Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
འོད་དཔག་མེད་ཀྱི་སྦྱིན་སྲེག་གི་ཞལ་ཤེས་ཟིན་བྲིས་བདེ་ཆེན་ཞིང་བགྲོད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའོད་དཔག་མེད་ཀྱི་སྦྱིན་སྲེག་གི་ཞལ་ཤེས་ཟིན་བྲིས་བདེ་ཆེན་ཞིང་བགྲོད།next

འོད་དཔག་མེད་ཀྱི་སྦྱིན་སྲེག་གི་ཞལ་ཤེས་ཟིན་བྲིས་བདེ་ཆེན་ཞིང་བགྲོད།


CMR060_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

འོད་དཔག་མེད་ཀྱི་སྦྱིན་སྲེག་གི་ཞལ་ཤེས་ཟིན་བྲིས་བདེ་ཆེན་ཞིང་བགྲོད་བཞུགས་སོ། །


CMR060_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཨ་མི་ཏ་བྷ་ཡེ། འོད་དཔག་མེད་ཀྱི་སྦྱིན་སྲེག་གི་ཞལ་ཤེས་ནི། ཐོག་མར་མཆོད་གཏོར་ཞལ་ཟས་གསུམ། ཞིང་སྐྱོང་གཏོར་མ་སྨན་རཀ་ཉེར་སྤྱོད་མཆོད་པ་ལས་བུམ་བཤམས། འོད་ཆོག་ཚར་གཅིག་འདོན། བསྙེན་པ་སྟོང་ཙམ་འགྲོ་བར་བྱས། ལས་བུམ་ལ་དམིགས་ཏེ། ལས་བུམ་དབུས་སུ་རྟ་མགྲིན་དམར། །པད་དབྱུག་ཞགས་འཛིན་འདོར་སྟབས་འགྱིངས། །ཁྲོ་བོའི་ཆས་རྫོགས་རྟ་སྐད་འཚེར། །པད་ཉི་གདན་བཞུགས་མེ་དཔུང་འབར། །སྐུ་ལས་བདུད་རྩིའི་རྒྱུན་བབས་པས། །བར་ཆད་བགེགས་རྣམས་ཞི་ནུས་གྱུར། །ཞེས་དམ་ཡེ་དབྱེར་མེད་དུ་བསྒོམས་ལ། ཨོཾ་ཧྱ་གྷི་ཝ་ཧཱུྃ་ཕཊ། ཅེས་བརྒྱ་རྩ་བཟླས་


CMR060_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

ལ། ཨོཾ་ཧྱ་གྷྲི་ཝ་ས་པཱ་རི་ཝཱ་ར་ཨརྒྷཾ་སོགས་བརྗོད། ཧཱུྃ། འཇིགས་པའི་ཧཱུཾ་སྒྲ་སོགས་ཀྱིས་བསྟོད། ཤོག་བཀྲ་དང་གནས་ཡིག་རྣམས་སྐབས་འདིར་བྲིས། ཐོག་མར་ཡུལ་ལྷ་ལ་གནམ་ཆོས་དཀར་གཏོར་ཕུལ། ཡོས་ཁྲ་ལ།་ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུཾ། ཨོཾ་ཨ་ཀ་ནི་ནི་ཀ་ནི་ཨ་བྱི་ལ་མཎྜ་ལེ་མནྟ་ཡེ་སྭཱ་ཧཱ། ཨོཾ་རུ་རུ་ཕུ་རུ་ཏིཥྛ་སིདྡྷི་བུདྡྷ་ལོ་ཙ་ནི་ཨཱཿཧཱུྃ། ས་བདག་ཀླུ་གཉན་གྱི་གདུག་རྩུབ་ཤཱནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་གང་འགྲུབ་བཟླས་ལ་ཕུས་བཏབ་ནས་རོ་བསྲེགས་པའི་ཕྱོགས་ཐམས་ཅད་ལ་གཏོར་ན་ཕོག་ཐུག་མི་འགྲོ་བའི་མན་ངག་ཟབ་མོའོ། །ས་སྟེགས་ལེགས་པར་བཙགས་ནས་ས་ཆོག་གཞུང་ལྟར་དུ་འགྲུབ་ནས། རྟ་མགྲིན་


