Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཐུགས་རྗེ་ཆེན་པོའི་ཟབ་ལམ་དམར་ཁྲིད་ཀྱི་སྔོན་འགྲོའི་ངག་འདོན་ཐར་ལམ་ཐེམ་སྐས།
   
   
   


 
previousཐུགས་རྗེ་ཆེན་པོའི་ཟབ་ལམ་དམར་ཁྲིད་ཀྱི་སྔོན་འགྲོའི་ངག་འདོན་ཐར་ལམ་ཐེམ་སྐས།next

ཐུགས་རྗེ་ཆེན་པོའི་ཟབ་ལམ་དམར་ཁྲིད་ཀྱི་སྔོན་འགྲོའི་ངག་འདོན་ཐར་ལམ་ཐེམ་སྐས།


CMR060_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོའི་ཟབ་ལམ་དམར་ཁྲིད་ཀྱི་སྔོན་འགྲོའི་ངག་འདོན་ཐར་ལམ་ཐེམ་སྐས་ཤེས་བྱ་བ་བཞུགས་སོ།


CMR060_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་པདྨ་ཀཱ་ར་ཡེ། སྣང་མཐའི་མཁའ་ལ་སྤྱན་གཟིགས་ཉིན་བྱེད་ཤར། །པད་འབྱུང་འོད་ཟེར་འགྲོ་དེར་དངོས་སྣང་བ། །ཀརྨ་ཆགས་མེད་ཞབས་ལ་གུས་འདུད་དེ། །ཐུགས་རྗེ་ཆེན་པོའི་ཟབ་ལམ་དམར་ཁྲིད་ཀྱི། །སྔོན་འགྲོའི་ངག་འདོན་ཐར་ལམ་ཐེམ་སྐས་སྤེལ། །འདིར་བླ་མ་ཁྲིད་འཆད་ནུས་པ་ཡོན་ཏན་དང་ལྡན་པའི་མདུན་ནས། ཐུགས་རྗེ་ཆེན་པོའི་དམར་ཁྲིད་ལེགས་པར་ཐོབ་པའི་གང་ཟག་གིས་ཐུན་དྲུག་གམ་བཞི། ཐ་ནའང་ཉིན་བཞིན་ཉམས་ལེན་བགྱིད་འདོད་པས། ཀྱེ་མ་ཀྱེ་ཧུད་སྐལ་ལྡན་རིགས་ཀྱི་བུ། །མ་རིག་གཏི་མུག་དབང་གིས་མ་ནོན་པར། །བརྩོན་འགྲུས་ངར་བསྐྱེད་ད་ལྟ་ཡར་ལོངས་ལ། །ཐོག་མེད་


CMR060_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ནས་ད་ལ་ཐུག་གི་བར། །མ་རིག་གཏི་མུག་ངང་ཉལ་དེ་ཀས་ཆོག །ད་ནི་མ་ཉལ་སྒོ་གསུམ་དག་ལ་འབད། །ཅེས་པས། ཀྱེ་མ་ཀྱེ་ཧུད་དཀོན་མཆོག་ཐུགས་རྗེ་ཅན། །ཀུན་འདུས་བསླུ་མེད་སྐྱབས་གནས་པད་འབྱུང་རྗེ། །རྒྱལ་བ་ཁྱེད་ལ་ཐུགས་རྗེས་སྟོབས་མངའ་བ། །བདག་སོགས་རིགས་དྲུག་འཁོར་བ་སྡུག་བསྔལ་ལས། །ད་ལྟ་ཉིད་དུ་ཐར་བར་བྱིན་གྱིས་རློབས། །དེ་དག་གི་དོན་དྲན་བཞིན་དུ་ཚར་གསུམ་བརྗོད། དེ་ནས་ངག་བྱིན་བརླབ་ནི། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་སཏཱ་ས་མཱ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ། ཏིཥྛ་ཌོ་ལྷོ་མེ་བྷ་ཝ། སུ་ཏོཥྱོ་མེ་བྷ་


CMR060_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སུ་པོཥྱོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲེ་ཡ༔ ཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོ༔ བྷ་ག་བཱན་སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ། བཛྲ་བྷ་ཝ་མ་ཧཱ་ས་མ་ཡ་སཏྭ་ཨཱ༔ ཅེས་ཡིག་བརྒྱ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱི། ལི་ལཱི། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཱ། དབྱངས་ཡིག་དང་། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵ། གསལ་བྱེད་དང་། ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝཱ་ཧེ་དུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་ཝ་དཏ་ཏེ་ཥཉྩཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎ༔ ཚར་བདུན་བརྗོད། གང་གི་མི་ལུས་རིན་ཆེན་འདི། །རྒྱུ་འབྲས་ངོ་བོ་དེ་དོན་གྱིས། །དལ་འབྱོར་རྙེད་དཀའི་དོན་སྒོམ་བཞིན། །བརྩོན་འགྲུས་ཆེར་བསྐྱེད་ཉམས་ལེན་བྱ། །ཞེས་དང་། བསགས་པ་ཀུན་གྱི་མཐའ་འཛད་ཅིང་། །བསླང་བའི་མཐའ་ནི་འགྱེལ་བ་སྟེ། །འཕྲད་པའི་མཐའ་ནི་བྲལ་བའོ། །གསོན་པའི་མཐའ་ནི་འཆི་བ་ཡིན། །ཞེས་དང་། །ན་ནིང་ད་ལོ་ནམ་ཟླ་སྟོད་སྨད་དང་། །ཞག་དང་ཟ་མ་སྐད་ཅིག་མི་རྟག་པ། །ལེགས་པར་བསམ་ན་རང་ཉིད་འཆི་ལ་ཐུག །སྒྲུབ་ལ་སྙིང་རུས་ནུས་


CMR060_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱིན་གྱིས་རློབས། །ཞེས་དང་། མི་དགེའི་འབྲས་བུ་སྡུག་བསྔལ་ཏེ། །དགེ་བའི་ལས་ནི་བདེ་བ་ཐོབ། །འདྲེས་མས་བདེ་སྡུག་འདྲེས་འབྱུང་བས། །དགེ་སྡིག་ཆུང་ནས་བླང་དོར་བྱ། །ཞེས་དང་། སེམས་ཅན་དམྱལ་བ་དམྱལ་མེས་ཉམས། །ཡི་དྭགས་བཀྲེས་ཤིང་སྐོམ་པས་ཉམས། །ལྷ་རྣམས་བག་མེད་དག་གིས་ཉམས། །འཁོར་བ་ཁབ་ཀྱི་རྩེ་ཙམ་ལ། །བདེ་བ་ནམ་ཡང་ཡོད་མ་ཡིན། །དེ་ལྟར་ཐུན་མོང་སྔོན་འགྲོ་བཞིའི་དོན་ཡིད་ལ་དྲན་ཅིང་རང་ལ་འདྲེས་ངེས་པར་ཚིག་གིས་གསལ་འདེབས་ཤིང་དོན་བསྒོམ་མོ། །དེ་ནས་སྐྱབས་ཡུལ་ཚོགས་ཞིང་བསྒོམ་ལུགས་རྒྱས་བསྡུས་གཉིས་ལས་འདི་ནི་བསྡུས་པ་སྡེ། མདུན་གྱི་ནམ་མཁར་རིན་པོ་ཆེའི་ཁྲི། །རྨ་བྱ་བརྒྱད་བཏེག་པདྨ་ཟླ་བའི་གདན། །རྩ་བའི་བླ་མ་དང་ནི་དབྱེར་མེད་པ། །པད་འབྱུང་ཆོས་སྐུ་སངས་རྒྱས་འོད་དཔག་མེད། །སྐུ་མདོག་དམར་པོ་ཆོས་གོས་རྣམ་གསུམ་གསོལ། །རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་མཉམ་གཞག་གི །ཕྱག་རྒྱས་ལྷུང་བཟེད་འཛིན་པ་ཞལ་འཛུམ་བཅས། །མཛོད་སྤུ་དཀར་པོ་སྤྱན་གཉིས་ཞི་བས་ནི། །བདག་ལ་གཟིགས་ཤིང་དེ་ཡི་སྐུ་དགེ་འདུན། །གསུང་ནི་དམ་ཆོས་ཐུགས་ཉིད་སངས་རྒྱས་ཏེ། །ཡོན་


