Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
བསྟོད་པ་རྒྱས་བསྡུས་བསྐུལ་དང་གསུམ་ལས་དང་པོ་གཙོ་འཁོར་དོན་རྟགས་དང་མཐུན་པར་བསྟོད་པ།
   
   
   
   
   
   
   
   
   
   
   
   


 
previousབསྟོད་པ་རྒྱས་བསྡུས་བསྐུལ་དང་གསུམ་ལས་དང་པོ་གཙོ་འཁོར་དོན་རྟགས་དང་མཐུན་པར་བསྟོད་པ།next

བསྟོད་པ་རྒྱས་བསྡུས་བསྐུལ་དང་གསུམ་ལས་དང་པོ་གཙོ་འཁོར་དོན་རྟགས་དང་མཐུན་པར་བསྟོད་པ།


CMR060_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བསྟོད་པ་རྒྱས་བསྡུས་བསྐུལ་དང་གསུམ་ལས་དང་པོ་གཙོ་འཁོར་དོན་རྟགས་དང་མཐུན་པར་བསྟོད་པ་ནི༔ ཧཱུྃ༔ བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས༔ ཏི་ར་ཉི་ཟླ་པདྨའི་གདན་སྟེང་དུ༔ ཆེ་བའི་ཆེ་མཆོག་པདྨ་ཐོད་ཕྲེང་རྩལ༔ སྐུ་མདོག་དམར་ནག་མེ་ཡི་མདོག་འདྲ་ཞིང་༔ ཞལ་གསུམ་ཕྱག་དྲུག་སྤྱན་དགུ་སྡང་མིག་བསྒྲལ༔ དབུ་སྐྲ་དམར་སེར་སྲིད་པའི་རྩེ་མོར་བརྗེས༔ ཐོད་སྐམ་རིགས་ལྔའི་ཅོད་པན་སྤྲིན་ལྟར་གཏིབས༔ ཞལ་གདང་ལྗགས་འདྲིལ་རྣོ་དབལ་མཆེ་བ་གཙིགས༔ རྡོ་རྗེ་རྩེ་དགུའི་རི་རབ་ཐལ་བར་བརླག༔ གྲི་གུག་འབར་བས་སྐྱེ་ཤི་རྩད་ནས་གཅོད༔ རལ་གྲི་འབར་བས་དགྲ་བགེགས་དུམ་བུར་གཏུབ༔ ལྕགས་ཀྱི་སྡིག་པས་རྒྱལ་བསེན་སྙིང་ཁྲག་འཐུང་༔ བྷནྡྷ་འབར་བས་ཁམས་གསུམ་ཁྲག་ཏུ་རོལ༔ ཁ་ཊཾ་རྩེ་གསུམ་དུག་གསུམ་དབྱིངས་སུ་སྒྲོལ༔ རྡོ་རྗེ་རིན་ཆེན་གཤོག་པ་གཡས་གཡོན་གདེངས༔ ཀོ་རློན་གཡང་གཞི་སྟག་ཤམ་འབར་བས་བཀླུབས༔ སྦྲུལ་རིགས་ལྔ་དང་སྦྲུལ་ནག་ཐོད་ཕྲེང་བརྒྱན༔ ཞབས་བཞི་བརྐྱང་བསྐུམ་གྱད་ཀྱི་འདོར་ཐབས་བསྒྲད༔ བ་སྤུའི་རྩེ་ལ་མེ་ཡི་ཚྭ་ཚྭ་འཕྲོ༔ ཁྲོ་ཆུང་ཡཀཱ་མང་པོ་རླུང་ལྟར་འཚུབ༔ ཧཱུཾ་དང་ཕཊ་ཀྱིས་སྒྲ་ཆེན་