CMR060_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཀྱི་ལས་བུམ་ཆུས་སྟེགས་བུའི་སྟེང་དུ་འཐོར་ཞིང་བགེགས་བསྐྲད་པ་དང་ཉེས་པ་སྦྱང་བར་བྱས། རྡུལ་ཚོན་ཡིན་ན་ཐིག་ཆོག་གཞུང་ལྟར་བྱས། ཤོག་བཀྲ་ཡིན་ནའང་ཤོག་བཀྲ་འདིང་སྟེ་ལས་བུམ་གྱི་ཆུས་བྲན་ཏེ༔ ཐིག་ཆོག་ཚོན་ཙམ་དགོས་ལེ་རེད། སྤུར་ཁང་བརྩིགས་ནས་སྤུར་ཁང་སྟེང་གི་ནམ་མཁར་འོད་དཔག་མེད་གཙོ་འཁོར་རྣམས་དམ་ཡེ་དབྱེར་མེད་དུ་བསྒོམས་ནས། དེའི་ཐུགས་ཀའི་འོད་ཟེར་སྤུར་ཁང་ལ་ཕོག་མ་ཐག་ཏུ། ཞི་བའི་ཐབ་ཁུང་དཀར་ཞིང་མཚན་ཉིད་ཡོངས་སུ་རྫོགས་པ། ཁ་ཁྱེར་དུ་རྡོ་རྗེ་རྩེ་གཅིག་པས་མཚན་ཞིང་གྲྭ་བཞིར་ཟླ་ཕྱེད་རྡོ་རྗེ་བཞི་བསྒྲིགས་ཐབས་སུ་གནས་པ་སྣང་ལ་རང་བཞིན་མེད་པ། ཚེ་འདས་ཀྱི་སྒྲིབ་པ་སྦྱང་ནུས་པའི་བྱིན་རླབས་དང་ལྡན་ཞིང་དཔག་ཚད་ཙམ་དུ་རྡོ་རྗེའི་ར་གུར་མེ་རིས་བསྐོར་ཞིང་བགེགས་དང་བར་ཆད་བསྲུང་ནུས་པའི་རང་བཞིན་དང་ལྡན་པར་བསྒོམས་ལ། ཨོཾ་ཨ་མི་དྷེ་ཝ་གང་འགྲུབ་དང་ཡེ་དྷརྨས་སྤུར་ཁང་ལ་རབ་གནས་བྱ། ཚེ་འདས་ངན་སོང་སྡུག་བསྔལ་མི་མྱོང་སོགས། ཤོ་ལོ་ཀ་བརྗོད། སླར་ཞིང་སྐྱོང་དང་ཚེ་འགུགས་འདོན་བསྡུ་རིམ་བྱས། སྤྱིར་ནི་རོ་དང་བསྲེག་རྫས་དང་ཚེ་འདས་ཀྱི་སྡིག་སྒྲིབ་དབྱེར་མེད་དུ་བསྒོམ་ཞིང་མེ་ལྟར་འབུལ་ཏེ་བསྲེག་སྔགས་འདོན་པ་ཡིན་ཞིང་། གང་ཟག་མཐོན་པོ་ས་ཐོབ་ཡིན་ངེས་ན་ནི་གདུང་དང་མདུན་བསྐྱེད་དབྱེར་མེད་དུ་བསྒོམས་ནས། བསྲེག་རྫས་


