Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་རྒྱ་མཚོ་ལྔའི་དཀྱིལ་འཁོར་གྱི་མངོན་རྟོགས་བྱིན་རླབས་ཐོགས་མེད་འགུགས་པའི་ལྕགས་ཀྱུ།
   
   
   
   
   


 
previousབཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་རྒྱ་མཚོ་ལྔའི་དཀྱིལ་འཁོར་གྱི་མངོན་རྟོགས་བྱིན་རླབས་ཐོགས་མེད་འགུགས་པའི་ལྕགས་ཀྱུ།next

བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་རྒྱ་མཚོ་ལྔའི་དཀྱིལ་འཁོར་གྱི་མངོན་རྟོགས་བྱིན་རླབས་ཐོགས་མེད་འགུགས་པའི་ལྕགས་ཀྱུ།


CMR060_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་རྒྱ་མཚོ་ལྔའི་དཀྱིལ་འཁོར་གྱི་མངོན་རྟོགས་བྱིན་རླབས་ཐོགས་མེད་འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ་བཞུགས་སོ།།


CMR060_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དང་བཅོམ་ལྡན་འདས་པདྨའི་སྣང་བ་ཆེན་པོ་རབ་ཏུ་རྒྱས་པ་ལ་ཕྱག་འཚལ་ལོ། །མ་ཉམས་སྙིང་སྟོབས་འོད་དཀར་ཕྲེང་བས་འཇིག་རྟེན་སྣང་བྱེད་རྨད་བྱུང་སྤྱོད་པ་ཕུན་ཚོགས་དཔལ། །ལེགས་ལམ་རབ་གསལ་སྲིད་གསུམ་གྲགས་འབར་འདོད་པའི་དྲི་སྤངས་སླར་ཡང་ཕན་པའི་འདོད་པ་ཅན། །ཆེར་སེམས་དྲེགས་པའི་འཆི་མེད་མགོ་ན་ནོར་བུའི་འོད་འདྲེས་ཞབས་སོར་སེན་མོའི་ཟེར་གྱིས་གནོན། །ལག་ན་ཆུ་སྐྱེས་འཇིག་རྟེན་མགོན་པོའི་འགྲོ་ལ་ངོ་མཚར་དགེ་ལེགས་མཆོག་གི་བཀྲ་ཤིས་མཛོད། །རྒྱས་སྲས་མཆོག་གི་བཟོ་བོས་འདུས་བྱས་ཤིང་། །རྣམ་དག་བརྒྱུད་པའི་ལག་གིས་ཡོངས་བཟུང་བ། །གང་དུ་བྱིན་རླབས་ཐོག་མེད་འགུགས་བྱེད་པའི། །ལྕགས་ཀྱུ་དང་མཚུངས་སྒྲུབ་ཐབས་འདིར་གསལ་བྱ། །གོང་དུ་སྨོས་


CMR060_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལྷ་དགུའི་མངོན་རྟོགས་བསྒོམ་ཚུལ་ནི་པདྨ་ཟབ་པའི་རྒྱུད་ལ་བརྟེན་ནས་སློབ་དཔོན་ཆེན་པོ་པདྨ་བཛྲ་གྱིས་ཛཱ་ལན་དྷ་ར་ལ་གསུངས་ཤིང་། དེས་མཛད་པའི་སྒྲུབ་ཐབས་ལས་བྱུང་བ་ཡིན་ལ། ཡང་གང་དག་བྱང་ཆུབ་སེམས་དཔའི་རྡོ་རྗེ་སྙིང་པོའི་ཞབས་ཀྱི་གསུངས་པའི་སྒྲུབ་ཐབས་ལས་བྱུང་བ། མ་ལུས་པའི་དཀྱིལ་འཁོར་མཐའ་དག་དཀྱིལ་འཁོར་རྒྱ་མཚོ་རྣམ་པ་ལྔར་བསྡུ་བའི་ཚུལ་གྱིས་ཉམས་སུ་ལེན་པར་འདོད་ན། རང་གི་རྣམ་པར་ཤེས་པ་ཡི་གེ་ཧྲིདམར་པོ་ཡེ་ཤེས་ལྔའི་རང་བཞིན་གྱི་འོད་ཁ་དོག་ལྔ་འཕྲོ་བའི་འོད་ཟེར་འོག་གི་ཕྱོགས་སུ་འཕྲོས་པས། འོད་ཟེར་ལས་གྱུར་པའི་བདེ་ལྡན་རྣམ་པར་བཀོད་པའི་སངས་རྒྱས་ཀྱི་ཞིང་མཐའ་གྲུ་ཚད་མེད་པར་ཡངས་ཤིང་


CMR060_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

མཛེས་ལ་ཕུལ་དུ་བྱུང་བའི་སངས་རྒྱས་ཀྱི་ཞིང་གི་རྒྱན་དང་ཡོན་ཏན་བཀོད་པ་རྒྱ་མཚོས་མངོན་པར་བརྒྱན་པའི་དབུས་སུ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་གཞལ་མེད་ཁང་ཤིན་ཏུ་འོད་གསལ་བ་རིན་པོ་ཆེ་སྣ་ཚོགས་ཀྱི་རང་བཞིན། འདབ་རྒྱས་ཁ་དོག་དྲི་བསུང་ཕུན་སུམ་ཚོགས་པའི་པདྨ་ཆེན་པོ་འདབ་མ་འབུམ་ལྡན་གྱི་གདན། ཉིན་མོར་བྱེད་པ་དང་ཟླ་བའི་དཀྱིལ་འཁོར་གྱི་སྙིང་པོ་ཅན་ལ་བདེ་བར་གཤེགས་པ་མཐའ་དག་གི་གསུང་གི་གསང་བ་བསམ་གྱིས་མི་ཁྱབ་པ་གཅིག་ཏུ་བསྡུས་པའི་བདག་ཉིད་ཀྱི་ས་བོན་ཡི་གེ་ཧྲིདམར་པོ་ཚེག་དྲག་དང་བཅས་པ། དེ་ལས་འཕྲོས་པའི་འོད་ཟེར་སྣ་ཚོགས་པ་ཆོས་ཀྱི་དབྱིངས་དང་མཉམ་པར་འཕྲོ་བ་ལས་ཀུན་བཟང་མཆོད་པའི་སྤྲིན་ཕུང་སྤྲོ་བའི་རྣམ་པར་རོལ་པ་རྒྱ་མཚོས་དེ་བཞིན་གཤེགས་པ་སྲས་དང་བཅས་པ་མཐའ་དག་མཆོད་ཅིང་ཤིན་ཏུ་མཉེས་པར་བྱས་ནས། སླར་ཡང་འོད་ཟེར་ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ལ་ཕོག་པའི་མོད་ལ་བསྐལ་པར་བསགས་པའི་སྡིག་སྒྲིབ་ཐམས་ཅད་སྦྱངས་ཤིང་འོད་ཀྱི་རང་བཞིན་དུ་གྱུར་ཏེ། ཨོཾ་ཨཱཿཧཱུྃ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་པ་ཙམ་གྱིས་སྣོད་བཅུད་མཐའ་དག་བཅོམ་ལྡན་


