Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཕྱོགས་བཅུ་ན་སོགས་བསྔོ་བ།
   
   
   
   
   
   
   


 
previousཕྱོགས་བཅུ་ན་སོགས་བསྔོ་བ།next

ཕྱོགས་བཅུ་ན་སོགས་བསྔོ་བ།


CMR059_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

བསྔོ་བ་བཞུགས་སོ། །ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་རྗེ་ལ་དགོངས་སུ་གསོལ། འདི་ལྟར་བགྱིས་པའི་དགེ་བའི་རྩ་བ་དེ་ཉིད་འཁོར་གསུམ་ཡོངས་སུ་དག་པ་འཇིག་རྟེན་ལས་འདས་པའི་བསྔོ་བ་མཆོག་གིས་ཡོངས་སུ་བསྔོ་བར་མཛད་དུ་གསོལ། འཕགས་པ་སོ་སོའི་སྐྱེ་བོའི་དགེ་བ་མཐའ་ཟླདག་ལ་རྗེས་སུ་ཡི་རང་བའི་མཆོག་དམ་པས་རྗེས་སུ་ཡི་རང་བར་བགྱིའོ། །དེ་ལྟར་རྗེས་སུ་ཡི་རང་བའི་དགེ་བ་དང་། འདི་ལྟར་བགྱིས་པའི་དགེ་བའི་རྩ་བ་འདི་ཉིད་ཕྱོགས་བཅུའི་རྒྱལ་བ་སྲས་དང་སློབ་མར་བཅས་པ་ཐམས་ཅད་ཀྱི་སྤྱན་སྔར་འབུལ་བར་བགྱིའོ། །དེ་ལྟར་ཕུལ་བས་མཆོད་པའི་སྤྲིན་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བ་ལྟ་བུ་དུས་གསུམ་རྒྱུན་ཆད་མེད་པར་འབྱུང་བར་གྱུར་ཅིག །དེ་ལྟ་བུའི་དགེ་བའི་རྩ་བ་དེ་མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་ཡོངས་སུ་བསྔོ་བར་བགྱིའོ། །བསྔོས་པ་བཞིན་དུ་ཐོབ་ནས་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་སྡུག་བསྔལ་དང་བྲལ་ནས་མྱུར་དུ་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་གྱུར་


CMR059_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག །དེ་ལྟ་བུའི་དགེ་བའི་རྩ་བ་དེ་བདག་གམ་རྨེའི་རྒྱུད་ལ་ད་ལྟ་ཉིད་དུ་སྨིན་པར་གྱུར་ཅིག །དེ་ལྟར་སྨིན་ནས་སྡིག་སྒྲིབ་ཉེས་ལྟུང་ཆག་ཉམས་ཐམས་ཅད་བྱང་ཞིང་དག་པར་གྱུར་ལྷཅིག །བསོད་ནམས་ཡེ་ཤེས་ཡོན་ཏན་ཐམས་ཅད་ཟླ་བ་ཡར་གྱི་ངོ་ལྟར་འཕེལ་ཞིང་རྒྱས་པར་གྱུར་ཅིག །ཚེ་རིང་ཞིང་ནད་མེད་པ་དང་བསམ་པའི་དོན་ཐམས་ཅད་ཆོས་དང་མཐུན་པར་ཡིད་བཞིན་དུ་འགྲུབ་པར་གྱུར་ཅིག །བསླབ་པ་གསུམ་གྱིས་མཛེས་ཤིང་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ལོངས་སྤྱོད་པར་གྱུར་ཅིག །ཚད་མེད་པ་བཞི་རྒྱུད་ལ་སྐྱེ་ཞིང་བསྡུ་བའི་དངོས་པོ་བཞི་དང་ལྡན་པར་གྱུར་ཅིག །སྡེ་སྣོད་གསུམ་ལ་མཁས་ཤིང་འཕགས་པའི་ནོར་བདུན་གྱིས་ཕྱུག་པར་གྱུར་ཅིག །བསྐྱེད་རིམ་ལ་བརྟན་པ་ཐོབ་ཅིང་ཕྲིན་ལས་གང་བརྩམ་ཐོགས་མེད་དུ་འགྲུབ་པར་གྱུར་ཅིག །རྩ་རླུང་གི་ཡོན་ཏན་མཐར་ཕྱིན་ཅིང་འོད་གསལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་གྱུར་ཅིག །ནམ་ཞིག་ཚེ་འཕོས་པའི་ཚེ་འཆི་བ་ཆོས་སྐུར་སངས་རྒྱས་ནས་བར་དོ་ལོངས་སྤྱོད་རྫོགས་པའི་སྐུར་བཞེངས་པར་གྱུར་ཅིག །སྐྱེ་བ་གཞན་གྱིས་བར་མི་ཆོད་པར་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ་པདྨ་མཆོག་ལ་བརྫུས་