CMR060_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པའི་ཚུལ་དུ་འབུལ་བའང་བཞེད། གང་ལྟར་ནའང་སྔ་ནུབ་ནས་གཡོན་གཞི་སྟེང་དུ་ཞིང་བཀོད་རྟེན་བྱིན་ལྡན་བཤམས་པའི་མདུན་དུ་རྣམ་རྒྱལ་བུམ་པ་ལས་བུམ་མཆོད་གཏོར་ཞིང་སྐྱོང་གཏོར་ཨ་སམ་སྨན་རཀ་ཉེར་སྤྱོད་གནས་མདོ་ལུགས་ལྟར་མཆོད་པ་ཉེར་སྤྱོད་རྣམས་ཕྱག་ལེན་ལྟར་བཅས་ཏེ། འབུལ་བའི་དུས་སུ་མཆོད་ཡོན་ཞབས་བསིལ་དྲི་ཆབ་རྣམས་སུ་ཆུ་བླུགས་ལ་འབུལ་བ་ཡིན། མེ་ལྷ་ལ་མར་གྱི་ཞལ་ཟས་གཉིས། འཇིག་རྟེན་མེ་ལྷ་ལ་བྱོན་སྐྱེམས་དང་། རྫས་རྫོགས་མཚམས་དང་། རྗེས་ཆོག་གི་མཆོད་པ་དང་ཆ་གསུམ། ཡེ་ཤེས་མེ་ལྷར་བྱོན་སྐྱེམས་དང་། འོད་དཔག་མེད། སྤྱན་རས་གཟིགས། མཐུ་ཆེན་ཐོབ་བྱང་ཆུབ་སེམས་དཔའ་ཡོངས་རྫོགས་ཞིང་སྐྱོང་རྗེས་ཆོག་སྟེ། མཆོད་པ་ཆ་བདུན་སོགས་ཁྱོན་བསྡོམས་མཆོད་པ་ཆ་བཅུ་བཅའ་དགོས། གཡས་གཞི་སྟེང་དུ་སྦྱིན་སྲེག་གི་རྒྱུད་ཀྱི་དགོངས་པ་དང་། ལྟ་རྒྱ་གཞུང་གི་དགོངས་པ་བླ་མ་གོང་མ་རྣམས་ཀྱི་ཕྱག་ལེན་མན་ངག་ལྟར་བྱས་ན། ཡམ་ཤིང་འབུད་ཤིང་གི་ཚུལ་དང་། དེ་ལ་ངར་བཏབ་མེ་འབར་བའི་རྫས་སུ་མར་ཁུ་སྟེ། རྫས་སྣ་གཉིས་ཐམས་ཅད་ལ་དགོས་ཤིང་། དེ་ནས་ལས་གང་བསྒྲུབ་པའི་རྫས་དེ་གཙོ་བོར་གསུངས་པས། རོ་སྲེག་ལ་སྡིག་སྒྲིབ་ཞི་བ་གཙོ་ཆེ་བས་ཏིལ་བུང་བསྐྱེད་ལ་བཤམས། གཞན་ཕུན་སུམ་ཚོགས་པའི་རྫས་ཆགས་མེད་རིན་པོ་ཆེའི་གསུངས་


