Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཕྱོགས་བཅུའི་ཞིང་ཁམས་སོགས་བསྔོ་བ།
   
   
   
   
   
   


 
previousཕྱོགས་བཅུའི་ཞིང་ཁམས་སོགས་བསྔོ་བ། next

ཕྱོགས་བཅུའི་ཞིང་ཁམས་སོགས་བསྔོ་བ།


CMR059_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་ན་བཞུགས་པའི་རྒྱལ་བ་སྲས་དང་སློབ་མར་བཅས་པ་ཐམས་ཅད་ཆེ་གེ་ལ་ཐུགས་བརྩེ་བ་ཆེན་པོས་དགོངས་སུ་གསོལ། །འཕགས་པ་དང་སོ་སོའི་སྐྱེ་བོའི་དགེ་བའི་རྩ་བ་ཅི་བསགས་པ་དེ་དག་ཐམས་ཅད་ལ་རྗེས་སུ་ཡི་རང་བར་བགྱིའོ། །དེ་ལྟར་རྗེས་སུ་ཡི་རང་བའི་དགེ་བ་དང་། འདི་ལྟར་བགྱིས་པའི་དགེ་བས་མཚོན་ཏེ། དམིགས་ཡུལ་གྱིའམ་ཚེ་འདས་ཀྱི་དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་ཐམས་ཅད་དག་རྒྱལ་བ་སྲས་བཅས་ཀྱི་སྤྱན་སྔར་འབུལ་བར་བགྱིའོ། །དེ་ལྟར་ཕུལ་བས་མཆོད་པའི་སྤྲིན་བཟང་པོ་སྤྱོད་པའི་སྨོན་ལམ་ལས་བྱུང་བ་ལྟ་བུ་བསམ་གྱིས་མི་ཁྱབ་པ་དུས་གསུམ་རྒྱུན་ཆད་མེད་པར་འབྱུང་བར་གྱུར་ཅིག །སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་ཕྱིར་དུ་ཡོངས་སུ་བསྔོ་བར་བགྱིའོ། །བདེ་བ་དང་ལྡན་སྡུག་བསྔལ་དང་བྲལ་ནས་མྱུར་དུ་མངོན་པར་རྫོ་གས་པར་འཚང་རྒྱ་བར་གྱུར་ཅིག །འདི་ཡན་ཤི་བསྔོ་གསོན་བསྔོ་ཀུན་ལ་བྱ། ཤི་བསྔོ་ཡིན་པར། དེ་ལྟ་བུའི་དགེ་བའི་རྩ་བ་དེ་ཚེ་འདས་ཆེ་གེའི་ཤེས་རྒྱུད་ལ་སྨིན་པར་གྱུར་ཅིག །ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་


CMR059_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་བྱང་ཞིང་དག་པར་གྱུར་ཅིག །རིགས་དྲུག་འཁོར་བའི་སྐྱེ་སྒོ་ཆོད་ནས་བདེ་བ་ཅན་དུ་མེ་ཏོག་པདྨའི་སྙིང་པོར་བརྫུས་ཏེ་སྐྱེ་བར་གྱུར་ཅིག །སྐྱེས་མ་ཐག་ཏུ་མེ་ཏོག་པདྨ་ཁ་བྱེ་ནས་སངས་རྒྱས་འོད་དཔག་མེད་པའི་ཞལ་མཐོང་བར་གྱུར་ཅིག །གསུང་གི་གདམས་ངག་ཐོབ་ནས་བྱང་ཆུབ་མཆོག་ཏུ་ལུང་བསྟན་པ་ཐོབ་པར་གྱུར་ཅིག །ཚེ་འདས་ངན་སོང་སྡུག་བསྔལ་མི་མྱོང་ཞིང་། །དཀའ་བ་སྤྱད་པ་མེད་པ་ཡི། །ལྷ་བས་ལྷག་པའི་ལུས་ཐོབ་ནས། །དེ་དག་སངས་རྒྱས་མྱུར་ཐོབ་ཤོག །གསོན་བསྔོ་ཡིན་ན། དེ་ལྟ་བུའི་དགེ་བའི་རྩ་བ་དེ་རྒྱུ་སྦྱོར་བ་སྦྱིན་པའི་བདག་པོ་བདག་མོ་རྣམས་དང་ཕ་མ་ཉེ་དུ་ཉེ་འབྲེལ་གྱི་རྒྱུད་ལ་སྨིན་པར་གྱུར་ཅིག །ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ལྷག་མ་མ་ལུས་པ་བྱང་ཞིང་དག་པར་གྱུར་ཅིག །ནད་གདོན་བགེགས་དང་བར་ཆད་ཐམས་ཅད་ཞི་བར་གྱུར་ཅིག །ཚེ་དང་བསོད་ནམས་དཔལ་འབྱོར་ཐམས་ཅད་རྒྱས་པར་གྱུར་ཅིག །དུས་ལ་བབས་ནས་འཆི་འཕོ་བའི་ཚེ་སྐྱེ་བ་གཞན་གྱིས་བར་འཚམས་མི་ཆོད་པར་ནུབ་ཕྱོགས་བདེ་བ་ཅན་དུ་སྐྱེ་བར་གྱུར་ཅིག །བསོད་ནམས་སྟོབས་ཆེན་འདི་ཡིས་


CMR059_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

མཐུས། །སྦྱིན་བདག་འཁོར་དང་བཅས་རྣམས་ལ། །ཚེ་འདིར་བསམ་པའི་དོན་འགྲུབ་ཅིང་། །བར་ཆད་ཞི་ནས་བཀྲ་ཤིས་པ། །བསམ་པ་ཆོས་བཞིན་འགྲུབ་པར་ཤོག །སྦྱིན་བདག་རྣམས་ཀྱང་ཆོས་དང་མཐུན་པའི་ཕྱིར། །ཇི་ལྟར་བསམ་པ་ཡིད་བཞིན་འགྲུབ་པ་དང་། །ནད་གདོན་བགེགས་ཚོགས་བར་དུ་གཅོད་པ་སོགས། །ཉེ་བར་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ། །མི་གཙང་ལུས་འདི་བོར་བར་གྱུར་མ་ཐག །བདེ་བ་ཅན་དུ་བརྫུས་ཏེ་སྐྱེ་བར་ཤོག །སྐྱེས་མ་ཐག་ཏུ་ས་བཅུར་རབ་བགྲོད་ནས། །སྤྲུལ་པས་ཕྱོགས་བཅུར་གཞན་དོན་བྱེད་པར་ཤོག །སྤྲོ་ན། དཀོན་མཆོག་གསུམ་གྱི་བདེན་པ་དང་སོགས་བྱའོ། །ཞེས་ཤིན་ཏུ་བསྡུས་པའི་བསྔོ་བ་༧ རིན་པོ་ཆེ་རཱ་ག་ཨ་སྱས་ལྗགས་ཁྲིད་བླ་མ་བརྩོན་འགྲུས་རྒྱ་མཚོས་ཡི་གེར་བཀོད་པའོ། །མངྒ་ལཾ།། །།


previousཕྱོགས་བཅུའི་ཞིང་ཁམས་སོགས་བསྔོ་བ། next