CMR060_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

ཏན་ཡི་དམ་ཕྲིན་ལས་མཁའ་འགྲོ་དང་། །ཆོས་སྐྱོང་ཀུན་འདུས་ངོ་བོར་བསྒོམ་པ་ལ། །འདི་ཕྱི་བར་གསུམ་ཅི་མཛད་ཁྱེད་ཤེས་ཀྱི། །བློ་སྙིང་ལིང་གིས་གཏད་ནས་སྐྱབས་འགྲོ་བྱ་། །པད་འབྱུང་ཆོས་སྐུ་རྒྱལ་བ་འོད་དཔག་མེད། །དབྱེར་མེད་དྲིན་ཅན་རྩ་བའི་བླ་མ་དང་། །སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གི་བསྐྱེད་རྫོགས་སྒོམ་པའི་བསོད་ནམས་ཀྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་སྐྱབས་སེམས་ཕྱོགས་བསྡམས་ལན་ཉེར་གཅིག་གམ་བརྒྱ་སྟོང་གང་འགྲུབ་མཚམས་ཐུན་བསྡུ་དུས། མདུན་གྱི་སྐྱབས་ཡུལ་འོད་ཞུ་བདག་ལ་ཐིམ། །རང་གི་ལུས་ངག་ཡིད་དང་སྐྱབས་ཡུལ་གྱིས། །སྐུ་གསུམ་ཐུགས་གསུམ་དབྱེར་མེད་རོ་གཅིག་ནས། །བསྐྱབ་བྱ་སྐྱབས་ཡུལ་སྐྱོབ་མཁན་རང་གི་སེམས། །ཇི་བཞིན་འཁྲུལ་མེད་རྟོགས་ན་དོན་གྱི་སྐྱབས། །མ་བཅོས་ཡེངས་མེད་ངང་ལ་ཅི་གནས་བཞག །ཅེས་མཉམ་པར་བཞག་གོ །དེ་ནས་གོང་གི་བྱང་ཆུབ་སེམས་བསྐྱེད་ཀྱི་དོན་རྩ་དང་ནི། བྱམས་དང་སྙིང་རྗེ་ལ་རག་ལས་ཏེ། དོན་རང་བྱང་ཆུབ་སེམས་ཀྱི་བདེ་བ་ཕར་བཏང་སྡུག་བསྔལ་ཚུར་ལེན་པའི་དམིགས་པ་འདི་གཙོ་བོ་ཡིན། རང་ཉིད་སྐད་ཅིག་ཐུགས་རྗེ་ཆེན་


CMR060_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དཀར། །ཞལ་གཅིག་ཕྱག་བཞི་གཞུང་ལྟར་ཝལ་གྱིས་བསྒོམ། །རླུང་གཅིག་ཕར་བུས་རང་གི་བདེ་སྐྱིད་དང་། །དགེ་རྩ་ཅི་ཡོད་སེམས་ཅན་ཐམས་ཅད་ལ། །སིབ་སིབ་ཐིམ་པས་སེམས་ཅན་ཐམས་ཅད་ཀྱི། །བདེ་རྒྱུ་བསོད་ནམས་ཡེ་ཤེས་ཚོགས་གཉིས་རྫོགས། །བདེ་སྐྱིད་ཕུན་སུམ་ཚོགས་པ་ལྡན་པར་བསམ། །མཁའ་མཉམ་སེམས་བདེ་དང་ལྡན་གྱུར་ཅིག །དེ་ནི་བྱམས་པ་ཚད་མེད་ཅེས་སོ། །རླུང་ཞིག་ཚུར་རྔུབ་མཁའ་ཁྱབ་སེམས་ཅན་གྱི། །སྡུག་བསྔལ་ཐམས་ཅད་རུབ་ཀྱིས་བསྡུས་ནས་ཀྱང་། །རང་ལ་ཐིམ་པས་མེ་ལ་ཤིང་བསྣན་ལྟར། །རང་ཉིད་བཀྲག་མདངས་གཟི་བརྗིད་སྔར་ལས་རྒྱས། །རིགས་དྲུག་འཁོར་བའི་སྡུག་བསྔལ་རྒྱུ་དག་ནས། །ཉོན་མོངས་ཤེས་བྱའི་སྒྲིབ་གཉིས་བྱང་བར་བསྒོམ། །དུས་རྣམས་རྟག་ཏུ་སྡུག་བསྔལ་མེད་པར་ཤོག །ཅེས་སྙིང་རྗེ་ཚད་མེད་ཡིན། དོན་དེ་བསྒོམ་བཞིན་བཏང་ལེན་དམིགས་པ་ཉེར་གཅིག་ལས་མིང་ཉུང་བ་བརྒྱ་སྟོང་དང་། འབུམ་ཐེར་སོགས་འགྲུབ་ན་ལེགས། ཐུན་བསྡུ་ཁར་དེ་ལྟར་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་བཞིན་དུ་གནས་ན། བུ་གཅིག་པུ་གཡུལ་ལས་མགོ་ཐོན་པ་དང་འཕྲད་པའི་མ་ལྟ་བུའི་དགའ་བས། བདེ་སྐྱིད་ཕུན་སུམ་ཚོགས་དང་མི་འབྲལ་