CMR060_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ལས་གང་འཛོམ་དུ་བཤམས་ལ། ཚོ་གཉིས་སུ་བྱས་ལ་རྫས་ཀྱི་ཕུད་ཡེ་ཤེས་མེ་ལྷ་དང་། ལྷག་མ་འཇིག་རྟེན་མེ་ལྷར་འབུལ་དགོས། བཤམས་སྣོད་རྣམས་མ་འཛོམ་ན་རྫས་རྣམས་འབུལ་དུས་ཕུད་བླངས་ཏེ་གཞི་འགྲམ་དུ་ཡར་བཞག །ལྷག་མ་རྣམས་འཇིག་རྟེན་མེ་ལྷར་འབུལ། དེ་ནས་འཇིག་རྟེན་མེ་ལྷར་ཕུལ་མཚམས། རྫས་ཕུད་རྣམས་ཕྱིར་བླངས་བསྲེགས་ཏེ་སྔ་མལ་དུ་བཞག །གཡས་གཞི་གཡོན་གཞི་མཆོད་པ་དང་། མེ་དར་རླུང་དར་དགང་གཟར་བླུགས་མར་ཁུ་སོགས་རྫས་རྣམས་བཤམས་འགྲུབ་ནས། ཆོ་ག་ཚར་གཅིག་འདོན་བདག་བསྐྱེད་སྤྱན་རས་གཟིགས་ཀྱི་ཐུགས་ཀར་བདེ་ཆེན་ཞིང་བཀོད་ཡོངས་རྫོགས་བསྒོམ། མདུན་བསྐྱེད་དང་བུམ་བསྐྱེད་ལ་དཀྱིལ་འཁོར་ཡོངས་རྫོགས་བསྒོམ་སྟེ་གསུང་ངག་བཅད་དེ། བསྙེན་པ་སྟོང་ཚོ་ལས་མི་ཉུང་བར་གང་འགྲུབ་བཟླས། ཞིང་སྐྱོང་འདོན། ལས་བུམ་བསྐྱེད། ངག་བཀྲོལ་ཏེ་སྦྱིན་སྲེག་གཞུང་ལྟར་རྫས་བྱིན་བརླབ་བྱ། གཞུང་གི་ལྷ་ཁྲུས་བསྡུས་པ་དེས་ལྷ་ཁྲུས་བྱས། གཞུང་ལས་བུམ་པ་འདིར་ནི་གཞལ་ཡས་ཁང་གསུངས་པས་བུམ་ཆུ་ལྷ་ཁྲུས་བྱས་པ་དེ་རྣམས་བུམ་པར་ཕར་བླུག་རྒྱུ་རེད། དེ་ནས་སྤུར་ཁང་གི་རྩར་ཕེབས་ཏེ་དཀར་གཏོར་དང་ཡོས་བཀྲ་ལ་སོགས་པ་ས་ཆོག་གོང་ལྟར་འབུལ། ཚེ་འདས་བསྐྱེད་པ་དང་རྣམ་ཤེས་བཀུག་པ་དགོས་རྒྱུ་མ་རེད་པས། རོ་དེ་ལ་བགེགས་གཏོར་དང་


CMR060_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

ཏིང་ལོ་མར་མེ་སོགས་ཁྲུས་ཆོག་ལྟར་བཤམས་ལ། ཧཱུཾ་ལས་རིན་ཆེན་སྣོད་ནང་སོགས་ནས་བགེགས་བསྐྲད་སྲུང་འཁོར་དང་བཅས་པ་འདོན། ཏིལ་སྲེག་པ་སྦྱིན་སྲེག་གི་ཚབ་རེད་བས་དགོས་རྒྱུ་མ་རེད། ཨ་མི་དྷེ་ཝ་དང་ཨུབྷི་ཥ་ད་ཧ་ད་ཧ་སོགས་འདོན་བྱེ་མས་རོ་ལ་བྲབ། གཤིན་ཁྲུས་འབྱུང་བཞིའི་དུག་ཕྱུང་བཅས་འདོན། གནས་ཡིག་རྣམས་སྦྱར། སངས་རྒྱས་བསོད་ནམས་སོགས་འདོན། རོ་སྤུར་ཁང་དང་བཅས་པ་ལས་བུམ་ཆུས་བྲན་ཀུ་ཤ་བཀོད་ཐབས་དང་མེ་ལྷ་བསྐྱེད། མེ་སྦར་བ་ནི་སློབ་དཔོན་རང་དང་མདུན་བསྐྱེད་བདེ་བ་ཅན་ལ་སོགས་པ་ཕྱོགས་བཅུའི་ཞིང་ཁམས་ནས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཨིལྔའི་རང་བཞིན་འོད་ཟེར་མེའི་རྣམ་པ་ཅན་ཁ་དོག་ལྔ་བྱུང་ནས། འབུད་ཤིང་བཅུའི་ཚེ་འདས་ཀྱི་རོ་དང་བཅས་དུག་ལྔ་ཕུང་པོ་ལྔ་བསྲེགས་ནས་ཡེ་ཤེས་ལྔ་མངོན་དུ་གྱུར་པར་བསྒོམས་ལ། མེ་འདི་རྩ་བ་སྔོ་བ་སོགས་གཞུང་གི་མེ་སྦར་དང་བྱང་བུའི་མེ་སྦར་འདོན་ལ་མེ་སྦར། རླུང་དར་གཡབ་མར་ཁུའི་ཕུད་ནས་ཡེ་ཤེས་མེ་ལྷར་འབུལ་རྒྱུ་ཡར་བླངས་ནས་བཞག་འཕྲོ་ནས། ཤར་ལྷོ་ནས་མེ་ལྷ་ཡེ་ཤེས་པ་སྤྱན་དྲངས་ནས་ཐབ་ཀྱི་ཁ་ཁྱེར་ཤར་ལྷོར་ཀུ་ཤ་མནོལ་མའི་གདན་དུ་བཞུགས་པར་བསྒོམས་ལ། དེ་ལ་བྱོན་སྐྱེམས་ཀྱི་ཚུལ་དུ་ཨོཾ་ཨགེ་ཡེ་དྷེ་ཝ་ཏི་ས་པཱ་རི་ཝཱ་ར་ཨགེ་སྭ་ཧཱ། ཞེས་པའི་སྔགས་དེ་ཡིས་མར་ཁུ་ཕྱོགས་ཐམས་ཅད་


