Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མདོ་རྒྱུད་ཀུན་ནས་སོགས་བསྔོ་བ།
   
   
   
   
   


 
previousམདོ་རྒྱུད་ཀུན་ནས་སོགས་བསྔོ་བ།next

མདོ་རྒྱུད་ཀུན་ནས་སོགས་བསྔོ་བ།


CMR059_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་གྲུབ་རཱ་ག་ཨ་སྱས་མཛད་པའི་བསྔོ་བ་བཞུགས་སོ། །མདོ་རྒྱུད་ཀུན་ནས་བསྔོ་བ་མེད་ན་བཟླས་བརྗོད་བྱས་ཀྱང་གསེར་ཕྱེ་ཐང་ལ་གཏོར་བ་དང་འདྲ་བས། བསྔོ་བ་གལ་ཆེ་བས་བསྔོ་རབ་ཆོས་འདི་ཟབ་མོ། འབྲིང་ཡི་དམ་ལྷ་བསྒོམ། ཐ་མ་སེམས་བསྐྱེད་ལྷག་བསམ་གྱི་སྒོ་ནས། ན་མོ་ཕྱོགས་བཅུ་དུས་གསུམ་ན་བཞུགས་པའི་བླ་མ་ཡི་དམ་མཁའ་འགྲོ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཆོས་སྐྱོང་བའི་སྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་ཐམས་ཅད་བདག་ལ་ཐུགས་བརྩེ་བ་ཆེན་པོས་དགོངས་སུ་གསོལ་ལོ། །བདག་གིས་འདི་ལྟར་སྒོམ་བཟླས་བགྱིས་པ་དང་དུས་གསུམ་བསགས་ཡོད་ཀྱི་དགེ་བ་ཐམས་ཅད་རྒྱལ་བ་སྲས་དང་བཅས་པའི་སྤྱན་སྔར་འབུལ་བར་བགྱིའོ། །དེ་ལྟར་ཕུལ་བས་མཆོད་པའི་སྤྲིན་བསམ་གྱི་མི་ཁྱབ་པ་དུས་གསུམ་རྒྱུན་ཆད་མེད་པར་འབྱུང་བར་གྱུར་ཅིག །དེ་ལ་བརྟེན་ནས་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པ་དང་། བསྟན་འཛིན་དམ་པ་རྣམས་སྐུ་ཚེ་དང་མཛད་ཕྲིན་ཆེས་ཆེར་འཕེལ་ཞིང་རྒྱས་པར་གྱུར་ཟླཅིག །དེ་ལྟ་བུའི་དགེ་བའི་རྩ་བ་དེ་འབྲེལ་ཐོགས་སེམས་ཅན་རྣམས་གཙོར་བྱས་མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་ཡོངས་སུ་བསྔོ་བར་བགྱིའོ། །


CMR059_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

བསྔོས་པ་བཞིན་དུ་ཐོབ་ནས་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན། སྡུག་བསྔལ་དང་བྲལ་ནས་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག །དེ་ལྟ་བུའི་དགེ་བའི་རྩ་བ་དེ་དག་གཅིག་ཏུ་བསྡུས་ཤིང་བསྡོམས་ནས། བདག་དང་འབྲེལ་ཐོགས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ད་ལྟ་ཉིད་དུ་ཡོངས་སུ་སྨིན་པར་གྱུར་ཅིག །དེ་ལྟར་སྨིན་པ་ལ་བརྟེན་ནས་ཚེ་རབས་འཁོར་བ་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་ཅི་ཡོད་པ་ཐམས་ཅད་ད་ལྟ་ཉིད་དུ་ལྷག་མ་མ་ལུས་པར་བྱང་ཞིང་དག་པར་གྱུར་ཅིག །ནད་གདོན་བར་དུ་གཅོད་པ་ཐམས་ཅད་ད་ལྟ་ཉིད་དུ་ཞི་བར་གྱུར་ཅིག །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཟླ་བ་ཡར་གྱི་ངོ་བཞིན་དུ་འཕེལ་བར་གྱུར་ཅིག །ཚེ་དང་བསོད་ནམས་དཔལ་དང་འབྱོར་པ་ཉམས་དང་རྟོགས་པའི་ཡོན་ཏན་ཐམས་ཅད་དར་ཞིང་རྒྱས་པར་གྱུར་ཅིག །མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་པར་གྱུར་ཅིག །རླུང་སེམས་སྣང་སྲིད་ཐམས་ཅད་དབང་དུ་འདུས་པར་གྱུར་ཅིག །བར་ཆད་བདུད་དང་ལོག་འདྲེ་བགེགས་ཀྱི་གཡུལ་ལས་རྣམ་པར་རྒྱལ་བར་གྱུར་ཅིག །རྩ་ལྟུང་ཅུང་ཟད་ཀྱིས་ཀྱང་མི་གོས་པར་གྱུར་ཅིག །བསྐྱེད་རྫོགས་ཟུང་