CMR060_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

འདས་འཇིག་རྟེན་དབང་ཕྱུག་གི་སྐུ་ཕྲ་རགས་སྣ་ཚོགས་པ་དག་གིས་ཁྱབ་པར་བྱས་ནས། ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུཾ། འོད་ཟེར་དེ་དག་ཚུར་འདུས་ཧྲུལ་ཐིམ་པ་ལས། པདྨ་དམར་པོ་ཡལ་ག་ལོ་འདབ་སྡོང་བུ་རྨད་དུ་བྱུང་བའི་ཟེའུ་འབྲུ་ཧྲི༔ཡིག་གིས་མཚན་པ། དེ་ཡོངས་སུ་གྱུར་པ་ལས་རང་ཉིད་བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་རྒྱལ་བ་རྒྱ་མཚོ་ཉི་མའི་སྙིང་པོ་དང་པདྨ་རཱ་གའི་ཕུང་པོ་བརྩེགས་པ་ལྟར་གསལ་ཞིང་འོད་འབར་བའི་སྐུ། ཤིན་ཏུ་དམར་བའི་མདངས་ཅན། ཞལ་གཅིག་ཕྱག་བཞི་པ། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་ཀྱི་འོག་མས་མུ་ཏིག་དམར་པོའི་ཕྲེང་བ་བརྒྱ་རྩ་བརྒྱད་འདྲེན་པ། གཡོན་གྱི་འོག་མས་མེ་ཏོག་པདྨ་དམར་པོའི་ཡུ་བ་ནས་འཛིན་ཞིང་། རབ་ཏུ་རྒྱས་པའི་འདབ་མ་སྙན་གྱི་ཐད་དུ་ཁ་བྱེ་བ། དབུ་སྐྲ་རལ་པའི་ཐོར་ཚུགས་གྱེན་དུ་བཅིངས་པ་ལ་དར་གྱི་ཅོད་པན་དང་། རིན་པོ་ཆེ་སྣ་ཚོགས་ཀྱི་ཅོད་པན་བཅིངས་བ། སྙན་རྒྱན་དང་མགུལ་རྒྱན་དང་དཔུང་རྒྱན་དང་ཕྱག་གདུབ་དང་ཞབས་གདུབ་དང་དོ་ཤལ་ལ་སོགས་པའི་རྒྱན་དུ་མ་དང་ལྡན་པ་དང་། སྐུ་སྨད་ལ་ལྷའི་དར་སྣ་ཚོགས་ཀྱི་ཤམ་


CMR060_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་དང། མུ་ཏིག་རིན་པོ་ཆེ་དམར་པོའི་དྲྭ་བ་དང་དྲ་ཕྱེད་པ་དང་ཟ་ར་ཚགས་དང་ཆུན་འཕྱང་དྲི་མ་མེད་པ་རྣམས་ཀྱིས་མཛེས་པར་བརྒྱན་པ། འགྲོ་ལ་གཅིག་ཏུ་ཕན་པའི་དགོངས་པས་མཆོག་ཏུ་ཞི་ཞིང་འཛུམ་པའི་མདངས་ཅན། མཚན་དང་དཔེ་བྱད་ཀྱིས་དཔལ་འབར་བ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་ཟླ་ཉི་པདྨའི་གདན་ལ་གཡོ་མེད་དྲང་པོར་བཞུགས་པའོ། །དེའི་འཁོར་དུ་རྡོ་རྗེ་དང་རིན་པོ་ཆེ་དང་པདྨ་དང་ལས་ཀྱི་རིགས་ཀྱི་སྤྱན་རས་གཟིགས་ལ་སོགས་པ་དང་། བསྐལ་པ་བཟང་པོའི་དེ་བཞིན་གཤེགས་པ་སྟོང་ལ་སོགས་པས་ཡོངས་སུ་བསྐོར་བའི་སྤྲུལ་པ་མཐའ་ཡས་པ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་རྙེད་ཐམས་ཅད་དུ་མངོན་པར་འཕྲོ་ཞིང་འདུ་བ་སྟེ། དབུས་རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་གྱི་འཁོར་ལོའོ། །དེ་དག་གི་གཡས་ཕྱོགས་སུ་པདྨ་ཉི་མ་བདུད་བཞིའི་གདན་ལ། བཅོམ་ལྡན་འདས་དཔལ་ཁྲོ་བོའི་རྒྱལ་པོ་རྟ་མཆོག་ཧེ་རུ་ཀ་བསྐལ་མེ་རབ་འབར་འཁྲུགས་པའི་མདོག་ཅན། ཞལ་གཅིག་ཕྱག་གཉིས་པ། རབ་ཏུ་གཏུམ་པའི་སྤྱན་གསུམ་ཁྲོ་གཉེར་གྱི་རླབས་དང་ལྡན་པ། མཆེ་བ་བཞི་གཙིགས་པ། ཁྲོ་བོའི་ཉམས་དུ་མ་དང་


CMR060_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་ཞིང་། དབུ་སྐྲ་དམར་སེར་གྱེན་དུ་བརྗེས་པའི་གསེབ་ནས་རྟ་མགོ་ལྗང་ཞུར་རྟ་སྐད་སྒྲོག་བཞིན་པས་ཁམས་གསུམ་དབང་དུ་སྡུད་ཅིང་ཟིལ་གྱིས་གནོན་པར་མཛད་པ། ཕྱག་གཡས་ཌཱ་མ་རུ་འཁྲོལ་ཞིང་། གཡོན་སྡིགས་མཛུབ་དང་བཅས་པས་དྲིལ་བུ་དཀུར་བརྟེན་པ། དབུ་དང་ཕྱག་ཞབས་ལྷུ་ཚིགས་རྣམས་དར་གྱི་ཅོད་པན་དང་སྦྲུལ་དང་རིན་པོ་ཆེའི་བརྒྱན་གྱིས་བརྒྱན་ཅིང་སྟག་ལྤགས་རློན་པའི་ཤམ་ཐབས་ཅན། ཞབས་གཉིས་བརྐྱང་བསྐུམ་འདོར་སྟབས་སུ་འགྱིང་བ། ཡེ་ཤེས་ཀྱི་མེ་དཔུང་རབ་ཏུ་འབར་བའི་དབུས་ན་བཞུགས་པ་ལ། བགེགས་མཐར་བྱེད་ལ་སོགས་པ་དཔལ་ཆེན་ཁྲོ་བོའི་དབང་པོ་དུ་མས་བསྐོར་ཞིང་། ཁྲོ་བོའི་སྟངས་སྟབས་ཆེན་པོའི་བདུད་བཞིས་བར་དུ་གཅོད་པ་མཐའ་དག་ཞི་བར་མཛད་པ་སྟེ་གཡས་དཔའ་བོ་རྒྱ་མཚོའི་དཀྱིལ་འཁོར་རོ། །དེ་དག་གི་གཡོན་ཕྱོགས་སུ་པདྨ་རོ་དང་ཉི་མའི་གདན་ལ་བདེ་བར་གཤེགས་པ་ཐམས་ཅད་སྐྱེད་པར་བྱེད་པའི་ཡུམ་བཅོམ་ལྡན་འདས་རྡོ་རྗེ་རྣལ་འབྱོར་མ་གསང་བ་ཡེ་ཤེས་ཀྱི་ཌཱཀི་སྐུ་མདོག་དམར་སེར་ཛ་བ་སིདྡྷ་རའི་མདངས་ཅན་ཞལ་གཅིག་སྤྱན་གསུམ་པ། ཁྲོ་གཉེར་དང་མཆེ་བ་