CMR060_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཕུལ་ཏེ། མེ་འབར་ནས་སླར་བཞུགས་པར་ཚུར་ཕེབས་ལ་གསུང་ངག་བཅད་དེ། ཐོག་མར་མེ་ལྷ་ལ་བྱོན་སྐྱེམས་སུ་ཉེར་སྤྱོད་བདུན་འབུལ། དམ་ཡེ་བསྲེས་དབང་བསྐུར་རྒྱས་བཏབ་སོགས་བྱའོ། །འཇིག་རྟེན་མེ་ལྷང་ཏིལ་ཉེར་གཅིག་དང་རྫས་གཞན་རྣམས་བདུན་རེ་འབུལ། རྒྱས་པར་ན། དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །མཆོད་ཡོན་ཇི་སྙེད་ཡོད་པ་ཀུན། །དྲང་སྲོང་མེ་ལྷ་འཁོར་བཅས་མཆོད། །བཞེས་ནས་ཞི་བའི་ཕྲིན་ལས་སྒྲུབས། །ཨོཾ་ཨཧྥེ་ཡ་དྷེ་ཝ་ཏི་སོགས་ཀྱི་ཉེར་སྤྱོད་བདུན་འབུལ་བཞིན་མཆོད། བསྟོད་པས་བསྟོད། ས་ཕྱོགས་འདི་ཉིད་བདེ་བ་ཅན་ལྟར་གྱུར་པའི་དབུས་སུ་བདག་ཉིད་སྤྱན་རས་གཟིགས་འགྲོ་འདུལ་ཤིན་ཏུ་ཆེ་བར་བསྒོམས་ལ། མདུན་བསྐྱེད་ཡང་བདེ་ཆེན་ཞིང་བཀོད་ཡོངས་སུ་རྫོགས་པའི་བར་དེར། མེ་ཐབ་ཀྱི་དབུས་སུ་འཇིག་རྟེན་མེ་ལྷའི་ལྟོ་བར་ཡེ་ཤེས་མེ་ལྷ་བདེ་ཆེན་ཞིང་བཀོད་ཡོངས་རྫོགས་བསྒོམ་རྒྱུ་ཡིན་པས། མདུན་དུ་པདྨ་ཟླ་གདན་སོགས་ནས། གཟི་བརྗིད་ཆེ་བའི་རྟེན་འབྲེལ་བགྱི་བར་འདོན། དེ་ནས་མཆོད་ཡོན་བླང་སྟེ་བྱོན་སྐྱེམས་ཀྱི་ཚུལ་ཏེ། ཡན་ལག་བརྒྱད་ལྡན་ཞབས་བསིལ་འདི་སོགས་ཉེར་སྤྱོད་བདུན་རིམ་བཞིན་འབུལ་ནས་མུ་དྲ་ཨཱཿཧཱུྃ་བར་མཚམས་སུ་ཌཱ་དྲིལ་བྱ། བཀྲ་ཤིས་གཙོ་བོ་རྫས་བརྒྱད་སོགས་ནས་རཏྣ་མཎྜལ་ཨཱཿཧཱུྃ་བར་འདོན། དེ་


