Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གསོན་བསྔོ་བསོད་ནམས་གཏེར་ཆེན་འགྲོ་དོན་རྒྱ་མཚོ།
   
   
   
   
   
   
   
   
   


 
previousགསོན་བསྔོ་བསོད་ནམས་གཏེར་ཆེན་འགྲོ་དོན་རྒྱ་མཚོ།next

གསོན་བསྔོ་བསོད་ནམས་གཏེར་ཆེན་འགྲོ་དོན་རྒྱ་མཚོ།


CMR059_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

གསོན་བསྔོ་བསོད་ནམས་གཏེར་ཆེན་འགྲོ་དོན་རྒྱ་མཚོ་ཞེས་བྱ་བ་ཡོད་དོ། །བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། །ཇི་ལྟར་རྒྱ་མཚོར་ཆུ་ཐིགས་གཅིག་ལྷུང་ན། །རྒྱ་མཚོ་མ་ཟད་བར་དུ་དེ་མི་ཟད། །དེ་བཞིན་བྱང་ཆུབ་ཡོངས་བསྔོས་དགེ་བ་ཡང་། །བྱང་ཆུབ་མ་ཐོབ་བར་དུ་དེ་མི་ཟད། །ཅེས་དང་། བཀའ་བརྒྱུད་རིན་པོ་ཆེའི་གསུངས་ལས། །རྒྱུ་མི་ཟད་གཏེར་དུ་སྦ་བ་ལ། །ཐེག་ཆེན་བསྔོ་བས་རྒྱས་འདེབས་གཅེས། །ཞེས་གསུངས་པས་བསྔོ་བའི་དཔང་པོ་མདུན་གྱི་ནམ་མཁར་མགོན་པོ་ཚེ་དཔག་ཏུ་མེད་པ་མངོན་སུམ་དུ་གསལ་བར་གྱུར། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་ཐམས་ཅད་རྒྱུ་སྦྱོར་སྦྱིན་པའི་བདག་པོ་བདག་མོ་རྒེ་ཞེས་བྱ་བ་ལ་དགོངས་སུ་གསོལ། སྦྱིན་པའི་བདག་པོའམ་བདག་མོའམ་དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་དང་། འདི་ལྟར་ཕུལ་བ་འམ་བགྱིས་པའི་དགེ་བའི་རྩ་བ། སངས་རྒྱས་ཚེ་དཔག་ཏུ་མེད་པ་ལ་སོགས་པ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་འབུལ་བར་བགྱིའོ། །དེ་ལྟར་ཕུལ་བས་མཆོད་པའི་སྤྲིན་བསམ་གྱིས་མི་ཁྱབ་པ་རྒྱུན་ཆད་མེད་པར་