CMR060_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་གཏེར་རྩ་གཞུང་། ཚིག་དེ་ལན་གསུམ་སོགས་གསལ་འདེབས་པ་དགའ་བ་ཕུན་སུམ་ཚོགས་པའོ། །མདོར་ན་འཁོར་བར་འཁྱམས་ཏེ་སྡུག་བསྔལ་མྱོང་བུའི་རྒྱུ་ནི་ཉེ་རིང་ཆགས་སྡང་ཁོ་ན་ཡིན་པས་དེ་དང་འབྲེལ་བར་གྱུར་ཅིག་བསམས་པས། ཉེ་རིང་ཆགས་སྡང་མེད་པའི་བཏང་སྙོམས་ཤོག །ཅེས་པ་ནི་བཏང་སྙོམས་ཚད་མེད་པ་སྟེ་ལན་གསུམ་སོགས་ཞེ་ཐག་པ་ནས་བརྗོད། དེ་དག་ནི་ཀུན་རྫོབ་སེམས་བསྐྱེད་ཡིན་ཞིང་། དོན་དམ་སེམས་བསྐྱེད་ནི། དེ་ལྟར་དགེ་རྩ་བཏང་དང་སྡིག་སྒྲིབ་བླང་། །སེམས་བསྐྱེད་མཁན་དང་སྐྱབས་ཡུལ་སེམས་ཅན་རྣམས། །མ་བཅོས་སེམས་ཉིད་ངང་དུ་རོ་གཅིག་པས། །དེ་ལྟར་མ་རྟོགས་འགྲོ་རྣམས་སྙིང་རྗེ་བས། །རང་སེམས་མ་ཡེངས་གང་ཤང་ངང་དུ་བཞག །ཅེས་མཉམ་པར་གཞག་གོ ༈ །དེ་ནས་སྡིག་སྒྲིབ་སྦྱོང་བྱེད་རྡོར་སེམས་སྒོམ་བཟླས་ནི། སྡིག་པ་སྟོབས་བཞིའི་སྒོ་ན་བཤགས་དགོས་པར་གསུངས་པས། རང་ཉིད་ཐ་མལ་གནས་པའི་སྤྱི་གཙུག་ཏུ། །རྩ་བའི་བླ་མ་པད་འབྱུང་དབྱེར་མེད་པ། །རྟེན་གྱི་སྟོབས་གྱུར་བཅོམ་ལྡན་རྡོ་རྗེ་སེམས། །དཀར་གསལ་ཞལ་གཅིག་ཞི་འཛུམ་ཕྱག་གཡས་ཀྱི། །རྡོ་རྗེ་ཐུགས་ཀར་འཛིན་ཅིང་གཡོན་དྲིལ་བུ། །དཀུར་བརྟེན་སྟོད་གཡོགས་དར་དཀར་ཤམ་ཐབས་ཅན། །དབུ་རྒྱན་ལ་སོགས་ལོངས་སྤྱོད་རྫོ་གས་པ་


CMR060_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

ཡི། །ཆས་རྫོགས་ཞབས་གཉིས་སེམས་དཔའི་སྐྱིལ་ཀྲུང་བཞུགས། །ཐུགས་ཀར་ཟླ་སྟེང་ཧཱུྃ་ལ་ཡིག་དྲུག་དང་། །ཡིག་བརྒྱས་གཡས་བསྐོར་དེ་ལས་འོད་ཟེར་འཕྲོས། །ཕྱོགས་བཅུའི་དཀོན་མཆོག་རྩ་གསུམ་སྤྱན་དྲངས་ཐིམ། །དཀོན་མཆོག་ཀུན་འདུས་བོ་ངོར་གསལ་བར་གྱུར། །རང་གིས་སྔར་བྱས་སྡིག་ལ་འགྱོད་སེམས་ནི། །བཙན་དུག་ཁོང་དུ་ཟོས་ལྟར་བསམ་པ་ནི། །སུན་འབྱིན་སྟོབས་ཀྱིས་དད་པས་གསོལ་བ་བཏབ། །ཅེས་ཡིད་ལ་གསལ་བཏབ་ལ། རྩ་བའི་བླ་མ་པད་འབྱུང་རྡོར་སེམས་ཀྱིས། །བདག་དང་མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱི། །སྡིག་སྒྲིབ་དམ་ཚིག་ཉམས་ཆག་མ་ལུས་པ། །མྱུར་དུ་བྱང་ཞིང་དག་པར་མཛད་དུ་གསོལ། །ཞེས་གསོལ་བ་ལན་གསུམ་བཏབ་བོ། །སྔགས་ལས་བདུད་རྩིའི་རྒྱུན་བབ་སྐུ་ལུས་གང་། །ཞབས་གཡས་མཐེ་བོང་ནས་ཐོན་ཚངས་བུག་ཞུགས། །ལུས་གང་སྡིག་སྒྲིབ་ཀུན་དག་རང་ལུས་ནི། །ཤེལ་གོང་དབྱ་དག་ལྟ་བུར་གྱུར་བསྒོམ་ཞིང་། །གཉན་པོ་ཀུན་ཏུ་སྤྱོད་པའི་ཡིག་བརྒྱ་བཟླ། །ཞེས་བསྒོམ་སྟེ་མ་ཡེངས་པར། ཨོཾ་བཛྲ་སཏཱ་ས་མཱ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ། ཌ་དྷོ་མེ་


CMR060_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

བྷ་ཝ། སུ་ཏོཁྱོ་མེ་བྷ་ཝ། ཨ་ནུ་རཀྟ་མེ་བྷ་ཝ། སུ་པོབྱོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤེ་ཡ་ཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོ༔ བྷ་ག་བཱ་སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ། བཛྲ་བྷ་ཝ་མ་ཧཱ་ས་མ་ཡ་སཏྭ་ཨཱ༔ ཞེས་ཡིག་བརྒྱ་དང་། ཨོཾ་བཛྲ་སཏྭ་ཧཱུྃ། ཞེས་ཡིག་དྲུག་ཅི་འགྲུབ་བཟླས་ལ། མགོན་པོ་བདག་ནི་མི་ཤེས་རྨོངས་པ་ཡི། །སྡོམ་གསུམ་རྒྱལ་བའི་བཀའ་ལས་འགལ་གྱུར་པའི། །སྡིག་སྒྲིབ་ཐམས་ཅད་འགྱོད་པས་མཐོལ་བཤགས་ནས། །ཆུར་ལོན་སླན་ཆད་མི་བགྱིད་དམ་བཅའ་བས། །མྱུར་དུ་མངོན་སངས་རྒྱས་པར་བྱིན་གྱིས་རློབས། །རྡོ་རྗེ་སེམས་དཔའི་ཞལ་ནས་བུ་ཁྱོད་ཀྱི། །སྡིག་སྒྲིབ་དག་གོ་གསུང་ནས་འོད་དུ་ཞུ། །རང་ལ་ཐིམ་ནས་དབྱེར་མེད་རོ་གཅིག་གྱུར། །དེ་བས་ཟབ་ཁྲིད་འདི་ཉིད་ཀྱི་ཟབ་ཁྱད་སྒྲིབ་སྦྱངས་ཧྲི༔ཡིག་སྦྱོར་བ་བཞི་བསྒོམ་པ་ནི། རང་ཉིད་ཐ་མར་སྤྱི་གཙུག་ཧྲིདཀར་པོ། །ཚེག་དྲག་དང་བཅས་འོད་ཟེར་འཕྲོ་བ་ལས། །བདུད་རྩི་འོ་རྒྱུན་ལྟར་བབ་ལུས་ནང་གང་། །སྡིག་སྒྲིབ་ཐམས་ཅད་དུད་སོལ་ཁུ་བ་ལྟར། །ཕྱིར་ཐོན་རང་ལུས་ཤེལ་སྒོང་ལྟར་དུ་གྱུར། །ཞེས་གསལ་བཏབ་ལ། ཧཱུྃཁོ་ན་བཟླ་བར་བྱའོ། །ཐུན་མཐར་རང་ལུས་འོད་ཞུ་ཡར་