CMR060_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་སྟོང་གསུམ་ལྡིར༔ སྐུ་ལ་ཁྲོ་ཚོགས་ནམ་མཁའི་ཐོག་ལྟར་འབར༔ ཁྲོ་ཆེན་འབར་བའི་ཚོགས་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ སྐུ་མཆོག་དེ་ལ་དགྱེས་པའི་སྦྱོར་ཡུམ་ནི༔ ཕག་མོ་མཐིང་ནག་བརྐྱང་བསྐུམ་སྟབས་ཀྱིས་སྦྱོར༔ ཕག་སྐད་ངུར་ཞིང་གྲི་ཐོད་ཡབ་ལ་འཁྱུད༔ བདེ་ཆེན་གསང་བའི་ཡུམ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ རིགས་ཀྱི་བདག་པོ་སྣང་བ་མཐའ་ཡས་ནི༔ དམར་གསལ་དྲི་མེད་པདྨ་རཱ་གའི་མདོག༔ ཞལ་གཅིག་ཕྱག་གཉིས་མཉམ་ཚེ་བུམ་འཛིན༔ ཐུགས་རྗེས་རང་བཞིན་བྱིན་རླབས་སྤྲིན་ཚོགས་གཏིབས༔ དྲན་ཅིང་མོས་པས་ཚེ་ཡི་དངོས་གྲུབ་སྩོལ༔ རིགས་བདག་འོད་དཔག་མེད་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ སྐུ་ཡི་སྤྲུལ་པ་འཇམ་དཔལ་གཤིན་རྗེ་གཤེད༔ ཞལ་གཅིག་ཕྱག་གཉིས་སེར་ནག་འབར་བའི་སྐྱ༔ ཕྱག་གཡས་ཤེས་རབ་རལ་གྲི་མཁའ་ལ་ཕྱར༔ གཡོན་པས་སྡིགས་མཛུབ་པོ་ཏི་ཐུགས་ཀར་འཛིན༔ རབ་འཇིགས་ཁྲོ་རྒྱལ་འབར་བའི་གར་དགུར་ལྡན༔ དཔལ་ཆེན་ཁྲོ་བོའི་རྒྱལ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ གསུང་གི་སྤྲུལ་པ་དབང་ཆེན་རྟ་མགྲིན་ནི༔ ཞལ་གཅིག་ཕྱག་གཉིས་མེ་དཔུང་དམར་ནག་ཀློང་༔ རྟ་སྐད་འཚེར་ཞིང་ཧཱུཾ་དང་ཕཊ་སྒྲ་སྒྲོག༔ གཡས་


CMR060_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

པས་དབྱུག་ཏོ་གཡོན་པས་སྡིགས་མཛུབ་བསྒྲེངས༔ སྦྲུལ་དང་ཐོད་ཕྲེང་གཡང་གཞི་སྟག་ཤམ་བརྒྱན༔ དབང་ཆེན་ཁྲོས་པའི་རྒྱལ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ཐུགས་ཀྱི་སྤྲུལ་པ་གསང་བདག་གཏུམ་པོ་ནི༔ མཐིང་ནག་འབར་བ་ཞལ་གཅིག་ཕྱག་གཉིས་པ༔ གར་དགུའི་རྒྱན་རྫོགས་ཕྱག་གཡས་རྡོ་རྗེ་ཕྱར༔ གཡོན་པས་སྡིགས་མཛུབ་ཞབས་གཉིས་འདོར་ཐབས་བསྒྲད༔ གདུག་པ་ཀླུ་དང་སྡེ་བརྒྱད་འདུལ་ཞིག་འཇོམས༔ ཐུགས་མཆོག་འགྱུར་མེད་ལྷ་ལ་ཕྱག༴ ཧཱུྃ༔ ཡོན་ཏན་སྤྲུལ་པ་བྱ་ཁྱུང་ག་རུ་ཎ༔ སྐུ་མདོག་དཀར་པོ་གནམ་ལྕེ་མཆུ་སྡེར་ཅན༔ མེ་གཤོག་རྡེབ་ཅིང་ཀླུ་རིགས་ཟས་སུ་ཟ༔ སྤུ་རྣམས་སྤྲུགས་པས་རྡོ་རྗེའི་ཐོག་ཆེན་འབེབས༔ རི་རབ་བསྙིལ་ཞིང་ཉི་ཟླ་ཚོགས་པོར་འཕེན༔ ཁྲོ་རྒྱལ་ཁྱུང་གི་ཚོགས་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ དངོས་གྲུབ་ཀུན་འབྱུང་མཁའ་འགྲོ་སྡེ་ལྔའི་ཚོགས༔ རང་རྟག་སྐུ་མདོག་ཕྱག་མཚན་གྲི་ཐོད་འཛིན༔ བརྐྱང་བསྐུམ་གར་གྱི་ཁཊཾ་མཆན་ཁུང་བཅུག༔ རུས་རྒྱན་མེ་ལོང་དྲིལ་བུའི་སྒྲ་སྒྲོག་ཅིང་༔ ཞི་རྒྱས་དབང་དྲག་ཕྲིན་ལས་རྣམ་བཞི་བསྒྲུབ༔ མཁའ་འགྲོ་སྡེ་ལྔའི་ཚོགས་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ཕྲིན་ལས་སྤྲུལ་པ་ཡཀྴ་


