Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མདུན་གྱི་ནམ་མཁའ་སོགས་བསྔོ་བ།
   
   
   
   
   
   
   
   


 
previousམདུན་གྱི་ནམ་མཁའ་སོགས་བསྔོ་བ།next

མདུན་གྱི་ནམ་མཁའ་སོགས་བསྔོ་བ།


CMR059_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

མདུན་གྱི་ནམ་མཁའི་གནས་སུ་དཔལ་ལྡན་བླ་མ་དམ་པ་ཉིད་དང་དབྱེར་མེད་པའི་སངས་རྒྱས་སྣང་བ་མཐའ་ཡས་མཉམ་བཞག་སྐྱིལ་ཀྲུང་ཅན། མཚན་དང་དཔེ་བྱད་ཀྱིས་བརྒྱན་ཅིང་པད་ཟླ་དང་སེང་གེའི་ཁྲི་ལ་བཞུགས་པ་མངོན་སུམ་དུ་གསལ་བར་གྱུར། ཕྱོགས་བཅུ་དུས་གསུམ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། དཔལ་ལྡན་བླ་མ་དམ་པ་དེ་ཉིད་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་རྒྱ་ཆེན་པོ་ཅི་བསགས་པ་དང་། འཕགས་པ་དང་སོ་སོའི་སྐྱེ་བོའི། དགེ་བའི་རྩ་བ་ཐམས་ཅད་ལ་རྗེས་སུ་ཡི་རང་བའི་མཆོག་དམ་པས་རྗེས་སུ་ཡི་རང་བར་བགྱིའོ། །དེ་ལྟར་རྗེས་སུ་ཡི་རང་བའི་དགེ་བའི་རྩ་བ་དང་། འདི་ལྟར་བགྱིས་པའི་དགེ་བའི་རྩ་བ་ཐམས་ཅད་གཅིག་ཏུ་བསྡུས་ཏེ། སངས་རྒྱས་འོད་དཔག་ཏུ་མེད་པ་ལ་སོགས་པ་རྒྱལ་བ་སྲས་དང་སློབ་མར་བཅས་པ་ཐམས་ཅད་ཀྱི་སྤྱན་སྔར་འབུལ་བར་བགྱིའོ། །དེ་ལྟར་ཕུལ་བ་ལ་བརྟེན་ནས། དཔལ་ལྡན་བླ་མ་སྐུ་ཞི་བར་གཤེགས་པ་དེ་ཉིད། སྐུ་གསུམ་གྱི་ཞིང་ཁམས་གང་དུ་བཞུགས་པའི་སྤྱན་ལམ་དུ་མཆོད་པའི་སྤྲིན་རྒྱ་མཚོ་བསམ་གྱིས་


CMR059_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཁྱབ་པ་འབྱུང་བར་གྱུར་ཅིག །ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱན་སྔར་ཡང་། བཀྲ་ཤིས་པའི་རྟགས་བརྒྱད་དང་རྒྱལ་སྲིད་རིན་པོ་ཆེ་སྣ་བདུན༔ མཆོད་པའི་ལྷ་མོ་བཅུ་དྲུག་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བ་ལྟ་བུ་བསམ་གྱིས་མི་ཁྱབ་པ་དུས་གསུམ་རྒྱུན་ཆད་མེད་པར་འབྱུང་བར་གྱུར་ཅིག །དེ་ལྟར་བྱུང་བ་ལ་བརྟེན་ནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཀྱི་སྐུ་ཚེ་དང་མཛད་ཕྲིན་དར་ཞིང་རྒྱས་པར་གྱུར་ཅིག །དེ་ལ་བརྟེན་ནས་བརྒྱུད་པའི་བླ་མ་སྐུ་ཞི་བར་གཤེགས་པ་རྣམས་ཀྱི་ཐུགས་ཀྱི་དགོངས་པ་ཁྱད་པར་ཅན་ཡོངས་སུ་རྫོགས་པར་གྱུར་ཅིག །ས་དང་ལམ་གྱི་འགལ་རྐྱེན་ཐམས་ཅད་ཞི་ནས། ས་ལམ་གོང་མའི་གོང་མ་དག་མྱུར་དུ་ཐོབ་པར་གྱུར་ཅིག །ཆོས་སྐུ་ནམ་མཁའ་ལྟ་བུར་དང་པོའི་སངས་རྒྱས་མངོན་དུ་མཛད་ནས། གཟུགས་སྐུ་གང་ལ་གང་འདུལ་གྱིས་འགྲོ་བའི་དོན་རྒྱུན་མི་ཆད་པ་འབྱུང་བར་གྱུར་ཅིག །དེ་ལྟ་བུའི་དགེ་བའི་རྩ་བ་དེ་དྲིན་ཆེན་ཕ་མས་ཐོགས་དྲངས་ནམ་མཁའ་