CMR060_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུར་ཐིམ། དེ་ཡང་ར་ཏ་ཧ་མགོ་གི་གུ་རིམ། །མས་ནས་ཡར་ཡལ་དམིགས་མེད་ངང་དུ་བཞག །དེ་ནས་ཚོགས་གཉིས་རྫོགས་པར་བྱེད་པ་མཎྜལ་ནི། མདུན་གྱི་ནམ་མཁར་རྨ་བྱ་བརྒྱད་བཏེག་ཁྲིར། །པད་ཟླའི་གདན་ལ་པད་འབྱུང་ཆོས་ཀྱི་སྐུ། །རྩ་བའི་བླ་མ་དཀོན་མཆོག་ཀུན་འདུས་པ། །སངས་རྒྱས་འོད་དཔག་མེད་པ་སྐུ་མདོག་དམར། །གཙུག་ཏོར་མཛོད་སྤུ་དཀར་སོགས་མཚན་དཔེ་རྫོགས། །ཆོས་གོས་གསུམ་གསོལ་རྡོ་རྗེ་སྐྱིལ་ཀྲུང་བཞུགས། །ཕྱག་གཉིས་མཉམ་བཞག་ལྷུང་བཟེད་བདུད་རྩིའི་བཀང་། །འོད་དང་གཟི་བརྗིད་ཉི་མ་འབུམ་བཞིན་འབར། །དེ་ནས་ཚོགས་ཞིང་དེའི་མདུན་དུ་ཕྱི་ནང་གསང་བའི་མཎྜལ་གསུམ་ལས། རྒྱས་བསྡུས་རང་གི་འདོན་གང་ཤེས་བརྗོད་པས་ཆོག་ཅིང་། གྲངས་བསོགས་པ་ལ་ཐོག་མར་ཕྱག་ལེན་ལྟར་བཀོད་ལ། སོ་བདུན་མ་ཚར་གང་འགྲུབ་འདོན་ཏེ། ཕྱིའི་མཎྜལ་ཡིན། ཨོཾ་བཛྲ་བྷ་མི་ཨཱཿཧཱུྃ། གཞི་རྣམ་པར་དག་པ་དབང་ཆེན་གསེར་གྱི་ས་གཞི། ཨོཾ་བཛྲ་རེ་ཁེ་ཨཱཿཧཱུཾ། ཕྱི་ལྕགས་རི་འཁོར་ཡུག་གི་ར་བས་ཡོངས་སུ་བསྐོར་བའི་དབུས་སུ་རིའི་རྒྱལ་པོ་རི་བོ་མཆོག་རབ། ཤར་ལུས་འཕགས་པོ། ལྷོ་ཛམ་བུ་གླིང་། ནུབ་བ་ལང་སྤྱོད། བྱང་སྒྲ་མི་སྙན། ལུས་


CMR060_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལུས་འཕགས། རྔ་ཡབ་དང་རྔ་ཡབ་གཞན། གཡོ་ལྡན་དང་ལམ་མཆོག་འགྲོ། སྒྲ་མི་སྙན་དང་སྒྲ་མི་སྙན་གྱི་ཟླ། རིན་པོ་ཆེའི་རི་བོ། དཔག་བསམ་གྱི་ཤིང་། འདོད་འཇོའི་བ། མ་རྨོས་པའི་ལོ་ཏོག །འཁོར་ལོ་རིན་པོ་ཆེ། ནོར་བུ་རིན་པོ་ཆེ། བཙུན་མོ་རིན་པོ་ཆེ། བློན་པོ་རིན་པོ་ཆེ། གླང་པོ་རིན་པོ་ཆེ། རྟ་མཆོག་རིན་པོ་ཆེ། །དམག་དཔོན་རིན་པོ་ཆེ། གཏེར་ཆེན་པོའི་བུམ་པ། སྒེག་མོ་མ། ཕྲེང་བ་མ། གླུ་མ། གར་མ། མེ་ཏོག་མ། བདུག་སྤོས་མ། སྣང་མ་ཟླ་བ། རིན་པོ་ཆེའི་གདུགས། ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན། །དབུས་སུ་ལྷ་དང་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ། རབ་འབྱམས་རྒྱ་མཚོའི་རྡུལ་གྱི་གྲངས་ལས་འདས་པ་མངོན་པར་བཀོད་དེ། བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་རྣམས་ལ་དབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། བཞེས་ནས་བྱིས་གྱིས་བརླབ་ཏུ་གསོལ། རྒྱུན་ཁྱེར་བྱེད་དམ་བསྡུ་ན། ཨོཾ་ཨཱཿཧཱུྃ། སྟོང་ཉིད་


CMR060_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

གིས་བཏེག །ཆུ་རྔམས་འབུམ་ཕྲག་བཅུ་གཅིག་རྒྱ་མཚོའི་སྟེང་། །གསེར་གྱི་ས་གཞི་རི་རབ་གླིང་བཞི་དང་། །གླིང་ཕྲན་ཉི་ཟླ་ལྷ་མིའི་འདོད་ཡོན་བཅས། །ཀུན་བཟང་མཆོད་སྤྲིན་ཚོམ་བུར་བཀོད་བྱས་ནས། །རྩ་བའི་བླ་མ་པད་འབྱུང་དབྱེར་མེད་པ། །སངས་རྒྱས་འོད་དཔག་མེད་ལ་འབུལ་བར་བགྱི། །ཚོགས་གཉིས་ཡོངས་སུ་པར་བྱིན་གྱིས་རློབས། །ཞེས་གྲངས་གང་འགྲུབ་བྱ་བའོ། །ནང་གི་མཎྜལ་ནི། སྐྱབས་གནས་པད་འབྱུང་རྩ་བའི་བླ་མ་དང་། །དབྱེར་མེད་སངས་རྒྱས་འོད་དཔག་མེད་མགོན་ལ། །བདག་ལུས་ལོངས་སྤྱོད་ཉེ་དུ་འཁོར་གཡོག་བཅས། །མཎྜལ་གཅིག་ཏུ་བསྡུས་ཏེ་དབུལ་བར་བགྱི། །དཔེར་ན་འབུལ་བ་ཚར་བའི་ཡོན་བདག་བཞིན། །ཆགས་ཞེན་འཁྲི་བ་ཆོད་པར་བྱིན་གྱིས་རློབས། །དེ་ལྟར་གྲངས་གང་འགྲུབ་སོང་ནས། དེ་དག་ནི་རྒྱུ་བསོད་ནམས་ཀྱི་ཚོགས་བསགས་པའོ། །དེ་རྣམས་འབྲས་བུ་ཡེ་ཤེས་ཀྱི་ཚོགས་བསགས་པ། གསང་བའི་མཎྜལ་ནི། མདུན་གྱི་ཚོགས་ཞིང་འོད་ཞུ་བདག་ལ་ཐིམ། །མཆོད་ཡུལ་མཆོད་བྱ་མཆོད་མཁན་ཐམས་ཅད་ནི། །སེམས་ཀྱི་འདུ་བྱེད་ལས་གཞན་མ་མཆིས་པས། །མ་བཅོས་ཡེངས་མེད་རང་གསལ་ངང་དུ་


