Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྣལ་འབྱོར་པ་སྒྲུབ་པའི་བར་ཆད་སེལ་བའི་སྨོན་ལམ།
   
   
   


 
previousརྣལ་འབྱོར་པ་སྒྲུབ་པའི་བར་ཆད་སེལ་བའི་སྨོན་ལམ།next

རྣལ་འབྱོར་པ་སྒྲུབ་པའི་བར་ཆད་སེལ་བའི་སྨོན་ལམ།


CMR059_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་པ་སྒྲུབ་པའི་བར་ཆད་སེལ་བའི་སྨོན་ལམ་བཞུགས་སོ། །ན་མོ་རཏྣ་ཏྲ་ཡཱ་ཡ། བདེན་གྲུབ་བདེན་པར་སྨྲ་བའི་པདྨ་འབྱུང་། །རྒྱལ་བ་དགོངས་བརྒྱུད་རིག་འཛིན་བརྡ་ཡི་བརྒྱུད། །གང་ཟག་སྙན་བརྒྱུད་བླ་མའི་བདེན་པ་དང་། །ཞི་ཁྲོ་རབ་འབྱམས་མཁའ་འགྲོ་རྒྱ་མཚོ་དང་། །བསྟན་སྲུང་དམ་ཅན་རྒྱ་མཚོའི་བདེན་པའི་མཐུས། །རྣལ་འབྱོར་བདག་གིས་བསྒྲུབ་པའི་དམ་བཅའ་རྣམས། །བར་ཆད་མེད་ཅིང་མཐའ་རུ་ཕྱིན་པར་ཤོག །རྩ་བརྒྱུད་བླ་མ་རིག་འཛིན་རྒྱ་མཚོ་ཡིས། །དུས་རྣམས་ཀུན་ཏུ་བྱིན་གྱིས་རླབས་པར་ཤོག །ཡི་དམ་ཞི་ཁྲོ་རྒྱལ་བ་རྒྱ་མཚོ་ཡིས། །རྒྱུན་ཆད་མེད་པར་དངོས་གྲུབ་སྟེར་བར་ཤོག །མ་སྲིང་མཁའ་འགྲོ་དམ་ཅན་རྒྱ་མཚོ་ཡིས། །དུས་རྣམས་ཀུན་ཏུ་བར་ཆད་སེལ་བར་ཤོག །དབེན་པར་སོ་གསོད་ལྐོག་ཉལ་མི་བྱེད་པར། །བརྩོན་འགྲུས་མོས་གུས་ལྟེམ་རྐྱང་མེད་པར་ཤོག །ཚེ་འདིའི་དོན་དུ་རྟོག་པ་མི་འཕྲོ་བར། །རྩེ་གཅིག་ཞི་གནས་བསམ་གཏན་སྐྱེ་བར་ཤོག །ཞི་གནས་དགའ་བདེའི་རོ་ལ་མི་ཆགས་པར། །རང་རིག་ལྷག་མཐོང་ཡེ་ཤེས་སྐྱེ་བར་ཤོག །གེགས་སེལ་བོགས་འདོན་ལོགས་ནས་མི་འཚོལ་


CMR059_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

བར། །གསོལ་འདེབས་མོས་གུས་གནད་དུ་བསྣུན་པར་ཤོག །བསྒོམ་བྱ་སྒོམ་བྱེད་ལོགས་ནས་མི་འཚོལ་བར། །གང་ཤར་ངང་དུ་བཟོ་མེད་འཇོག་པར་ཤོག །ཇི་ལྟར་ཤར་ཡང་དགག་སྒྲུབ་མི་བྱེད་པར། །གང་ཤར་ཐམས་ཅད་སྒོམ་དུ་འཆར་བར་ཤོག །བཅོས་མའི་ཀུན་བཏགས་ལྷ་གཟུགས་མི་སྒོམ་པར། །གདོད་ནས་སྣང་སྲིད་ལྷ་རུ་འཆར་བར་ཤོག །རྩ་རླུང་ཐིག་ལེའི་གེགས་སྐྱོན་མི་འབྱུང་ཞིང་། །བདེ་སྟོང་ཡེ་ཤེས་རང་ལ་འཆར་བར་ཤོག །སྤྱོད་པ་བག་མེད་ཐོ་ཅོ་མི་བྱེད་པར། །འབྲས་བུ་བསླུ་མེད་དོན་ལ་འཕྲིགས་ཚུད་ཤོག །རང་དོན་ཞི་བདེའི་བསམ་ཆུང་མི་སྐྱེ་བར། །གཞན་དོན་བྱམས་དང་སྙིང་རྗེ་འབྱོངས་བར་ཤོག །འབྲས་བུ་ཡིད་སྨོན་ཙམ་དུ་མ་ལུས་པར། །སྐུ་གསུམ་འབྲས་བུ་རང་ལ་རྙེད་པར་ཤོག །ཆོས་ཉིད་རང་བཞིན་རྣམ་པར་དག་པ་དང་། །ཆོས་ཀུན་ཀུན་རྫོབ་བསླུ་བ་མེད་པ་དང་། །འགོག་པའི་བདེན་དང་ལམ་གྱི་བདེན་པ་དང་། །བདེན་ལྡན་ཇི་སྙེད་རྣམས་ཀྱི་བདེན་པའི་མཐུས། །སྨོན་ལམ་འདི་དག་གེགས་མེད་མྱུར་འགྲུབ་ཤོག །ཅེས་སྒྲུབ་ལ་བར་ཆད་ཞི་བའི་སྨོན་ལམ་འདི། ༧ ཨ་རཱ་གས་སོ། །སརྦ་མངྒ་ལཾ། །


previousརྣལ་འབྱོར་པ་སྒྲུབ་པའི་བར་ཆད་སེལ་བའི་སྨོན་ལམ།next