CMR059_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་ཡོངས་སུ་བསྔོ་བར་བགྱིའོ། །བསྔོས་པ་བཞིན་དུ་ཐོབ་ནས། སེམས་ཅན་ཐམས་ཅད་བདེ་བ་དང་ལྡན། སྡུག་བསྔལ་དང་བྲལ་ནས་མྱུར་དུ་བླ་ན་མེད་པའི་བྱང་ཆུབ་ཏུ་འཚང་རྒྱ་བར་གྱུར་ཅིག །དེ་ལྟ་བུའི་དགེ་བའི་རྩ་བ་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བསྡོམས་ནས་བདག་མིང་ངག་དབང་སྐལ་བཟང་ཞེས་བགྱི་བའི་རྒྱུད་ལ་ད་ལྟ་ཉིད་དུ་སྨིན་པར་གྱུར་ཅིག །དེ་ལྟར་སྨིན་པ་ལ་བརྟེན་ནས། ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཟླ་བ་ཡར་གྱི་ངོ་བཞིན་འཕེལ་ཞིང་རྒྱས་པར་གྱུར་ཅིག །ཚུལ་ཁྲིམས་རྣམ་པར་དག་པ་མིག་གི་འབྲས་ལྟར་བསྲུང་བར་གྱུར་ཅིག །བསླབ་པ་རིན་པོ་ཆེ་གསུམ་གྱི་རྒྱན་གྱིས་མཛེས་པར་གྱུར་ཅིག །ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་གྱུར་ཅིག །ཚད་མེད་པ་བཞི་རྒྱུད་ལ་སྐྱེ་བར་གྱུར་ཅིག །འཕགས་པའི་ནོར་བདུན་གྱིས་ཕྱུག་པར་གྱུར་ཅིག །བསྡུ་བའི་དངོས་པོ་བཞི་ཡི་དཔལ་འབྱོར་དང་ལྡན་པར་གྱུར་ཅིག །ཡི་དམ་ལྷའི་བསྐྱེད་རིམ་ལ་བརྟན་པ་ཐོབ་