CMR060_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

གཙིགས་པའི་རྩེ་མོས་མ་མཆུ་མནན་པ། ཕྱག་བཞིའི་གཡས་ན་གྲི་གུག་དང་རལ་གྲི་གཡོན་ན་ཐོད་པ་དང་ཁ་ཊཾ་ག་འཛིན་པ། དབུ་སྐྲ་ཁམས་སེར་གྱེན་དུ་བརྗེས་པ་ལ་མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང། རློན་པ་ལྔ་བཅུའི་དོ་ཤལ་ཕྲག་པར་འཕྱང་བ། ཕྱག་རྒྱ་ལྔས་བརྒྱན་ཅིང་ནག་པོའི་ཕྱོགས་ལ་ཆེར་ཁྲོས་པའི་སྐུ་ཅན་རབ་ཏུ་འཇིགས་པ། ཨཱ་རལླི་དང་ཕོ་གྱི་སྒྲས་བརྟན་པ་དང་གཡོ་བའི་བཅུད་འཕྲོ་བར་མཛད་པ། བཅུད་ཀྱི་རྒྱས་ཤིང་ལང་ཚོ་སྒེག་པའི་ཉམས་ཅན། མེ་ཏོག་དམར་པོའི་ཕྲེང་བ་དང་རུས་པ་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་མཛེས་པ། གཡོན་བརྐྱང་བའི་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་གདན་ལ་བཞུགས་ཤིང་། རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པ་དཔའ་མོ་རྒྱ་མཚོའི་ཚོགས་ཀྱིས་བསྐོར་ནས་། གར་བསྒྱུར་བ་ཙམ་གྱིས་སྣང་སྲིད་མཐའ་དག་དབང་དུ་མཛད་ཅིང་བྱིན་གྱིས་རླབས་པ་སྟེ་གཡོན་དཔའ་མོ་རྒྱ་མཚོའི་དཀྱིལ་འཁོར་རོ། །སྟེང་དུ་བླ་མའི་དཀྱིལ་འཁོར་བསྒོམ་པ་ཙམ་བཤད་ནའང་། རིན་པོ་ཆེ་ཀརྨ་པས་གཙོ་བོར་སློབ་དཔོན་པདྨ་འབྱུང་གནས་སྒོམ་པའི་ཕྱག་ལེན་མཛད་པས། མཆན། སྟེང་གི་ཕྱོགས་སུ་པདྨ་ཉི་ཟླའི་གདན་ལ་བཅོམ་ལྡན་འདས་ཉིད་གདུལ་བྱའི་དབང་གིས་རིག་པ་འཛིན་པའི་


CMR060_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་བུ་མཆོག་གི་སྐུར་བསྟན་པ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་སྐུ་མདོག་ནག་ལ་གཟི་བརྗིད་དང་ལྡན་པ་ཨ་ཙ་རའི་ཆ་བྱད་ཅན། རུས་པའི་འཁོར་ལོ་ལ་སོགས་པའི་ཕྱག་རྒྱ་དྲུག་གིས་བརྒྱན་ཅིང་སྣང་སྲིད་ཟིལ་གྱིས་གནོན་པའི་ཕྱག་རྒྱ་དང་། གར་སྟབས་མཛད་པའི་ཚུལ་གྱིས་གདན་ལ་བཞུགས་པ། བཀའ་བརྒྱུད་ཀྱི་བླ་མ་དང་། །རིག་འཛིན་བྱེ་བ་དུ་མས་བསྐོར་བ་སྲིད་གསུམ་མཐའ་དག་དབང་དུ་སྡུད་པ་དང་ཟིལ་གྱིས་གནོན་ཅིང་བྱིན་གྱིས་རླབས་པ་སྟེ་སྟེང་གྲུབ་ཐོབ་རྒྱ་མཚོའི་དཀྱིལ་འཁོར་རོ། །རང་གི་གདན་གྱི་ཞབས་སུ་པད་ཉི་དང་དགྲ་བགེགས་བསྣོལ་བའི་གདན་ལ་དཔལ་ནག་པོ་ཆེན་པོ་ལ་སོགས་པ་ཡེ་ཤེས་པ་དང་འཇིག་རྟེན་པའི་ཆོས་སྐྱོང་སྲུང་མ་རྣམས་དང་། འགྲོ་བ་རིགས་སོགས་དྲུག་གི་སེམས་ཅན་རྣམས་ཀྱང་རིགས་བཞིའི་དཔའ་བོ་དང་གིང་ཆེན་དང་ཏྰཀི་མའི་རྣམ་པ་ཅན་དུ་གྱུར་ནས། རང་གི་གདན་འདེགས་ཤིང་སྣང་སྲིད་དབང་དུ་སྡུད་པ་དང་། བཀའ་ཉན་གསུང་སྡོད་ཀྱི་ཚུལ་དུ་བཞུགས་པས་ཕྲིན་ལས་མཐའ་དག་ཐོགས་པ་མེད་པར་སྒྲུབ་པ་སྟེ་འོག་དམ་ཅན་རྒྱ་མཚོའི་དཀྱིལ་འཁོར་རོ། །ལྷ་ཚོགས་དེ་དག་ཐམས་ཅད་ཀྱི་སྤྱི་བོར་ཟླ་


CMR060_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལ་ཨོཾ་དཀར་པོ། མགྲིན་པར་ཉི་མ་ལ་ཨཱཋདམར་པོ། ཐུགས་ཀར་པདྨ་ལ་ཧཱུཾ་སྔོན་པོ། གཙོ་བོའི་ཐུགས་ཀར་ཧྲིདམར་པོའི་མཐའ་སྐོར་དུ་ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུཾ་ཞེས་པའི་སྔགས་ཀྱི་ཕྲེང་བས་གཡས་སྐོར་དུ་བསྐོར་བའོ། །རང་གི་ཐུགས་ཀའི་ཧྲིལས་འོད་ཟེར་འཕྲོས་པས། བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་གི་དཀྱིལ་འཁོར་གྱི་འཁོར་ལོ་རྟེན་དང་བརྟེན་པར་བཅས་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པས་བསྐོར་བ་མདུན་གྱི་ནམ་མཁར་སྤྱན་དྲངས་པར་གྱུར། རྡོ་རྗེ་བསྡུ་བའི་རྒྱས། བཛྲ་ས་མཱ་ཡ་ཛ་ཛ༔ དབྱངས་དང་བཅས་པས། ཧཱུྃ། ལྷོ་ནུབ་སྲིན་པོའི་གྲོང་ཁྱེར་ནས། །གྲུབ་ཐོབ་བྱེ་བ་འབུམ་གྱི་དབུས། །སློབ་དཔོན་པདྨ་གཤེགས་སུ་གསོལ། །དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །པདྨ་དབང་གི་དཀྱིལ་འཁོར་ནས། །མགོན་པོ་ཚེ་དབང་འོད་དཔག་མེད། །སྤྱན་རས་གཟིགས་དབང་གཤེགས་སུ་གསོལ། །དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །མཁའ་སྤྱོད་དག་པའི་གཞལ་ཡས་ནས། །མཁའ་འགྲོ་བྱེ་བ་འབུམ་གྱི་དབུས། །ཡུམ་གཅིག་མཁའ་འགྲོ་གཤེགས་སུ་གསོལ། །དབང་བསྐུར་བྱིན་