CMR059_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་སྐྱེ་བར་གྱུར་ཅིག །དེར་ས་དང་ལམ་གྱི་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་ནས་འགྲོ་བའི་དོན་འབད་མེད་ལྷུན་གྲུབ་ཏུ་གྱུར་ཅིག །འདི་ལྟར་བགྱིས་པའི་བསོད་ནམས་དཔག་མེད་ཀྱིས། །བདག་དང་བདག་ལ་འབྲེལ་གྱུར་འགྲོ་བ་རྣམས། །མི་གཙང་ལུས་འདི་བོར་བར་གྱུར་མ་ཐག །བདེ་བ་ཅན་དུ་བརྫུས་ཏེ་སྐྱེ་བར་ཤོག །སྐྱེས་མ་ཐག་ཏུ་ས་བཅུ་རབ་བགྲོད་ནས། །སྤྲུལ་པས་ཕྱོགས་བཅུར་གཞན་དོན་བྱེད་པར་ཤོག །བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱེད་ཅིང་། །སྐྱེ་རྒ་ན་འཆིའི་རྦ་རླབས་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག །ཤི་བསྔོ་ལ་འདི་སྦྱར། དེ་ལྟ་བུའི་དགེ་བའི་དགེ་བ་དེ་ཉིད་ཚེ་འདས་རྒེ་ཞེས་བགྱི་བས་རྗེས་སུ་འབྲང་བར་གྱུར་ཅིག །རྗེས་སུ་འབྲངས་ནས་ཚེ་འདས་དེའི་རྒྱུད་ལ་དགེ་བའི་རྩ་བ་འདི་ད་ལྟ་ཉིད་དུ་སྨིན་པར་གྱུར་ཅིག །དེ་ལྟར་སྨིན་ནས་སྡིག་སྒྲིབ་ཉེས་ལྟུང་ཅི་མཆིས་པ་ཐམས་ཅད་དག་ཅིང་བྱང་བར་གྱུར་ཅིག །བར་དོའི་འཇིགས་སྐྲག་འཁྲུལ་སྣང་ཐམས་ཅད་ཞི་བར་གྱུར་ཅིག །གལ་ཏེ་ངན་སོང་དུ་སྐྱེས་ཚར་ན་ཡང་དེ་མ་ཐག་ཏུ་ཐར་བར་