CMR059_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྱུར་ཅིག །རྫོགས་རིམ་རྩ་རླུང་ཐིག་ལེ་ལས་སུ་རུང་བར་གྱུར་ཅིག །འོད་གསལ་ཕྱག་རྒྱ་ཆེན་པོའི་རྟོགས་པ་མངོན་སུམ་དུ་རྟོགས་པར་གྱུར་ཅིག །ཚེ་གཅིག་ལུས་གཅིག་ལ་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་གྱུར་ཅིག །འཕགས་པ་ཉེ་བ་འཁོར་ལྟར་ཚུལ་ཁྲིམས་རྣམ་པར་དག་པར་གྱུར་ཅིག །འཕགས་པ་ཀླུ་སྒྲུབ་སྙིང་པོ་ལྟར་ལྟ་བ་རྣམ་པར་དག་པར་གྱུར་ཅིག །སློབ་དཔོན་ཆེན་པོ་དབྱིག་གི་གཉེན་ལྟར་ཐོས་པ་རྣམ་པར་དག་པར་གྱུར་ཅིག །ནཱ་རོ་པཎ་ཆེན་ལྟར་མོས་གུས་མཐར་ཕྱིན་པར་གྱུར་ཅིག །གྲུབ་ཆེན་བིརླ་པ་ལྟར་བརྟུལ་ཞུགས་མཐར་ཕྱིན་པར་གྱུར་ཅིག །བྲམ་ཟེ་ས་ར་ཧ་ལྟར་རྟོགས་པ་མཐར་ཕྱིན་པར་གྱུར་ཅིག །གུ་རུ་པདྨ་འབྱུང་གནས་དང་སྐུ་ཚེ་མཉམ་པར་གྱུར་ཅིག །འཕགས་པ་འཇམ་པའི་དབྱངས་དང་ཤེས་རབ་མཉམ་པར་གྱུར་ཅིག །འཕགས་པ་སྤྱན་རས་གཟིགས་དང་འགྲོ་དོན་མཉམ་པར་གྱུར་ཅིག །གསང་བདག་ཕྱག་ན་རྡོ་རྗེ་དང་ནུས་མཐུ་མཉམ་པར་གྱུར་ཅིག །མདོར་ན་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་དང་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མཉམ་པར་གྱུར་ཅིག །དཔལ་ལྡན་བླ་མའི་ཐུགས་དགོངས་རྫོགས་པ་


CMR059_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །མཁའ་མཉམ་ཡོངས་ལ་བདེ་སྐྱིད་འབྱུང་བ་དང་། །བདག་གཞན་མ་ལུས་ཚོགས་བསགས་སྒྲིབ་བྱང་ནས། །མྱུར་དུ་སངས་རྒྱས་ས་ལ་འགོད་པར་ཤོག །དཀོན་མཆོག་གསུམ་གྱི་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་མཐུ་དང་། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང་། །ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག །ཅེས་བརྗོད་ཅིང་བསྔོ་བ་སྨོན་ལམ། ནམ་མཁའི་འོད་དཔག་མེད་དེ་བདེ་བ་ཅན་དུ་གཤེགས་པར་བསྒོམ་པ་བླ་མའི་དོན་ལ་བྱ། རང་དོན་བསྔོ་བ་ལ་རང་ལ་བསྟིམ་ཡང་ལེགས། རྗེས་ལ་བསྔོ་བྱ་སྔོ་བྱེད་བསྔོ་བ་གསུམ། མི་དམིགས་སྟོང་ཉིད་ཕྱག་རྒྱ་ཆེན་པོའི་ངང་ལ་ཡུད་ཙམ་མཉམ་པར་བཞག་པར་བྱའོ། །འདི་ཉིད་བླ་མའི་མཆོད་བསྔོ་དང་། རང་གི་དགེ་སྦྱོར་གང་བྱེད་མཇུག་ཏུ་བཏགས་ན་ཡང་བར་ཆད་ཞི་བ་དང་། བསོད་ནམས་ཆེན་པོ་ཐོབ་པ་དང་། དགེ་རྩ་རྣམས་མི་ཉམས་ཤིང་། འཕེལ་བའི་གདམས་ངག་ཟབ་ལ་རྒྱ་ཆེ་བ་ཡིན་ནོ། །ཞེས་དབོན་པོ་ངག་དབང་སྐལ་བཟང་གིས་བསྐུལ་ནས་༧ ཨ་རཱ་གས་འཕྲལ་དུ་གང་དྲན་བྲིས་ཀྱང་དོན་མ་འཆུག་ཅིང་ཤིན་ཏུ་ལེགས་པར་ཡོད་དོ་ཨང་། །མངྒ་ལཾ།། །།


previousམདུན་གྱི་ནམ་མཁའ་སོགས་བསྔོ་བ།next