CMR060_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བརླབ་ཏུ་གསོལ། །མེ་དཔུང་འབར་བའི་ཀློང་དཀྱིལ་ནས། །རྟ་མཆོག་རྒྱལ་པོ་ཧེ་རུ་ཀ །དཔའ་བོའི་ཚོགས་བཅས་གཤེགས་སུ་གསོལ། །དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །དག་པ་སྐུ་ཡི་གཞལ་ཡས་ནས། །ཆོས་དབྱིངས་ཡེ་ཤེས་ངོ་བོ་ཉིད། །སངས་རྒྱས་མཁའ་འགྲོ་གཤེགས་སུ་གསོལ། །དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །མི་འགྱུར་ཐུགས་ཀྱི་གཞལ་ཡས་ནས། །མེ་ལོང་ཡེ་ཤེས་ངོ་བོ་ཉིད། །རྡོ་རྗེ་མཁའ་འགྲོ་གཤེགས་སུ་གསོལ། །དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །པདྨ་གསུང་གི་གཞལ་ཡས་ནས། །སོར་རྟོག་ཡེ་ཤེས་ངོ་བོ་ཉིད། །པདྨ་མཁའ་འགྲོ་གཤེགས་སུ་གསོལ། །དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །ཡོན་ཏན་རྒྱས་པའི་གཞལ་ཡས་ནས། །མཉམ་ཉིད་ཡེ་ཤེས་ངོ་བོ་ཉིད། །རིན་ཆེན་མཁའ་འགྲོ་གཤེགས་སུ་གསོལ། །དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །ཕྲིན་ལས་གྲུབ་པའི་གཞལ་ཡས་ནས། །བྱ་གྲུབ་ཡེ་ཤེས་ངོ་བོ་ཉིད། །ལས་ཀྱི་མཁའ་འགྲོ་གཤེགས་སུ་གསོལ། །དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །འཇིག་རྟེན་དུར་ཁྲོད་གཞལ་ཡས་


CMR060_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །བསམ་གྱི་མི་ཁྱབ་སྤྲུལ་པའི་ཚོགས། །འཇིག་རྟེན་མཁའ་འགྲོ་གཤེགས་སུ་གསོལ། །ཕྲིན་ལས་རྣམ་བཞི་བསྒྲུབ་ཏུ་གསོལ། །དམ་ཚིག་ཆེན་པོའི་གནས་མཆོག་ནས། །ཆོས་སྐྱོང་མ་མགོན་ལྕམ་དྲལ་ཚོགས། །དམ་ཅན་རྒྱ་མཚོ་གཤེགས་སུ་གསོལ། །ཕོ་ཉ་ལས་མཁན་མཛད་དུ་གསོལ། །རྒྱལ་བ་རྒྱ་མཚོ་སྤྱན་རས་གཟིགས། །འགྲོ་བའི་དོན་དུ་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་པར་ལྡན། །བདག་གི་མཆོད་ཡོན་བཞེས་སླད་དུ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །ཨོཾ་པདྨ་ཀ་མ་ལཱ་ཡེ་ཧཱུཾ་སྭཱ་ཧཱ། ཞེས་བཞུགས་སུ་གསོལ། ཨོཾ། མཆོད་ཡོན་བདུག་སྤོས་མེ་ཏོག་སྣང་གསལ་དྲི། །ཞལ་ཟས་རོལ་མོ་ཤ་ལྔ་རིགས་ཀྱི་ཡུམ། །ཟག་མེད་བདེ་ཆེན་བདུད་རྩི་བདེ་བའི་གནས། །ཤ་ཆེན་གསུར་དུད་ཞུན་མེ་དགའ་བདེ་རྒྱས། །སྣང་བ་སྣ་ཚོགས་ལྷན་སྐྱེས་ཡེ་ཤེས་བདེ། །རང་བྱུང་ཀུན་མཁྱེན་ཡེ་ཤེས་མཆོད་པའི་སྤྲིན། །མཆོད་པར་བཞེས་ལ་དངོས་གྲུབ་བསྩལ་དུ་གསོལ། །ཨོཾ་བཛྲ་ཨནྡྷཾ་པྲ་ཏཱི་ཙྪ་སྭཱ་ཧཱ། དྷ་པེ་སོགས་ནས་ཤབྡའི་བར་གྱིས་མཆོད། ཛཿཧཱུྃ་བཾ་ཧོ༔དམ་ཚིག་སེམས་དཔའ་དང་གཉིས་སུ་མེད་པར་གྱུར། སླར་མདུན་གྱི་ནམ་མཁར་ཡེ་


CMR060_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ཀྱི་འཁོར་ལོ་གསལ་བར་གྱུར། བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་མཁའ་འགྲོ་མའི་ཚོགས་རིན་པོ་ཆེའི་བུམ་པ་ཐོགས་པ་དཔག་ཏུ་མེད་པས་སྤྱི་བོ་ནས་དབང་བསྐུར་བར་གྱུར། སྤྱན་རས་གཟིགས་དབང་འཇིག་རྟེན་གསུམ་གྱི་མགོན། །སངས་རྒྱས་རྣམས་ཀྱི་བུམ་པའི་དབང་། །དེ་རིང་ཁྱོད་ལ་བསྐུར་བ་བྱ། །ཆོས་དབྱིངས་ཡེ་ཤེས་དབང་འདི་ཁྱོད་ཀྱིས་ལོངས། །ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ། བུདྡྷ་ཨ་བྷི་ཥིཉྩ་ཧཱུྃ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གི་ཁྲུས་གསོལ་ལོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨབྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ། ཞེས་དབང་བསྐུར་ཞིང་ཆུ་ལྷག་མ་ཡར་ལུད་པ་ལས་དཀྱིལ་འཁོར་ལྔ་པོ་མཐའ་དག་ལ་ཆོས་སྐུ་སྣང་བ་མཐའ་ཡས་ཀྱིས་དབུ་བརྒྱན་པར་གྱུར་པའོ། །མདུན་བསྐྱེད་དུས་རོལ་མོ་བྱ། བདག་བསྐྱེད་དུས་བསྙེན་པ་བྱའོ༔ ༈ །པདྨ་དབང་གི་དཀྱིལ་འཁོར་དུ། །པདྨ་མཆོག་གི་སྐུར་སྤྲུལ་པ། །གདུག་པ་འདུལ་མཛད་ཐོད་ཕྲེང་ལ། །གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ། ཧྲཱི༔


CMR060_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་འཇིག་རྟེན་དབང་ཕྱུག་སྐུ། །སྐུ་མདོག་དམར་གསལ་འཇིག་རྟེན་དབང་དུ་སྡུད། །སྤྱན་གྱི་འོད་ཟེར་འགྲོ་ལ་ཐུགས་རྗེས་གཟིགས། །ཞལ་ནས་ཧཱུྃ་སྒྲས་སྟོང་གསུམ་ཆོས་སྒྲ་སྒྲོག །ཤངས་ནས་ཡེ་ཤེས་རླུང་གིས་ཉོན་མོངས་འཐོར། །སྙན་གཉིས་ཐབས་དང་ཤེས་རབ་འདུལ་ཐབས་མཛད། །ཕྱག་གཉིས་དབྱིངས་དང་ཡེ་ཤེས་གཉིས་མེད་སྦྱོར་། །གཡས་པས་བགྲང་ཕྲེང་བྱང་ཆུབ་ལམ་སྣ་འདྲེན། །གཡོན་པས་པདྨ་འཁོར་བའི་སྐྱོན་དང་བྲལ། །ཞབས་གཉིས་འགྲོ་བའི་དོན་ལ་སྙོམས་པར་བཞུགས། །རིན་ཆེན་རྒྱན་དྲུག་ཕ་རོལ་ཕྱིན་དྲུག་ལྡན། །འགྲོ་རྣམས་མ་ལུས་ཐུགས་རྗེས་དབང་དུ་བསྡུས། །འཇིག་རྟེན་དབང་ཕྱུག་སྐུ་ལ་ཕྱག་འཚལ་བསྟོད། །དགྱེས་པར་རོལ་པས་ཛཔྲ་བསྟོད་མཆོད་པ་བཞེས། །དབང་དང་དངོས་གྲུབ་མ་ལུས་བསྩལ་དུ་གསོལ། །གསུང་གི་དབང་ཕྱུག་སྣང་བ་མཐའ་ཡས་སྐུ། །འཆི་མེད་ཚེ་དབང་མགོན་པོ་འོད་དཔག་མེད། །དུས་གསུམ་སངས་རྒྱས་ཐམས་ཅད་གསུང་ལས་སྤྲུལ། །སྒྲུབ་མཆོག་བདག་ལ་དབང་བསྐུར་བྱིན་གྱིས་རློབས། །མི་དམིགས་དོན་གྱི་དངོས་གྲུབ་བསྩལ་དུ་གསོལ།། ༈ མཆོད་བཞི་