CMR060_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

བཞག ཅེས་ཅི་གནས་སུ་མཉམ་པར་བཞག་གོ །དེ་ནས་གོ་རིམ་བྱས་ན་བླ་མའི་རྣལ་འབྱོར་སྔོན་ལ་ཡིན་ཡང་། རང་ལུས་ལྷར་མ་བསྒོམས་ན་བླ་མའི་བྱིན་རླབས་འཇུག་དཀའ་བས། རྒྱལ་པར་ན་འདི་ཉིད་རྒྱལ་བ་རྒྱ་མཚོའི་འབྲེལ་བ་ཡིན་པས་རྒྱལ་རྒྱམ་ལྷ་དགུ་ལྷ་ལྔ་གང་རིགས་ཀྱི་བསྐྱེད་རིམ་ཕྱི་ནང་གསང་བའི་སྒྲུབ་ཐབས་དང་བཅས་པ་སྦྲེལ་དགོས་རྒྱུ་ཡིན་པར་སྣང་ཡང་བསྡུ་ན། ཀུན་མཁྱེན་ཨ་རཱ་ག་ཉིད་ཀྱི་བཞེད་པ་ལྟར་གྱི་ཐུགས་རྗེ་ཆེན་པོའི་ཁྲོམ་ཆོས་དཀོན་མཆོག་ཡན་ལག་གི་ཚིགས་བཅད་དུ་ཕབ་པ་ནི། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། །རང་གི་རྣམ་ཤེས་ཧཱིཝཡིག་དཀར། །འོད་ཟེར་དཀར་པོ་འཕྲོ་བ་ཡི། །སེམས་ཅན་ཀུན་གྱི་སྡིག་སྒྲིབ་དག ། ཕྱི་སྣོད་གཞལ་ཡས་ནང་བཅུད་ལྷ། །འོད་ཟེར་ཚུར་འདུས་ཧྲིལ་ཐིམ། །པདྨ་ཉི་ཟླའི་གདན་གྱི་སྟེང་། །ཧཱི༔ཡིག་འོད་དུ་ཞུ་བ་ལས། །རང་ཉིད་ཐུགས་རྗེ་ཆེན་པོར་གྱུར། །སྐུ་མདོག་དཀར་པོ་ཞལ་གཅིག་པ། །པདྨ་རྒྱས་ལྟར་འཛུམ་མདངས་ཅན། །རལ་པའི་ཐོར་ཚུགས་བཅིངས་པ་ལ། །རིན་ཆེན་ལྔ་ཡི་རྩེ་བྲན་ཅན། །དར་གྱི་ཅོད་པན་གྱིས་བརྒྱན་པ། །ཕྱག་བཞི་དང་པོའི་ཐལ་མོ་སྦྱར། །གཡས་འོག་མུ་ཏིག་ཕྲེང་བ་འཛིན། །གཡོན་གྱི་འོག་མས་པདྨ་འཛིན། །རིན་ཆེན་སྣ་ཚོགས་མགུལ་དོ་དང་། །སེ་མོ་དོ་དང་དོ་ཤལ་


CMR060_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །དོ་ཤལ་ཕྱེད་པས་ཡང་དག་བརྒྱན། །ཕྱི་དང་ནང་ནི་སྒྲིབ་མེད་གསལ། །ཞབས་གཉིས་སྐྱིལ་མོ་ཀྲུང་གིས་བཞུགས། །འོད་ཟེར་སྣ་ཚོགས་འཕྲོ་བ་ནི། །དམ་ཚིག་སེམས་དཔའི་རང་བཞིན་ནོ། །ཐུགས་ཀར་ཟླ་བའི་དཀྱིལ་འཁོར་སྟེང་། །ཧཱི༔ཡིག་ཡི་གེ་དཀར་པོ་ལ། །ཡི་གེ་དྲུག་པས་གཡས་སུ་བསྐོར། །དེ་ནི་ཏིང་འཛིན་སེམས་དཔའ་འོ། །ཨོཾ་མ་ཎི་པདྨེ་ཧཱུཾ། ཞེས་པ་ངག་ཏུ་བརྗོད་པའི་མཐུས། །དུས་གསུམ་བདེ་གཤེགས་ཐམས་ཅད་ནི། །ཐུགས་རྗེ་ཆེན་པོའི་ངོ་བོ་རུ། །གྱུར་ཏེ་ཆར་ལྟར་རང་ལ་ཐིམ། །ཡེ་ཤེས་སེམས་དཔའི་ཡོངས་རྫོགས་པ། །སྣོད་བཅུད་ཐམས་ཅད་ལྷ་རུ་གྱུར། །སྣང་བ་སྐུ་ཡི་ཁྱེར་སོ་ཡིན། །སྒྲ་སྐད་ཐམས་ཅད་ཡི་གེ་དྲུག །གྲག་པ་གསུང་གི་ཁྱེར་སོ་ཡིན། །སེམས་ནི་ཟུང་འཇུག་རང་བྱུང་སྟེ། །དྲན་རྟོགས་ཐུགས་ཀྱི་ཁྱེར་སོ་ཡིན། །ཨོཾ་མ་ཎི་པདྨེ་ཧཱུཾ། ཞེས་ཅི་འགྲུབ་ཏུ་བཟླས་པའོ། །དེ་ནས་ཉམས་ལེན་ཐམས་ཅད་ཀྱི་བླ་མའི་རྣལ་འབྱོར་ནི། རང་ཉིད་ཡི་དམ་ལྷར་གསལ་སྤྱི་གཙུག་གི །ཁྲུ་གང་ནམ་མཁར་འོད་ལྔའི་གུར་ཁྱིམ་དབུས། །སེང་གེ་བརྒྱད་བཏེག་པདྨ་ཉི་ཟླའི་ཁྲིར། །རྩ་བའི་བླ་མ་པད་འབྱུང་


CMR060_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་སྐུའི་ཚུལ། །བཅུ་དྲུག་ན་ཚོད་དཀར་དམར་མདངས་དང་ལྡན། །ཆོས་གོས་ཟབ་བེར་ཕོད་ཀ་པད་ཞུ་མཛེས། །ཕྱག་གཡས་རྡོ་རྗེ་གཡོན་པར་བྷན་དྷ་འཛིན། །ཁ་ཊཾ་མཆན་བཅུག་འོད་ཟེར་སྟོང་ཁམས་ཁེངས། །ཞལ་གཅིག་ཞི་འཛུམ་བརྩེ་བས་བདག་ལ་གཟིགས། །གནས་གསུམ་འབྲུ་གསུམ་འོད་ཀྱིས་བདེ་ཆེན་སོགས། །ཕྱོགས་བཅུའི་ཞིང་ནས་སྐྱབས་གསུམ་རྩ་བ་གསུམ། །སྤྱན་དྲངས་ཐིམ་པས་ཀུན་འདུས་ངོ་བོར་གྱུར། །ཧཱུྃ་ཧཱི༔ སྔོན་གྱི་བསྐལ་པའི་དང་པོ་ལ། །ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས། །པདྨ་གེ་སར་སྡོང་པོ་ལ། །ཡ་མཚན་མཆོག་གི་དངོས་གྲུབ་བརྙེས། །པདྨ་འབྱུང་གནས་ཞེས་སུ་གྲགས། །འཁོར་དུ་མཁའ་འགྲོ་མང་པོའི་བསྐོར། །ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཕྱིར། །བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། །གནས་མཆོག་འདི་རུ་བྱིན་ཕོབ་ལ། །སྒྲུབ་མཆོག་བདག་ལ་དབང་བཞི་བསྐུར། །བགེགས་དང་ལོག་འདྲེན་བར་ཆད་སོལ། མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མཱ་ཡ་ཛ༔ སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཧཱིམ་ཧ་རི་ནི་ས་ར་ཙ་ཧཱི་ཡ་