CMR059_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བར་གྱུར་ཅིག །དེ་ལ་བརྟེན་ནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་པར་གྱུར་ཅིག །བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཀྱི་སྐུ་ཚེ་བརྟན་ཅིང་ཕྲིན་ལས་རྒྱས་པར་གྱུར་ཅིག །དེ་ལྟ་བུའི་དགེ་བའི་རྩ་བ་དེ་སྦྱིན་བདག་རྣམས་ཀྱི་ཕ་མ་ཉེ་དུ་ཉེ་འབྲེལ་བསྔོ་དགོས་གང་ཡོད་ཀྱི་སེམས་ཅན་ཐམས་ཅད་ལ་ཡོངས་སུ་བསྔོ་བར་བགྱིའོ། །བསྔོས་པ་བཞིན་དུ་ཐོབ་ནས་རིགས་དྲུག་གི་སྐྱེ་སྒོ་ཆོད་དེ་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེ་བར་གྱུར་ཅིག །ས་ལམ་གྱི་ཡོན་ཏན་རྫོགས་ནས་མངོན་པར་སངས་རྒྱས་པར་གྱུར་ཅིག །དེ་ལྟ་བུའི་དགེ་བའི་རྩ་བ་སྦྱིན་པའི་བདག་པོའམ་བདག་མོ་ཆེ་གེ་ཞེས་བྱ་བའི་རྒྱུད་ལ་ད་ལྟ་ཉིད་དུ་ཡོངས་སུ་སྨིན་པར་གྱུར་ཅིག །དེ་ལྟར་སྨིན་པ་ལ་བརྟེན་ནས་རླུང་མཁྲིས་བད་ཀན་འདུས་པ་ལས་གྱུར་པའི་ནད་ཀྱིས་འཚེ་ན། བདེ་གཤེགས་སྨན་གྱི་བླ་བརྒྱད་ཀྱིས་སྲུངས་ཤིང་སྐྱོབ་པར་གྱུར་ཅིག །མི་ནད་དང་ཕྱུགས་ནད་ཀྱིས་འཚེ་ན། །འཕགས་མ་རི་ཁྲོད་ལོ་གྱོན་མས་སྲུངས་ཤིང་སྐྱོབ་པར་གྱུར་ཅིག །ལྷ་ཀླུ་གནོད་སྦྱིན་ལ་སོགས་པ་གདོན་གྱིས་འཚེ་ན། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཕྱི་བཞིན་དུ་འབྲངས་ནས་


CMR059_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

སྲུངས་བར་གྱུར་ཅིག །སྟེང་གདོན་གཟའ་རྒྱུ་སྐར་གྱིས་འཚེ་ན། ཡེ་ཤེས་ཀྱི་ཁྱུང་ཆེན་སྡེ་ལྔས་སྲུངས་ཤིང་སྐྱོབས་པར་གྱུར་ཅིག །འོག་གདོན་ཀླུ་ས་བདག་གིས་གདོན་ན། ཁྱབ་བདག་ནཱ་ག་རཀཱས་སྲུངས་ཤིང་སྐྱོབ་པར་གྱུར་ཅིག །བར་གདོན་ལྷ་སྲིན་སྡེ་བརྒྱད་ཀྱིས་གནོད་ན། ཡེ་ཤེས་ཀྱི་ཁྲོ་བཅུས་སྲུངས་ཤིང་སྐྱོབ་པར་གྱུར་ཅིག །ཕོ་གདོན་རྒྱལ་པོས་གནོད་ན། བཅོམ་ལྡན་འདས་དབང་དྲག་པད་མས་སྲུངས་ཤིང་སྐྱོབ་པར་གྱུར་ཅིག །མོ་གདོན་བསེན་མོས་གནོད་ན། ཁྲོ་བོའི་རྒྱལ་པོ་མི་གཡོ་བས་སྲུངས་ཤིང་སྐྱོབ་པར་གྱུར་ཅིག །འཇིགས་པ་བརྒྱད་དང་བཅུ་དྲུག་གིས་འཚེ་ན་སྒྲོལ་མ་ཉི་ཤུ་རྩ་གཅིག་གིས་སྲུངས་ཤིང་སྐྱོབ་པར་གྱུར་ཅིག །ཕ་རོལ་གྱི་དགྲ་དང་མི་རྒོད་ཀྱིས་འཚེ་ན། ལྷ་མོ་འོད་ཟེར་ཅན་གྱིས་སྲུངས་ཤིང་སྐྱོབ་པར་གྱུར་ཅིག །བུ་ཚ་དང་རིགས་རྒྱུད་རྨོངས་ན། །སྲུང་མའི་ལྷ་མོ་ལྔ་དང་། །དབྱངས་ཅན་ཚེ་རིང་མཆེད་ལྔས་སྤེལ་ཞིང་སྲུངས་ཤིངསྐྱོབ་པར་གྱུར་ཅིག །དཔལ་དང་ལོངས་སྤྱོད་གུད་པར་གྱུར་ན། ཨརྨ་ཛམྦྷ་ལྷ་རིགས་ལྔའི་འཛད་མེད་གཏེར་གྱི་དངོས་གྲུབ་སྩོལ་བར་གྱུར་ཅིག །ནོར་དང་རིགས་རྒྱུད་དབུལ་ན། །