CMR060_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད་བཞི་ནི། མཆོད་རྫས་ལ་བདུད་རྩི་གཏོར་ནས་སྔར་ལྟར་བྱིན་གྱིས་བརླབས། ཕྱིའི་མཆོད་པ་འབུལ་བ་ནི། ཨོཾ་ཧྲཱིཿཔདྨཱནྟ་ཀྲྀཏ་སོགས། ཨོཾ་སྭ་བྷ་སོགས། སྟོང་པའི་ངང་ལས། ཨ་ལས་ཐོད་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཧཱུྃ་ཡིག་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་རྡོ་རྗེའི་མཆོད་ཡོན། བདུག་སྤོས། མེ་ཏོག །མར་མེ། དྲི་ཆབ། ཞལ་ཟས་། རོལ་མོ་ལ་སོགས་པ་མཆོད་པའི་སྤྲིན་དྭངས་ཤིང་ཐོགས་པ་མེད་པ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་སྙེད་རྒྱས་པར་འགེངས་ཤིང་འཕྲོ་བ། འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་ཕུང་ལྟ་བུ་བསམ་གྱིས་མི་ཁྱབ་པ་རྣམས་སུ་གྱུར་། ཨོཾ་བཛྲ་ཨརྒྷཾ་སོགས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ནས་རོལ་མོ་བྱ། ཐལ་མོ་སྦྱར་ནས། རྒྱལ་བའི་སྐུ་ལ་ཉོན་མོངས་མི་མངའ་ཡང་། །སེམས་ཅན་ཉོན་མོངས་བག་ཆགས་སྦྱངས་སླད་དུ། །སྐུ་གསུང་ཐུགས་ལ་ཁྲུས་ཆབ་འདི་གསོལ་བས། ཁམས་གསུམ་གནས་པའི་དྲི་མ་དག་གྱུར་ཅིག །རྡོ་རྗེ་ཐལ་མོ་ཁ་ཕྱེ་བས་མཆོད་ཡོན་གྱི་སྣོད་བཟུང་ལ་བཟེད་ཞལ་དུ་འབུལ་ཞིང་། ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ། བཛྲ་ཨརྒྷཾ་པྲ་ཏིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་


CMR060_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

ས་མ་ཡེ་ཧཱུྃ། ཚུལ་ཁྲིམས་དྲི་ལྡན་སྤོས་མཆོག་དམ་པ་འདི། །ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་ནས། །སངས་རྒྱས་ཞིང་དུ་སྤོས་དྲི་ངད་ལྡན་པས། །རྒྱལ་བ་རྒྱ་མཚོའི་ཚོགས་ལ་མཉེས་གྱུར་ཅིག །དྷུ་པེ་པྲ་ཏིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཧཱུཾ། དཀྱིལ་འཁོར་ཀུན་ཏུ་རྒྱལ་བ་མཉེས་བྱེད་པའི། །ལྷ་རྫས་དབྱིབས་ལེགས་མེ་ཏོག་དམ་པ་འདི། །ནམ་མཁའ་གང་བར་སེམས་ཀྱིས་མངོན་སྤྲུལ་ནས། །གཞལ་ཡས་ཁང་དུ་སྤྲིན་བཞིན་གཏིབས་གྱུར་ཅིག །པུཎྜེ་པྲ་ཏིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཧཱུྃ། ཉོན་མོངས་དུག་སྲེག་མ་རིག་མུན་སེལ་བའི། །ཤེས་རབ་གཟི་ལྡན་དཔལ་གྱི་སྒྲོན་མེ་འདི། །སྤྲིན་མེད་མཁའ་ལ་ཉི་ཟླ་ཤར་ཇི་བཞིན་དུ། །འོད་ཟེར་སྣང་བས་ཕྱོགས་བཅུ་གསལ་གྱུར་ཅིག་ཨཱ་ལོ་ཀེ་པྲ་ཏིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཧཱུྃ། སྟོང་གསུམ་ཀུན་ཏུ་དྲི་དང་ངད་ལྡན་པའི། །སྤོས་དང་སྨན་སྦྱར་ཆུ་གཙང་རྒྱལ་བའི་ཁྲུས། །ཡེ་ཤེས་སྤྲིན་ཕུང་མཁའ་ལ་ཐུགས་རྗེའི་ཆར་རྒྱུན་གྱིས། །མི་གཙང་དྲི་མའི་ཚོགས་རྣམས་དག་གྱུར་ཅིག །གནྡྷེ་པྲ་ཏིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཧཱུཾ། རྒྱལ་བའི་སྐུ་ལ་བཀྲེས་པ་མི་མངའ་


CMR060_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་། །འགྲོ་བའི་དོན་དུ་ལྷ་རྫས་བདུད་རྩིའི་བཤོས། །དག་ཅིང་གཙང་མར་བཤམས་ཏེ་འབུལ་ལགས་ན། །བསོད་ནམས་ཞིང་གྱུར་རྣམས་ཀྱིས་བཞེས་སུ་གསོལ། །ནེ་ཝི་ཏྱ་པྲ་ཏིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཧཱུཾ། དྲིལ་ཆེན་སིལ་སྙན་རྣམ་གྲོལ་ཚངས་པའི་དབྱངས། །བསམ་དག་ངག་གིས་བསྟོད་དེ་གུས་མཆོད་འབུལ། །ས་བཅུ་རིམ་གྱིས་བགྲོད་ནས་སངས་རྒྱས་སར། །ཚོགས་གཉིས་རྫོགས་ནས་ཆོས་ཀྱི་རྒྱལ་པོར་ཤོག །ཤརྡ་པྲ་ཏིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཧཱུྃ། ཧཱུྃ། དུས་གསུམ་བདེ་གཤེགས་ཡུམ་གཅིག་མ། །ཐུགས་རྗེའི་མངའ་བདག་འགྲོ་ལ་གཟིགས། །གསང་བ་ཡེ་ཤེས་མཁའ་འགྲོ་མ། །སྐུ་མདོག་དམར་མོ་དབང་གི་ཚུལ། །ཚད་མེད་རྣམ་བཞིས་འགྲོ་དོན་མཛད། །རྣམ་རྟོག་རྩད་གཅོད་གྲི་གུག་གཡས། །འཁོར་བ་དབང་སྡུད་ཐོད་ཁྲག་གཡོན། །སྐྱེ་འཆི་རྩད་གཅོད་རལ་གྲི་གཡས། །དུག་གསུམ་རྩད་གཅོད་ཁ་ཊཱ་གཡོན། །ཐབས་དང་ཤེས་རབ་བརྐྱང་བསྐུམ་བཞུགས། །འདོད་ཡོན་རང་དག་རུས་པས་བརྒྱན། །གཞོན་ནུའི་ཆ་ལུགས་ཅུང་ཟད་ཁྲོ། །ཐུགས་རྗེས་ཆགས་པ་དབང་དུ་སྡུད། །