CMR060_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

ནས་འོད་དཔག་མེད་པར་དམིགས་ཏེ། ཡམ་ཤིང་དང་མར་ཁུའི་མཚམས་སུ་ཏིལ་འབུལ་བའི་སྔགས་དེ་ངེས་པར་སྟོང་ཚོ་རེ་འགྲོ་དགོས། སྟོང་དང་ལྔ་བརྒྱ་ཙམ་འགྲུབ་ན་གཞན་ཚོ་གསུམ་པོ་ལ་ལྔ་བརྒྱ་རེ་བཟླས་པས། སྟོང་ཚོ་གསུམ་འགྲུབ་ན་ཤིན་ཏུ་བཟང་བ་ཡིན། ཡམ་ཤིང་མར་ཁུ་སོགས་གཞན་རྫས་སྔགས་རྣམས་གཞུང་ལྟར་ལ་ཉེར་གཅིག་སོགས་གང་འགྲུབ་བཟླས་ལ་འབུལ། རྫས་ཡོངས་སུ་རྫོགས་ནས། རབ་འབྱམས་མ་ལ་སོགས་པའི་མཆོད་སྤྲིན་རྒྱས་པ་གཅིག་ལ་སྦྱར་ཏེ་ཉེར་སྤྱོད་ཆ་གཅིག་འབུལ། བདེ་ཆེན་ཞིང་སོགས་དང་རྡོ་རྗེའི་སྐུ་ནི་ཚོ་གསུམ། བསྟོད་པར་འོས་པ་སོགས་ཚོ་ལྔས་བསྟོད་རྒྱས་པ་ཡིན། བསྡུ་ན་གཞུང་ལྟར་ཆོག་གོ །སྤྱན་རས་གཟིགས་ལ་དམིགས་ཏེ་ཏིལ་སྔགས་རྒྱས་པར་ལྔ་བརྒྱ། བསྡུ་ན་སུམ་བརྒྱ་ཡིན། འཇིག་རྟེན་ཁམས་འདི་ལ་སོགས་ཀྱི་མཆོད་སྤྲིན་དང་། སྐྱོན་གྱིས་མ་གོས་སོགས་དང་རྡོ་རྗེའི་སྐུ་ནི་སོགས་དང་བསྟོད་པར་འོས་པ་སོགས་བརྗོད། ཕྱག་རྡོར་ལ་གོང་ལྟར་ལས། ཞིང་ཁམས་རྒྱ་མཚོ་དཔག་མེད་ན། །མཆོད་ཡོན་རྒྱ་མཚོ་ཅི་མཆིས་པ། །སངས་རྒྱས་རྒྱ་མཚོ་སྲས་བཅས་མཆོད་། །ཚོགས་གཉིས་རྒྱ་མཚོ་རྫོགས་གྱུར་ཅིག །ཅེས་འགྲེས་བཤངས་ལ་མཆོད། ལྕང་ལོ་ཅན་གྱི་སོགས་གོང་ལྟར་བསྟོད། རྡོ་རྗེའི་སྐུ་སོགས་དང་། བསྟོད་པར་འོས་པས་བསྟོད། སངས་རྒྱས་


