡིད་zགསུམ་ལ་ཕོག་པས་སྡིག་སྒྲིབ་ཐམས་ཅད་སངས་ཀྱིས་དག་ནས་འོད་ཀྱི་གོང་བུར་གྱུར་ཏེ་བཅོམ་ལྡན་འདས་ཀྱི་ཐུགས་ཀར་ཐིམ། སངས་རྒྱས་དེ་ཡང་དཔག་ཆེན་གྱི་མདའ་འཕང་བ་


CMR059_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་བདེ་བ་ཅན་གྱི་ཞིང་ཁམས་སུ་གཤེགས་པས་ཚེ་འདས་དེ་ཡང་བདེ་བ་ཅན་གྱི་ཞིང་ཁམས་དེར་པདྨོ་མཆོག་ལ་བརྫུས་ཏེ་སྐྱེ་བར་གྱུར་ཅིག །ཅེས་སྟོང་ཉིད་ཀྱི་ངང་དུ་བཞག་གོ །དེ་ནས་གསོན་བསྔོ་ནི། དེ་ལྟ་བུའི་དགེ་བའི་རྩ་བ་དེ་སྦྱིན་པའི་བདག་པོའམ་བདག་མོ་རྗེ་ཞེས་བགྱི་བའི་རྒྱུད་ལ་ད་ལྟ་ཉིད་དུ་སྨིན་པར་གྱུར་ཅིག །དེ་ལ་བརྟེན་ནས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག །ནད་གདོན་དང་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་བར་གྱུར་ཅིག །ཚེ་དང་བསོད་ནམས་དཔལ་དང་འབྱོར་བ་ཐམས་ཅད་ཟླ་བ་ཡར་གྱི་ངོ་ལྟར་འཕེལ་ཞིང་རྒྱས་པར་གྱུར་ཅིག །བྱམས་པ་དང་སྙིང་རྗེ་ལ་སོགས་པ་ཚད་མེད་པ་བཞི་རྒྱུད་ལ་སྐྱེ་བར་གྱུར་ཅིག །ཐོས་པ་དང་གཏོང་བ་ལ་སོགས་པ་འཕགས་པའི་ནོར་བདུན་གྱིས་ཕྱུག་པར་གྱུར་ཅིག །མཁོ་བ་སྦྱིན་པ་དང་སྙན་པར་སྨྲ་བ་ལ་སོགས་པ་བསྡུ་བའི་དངོས་པོ་བཞིའི་དཔལ་འབྱོར་དང་ལྡན་པར་གྱུར་ཅིག ། སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་བཅུ་དང་ལོངས་སྤྱོད་པར་གྱུར་ཅིག །ཚུལ་ཁྲིམས་ཀྱི་བསླབ་པ་དང་། །ཏིང་ངེ་འཛིན་གྱི་བསླབ་པ་དང་། ཤེས་


CMR059_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཀྱི་བསླབ་པ་ལ་སོགས་པ་བསླབ་པ་རིན་པོ་ཆེ་གསུམ་གྱིས་མཛེས་པར་གྱུར་ཅིག །དྲན་པ་ཉེ་བར་བཞག་པ་ལ་སོགས་བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་ལྡན་པར་གྱུར་ཅིག །འོད་གསལ་ཕྱག་རྒྱ་ཆེན་པོའི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་གྱུར་ཅིག །ཚེ་གཅིག་ལུས་གཅིག་ལ་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་རིན་པོ་ཆེ་མངོན་སུམ་དུ་ཐོབ་པར་གྱུར་ཅིག །བསོད་ནམས་སྟོབས་ཆེན་འདི་ཡི་མཐུས། །སྦྱིན་བདག་འཁོར་དང་བཅས་རྣམས་ལ། །ཚེ་འདིར་བསམ་པའི་དོན་འགྲུབ་ཅིང་། །བར་ཆད་ཞི་ནས་བཀྲ་ཤིས་པ། །བསམ་པ་ཆོས་བཞིན་འགྲུབ་པར་ཤོག །སྦྱིན་པའི་བདག་པོ་ཆོས་དང་མཐུན་པའི་ཕྱིར། །ཇི་ལྟར་བསམ་པ་ཡིད་བཞིན་འགྲུབ་པ་དང་། །ནད་གདོན་བགེགས་དང་བར་དུ་གཅོད་པའི་ཚོགས། །མྱུར་དུ་ཞི་ཞིང་མེད་པར་མཛད་དུ་གསོལ། །བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ཏེ། །སྐྱེ་རྒས་ན་འཆིའི་རྦ་ཀློང་འཁྲུག་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག །འོ་དེ་ལྟར་བསྔོ་བ་དང་སྨོན་ལམ་རྣམ་པར་དག་པ་ལ་བརྟེན་ནས། །