CMR059_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་གི་ལམ་ནས་སྒོ་གསུམ་རྡོ་རྗེ་གསུམ་དུ་སྨིན་ཅིང་གྲོལ་བར་གྱུར་ཅིག །བཀའ་རྫོགས་པ་ཆེན་པོའི་སྣང་བཞི་ཉམས་ལེན་མཐར་ཕྱིན་པར་གྱུར་ཅིག །འཆི་བའི་ཚེ་སྐྱེ་བ་གཞན་གྱིས་བར་མ་ཆོད་པར་ཨོ་རྒྱན་ཆོས་སྐུའི་ཞིང་ཁམས་བདེ་བ་ཅན་དུ་སྐྱེ་བར་གྱུར་ཅིག །སྐྱེས་མ་ཐག་ཏུ་ས་ལམ་གྱི་ཡོན་ཏན་ཡོངས་སུ་རྫོགས་ནས་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག །སངས་རྒྱས་ནས་ཆོས་སྐུ་ཀུན་ཏུ་བཟང་པོ་དང་དགོངས་པ་མཉམ་པར་གྱུར་ཅིག །ལོངས་སྐུ་རིགས་ལྔའི་སངས་རྒྱས་དང་བཀོད་པ་མཉམ་པར་གྱུར་ཅིག །སྤྲུལ་སྐུ་བསྐལ་བཟང་གི་སངས་རྒྱས་སྟོང་བྱེ་བ་ཕྲག་བརྒྱ་དང་མཛད་པ་མཉམ་པར་གྱུར་ཅིག །ཡང་སྤྲུལ་གུ་རུ་པདྨ་འབྱུང་གནས་བྱེ་བ་ཕྲག་བརྒྱ་དང་ཕྲིན་ལས་ནུས་མཐུ་མཉམ་པར་གྱུར་ཅིག །རྗེ་བཙུན་འཇམ་པའི་དབྱངས་བྱེ་བ་ཕྲག་བརྒྱ་དང་མཁྱེན་རབ་མཉམ་པར་གྱུར་ཅིག །ཇོ་བོ་སྤྱན་རས་གཟིགས་བྱེ་བ་ཕྲག་བརྒྱ་དང་འགྲོ་དོན་མཉམ་པར་གྱུར་ཟླཅིག །གསང་བདག་ཕྱག་ན་རྡོ་རྗེ་བྱེ་བ་ཕྲག་བརྒྱ་དང་མཐུ་སྟོབས་མཉམ་པར་གྱུར་ཅིག །བདེན་པར་གྲུབ་པ་ཐམས་ཅད་ཀྱིས་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་


CMR059_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་པ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག །ཏདྱ་ཐཱ། པཉྩ་དྲི་ཡ་ཨ་ཝ་བོ་དྷ་ན་ཡེ་སྭཱ་ཧཱ། ཞེས་ཀཿཐོག་བླ་མས་བསྐུལ་བའིཕྱིར། རཱ་ག་ཨ་སྱས་འཕྲལ་དུ་བྲིས་པས་ཀུན་ལ་འཕེལ་བར་གྱུར་ཅིག །སེམས་ངོ་མ་ཡེངས་བར་འདི་ཡིད་རྩེ་གཅིག་བརྗོད་པས་འཁོར་གསུམ་ཡང་དག་གིས་བསྔོ་བར་འགྱུར་རོ། །སརྦ་མངྒ་ལཾ།། །།


previousམདོ་རྒྱུད་ཀུན་ནས་སོགས་བསྔོ་བ།next