CMR059_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་མ་ནོར་རྒྱུན་མ་མཆེད་ལྔས་སྲུངས་ཤིང་སྐྱོབ་པར་གྱུར་ཅིག །ལས་ཀྱི་སྒྲིབ་པ་འཐུག་པོས་ནོན་ན། བཅོམ་ལྡན་འདས་མི་འཁྲུགས་པ་སྤྱི་བོའི་གཙུག་ཏུ་བཞུགས་པར་གྱུར་ཅིག །ལས་སྒྲིབ་ཆེན་པོའི་ནོན་ན། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་རྗེས་སུ་འཛིན་པར་གྱུར་ཅིག །ངན་སོང་གི་རྒྱུ་དང་ལྡན་ན། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོས་རྗེས་སུ་འཛིན་པར་གྱུར་ཅིག །དུས་མ་ཡིན་པའི་འཆི་བས་ཉེན་ན། མགོན་པོ་ཚེ་དཔག་ཏུ་མེད་པ་སྙིང་གི་དཀྱིལ་དུ་བཞུགས་པར་གྱུར་ཅིག །དུས་ལ་བབ་སྟེ་འཆི་འཕོ་བའི་ཚེ། ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་དུ་སྐྱེ་བར་གྱུར་ཅིག །སངས་རྒྱས་འོད་དཔག་ཏུ་མེད་པའི་ཞལ་མཐོང་བར་གྱུར་ཅིག །ས་ལམ་གྱི་ཡོན་ཏན་རྫོགས་ནས་མངོན་པར་སངས་རྒྱས་པར་གྱུར་ཅིག །སངས་རྒྱས་ནས་ཆོས་སྐུ་ཀུན་ཏུ་བཟང་པོ་དང་དགོངས་པ་མཉམ་པར་གྱུར་ཅིག །ལོངས་སྐུ་རིགས་ལྔའི་སངས་རྒྱས་དང་བཀོད་པ་མཉམ་པར་གྱུར་ཅིག །སྤྲུལ་སྐུ་སྐལ་བཟང་གི་སངས་རྒྱས་སྟོང་བྱེ་བ་ཕྲག་བརྒྱ་དང་མཛད་པ་མཉམ་པར་གྱུར་ཅིག །ཡང་སྤྲུལ་གུ་རུ་པདྨ་འབྱུང་གནས་བྱེ་བ་ཕྲག་བརྒྱ་དང་ཕྲིན་ལས་ནུས་མཐུ་


CMR059_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་པར་གྱུར་ཅིག །བསོད་ནམས་སྟོབས་ཆེན་འདི་ཡི་མཐུས། །སྦྱིན་བདག་འཁོར་དང་བཅས་རྣམས་ལ། །ཚེ་འདིར་བསམ་པའི་དོན་འགྲུབ་ཅིང་། །བར་ཆད་ཞི་ནས་བཀྲ་ཤིས་པ། །བསམ་པ་ཆོས་བཞིན་འགྲུབ་པའི་བཀྲ་ཤིས་ཤོག །བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ཏེ། །སྐྱེ་རྒ་ན་འཆིའི་རྦ་ཀློང་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག །སངས་རྒྱས་སྐུ་གསུམ་བརྙེས་པའི་བྱིན་རླབས་དང་། །ཆོས་ཉིད་མི་འགྱུར་བདེན་པའི་བྱིན་རླབས་དང་། །དགེ་འདུན་མི་ཕྱེད་འདུན་པའི་བྱིན་རླབས་ཀྱིས། །ཇི་ལྟར་བསྔོས་བཞིན་སྨོན་ལམ་འགྲུབ་པར་ཤོག །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། པཉྩ་དྲི་ཡ་ཨ་ཝ་བྷོ་དྷ་ན་སྭཱ་ཧཱ། འོ་དེ་ལྟར་བསྔོ་བ་སྨོན་ལམ་གྱིས་རྒྱས་བཏབ་པས། བསྔོ་བའི་དཔང་པོ་སངས་རྒྱས་ཚེ་དཔག་མེད་འོད་དུ་ཞུ་ནས་སྦྱིན་བདག་ལ་ཐིམ་པས་ཚེ་དང་བསོད་ནམས་ཐམས་ཅད་ཡར་ངོའི་ཟླ་ལྟར་འཕེལ་བར་གྱུར་ཅིག །ཅེས་པ་དེ་གསོན་བསྔོ་སྤྱི་འཚམས་པ་ཡིན་ལ། ནད་པ་ཡིན་ན་གོང་གི་ཚིགས་བཅད་ཀྱི་མཚམས་སུ། སེམས་ཅན་ནད་པ་ཇི་