CMR060_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཐོང་དྲན་པས་ཡེ་ཤེས་སྐུ། །ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་གཟིགས། །རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ། །རྡོ་རྗེ་རིགས་ཀྱི་དངོས་གྲུབ་སྩོལ། །རིན་ཆེན་རིགས་ཀྱི་མཁའ་འགྲོ་མ། །ནོར་དང་བསོད་ནམས་དངོས་གྲུབ་སྩོལ། །པདྨ་རིགས་ཀྱི་མཁའ་འགྲོ་མ། །ཆགས་པ་དབང་སྡུད་དངོས་གྲུབ་སྩོལ། །ལས་ཀྱི་རིགས་ཀྱི་མཁའ་འགྲོ་མ། །དགྲ་བགེགས་ཚར་གཅོད་དངོས་གྲུབ་སྩོལ། །མཁའ་གསང་ཡེ་ཤེས་མཁའ་འགྲོ་མ། །ཆོས་དབྱིངས་ལྷུན་གྲུབ་དངོས་གྲུབ་སྩོལ། །མ་ཧཱ་མུ་དྲའི་དངོས་གྲུབ་སྩོལ། །ནང་གི་མཆོད་པ་འབུལ་བ་ནི། ཧཱུྃ། དུག་ལྔ་རྣམ་པར་དག་པ་ཡི། །རིགས་ལྔ་དང་ནི་ཡེ་ཤེས་ལྔ། །ཤ་ཆེན་ལྔ་ཡི་མཆོད་པ་རྣམས། །དཀྱིལ་འཁོར་ལྷ་ཡིས་བཞེས་སུ་གསོལ། །འབྱུང་བ་ལྔ་པོ་རྣམ་དག་པ། །མཱ་མ་ཀཱི་ལ་སོགས་པ་ཡི། །རིགས་ཀྱི་ཡུམ་ཆེན་འབྱུང་བ་ལྔ། །ཤེས་རབ་དྲི་མེད་མཆོད་པ་རྣམས། །དཀྱིལ་འཁོར་ལྷ་ཡིས་བཞེས་སུ་གསོལ། །ཐབས་དང་ཤེས་རབ་གཉིས་མེད་ཅིང་། །ཟུང་འཇུག་བདེ་བ་ཆེན་པོ་ཡི། །ཁ་དོག་ཡིད་འོང་རེག་བྱར་ལྡན། །ཟག་མེད་བདེ་ཆེན་མཆོད་པ་རྣམས། །དཀྱིལ་འཁོར་ལྷ་ཡིས་བཞེས་སུ་


CMR060_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །དབང་བཞི་བསྐུར་དང་རྒྱུད་བཞི་སྨིན། །ཐུན་མོང་མཆོག་གི་དངོས་གྲུབ་སྩོལ། །ཧཱུྃ། ཐུགས་ཀྱི་ལྷ་མཆོག་རྟ་མགྲིན་དབང་གི་རྒྱལ། །སྐུ་མདོག་དམར་ནག་དྲེགས་པ་དབང་དུ་སྡུད། །སྤྱན་གྱི་འོད་ཟེར་འགྲོ་ལ་ཐུགས་རྗེས་གཟིགས། །ཞལ་གྱི་འཛུམ་ཚུལ་ཐུགས་རྗེས་ཀུན་ལ་སྙོམས། །མཆེ་བཞི་གཅིགས་པས་སྐྱེ་ཤི་རྩད་ནས་གཅོད། །དབུ་གཙུག་རྟ་མགོ་གཞན་གྱིས་འགྲན་དུ་མེད། །རྟ་སྐད་འཚེར་བས་ཁམས་གསུམ་དབང་དུ་སྡུད། །དབང་སྡུད་ཕྱག་རྒྱས་སྐྱེ་འགྲོ་ཟིལ་གྱིས་གནོན། །པདྨའི་ཕྱག་མཚན་འཁོར་བའི་སྐྱོན་དང་བྲལ། །རིན་ཆེན་རྒྱན་ཆ་འདོད་ཡོན་མ་སྤངས་དག །ཞབས་གཉིས་བརྐྱང་བསྐུམ་ཡེ་ཤེས་སེམས་དཔའི་ཚུལ། །དབང་ཆེན་རྟ་མཆོག་སྐུ་ལ་ཕྱག་འཚལ་བསྟོད། །སྒྲུབ་མཆོག་བདག་ལ་དབང་བསྐུར་བྱིན་གྱིས་རློབས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བདག་ལ་སྩོལ། །བསྡུ་བ་རྣམ་བཞིས་འཇིག་རྟེན་དབང་དུ་སྡུད། །འཇིག་རྟེན་ཟིལ་གནོན་ཕྲིན་ལས་དངོས་གྲུབ་སྩོལ། །གསང་བའི་མཆོད་པ་འབུལ་བ་ནི། ཧཱུྃ། ཐབས་དང་ཤེས་རབ་དབྱེར་མེད་ཅིང་། །


CMR060_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

ཡབ་ཡུམ་བཅུ་ཡི་སྦྱོར་བ་ལས། །ཟག་མེད་བདེ་བ་ཆེན་པོ་ཡི། །ཡེ་ཤེས་བདུད་རྩིའི་མཆོད་པ་རྣམས། །དཀྱིལ་འཁོར་ལྷ་ཡིས་བཞེས་སུ་གསོལ། །པདྨ་རང་བྱུང་མེ་ཏོག་ལ། །རཀྟ་རང་བྱུང་བདེ་བའི་གནས། །ཤ་ཆེན་གསུར་དང་བདུག་སྤོས་དང་། །ཞུན་ཆེན་སྣང་གསལ་སྒྲོན་མེ་རྣམས། །དཀྱིལ་འཁོར་ལྷ་ཡིས་བཞེས་སུ་གསོལ། །ལྷན་སྐྱེས་བདེ་བ་ཆེན་པོ་ཡི། །དགའ་བ་བཞི་དང་བདེ་བ་བརྒྱད། །ཟག་མེད་ཉམས་ཀྱིས་བརྒྱན་པ་རྣམས། །ལོངས་སྤྱོད་རྫོགས་པའི་དཀྱིལ་འཁོར་དུ། །དཔའ་བོའི་ཚོགས་བཅས་རྣལ་འབྱོར་མ། །གཉིས་མེད་བདེ་ཆེན་རོལ་པ་ལས། །ལོངས་སྤྱོད་རྫོགས་པའི་མཆོད་པ་རྣམས། །དཀྱིལ་འཁོར་ལྷ་ཡིས་བཞེས་སུ་གསོལ། །དབང་བཞི་བསྐུར་དང་རྒྱུད་བཞི་སྨིན། །གསང་བ་བླ་མེད་དངོས་གྲུབ་སྩོལ། །འགྲོ་བ་ཀུན་ལ་ཐུགས་རྗེས་མཉམ་པར་གཟིགས། །ཉི་མའི་འོད་ཟེར་སྐུ་ལ་ཕྱག་འཚལ་བསྟོད། །ཆགས་རབ་དོན་གྱིས་འགྲོ་བ་དབང་དུ་སྡུད། །རྡོ་རྗེ་ཕག་མོའི་སྐུ་ལ་ཕྱག་འཚལ་བསྟོད། །སྔགས་ཀྱི་ལས་མཛད་མཛེས་མ་མཁའ་འགྲོའི་ཚུལ། །རྒྱ་མཚོའི་གླིང་གི་མཁའ་འགྲོའི་སྐུ་ལ་ཕྱག་འཚལ་