CMR059_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ཅིག །ད་ཕྱིན་ཆད་རིགས་དྲུག་འཁོར་བའི་སྐྱེ་སྒོ་ཐམས་ཅད་ཆོད་པར་གྱུར་ཅིག །སྐྱེ་བ་གཞན་གྱིས་བར་མཚམས་མི་ཆོད་པར། ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེ་བར་གྱུར་ཅིག །སྐྱེས་མ་ཐག་ཏུ་མེ་ཏོག་པདྨའི་ཁ་བྱེ་སྟེ། སངས་རྒྱས་འོད་དཔག་ཏུ་མེད་པའི་ཞལ་མཐོང་བར་གྱུར་ཅིག །གསུང་གི་དམ་ཆོས་ཐོབ་ཅིང་བྱང་ཆུབ་མཆོག་ཏུ་ལུང་སྟོན་པར་གྱུར་ཅིག །ལུང་བསྟན་མ་ཐག་ཏུ་ཤིང་ཏ་ལ་བདུན་སྲིད་ཀྱི་ནམ་མཁའ་ལ་འཕགས་ནས་ས་དང་པོ་རབ་ཏུ་དགའ་བའི་གོ་འཕང་ཐོབ་པར་གྱུར་ཅིག །རང་གི་བསོད་ནམས་དང་རྫུ་འཕྲུལ་གྱི་སྟོབས་ཀྱིས་མཆོད་པའི་སྤྲིན་དཔག་ཏུ་མེད་པས་དེ་བཞིན་གཤེགས་པ་དེ་ལ་བསྙེན་བཀུར་བྱེད་པར་གྱུར་ཅིག །བྱང་ཆུབ་སྤྱོད་པ་རླབས་པོ་ཆེ་ལ་སྤྱོད་ཅིང་རིམ་གྱིས་བྱང་ཆུབ་ཐོབ་པར་གྱུར་ཅིག །པདྨ་འདམ་གྱིས་མ་གོས་ལྟར། །སྲིད་གསུམ་དྲི་མས་མ་གོས་ཤིང་། །སྲིད་པའི་པདྨོ་ལས་བྱུང་བ། །བདེ་བ་ཅན་དུ་སྐྱེ་བར་ཤོག །འདི་ནས་ཉིང་མཚམས་སྦྱར་མ་ཐག །དག་པའི་ཞིང་ཁམས་བདེ་བ་ཅན། །པདྨ་ཉི་ཟླའི་ཟེའུ་འབྲུ་ལ། །བརྫུས་ཏེ་སྐྱེ་བ་ལེན་པར་ཤོག །མི་གཙང་ལུས་འདི་བོར་བར་གྱུར་མ་ཐག་


CMR059_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བ་ཅན་དུ་བརྫུས་ཏེ་སྐྱེ་བར་ཤོག །སྐྱེས་མ་ཐག་ཏུ་ས་བཅུར་རབ་བགྲོད་ནས། །སྤྲུལ་པས་འགྲོ་བ་མ་ལུས་འདྲེན་པར་ཤོག །རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། །པདྨོ་དམ་པ་ཤིན་ཏུ་མཛེས་ལས་སྐྱེས། །སྣང་བ་མཐའ་ཡས་རྒྱལ་བས་མངོན་སུམ་དུ། །ལུང་བསྟན་པ་ཡང་ཚེ་འདས་དེས་ཐོབ་ཤོག །དེར་ནི་དེ་ཡི་ལུང་བསྟན་རབ་ཐོབ་ནས། །སྤྲུལ་པ་མང་པོ་བྱེ་བ་ཕྲག་བརྒྱ་ཡི། །བློ་ཡི་སྟོབས་ཀྱིས་ཕྱོགས་བཅུ་རྣམས་སུ་ཡང་། །སེམས་ཅན་རྣམས་ལ་ཕན་པ་མང་བགྱིད་ཤོག །སངས་རྒྱས་སྐུ་གསུམ་བརྙེས་པའི་བྱིན་རླབས་དང་། །ཆོས་ཉིད་མི་འགྱུར་བདེན་པའི་བྱིན་རླབས་དང་། །དགེ་འདུན་མི་ཕྱེད་འདུན་པའི་བྱིན་རླབས་ཀྱིས། །ཇི་ལྟར་སྨོན་ལམ་བཏབ་བཞིན་འགྲུབ་པར་ཤོག །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། ཏདྱ་ཐཱ། པཉྩ་དྲི་ཡ་ཨ་ཝ་བྷོ་དྷ་ན་ཡེ་སྭཱ་ཧཱ། ཞེས་ཨོ་རྒྱན་རིག་འཛིན་གྱི་ཐུགས་དམ་རྒྱུར་རཱ་ག་ཨ་སྱས་བྲིས་སོ། །ཉི་ཤུ་ལྔ་པ་སོགས་མདོ་རྒྱུད་དགོངས་པ་ཡིན་པས་ཟབ་ལ་རྒྱ་ཆེའོ། །མངྒ་ལཾ། །


previousཕྱོགས་བཅུ་ན་སོགས་བསྔོ་བ།next