CMR060_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་དམིགས་ནས། ཏིལ་སྔགས་གོང་གི་གྲངས་དང་མཆོད་ཡོན་ཕལ་ཆེར་སོགས་ཀྱི་མཆོད། ཕྱོགས་བཅུར་བཞུགས་པའི་རྒྱལ་བ་མ་ལུས་སོགས། རྡོ་རྗེའི་སྐུ་ནི་སོགས་དང་། བསྟོད་པར་འོས་པ་སོགས་ཀྱི་མཆོད། ཞིང་སྐྱོང་སྤྱན་དྲངས་ལ་ཕྱག་རྡོར་མདུན་དུ་བཞུགས་པར་བསྒོམས་ལ། གཞུང་ལྟར་ཞིང་སྐྱོང་འདོན་ནས་བསྟོད་པའི་གོང་དེར་རྫས་འབུལ་སྐབས། ཏིལ་སྔགས་རྒྱས་པའི་ལུགས་བྱས་ན་སུམ་བརྒྱ་དང་བསྡུ་ན་བརྒྱ་རྩ་བཟླས། དངོས་འབྱོར་སོགས་ཀྱིས་གོང་གི་མེ་ལྷའི་མཆོད་པ་དེ་ལ། ཀུན་དགའ་གཞོན་ནུ་གཙོ་བོར་མཆོད་ཅེས་ཚིག་བསྒྱུར་ལ། ཉེར་སྤྱོད་བདུན་འབུལ་ནས་སྔོན་ཚེ་སོགས་བསྟོད་པས་བསྟོད༔ ཐུན་གཏོར་བཤམས་ཏེ་འདོན་ལ་གཏོར་མ་སྤུར་ཁང་དུ་འབུལ། བདེ་སྨོན་རྒྱས་པའི་དབུ་ནས་འདི་ནས་ཉི་མ་སོགས་ནས་དོན་དང་ལྡན་པ་འགྲུབ་པར་ཤོག་བར་འདོན། མེ་ལྷ་ཡེ་ཤེས་པའི་མདུན་དུ་ཚེ་འདས་ཐལ་སྦྱར་པུས་བཙུགས་ཀྱི་གནས་པར་བསྒོམས་ལ། ཨོཾ་ཀ་ཏིམ་མ་ན་ཡ་སོགས་ནས། ཨོཾ་བཛྲ་ཨངྐ་ཤ་ཡ་ཛ༔བར་བཀུག་གཞུག་ལན་གསུམ་བྱས་ལ། ཀྱེ་མ་ཚེ་འདས་སོགས་ནས་ཉེ་དུ་ལ་ཕྱག་འཚལ་བཅུག་ལ། དབང་བསྐུར་ཟས་བསྔོ་རྒྱས་པར་བཤམས་ནས་ཟས་བསྔོ་འདོན། བསྔོ་བ་རྒྱས་པར་བྱས་ནས་ཀྱེ་མ་ཚེ་འདས་སོགས་ཀྱི་ལམ་བསྟན་བྱ། བདག་དང་བདག་ལ་འབྲེལ་ཐོག་སོགས་བདེ་སྨོན་ཡོངས་རྫོགས་འདོན། སྦྱིན་སྲེག་རྫས་


CMR060_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ་གྱི་གོང་ཐམས་ཅད་དུ། བདག་དང་མདུན་བསྐྱེད་ཐུགས་ཀའི་འོད་ཟེར་གྱིས། །ཚེ་འདས་གཙོར་གྱུར་མཁའ་ཁྱབ་སེམས་ཅན་གྱི། །སྡིག་སྒྲིབ་ཐམས་ཅད་འོད་ཟེར་དུད་ཁ་ཡི། །རྣམ་པར་བསྡུས་ཏེ་བསྲེག་རྫས་ཤ་ཁྲག་དང་། །དབྱེར་མེད་བདུད་རྩི་རྒྱ་མཚོ་ཆེན་པོར་གྱུར། །དགང་གཟར་ཁ་རུ་ཡི་གེ་ཧྲིདང་ནི། །མེ་ལྷའི་ལྗགས་རྩེར་རཾ་གྱི་ག་མེད་ཉིད་དུ་གསོལ་བས་དགྱེས་པར་གྱུར། །ཞེས་པ་ཚིག་དོན་ཐུགས་ལ་འཕྲོད་བཞིན་དུ་གསལ་བཏབ་ན་ལེགས་པར་སྣང་། དེ་ནས་ཡེ་ཤེས་མེ་ལྷར་གཏང་རག་གི་ཚུལ་དུ་རྫ་ས་རྣམས་འདོན། ཧཱུྃ། བདག་གི་སྐྱབས་གནས་ཚེ་དཔག་སོགས་ཀྱི། མཆོད་པའི་བདུད་རྩི་བླངས་ནས་དགང་བརྒྱུད་སྤུར་ཁང་དུ་འབུལ། མར་གྱི་མེ་ལྷའི་གཏོར་མ་དགང་གཟར་ཁར་བཞག་ལ་ལས་བུམ་ཆུས་བྲན་བྱིན་གྱིས་བརླབས་ནས། ཧཱུྃ༔ བདག་གི་སྐྱབས་གནས་འོད་དཔག་སོགས། འོད་དཔག་གཙོ་འཁོར་གསུམ་དང་སངས་རྒྱས་བྱང་སེམས་ཞིང་སྐྱོང་དང་བཅས་པའི་སྔགས་མཐར་ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཞེས་ལན་གསུམ་གྱིས་འབུལ། བཅོམ་ལྡན་འཁོར་དང་བཅས་རྣམས་ཀྱི། །མཆོད་སྦྱིན་གཏོར་མ་སོགས་གཞུང་ལྟར་བྱ། ཧཱུཾ། བདག་གི་སྐྱབས་གནས་རྟ་མགྲིན་སོགས་རཀྟ་གོང་འབུལ། ཉེར་སྤྱོད་རྒྱས་པར་རབ་འབྱམས་མ་སོགས་