CMR060_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

ཙིཏྟ་ཧྲི་ཧྲི་ཛ་ཛ༔ གསོལ་འདེབས་ཚར་མང་དུ་བརྗོད་རྗེས། སྐྱབས་གནས་ཀུན་འདུས་པདྨ་འབྱུང་གནས་དང་། །དབྱེར་མེད་རྩ་བའི་བླ་མ་འོད་དཔག་མེད། །དད་པས་སྤྱན་དྲོངས་དགྱེས་པའི་གདན་ལ་བཞུགས། །གུས་པས་ཕྱག་འཚལ་སྙིང་ནས་སྐྱབས་སུ་མཆི། །བདག་ལུས་ལོངས་སྤྱོད་དུས་གསུམ་དགེ་རྩས་མཆོད། །ཐོག་མེད་ནས་བསགས་སྡིག་བཤགས་ཕྱིན་ཆད་སྡོམ། །མགོན་པོའི་མཛད་པར་ཡི་རང་ཆོས་འཁོར་བསྐུལ། །མྱ་ངན་མི་འདར་གསོལ་འདེབས་དུས་གསུམ་དགེ །མཁའ་ཁྱབ་འགྲོ་བ་སངས་རྒྱས་ཐོབ་ཕྱིར་བསྔོ། །ཞེས་ཡན་ལག་བཅུ་པའི་ཚིག་དོན་དྲན་བཞིན་ཚར་གསུམ་བརྗོད། སྤྱི་བོའི་རྩ་བའི་བླ་མ་སྙིང་ཐག་ནས། །གློ་སྙིང་གཏད་དེ་དད་པས་གསོལ་བ་འདེབས། །འདིར་སྤྲོ་ན་རྫོགས་ཆེན་རྙིང་ལུགས་གསོལ་འདེབས་འཐུས་ཆེ་ལེའུ་བདུན་མའི་སྤྲོས་བྲལ་བདེ་ཆེན་མ་དང་། གསར་ལུགས་ཕྱག་ཆེན་གསོལ་འདེབས་འགྱུར་ཆེ་རྡོ་རྗེ་འཆང་ཆེན་མ་འདོན་ཅིང་། དེ་ཙམ་མི་ནུས་ན་ནི་རང་གཞུང་དམར་ཁྲིད་རིང་བརྒྱུད་ཀྱི་གསོལ་འདེབས་རང་འདོད་མོས་བློའི་བཟོས་པ་ནི། ན་མོ་གུ་རུ་པདྨ་ཀ་ར་ཡེ། ཐོག་མའི་སངས་རྒྱས་ཀུན་བཟང་འོད་དཔག་མེད། །རྡོ་རྗེ་འཆང་ཆེན་འཕགས་པ་ནམ་མཁའི་རྒྱལ། །རྡོར་སེམས་


CMR060_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་རབ་རྡོ་རྗེ་ཤྲཱི་སེང་། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །པད་འབྱུང་སློབ་དཔོན་རིན་ཆེན་ས་ར་ཧ། །ཏེ་ལོ་ནཱ་རོ་གྲུབ་ཆེན་ཤ་བ་རི། །མེ་ཏྲེ་རྗེ་འབངས་ཉེར་ལྔ་མར་མི་གཉིས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཞེས་པ་ཕྱག་རྫོགས་གཉིས་སོ། །ཐུབ་དབང་འཇམ་དཔལ་བྱམས་པ་ཀླུ་སྒྲུབ་དང་། །ཐོགས་མེད་དབྱིག་གཉེན་གྲོལ་སྡེ་རྣམ་གཉིས་ཞབས། །ཞི་ལྷ་གསེར་གླིང་ཨ་ཏི་ཤ་དང་འབྲོམ། །རྒྱལ་སྲས་མཆེད་གསུམ་ལྕགས་རི་པ་རྣམས་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །བློ་སྦྱོང་བརྒྱུད་པའོ། །སྤྱན་རས་གཟིགས་དབང་དགེ་སློང་མ་དཔལ་མོ། །པདྨ་བཛྲ་ཛ་ལེནྡྷ་རི་པ། །མི་ཏྲ་ཛོ་ཀི་གྲུབ་རྒྱལ་ཏི་པུ་པ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །དམར་ཁྲིད་བརྒྱུད་པའི་ཕུག །དེ་ལྟར་གྱི་བརྒྱུད་པ་རྣམས་རིམ་པར་ཀཾ་ཚང་དོན་བརྒྱུད་འདུས་ཚུལ་ནི།་ཟླ་འོད་གཞོན་ནུ་རས་ཆུང་དངོས་གྲུབ་པ། །ཉང་རལ་བྲག་དཀར་བ་དང་དུས་གསུམ་མཁྱེན། །ཟངས་རི་རས་པ་རས་ཆེན་སྤོམ་བྲག་པ། །བྱམས་པ་འབུམ་དང་པཀྴི་ཨོ་རྒྱན་པ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །དགེ་


CMR060_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

འདུན་འབུམ་དང་པདྨ་ལས་འབྲེལ་རྩལ། །ལེགས་ལྡན་རང་བྱུང་རྡོ་རྗེ་གཡུང་སྟོན་པ། །རོལ་རྡོར་མཁའ་སྤྱོད་དབང་དང་དེ་བཞིན་གཤེགས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །སངས་རྒྱས་གླིང་པ་བླ་མ་ཡེ་ཤེས་པ། །རཏྣ་བྷ་དྲ་མཐོང་བ་དོན་ལྡན་དང་། །ཚེམ་བུ་ཟླ་བ་རྒྱལ་མཚན་འཇམ་དཔལ་བཟང་། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །དཔལ་འབྱོར་དོན་གྲུབ་རཏྣ་གླིང་པ་དང་། །ཆོས་གྲགས་རྒྱ་མཚོ་སངས་རྒྱས་མཉན་པའི་མཚན། །མི་བསྐྱོད་རྡོ་རྗེ་དཀོན་མཆོག་ཡན་ལག་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །གྲགས་པ་མཆོག་དབྱངས་ཆོས་ཀྱི་རྒྱལ་མཚན་་་སི་ཏུ་པ། ཞབས། །དཀོན་མཆོག་དཔལ་འབྱོར་བཀྲ་ཤིས་དཔལ་གྲུབ་་་སྟག་ལུང་པ། པ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །གཏེར་སྟོན་ཡིན། ཕྲིན་ལས་རྣམ་རྒྱལ་འབྲི་གུང་པ། ཀརྨ་བསྟན་འཕེལ་་་འབྲུག་པ། མཚན། །སྒྲུབ་བརྒྱུད་བསྟན་པ་རྣམ་རྒྱལ་ལ་སོགས་པའི། །བརྒྱུད་པའི་བླ་མ་གྲུབ་ཐོབ་རྒྱ་མཚོ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཀུན་མཁྱེན་དེ་དག་