CMR060_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད། །ལས་ཀྱི་བཀའ་སྡོད་བྱིན་རླབས་ཐོགས་མེད་འབེབས། །རྡོ་རྗེ་ཕྲ་མེན་སྐུ་ལ་ཕྱག་འཚལ་བསྟོད། །བསྟན་པའི་རུ་འཛིན་གདུག་པའི་དགྲ་འདུལ་མ། །མཁའ་འགྲོ་བདུད་འདུལ་སྐུ་ལ་ཕྱག་འཚལ་བསྟོད། །རྣལ་འབྱོར་འཁོར་སྐྱོང་བྱིན་རླབས་ཆར་ལྟར་འབེབས། །མཁའ་འགྲོ་ཞི་བའི་སྐུ་ལ་ཕྱག་འཚལ་བསྟོད། །ཉི་ཤུ་རྩ་བཞིའི་གནས་མཆོག་ནས། །རིགས་བཞི་མཁའ་འགྲོ་ལ་སོགས་པའི། །ཕྱི་ནང་མཁའ་འགྲོ་རྒྱ་མཚོ་ལ། །གུས་པའི་ཡིད་ཀྱིས་ཕྱག་འཚལ་བསྟོད། །དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །རོལ་མོ་བྱ། ཆོས་སྐུ་སྐྱེ་འགག་མེད་པ་ལ། །རང་བྱུང་ཡེ་ཤེས་མཆོད་པར་འབུལ། །དུས་གསུམ་སྐྱེ་འགག་མེད་པ་ལ། །སྣང་བ་སྣ་ཚོགས་མཆོད་པར་འབུལ། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྩོལ། །ཐབས་དང་ཤེས་རབ་དབྱེར་མེད་ཅིང་། །ལྷན་སྐྱེས་ཡེ་ཤེས་བདེ་བ་ཆེ། །ཟག་མེད་བདེ་ཆེན་མཆོད་པར་འབུལ། །དབང་བཞི་རྫོགས་པའི་དངོས་གྲུབ་སྩོལ། །དབྱིངས་དང་ཡེ་ཤེས་རོ་མཉམ་ཞིང་། །འགག་མེད་ཡེ་ཤེས་ལྔ་དང་ལྡན། །ཀུན་མཁྱེན་ཡེ་ཤེས་མཆོད་པར་བཞེས། །ངོ་བོ་ཉིད་ཀྱི་དངོས་


CMR060_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་སྩོལ། །ཞེས་དེ་ཁོ་ན་ཉིད་ཀྱི་མཆོད་པ་འབུལ་ཞིང་རོལ་མོ་བྱ། ཧཱུྃ། མི་འགྱུར་ཐུགས་ཀྱི་བདུད་བཅོམ་རྡོ་རྗེའི་རིགས། །རྡོ་རྗེ་མཁའ་འགྲོའི་སྐུ་ལ་ཕྱག་འཚལ་བསྟོད། །རེ་སྐོང་བདུད་རྩིའི་ཆར་འབེབས་རིན་ཆེན་རིགས། །རིན་ཆེན་མཁའ་འགྲོའི་སྐུ་ལ་ཕྱག་འཚལ་བསྟོད། །ཆགས་པ་ཐམས་ཅད་དབང་སྡུད་པདྨའི་རིགས། །པདྨ་མཁའ་འགྲོའི་སྐུ་ལ་ཕྱག་འཚལ་བསྟོད། །དོན་གྲུབ་གདུག་པ་འདུལ་མཛད་ལས་ཀྱི་རིགས། །ལས་ཀྱི་མཁའ་འགྲོའི་སྐུ་ལ་ཕྱག་འཚལ་བསྟོད། །གདུག་པ་འདུལ་མཛད་རྡོ་རྗེ་རིགས་སུ་སྤྲུལ། །རྡོ་རྗེ་གིང་ཆེན་སྐུ་ལ་ཕྱག་འཚལ་བསྟོད། །འདོད་པའི་དོན་གྲུབ་འབྱུང་བར་བྱེད་པ་ཡི། །རིན་ཆེན་གིང་ཆེན་སྐུ་ལ་ཕྱག་འཚལ་བསྟོད། །ཆགས་རབ་དོན་གྱིས་འགྲོ་བ་དབང་དུ་སྡུད། །པདྨ་གིང་ཆེན་སྐུ་ལ་ཕྱག་འཚལ་བསྟོད། །ལས་ཀྱི་མཐའ་ཡིས་བསྟན་པའི་རུ་ཏྲ་འདུལ། །ལས་ཀྱི་གིང་ཆེན་སྐུ་ལ་ཕྱག་འཚལ་བསྟོད། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །དགོངས་པ་ལོན་པ་པདྨ་འབྱུང་གནས་ཀྱིས། །བདག་དང་མོས་པའི་གང་ཟག་ལ། །བྱིན་རླབས་ཆུ་བོའི་རྒྱུན་བཞིན་ཕོབ། །རོལ་མོ་བྱ། གཡོན་པའི་སྲིན་མཛུབ་ཀྱིས་བདུད་རྩི་བླངས་


CMR060_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ནམ་མཁར་མཆོད་ཅིང་། ཆོས་སྐུ་སྣང་བ་མཐའ་ཡས་ཞལ་དུ་ཨོཾ་ཨཱཿཧཱུྃ། ལོངས་སྐུ་ཐུགས་རྗེ་ཆེན་པོའི་ཞལ་དུ་ཨོཾ་ཨཱཿཧཱུྃ། སྤྲུལ་སྐུ་པདྨ་འབྱུང་གནས་ཞལ་དུ་ཨོཾ་ཨཱཿཧཱུྃ། མ་གཅིག་གྲུབ་པའི་རྒྱལ་མོའི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཏི་པུ་པ་དྲི་མེད་བཤེས་གཉེན་ཞལ་དུ་ཨོཾ་ཨཱཿཧཱུྃ། རས་ཆུང་རྡོ་རྗེ་གྲགས་པའི་ཞལ་དུ་ཨོཾ་ཨཱཿཧཱུྃ། བླ་མ་ཟངས་རི་རས་པའི་ཞལ་དུ་ཨོཾ་ཨཱཿཧཱུྃ། འགྲོ་མགོན་རས་པ་ཆེན་པོའི་ཞལ་དུ་ཨོཾ་ཨཱཿཧཱུྃ། རྒྱས་སྲས་སྤོམ་བྲག་པའི་ཞལ་དུ་ཨོཾ་ཨཱཿཧཱུྃ། གྲུབ་ཆེན་ཀརྨ་པཀྵིའི་ཞལ་དུ་ཨོཾ་ཨཱཿཧཱུྃ། གཉན་རས་དགེ་འདུན་འབུམ་གྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཆོས་རྗེ་རང་བྱུང་རྡོ་རྗེའི་ཞལ་དུ་ཨོཾ་ཨཱཿཧཱུྃ། མཁས་བཙུན་རིན་ཆེན་རྒྱལ་མཚན་ཞལ་དུ་ཨོཾ་ཨཱཿཧཱུྃ། མངྒ་ལ་ཀེ་ཏུའི་ཞལ་དུ་ཨོཾ་ཨཱཿཧཱུྃ། རིན་ཆེན་བཟང་པོའི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཀུན་མཁྱེན་མཐོང་བ་དོན་ལྡན་ཞལ་དུ་ཨོཾ་ཨཱཿཧཱུྃ། བྱང་སེམས་དཔལ་འབྱོར་དོན་གྲུབ་ཞལ་དུ་ཨོཾ་ཨཱཿཧཱུྃ། རྒྱལ་དབང་ཆོས་གྲགས་རྒྱ་མཚོའི་ཞལ་དུ་ཨོཾ་ཨཱཿཧཱུྃ། གྲུབ་ཆེན་བཀྲ་ཤིས་དཔལ་འབྱོར་ཞལ་དུ་ཨོཾ་ཨཱཿཧཱུྃ། མཚུངས་མེད་མི་བསྐྱོད་རྡོ་རྗེའི་ཞལ་དུ་ཨོཾ་ཨཱཿཧཱུྃ། རྒྱལ་དབང་དཀོན་མཆོག་ཡན་ལག་ཞལ་དུ་ཨོཾ་ཨཱཿཧཱུྃ།