CMR060_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་འབུལ། རྡོ་རྗེའི་སྐུ་ནི་སོགས་ཀྱིས་བསྟོད། ཡིག་བརྒྱ་ཚར་བདུན་མ་འབྱོར་སོགས་བཤགས་པ་དང་། ཁྱེད་ཀྱིས་སེམས་ཅན་སོགས་གཤེགས་གསོལ་བྱ། འཇིག་རྟེན་མེ་ལྷར་སྔར་བཞིན་རྫ་ས་སྔགས་འདོད་གསོལ་སྤང་བའི་གཏང་རག་གི་རྫས་རྣམས་འབུལ། གཏོར་མ་འབུལ་བ་གཞུང་ལྟར་བྱ། ཉེར་སྤྱོད་ཀྱིས་མཆོད། བསྟོད་པས་བསྟོད། བཟོད་གསོལ་དང་གཤེགས་གསོལ་བྱ། ཡིག་བརྒྱ་དང་དབྱངས་གསལ་རྟེན་འབྲེལ་སྙིང་པོ་བརྗོད་ནས་གསུང་ངག་བཀྲོལ། རུས་ཆོག་དང་རུས་ཚ་ལ་སོགས་མཛད་ན་གཞུང་ལྟར་སྐབས་འདིར་མཛད་པའོ། །དེ་ནས་ཚེ་འགུགས་ཚེ་སྙིང་གང་མང་བཟླས། དེ་ནས་མདུན་གྱི་བཅོམ་ལྡན་འདས་སོགས་རྗེས་ཆོག་བྱ། ཞེས་པ་འོད་དཔག་མེད་ཀྱི་སྦྱིན་སྲེག་གི་ཞལ་ཤེས་འདི། མཆོག་གི་སྤྲུལ་སྐུ་རིན་པོ་ཆེའི་ཐུགས་བཞེད་བསྐང་བའི་ཆེད་དུ། ༧ ཀརྨ་བདེ་ཆེན་གྱིས་ངག་ནས་སྨོད་བཞིན་ཡི་གེ་པ་ནི་ཀརྨ་འགྲོ་འདུལ་གྱིས་བགྱིས་པ་མཆོག་གི་སྤྲུལ་སྐུ་རིན་པོ་ཆེ་ཉིད་ཞབས་པད་བསྐལ་བརྒྱའི་བར་དུ་བརྟན་ཅིང་བསྟན་པ་དར་ཞིང་རྒྱས་ལ་ཡུན་རིང་གནས་པར་གྱུར་ཅིག །སརྦ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousའོད་དཔག་མེད་ཀྱི་སྦྱིན་སྲེག་གི་ཞལ་ཤེས་ཟིན་བྲིས་བདེ་ཆེན་ཞིང་བགྲོད།next