CMR060_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གྱི་ཐུགས་ཀྱི་བཅུད། །གཅིག་བསྡུས་ཀུན་བཟང་དགོངས་པ་མངོན་གྱུར་པ། །པད་འབྱུང་འགྲོ་ངོར་དངོས་ཤར་ཆགས་མེད་ཞབས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཞེས་རིང་བརྒྱུད་དེ། འདི་ཕྱིན་བདག་ཀརྨ་བདེ་ཆེན་ལྟར་ན། བརྩོན་འགྲུས་རྒྱ་མཚོ་པདྨ་དོན་གྲུབ་མཚན། །འདྲེན་མཆོག་དམ་པ་པདྨ་ལྷུན་གྲུབ་དང་། །བཀའ་དྲིན་ཟླ་མེད་རྩ་བའི་བླ་མ་མཆོག །ཀརྨ་སུ་ཌ་གནྡྷའི་ཞབས་དེ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱི། །མི་རྟག་འཆི་དྲན་ལོང་མེད་རྒྱུད་ལ་སྐྱེས། །བདག་འཛིན་བློས་ཐོངས་དགོས་མེད་ཞེན་པ་ལོག །ཆོས་བརྒྱད་མགོ་བོ་སྙོམ་པར་བྱིན་གྱིས་རློབས། །དུག་ལྔ་ལམ་ཁྱེར་རང་སེམས་སྐྱེ་མེད་རྟོག །འཁྲུལ་པ་རང་སངས་སྣང་སྲིད་ཆོས་སྐུར་ཤར། །སྣང་བཞི་ཟད་འཁྱོལ་ཉིན་མཚན་འོད་གསལ་འདྲེས། །ཚེ་གཅིག་སངས་རྒྱས་འགྲུབ་པར་བྱིན་གྱིས་རློབས། །འབྲེལ་ཚད་དོན་ལྡན་འདི་ནས་འཕོས་མ་ཐག །སྐྱེ་མཁན་བར་མ་ཆོད་པར་བདེ་ཆེན་སྐྱེས། །ས་ལམ་མཐར་ཕྱིན་སླར་ཡང་འགྲོ་བའི་དོན། །སྤྱན་རས་གཟིགས་དང་མཉམ་པར་བྱིན་གྱིས་རློབས། །ཞེས་


CMR060_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་པའི་གསོལ་འདེབས་རྒྱས་པ་དང་། ཉེ་བར་དོན་བརྒྱུད་རང་ནི། མཁའ་ཁྱབ་ཐོག་མའི་མགོན་པོ་འོད་དཔག་མེད། །ལྔ་ལྡན་ལོང་སྐུའི་ཞིང་བདག་སྤྱན་རས་གཟིགས། །གང་འདུལ་སྤྲུལ་སྐུ་གུ་རུ་པད་འབྱུང་རྗེ། །འགྲོ་ངོར་དངོས་ཤར་ཀརྨ་ཆགས་མེད་ཞབས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །བརྩོན་འགྲུས་རྒྱ་མཚོ་པདྨ་དོན་གྲུབ་མཚན། །འདྲེན་མཆོག་དམ་པ་པདྨ་ལྷུན་གྲུབ་དང་། །བཀའ་དྲིན་ཟླ་མེད་བདེ་ཆེན་སྙིང་པོ་སོགས། །རྩ་བར་བརྒྱུད་པའི་རྣམ་འདྲེན་མ་ལུས་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །དེ་ལྟར་གསོལ་བ་བཏབ་པའི་ཐུགས་རྗེ་ཡིས། །གནས་ལུགས་མངོན་མཐོང་འདི་ནས་འཕོས་མ་ཐག །སྐྱེ་གཞན་བར་མ་ཆོད་པར་བདེ་ཆེན་སྐྱེས། །ས་ལམ་མཐར་ཕྱིན་སླར་ཡང་འགྲོ་བའི་དོན། །སྤྱན་རས་གཟིགས་དང་མཉམ་པར་བྱིན་གྱིས་རློབས། །ཞེས་མོས་གུས་དྲག་པོས་གསོལ་བ་ཡང་ཡང་བཏབ་ནས། །དེ་ལྟར་མོས་གུས་དྲག་པོས་གསོལ་བཏབ་པས། །སྤྱི་བོའི་བླ་མའི་སྐུ་ཡི་གནས་བཞི་ནས། །འོད་ཟེར་དཀར་དམར་མཐིང་སེར་བཞི་འཕྲོས་པས། །བདག་གི་གནས་བཞིར་ཐིམ་པས་ལུས་ངག་ཡིད། །


CMR060_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་བྱའི་སྒྲིབ་དག་བུམ་གསང་ཤེར་ཡེ་དང་། །ཚིག་དབང་ཐོབ་ཅིང་བསྐྱེད་རིམ་རྩ་རླུང་དང་། །ཕོ་ཉའི་ཕྱག་ཆེན་ལམ་བསྒོམ་ལ་དབང་ཞིང་། །ཆོས་ལོངས་སྤྲུལ་དང་ངོ་བོ་ཉིད་སྐུ་འགྲུབ་། །ཅེས་པས་གསལ་འདེབས་བཞིན་དུ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། ཞེས་གྲངས་ཅི་རིགས་པར་བཟླས་ལ། མཐར་ནི་བླ་མ་འོད་ཞུ་རང་ལ་ཐིམ། །རང་སེམས་དབྱེར་མེད་འདྲེས་པས་རང་གི་སེམས། །སེམས་ལ་སེམས་ཀྱི་ལྟ་བ་མ་གཏོགས་པ། །བཅོས་བསླད་མེད་པར་རང་བབ་མཉམ་པར་བཞག །ཅེས་དང་། གཉིས་མེད་ཐུགས་རྒྱུད་འཕོ་བའི་ངང་དེ་ལ། །སྟོན་སེར་ནམ་མཁའ་བཞིན་དུ་གསལ་དྭངས་བཞག །སྨྲར་མེད་ཡིད་ཤེས་འདི་བཞིན་བརྗོད་བྱ་བྲལ། །འདི་འདྲའི་ཡིན་ལུགས་མ་མཐོང་མཐོང་རྒྱུ་ཞིག །ས་ལེར་རང་གསལ་གསལ་ལེ་རྗེན་ནེ་བ། །དེ་ཚེ་རང་བྱུང་བླ་མའི་རང་ཞལ་མཇལ། །འགྲོ་མགོན་བླ་མའི་བྱིན་རླབས་དེ་ཚེ་ཞུགས། །དེ་ཡི་དོན་རྟོགས་རྒྱུན་དུ་དེ་ལྟར་བསྒོམ། །ཞེས་མཉམ་པར་བཞག་གོ །དེ་ནི་གཞི་ཁྲེགས་ཆོད་ཕྱག་རྒྱ་ཆེན་པོ་ལྔ་ལྡན་ཐམས་ཅད་ཀྱི་ཡ་རྒྱལ་བཞི་པའོ། །དེ་ནས་ཁྱད་ཆོས་འདུས་པ་དྲུག་ལྡན་རྫོགས་པ་ཆེན་པོ་ཐོད་རྒལ་གྱི་ཁྲིད་ནི། རང་སེམས་སྐད་ཅིག་ཡེངས་མེད་སྐྱོང་ངང་