CMR059_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

སྙེད་པ། །མྱུར་དུ་ནད་ལས་ཐར་གྱུར་ཅིག །འགྲོ་བའི་ནད་རྣམས་མ་ལུས་པ། །རྟག་ཏུ་འབྱུང་བ་མེད་པར་ཤོག །སྨན་རྣམས་མཐུ་དང་ལྡན་པ་དང་། །གསང་སྔགས་བཟླས་བརྗོད་འགྲུབ་པར་ཤོག །མཁའ་འགྲོ་སྲིན་པོ་ལ་སོགས་པ། །སྙིང་རྗེའི་སེམས་དང་ལྡན་གྱུར་ཅིག །ཕྱོགས་སུ་འགྲོ་བའི་མགྲོན་པོའམ་ཡོངས་ལ་གསོན་བསྔོ་ཞུ་ན། མགྲོན་པོ་དག་ནི་ཐམས་ཅད་ལ། །ཕྱོགས་རྣམས་ཐམས་ཅད་བདེ་བར་ཤོག །གང་གི་དོན་དུ་འགྲོ་བྱེད་པར། །དེ་འབད་མི་དགོས་འགྲུབ་གྱུར་ཅིག །གྲུ་དང་གྲུ་ཆེན་ཞུགས་པ་རྣམས། །ཡིད་ལ་བསམ་པ་འགྲུབ་གྱུར་ཏེ། །ཆུ་ཡི་ངོགས་སུ་དེར་ཕྱིན་ནས། །གཉེན་དང་ལྷན་ཅིག་དགའ་བར་ཤོག །ཅེས་པ་སྦྱར། སྤྱོད་འཇུག་ལས་བསྔོ་བའི་རྣམ་གྲངས་མང་དུ་གསུངས་ཀྱང་། ཉེར་མཁོའི་གསོན་བསྔོ་དེ་ཙམ་གྱིས་འཐུས་སོ། །དེ་ཡང་རབ་ཉམས་ལེན་སྟོང་ཉིད་ལྟ་བ་དང་མ་བྲལ་བ། འབྲིང་སྒྱུ་མ་རྨི་ལམ་ལྟ་བུའི་ཉམས་དང་མ་འབྲལ་བ་ཐ་མ་བསྔོ་བ་ཚར་རྗེས་ཉམས་ལེན་སེམས་ངོ་སྲུང་ཙམ་སྦྱོང་བར་བྱའོ། །ཞེས་པ་དབོན་པོ་ནམ་མཁའི་དོན་དུ་རཱ་ག་ཨ་སྱས་སྦྱར་བ་སྟེ་འགྲོ་བ་དཔག་ཏུ་མེད་པ་ལ་ཕན་པར་གྱུར་ཅིག །མངྒ་ལཾ།།


previousགསོན་བསྔོ་བསོད་ནམས་གཏེར་ཆེན་འགྲོ་དོན་རྒྱ་མཚོ།next