CMR060_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་དབང་ཕྱུག་རྡོ་རྗེའི་ཞལ་དུ་ཨོཾ་ཨཱཿཧཱུྃ། གར་དབང་ཆོས་ཀྱི་དབང་ཕྱུག་ཞལ་དུ་ཨོཾ་ཨཱཿཧཱུྃ། རྒྱལ་མཆོག་ཆོས་དབྱིངས་རྡོ་རྗེའི་ཞལ་དུ་ཨོཾ་ཨཱཿཧཱུྃ། མཁས་གྲུབ་ཀརྨ་ཆགས་མེད་ཞལ་དུ་ཨོཾ་ཨཱཿཧཱུྃ། དྲིན་ཆེན་རྩ་བའི་བླ་མའི་ཞལ་དུ་ཨོཾ་ཨཱཿཧཱུྃ། འཇིག་རྟེན་དབང་ཕྱུག་ཞལ་དུ་ཨོཾ་ཨཱཿཧཱུྃ། པདྨ་བཛྲ་ཞལ་དུ་ཨོཾ་ཨཱཿཧཱུྃ། ཛ་ལན་དྷ་རའི་ཞལ་དུ་ཨོཾ་ཨཱཿཧཱུྃ། །མེ་ཏྲི་པའི་ཞལ་དུ་ཨོཾ་ཨཱཿཧཱུྃ། བཛྲ་པཱ་ཎིའི་ཞལ་དུ་ཨོཾ་ཨཱཿཧཱུྃ། བྷ་དན་སུ་མ་ཏི་ཀཱིརྟིའི་ཞལ་དུ་ཨོཾ་ཨཱཿཧཱུྃ། རས་ཆུང་རྡོ་རྗེ་གྲགས་པའི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཞེས་བརྗོད། རྗེ་བཙུན་འཕགས་པ་འཇིག་རྟེན་དབང་ཕྱུག་དང་། །བཅོམ་ལྡན་འདས་མ་རྡོ་རྗེ་རྣལ་འབྱོར་མ། །རྡོ་རྗེ་རིན་ཆེན་པདྨ་ལས་ཀྱི་རིགས། །སྤྱན་རས་གཟིགས་བཞི་རིགས་བཞི་ཡུམ་བཞི་མཆོད། །རིགས་བཞི་མཁའ་འགྲོ་དཔའ་བོ་རྒྱ་མཚོ་དང་། །དཔའ་མོ་རྒྱ་མཚོ་གྲུབ་པ་བརྙེས་པ་རྣམས། །དམ་ཅན་རྒྱ་མཚོར་བདུད་རྩིའི་རྒྱུན་འབུལ་གྱི། །བཞེས་ནས་དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་བདུད་རྩི་འབུལ་ཞིང་། སྙིང་པོ་མང་ཉུང་ཅི་རིགས་བཟླའོ། ༈ རྫོགས་རིམ་ནི། རང་གི་ཐུགས་ཀའི་ཧྲིལས་འོད་ཟེར་འཕྲོས་པས་འཁོར་འདས་ཐམས་


CMR060_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ལྷར་གསལ་བ་ལ་ཕོག །དེ་ཐམས་ཅད་འོད་དུ་ཞུ་སྟེ་སྲུང་བའི་གུར་ཁང་ལ་ཐིམ། དེ་ཞུ་བ་ལས་རིམ་བཞིན་བདག་ཉིད་ལ་འདུས་ཏེ། བདག་ཉིད་ཐུགས་ཀའི་ཧྲུལ་ཐིམ། ཧཱུྃཡང་གོང་བུ་དང་ནཱ་དའི་གཟུགས་ལས་རྣམ་པར་འདས་ནས་རྣམ་པར་དག་པའི་རང་བཞིན་ནོ། །ཞེས་མཉམ་པར་བཞག །སླར་རང་ཉིད་ཞལ་གཅིག་ཕྱག་གཉིས་པའི་སྤྱན་རས་གཟིགས་སུ་གསལ་བར་གྱུར། དེའི་ང་རྒྱལ་གྱིས་སྤྱོད་ལམ་ཐམས་ཅད་བྱ་ཞིང་། དཀོན་མཆོག་རིན་ཆེན་གསུམ་ལ་ཕྱག་འཚལ་ལོ། །དགེ་བ་འདི་ཡིས་ཉེ་བར་མཚོན་ནས་ནི། །སེམས་ཅན་རྣམས་ཀྱི་དུས་གསུམ་བསགས་པ་ཡི། །ཟག་བཅས་ཟག་མེད་ཟུང་འཇུག་དགེ་བ་རྣམས། །བླ་མེད་བྱང་ཆུབ་ཆེན་པོར་བསྔོ་བར་བགྱི། །འགྲོ་ཀུན་ཐམས་ཅད་མཁྱེན་པ་ཐོབ་པར་ཤོག །ཀུན་གཞི་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ། །བདག་སོགས་སེམས་ཅན་ཐམས་ཅད་ཀྱིས། །དུས་གསུམ་བསགས་པའི་དགེ་བའི་རྩ་བ་འདིས། །དུས་གསུམ་གྱི་སངས་རྒྱས་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་གཅིག་ཏུ་བསྡུས་པ་ཙམ་བྱེ་བ་ཁྲག་ཁྲིག་བསམ་


CMR060_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་མི་ཁྱབ་པ་བདག་ལ་ད་ལྟ་ཉིད་དུ་འབྱུང་ཞིང་། འགྲོ་དྲུག་གི་སེམས་ཅན་ཐམས་ཅད་སྐད་ཅིག་ལ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགོད་པར་གྱུར་ཅིག །སྤྱན་རས་གཟིགས་དབང་འཇིག་རྟེན་མགོན། །ཚད་མེད་ཐུགས་རྗེའི་ཕྲིན་ལས་ཀྱིས། །རྩོད་དུས་བསྟན་པའི་སྙིགས་མ་འདིར། །སྤྱན་རས་གཟིགས་དབང་དཀྱིལ་འཁོར་དུ། །ཀུན་ཀྱང་སངས་རྒྱས་ཐོབ་པར་ཤོག །ཅེས་སོགས་བསྔོ་བ་སྨོན་ལམ་བྱའོ། །སློབ་དཔོན་པདྨའི་བཀྲ་ཤིས་ཤོག །ཐུགས་རྗེ་ཆེན་པོའི་བཀྲ་ཤིས་ཤོག །དཔའ་བོ་རྒྱ་མཚོའི་བཀྲ་ཤིས་ཤོག །དཔའ་མོ་རྒྱ་མཚོའི་བཀྲ་ཤིས་ཤོག །དམ་ཅན་རྒྱ་མཚོའི་བཀྲ་ཤིས་ཤོག །ཅེས་བརྗོད། ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousབཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་རྒྱ་མཚོ་ལྔའི་དཀྱིལ་འཁོར་གྱི་མངོན་རྟོགས་བྱིན་རླབས་ཐོགས་མེད་འགུགས་པའི་ལྕགས་ཀྱུ།next