CMR059_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་བྱང་སེམས་ཐམས་ཅད་མདུན་གྱི་ནམ་མཁའི་ཚེ་དཔག་མེད་ལ་ཐིམ། ཚེ་དཔག་མེད་འོད་དུ་ཞུ་ནས་ཁྱེད་རང་སྦྱིན་བདག་རྣམས་ལ་ཐིམ་པས། ཚེ་དང་བསོད་ནམས་ཡེ་ཤེས་ཐམས་ཅད་ཟླ་བ་ཡར་གྱི་ངོ་ལྟར་འཕེལ་བར་གྱུར་ཅིག །ཅེས་མི་དམིགས་པའི་ངང་ལ་མཉམ་པར་བཞག་གོ །དེ་ལྟར་བསྔོ་བ་གསུམ་པོ་གང་བྱེད་ཀྱང་མཇུག་ཏུ་བདེན་སྟོབས་དང་གཟུངས་འདི་སྦྱར་ན་ལེགས་སོ། །དཀོན་མཆོག་གསུམ་གྱི་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཐུ་དང་། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག །དེ་ནི་བདེན་པའི་སྟོབས་སོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བསྔོ་བ་དང་སྨོན་ལམ་ཐམས་ཅད་ཡོངས་སུ་འགྲུབ་པའི་རྒྱལ་པོ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཨོཾ་དྷ་རི་དྷ་རི་མེ་དྷ་རི་སྭཱ་ཧཱ། བསྔོ་བ་འགྲུབ་པའི་གཟུངས་སོ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། པཉྩ་དྲི་ཡ་ཨ་ཝ་བྷོ་དྷ་ན་ཡེ་སྭཱ་ཧཱ། སྨོན་ལམ་


CMR059_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་པའི་གཟུངས་སོ། །དེ་ལྟར་བསྔོ་བ་ཆ་ཚང་འདི་ནི་ཡོངས་སུ་བསྔོ་བའི་འཁོར་ལོའི་མདོ་དང་མདོ་སྡེ་ཡོངས་སུ་བསྔོ་བའི་རྒྱལ་པོ་དང་། རྡོ་རྗེ་རྒྱལ་མཚན་བསྔོ་བའི་མདོ་དང་། ཕུང་པོ་གསུམ་པ་དང་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་མདོ་དང་། བསླབ་པ་ཀུན་ནས་བཏུས་པ་དང་། རྒྱལ་བ་ཀརྨ་པ་ཡབ་སྲས་ན་རིམ་རྣམས་ཀྱིས་མཛད་པའི་བསྔོ་བ་ཚན་མང་པོ་དང་། དྲུང་རྨ་སེ་དང་ཨོ་རྒྱན་རིན་པོ་ཆེས་མཛད་པ་དང་། རྗེ་ཞྭ་དམར་དྲུག་པ་དང་། རྒྱལ་ཚབ་གྲག་པ་མཆོག་དབྱངས་དང་། ཉིན་བྱེད་གླིང་གི་རིན་པོ་ཆེ་པ་རྣམས་ཀྱིས་ལྗགས་བསྔོ་བཤད་པ་རྒྱ་ཆེར་མཛད་པ་ལན་གྲངས་དུ་མར་དངོས་སུ་ཐོབ་པ་དང་། མདོ་སྡེ་པདྨ་དཀར་པོ་དང་། འོད་མདོ་དང་། བདེ་བ་ཅན་གྱི་ཞིང་བཀོད་སོགས། མདོ་རྒྱུད་མན་ངག་བླ་མའི་གསུང་སྒྲོས་མང་པོ་དང་གོ་བསྟུན། རང་ཉིད་ཀྱིས་ཀྱང་ཡུན་རིང་དུ་གོམས་ཤིང་འདྲེས་པར་ཉམས་སུ་བླངས་ཏེ། གནད་གསང་མང་དུ་རིག་པའི་ཉམས་དང་བསྟུན་ནས། འཕྲལ་དུ་ཆོས་དབང་ཀུན་བཟང་གིས་བསྐུལ་བ་དོན་ཡོད་པར་བྱ་བའི་ཕྱིར་དུ། ཤཱཀྱའི་བསྟན་པ་ལ་ཚངས་པར་སྤྱོད་པའི་དགེ་སློང་། ཀརྨ་ཨ་རཱིག་ཞེས་བྱ་བས་ཐུན་མཚམས་འགའ་ཞིག་ཏུ་ལེགས་པར་སྦྱར་བའོ། །འདི་ལ་བཤད་པའི་ཆ་རྣམས་རྒྱས་པར་མ་བྲིས་ཤིང་གོ་སླ་ཞིང་ཉམས་སུ་བླངས་བདེ་བར་བྱས་པ་ཡིན་པས། མཁས་པའི་དབང་པོ་རྣམས་ཀྱིས་ཐུགས་མི་ཁྲེལ་ཞིང་། དོན་ལ་འགལ་བའི་ཆ་མཆིས་ན་མཐོལ་ལོ་བཤགས་སོ། །འདི་བྲིས་དགེ་བའི་རྩ་བ་ལ་བརྟེན་ནས་བདག་དང་བདག་ལ་


CMR059_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་ཐོགས་ཀྱིས་གཙོས་བསྔོ་བ་འདི་ལ་འབྲེལ་པ་ཐོབ་ཚད་ཐམས་ཅད་སྐྱེ་བ་གཞན་གྱིས་བར་མི་ཆོད་པར་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེ་བར་གྱུར་ཅིག །ཆོས་འདི་ཡང་ཡུན་རིང་དུ་དར་ཞིང་རྒྱས་ཏེ་འགྲོ་དོན་བསམ་གྱིས་མི་ཁྱབ་པ་འབྱུང་བར་གྱུར་ཅིག །སརྦ་མངྒ་ལཾ། ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousབསྔོ་བའི་བཤད་པ་མན་ངག་ཡོན་བཤད་མཆོད་བསྔོ་ཤི་བསྔོ་གསོན་བསྔོ་དམིགས་རིམ་དང་བཅས་པ་ཚིག་ཉུང་ལ་གོ་བདེ་བར་བཀོད་པ་བསྔོ་བ་ཡོན་ཏན་རྒྱ་མཚོ།next