CMR060_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །འདུག་སྟངས་གསུམ་བཅས་དབྱ་དག་ནམ་མཁའ་ལ། །མེ་ཡེངས་བལྟས་པས་ཆོས་སྐུ་མངོན་སུམ་མཐོང་། །སྣང་བཞི་མཐར་ཕྱིན་འཇའ་ལུས་ཆོས་ཀྱི་སྐུ། །ཀུན་བཟང་དགོངས་པ་ཚེ་གཅིག་ཉིད་དུ་འགྲུབ། །ལམ་མྱུར་ངེས་དོན་ལམ་མཆོག་ཨེ་མ་ཧོ། །ཞེས་མ་ཡེངས་པར་བལྟའོ། །གྲོང་ལ་རྣམ་གཡེང་འཕེལ་བས་དགོན་པར་སྡོད། །ཀླུང་ལ་འདུ་འཛི་མང་བས་རི་ཁྲོད་བརྟེན། །ནོར་ལ་སེར་སྣ་འཕེལ་བས་ངན་ངོམ་ཙམ། །བློ་མ་མ་དང་འདྲ་སྟེ་འབྲལ་མེད་བསྟེན། །ན་ཚ་རྣམ་རྟོག་ཡིན་པས་ངོ་བོར་ལྟོས། །སྐྱིད་འདོད་འདྲེ་གདོན་ཡིན་པས་གདེང་ནས་ཟློག །སྙན་གྲགས་བདུད་པོ་ཡིན་པས་རྗེས་མ་འབྲང་། །སྙོམས་ལས་དགྲ་བོ་ཡིན་པས་རིང་དུ་སྤངས། །དེ་ལྟར་བསྒྲུབ་ན་འགལ་རྐྱེན་མེད་པ་དང་། །མཐུན་རྐྱེན་ཡིད་ལ་བསམ་པ་འགྲུབ་ནས་ནི། །ཚེ་དང་སྒྲུབ་པ་མཉམ་ན་དྭགས་པོ་ཡིན། །བཀའ་བརྒྱུད་རིན་པོ་ཆེ་རྣམས་འགྲུབ་གྱུར་ཅིག །དེ་ནས་བསྔོ་བ་སྨོན་ལམ་ནི། ཕྱོགས་དུས་རྒྱལ་བ་སྲས་བཅས་དགོངས༔ ཚོགས་གཉིས་རྫོགས་ལ་རྗེས་ཡི་རང་༔ བདག་གི་དུས་གསུམ་དགེ་བསགས་པ༔ དཀོན་མཆོག་གསུམ་ལ་མཆོད་པ་འབུལ༔


CMR060_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བའི་བསྟན་པ་འཕེལ་གྱུར་ཅིག་དགེ་བ་སེམས་ཅན་ཀུན་ལ་བསྔོ༔ འགྲོ་ཀུན་སངས་རྒྱས་ཐོབ་གྱུར་ཅིག༔ དགེ་རྩ་ཐམས་ཅད་གཅིག་བསྡུས་ནས༔ བདག་གི་རྒྱུད་ལ་སྨིན་གྱུར་ཅིག༔ སྒྲིབ་གཉིས་དག་ནས་ཚོགས་རྫོགས་ཏེ༔ ཚེ་རིང་ནད་མེད་ཉམས་རྟོགས་འཕེལ༔ ཚེ་འདིར་ས་བཅུ་ནོན་གྱུར་ཅིག༔ ནམ་ཞིག་ཚེ་འཕོས་གྱུར་མ་ཐག༔ བདེ་བ་ཅན་དུ་སྐྱེ་བར་ཤོག༔ སྐྱེས་ནས་པདྨ་ཁ་བྱེ་ནས༔ ལུས་རྟེན་དེ་ལ་སངས་རྒྱས་ཤོག༔ བྱང་ཆུབ་ཐོབ་ནས་ཇི་སྲིད་དུ༔ སྤྲུལ་པས་འགྲོ་བ་འདྲེན་པར་ཤོག༔ ཅེས་དང་ཨེ་མ་ཧོ༔ ངོ་མཚར་སངས་རྒྱས་སྣང་བ་མཐའ་ཡས་དང་༔ གཡས་སུ་ཇོ་བོ་ཐུགས་རྗེ་ཆེན་པོ་དང་༔ གཡོན་དུ་སེམས་དཔའ་མཐུ་ཆེན་ཐོབ་ལ་སོགས༔ སངས་རྒྱས་བྱང་སེམས་དཔག་མེད་འཁོར་གྱིས་བསྐོར༔ བདེ་སྐྱིད་ངོ་མཚར་དཔག་ཏུ་མེད་པ་ཡི༔ བདེ་བ་ཅན་ཞེས་བྱ་བའི་ཞིང་ཁམས་དེར༔ བདག་ནི་འདི་ནས་ཚེ་འཕོས་གྱུར་མ་ཐག༔ སྐྱེ་བ་གཞན་གྱི་བར་མ་ཆོད་པ་རུ༔ དེ་རུ་སྐྱེས་ནས་མཐའི་ཞལ་མཐོང་ཤོག༔ དེ་སྐད་བདག་གི་སྨོན་ལམ་བཏབ་པའི་མཐུས༔ ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱིས༔


CMR060_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

གེགས་མེད་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ༔ ཏདྱ་ཐཱ༔ པཉྩནྡྲི་ཡ་ཨ་ཝ་བོ་དྷི་ན་སྭཱ་ཧཱ། ཞེས་སོགས་འདོན་ནོ། །ཞེས་རྒྱལ་བ་ཀུན་འདུས་ཨོ་རྒྱན་གྱི་སློབ་དཔོན་རིན་པོ་ཆེ་མངོན་སུམ་དུ་མི་གཟུགས་འཛིན་པ་འགྲན་འབྲལ་དམ་པ། ༧ ཀརྨ་ཆགས་མེད་རིན་པོ་ཆེའི་ཟབ་ཁྲིད་ཐམས་ཅད་གཅིག་ཏུ་བསྡུས་པ་དམར་ཁྲིད་མཐོང་བ་དོན་ལྡན་འདི་ཉིད་ཀྱི་སྒོ་ནས་དུང་ཕྱུར་བདུན་བདེ་བ་ཅན་དུ་སྐྱེ་བར་ལུང་བསྟན་ཐོབ་པར་གསུངས་པས། འདི་ལས་ཟབ་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་གསུངས་པའི་ཆོས་ཚུལ་ཐམས་ཅད་ལ་མེད་པ་ཐེག་པ་ཀུན་གྱི་ཡང་རྩེ་ཡིན། དེའི་ལག་ལེན་བདེ་ཞིང་ངག་འདོན་ལྟ་བུ་དེ་སྔོན་མ་བྱུང་ཞིང་། རྗེ་དབོན་རིན་པོ་ཆེ་ཤེས་རབ་གྲགས་པས་བསྒྲིགས་པ་གཅིག་སྣང་ཡང་ལུང་རྒྱུན་མི་འདུག་པས། འདིར་ཀརྨ་རབ་འབྱོར་གྱིས་དོན་གཉེར་ཆེན་པོས་བསྐུལ་ལྟར་ངག་འདོན་དུ་གནས་མདོ་ཀརྨ་བདེ་ཆེན་སྙིང་པོ་རང་གི་ལྷག་བསམ་མ་བཅོས་པས་དཀའ་བ་དང་དུ་བླངས་ནས་བྲིས་པ་ཡིན་པས། ཉེས་འགལ་མཆིས་ན་པད་འབྱུང་རིན་པོ་ཆེ་ཨ་རཱ་ག་དབྱེར་མེད་མདུན་མཐོལ་ལོ་བཤགས་ཤིང་། དགེ་བས་ཡིག་ཆ་འདི་ཉིད་མཐོང་ཐོས་དྲན་རེག་ཐམས་ཅད་བདེ་བ་ཅན་དུ་སྐྱེ་བར་གྱུར་ཞིང་། སངས་རྒྱས་པདྨ་འབྱུང་གནས་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་ལ་སྲིད་འདིར་ཡུན་རིང་དུ་གནས་པར་གྱུར་ཅིག །དགེའོ། །དགེའོ། །དགེའོ། །སརྦ་དཱ་མངྒ་ལཾ། བྷ་ཝནྟུ།


previousཐུགས་རྗེ་ཆེན་པོའི་ཟབ་ལམ་དམར་ཁྲིད་ཀྱི་སྔོན་འགྲོའི་ངག་འདོན་ཐར་ལམ་ཐེམ་སྐས།next