CMR060_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

མེ་དབལ་ནི༔ སྐུ་མདོག་མཐིང་ནག་རབ་འཇིགས་ཁྲོས་པའི་ཚུལ༔ ཕྱག་གཡས་གནམ་ལྕགས་རྡོ་རྗེ་ནམ་མཁར་ཕྱར༔ གཡོན་པས་ཐོ་བས་རྒྱལ་བསེན་ཀླད་ཁྲག་བཅོམ༔ སྐུ་ལ་ཁྲོ་ཆུང་མེ་ཡི་ཕུང་པོ་འབར༔ གདུག་པ་འདུལ་མཛད་སྐུ་ལ་ཕྱག༴ ཧཱུྃ༔ ཚེ་བདག་འབར་བ་ཁྲོས་མ་ནག་མོ་དང་༔ བཛྲ་ཀཱི་ལ་མཁའ་འགྲོ་སེང་གདོང་མ༔ རབ་འཇིགས་འབར་བའི་ཕྱག་མཚན་སོ་སོར་འཛིན༔ ཟ་བྱེད་རྔམ་དང་གསོད་བྱེད་ཁྲོས་པའི་ཐུགས༔ མ་རུངས་འདུལ་མཛད་དགྲ་བགེགས་གཉེན་པོར་ཆེ༔ གང་འདུལ་ཕྲིན་ལས་མཛད་ལ་ཕྱག༴ ཧཱུྃ༔ རང་བྱུང་སྤྲུལ་པའི་ཁྲོ་རྒྱལ་ཆེན་པོ་བཅུ༔ སྟེང་འོག་ཕྱོགས་སྐྱོང་བསྣོལ་བའི་གདན་སྟེང་དུ༔ སྐུ་མདོག་ཕྱག་མཚན་མ་ངེས་སྣ་ཚོགས་འཛིན༔ དུར་ཁྲོད་ཆས་བརྒྱད་སྐུ་ཡི་རྒྱན་དུ་རྫོགས༔ ཧཱུཾ་དང་ཕཊ་ཀྱི་སྒྲ་ཆེན་འབྲུག་ལྟར་སྒྲོག༔ ཁྲོ་རྒྱལ་འབར་བའི་ཚོགས་ལ་ཕྱག༴ ཧཱུྃ༔ སྒོ་བཞི་སྐྱོང་མཛད་ལྕགས་ཀྱུ་ཞགས་པ་དང་༔ ལྕགས་སྒྲོག་དྲིལ་སོགས་དཀྱིལ་འཁོར་ཡོངས་རྫོགས་ལྷ༔ གང་ལ་གང་འདུལ་ཞི་དང་ཁྲོ་གར་སྤྲུལ༔ ཐམས་ཅད་མ་འགགས་ཆོས་དབྱིངས་རིག་པའི་ཀློང་༔ སྐུ་གསུམ་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད་པར་བྱའོ༔


previousབསྟོད་པ་རྒྱས་བསྡུས་བསྐུལ་དང་གསུམ་ལས་དང་པོ་གཙོ་འཁོར་དོན་རྟགས་དང་མཐུན་པར་བསྟོད་པ།next