Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བསྟན་རྒྱས་དང་པར་སྨོན།


 
previousབསྟན་རྒྱས་དང་པར་སྨོན།no next

བསྟན་རྒྱས་དང་པར་སྨོན།


CMR060_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

དཀོན་མཆོག་རྩ་གསུམ་རྒྱ་མཚོའི་བདེན་པ་དང་། །ཁྱད་པར་ཨོ་རྒྱན་ཆེན་པོ་པདྨ་འབྱུང་། །རིག་འཛིན་བརྒྱུད་པའི་བྱིན་རླབས་ནུས་པ་ཡིས། །རྒྱལ་བསྟན་སྤྱི་དང་གནས་ལུགས་བཀའ་བརྒྱུད་ཀྱི། །བསྟན་པ་རིན་ཆེན་དར་རྒྱས་ཡུན་དུ་བརྟན། །བསྟན་འཛིན་སྐྱེས་ཆེན་སྐུ་ཚེ་རབ་བརྟན་ཅིང་། །དགེ་འདུན་སྡེ་འཕེལ་ཐུགས་མཐུན་ཁྲིམས་གཙང་བ། །བཀྲ་ཤིས་དགེ་ལེགས་རྫོགས་ལྡན་ལྟར་གྱུར་ཅིག །ཅེས་ཆོས་ཁྲིམས་དོན་ལྡན་གྱིས་བསྐུལ་ངོར་༧ ཀརྨ་བསྟན་འཛིན་ཕྲིན་ལས་ཀྱིས་བྲིས་པ་དགེ། །།པར་བྱང་སྨོན་ཚིག །རྣམ་གྲོལ་ཞི་བའི་རྒྱ་མཚོར་རོ་གཅིག་ཏུ། །གཞོལ་བའི་མཐའ་ཡས་ཆོས་ཚུལ་དལ་འབབས་ཀླུང་། །ཚིག་གི་ཟེགས་མ་རེས་ཀྱང་དུག་གསུམ་གྱི། །དྲི་མ་ཡོངས་འཁྲུད་ལེགས་བཤད་བདུད་རྩི་འདི། །པར་དུ་བསྐྲུན་པའི་རྣམ་དཀར་ཕུང་པོའི་མཐུས། །ཡང་དག་ཆོས་ཀྱི་སྒོ་མོ་སྟོང་ཕྲག་བརྒྱ། །གདངས་ཏེ་རྒྱུད་ལྔའི་འགྲོ་བ་མ་ལུས་པ། །ངེས་ལེགས་ནོར་བུའི་མཛོད་ལ་དབང་འབྱོར་ཤོག །ཅེས་པ་འདི་ཡང་ནང་བསྟན་གྲུབ་མཐའ་རིས་མེད་ཀྱི་གསུང་རབ་དག་པར་དུ་བསྐྲུན་དང་བསྐྲུན་འགྱུར་གང་ལའང་སྦྱར་ཆོག་པའི་དགེ་བའི་སྨོན་ཚིག་ཏུ། ཤཱཀྱའི་དགེ་སྦྱོང་ཆོས་སྨྲ་བ་ངག་དབང་བློ་བཟང་བསྟན་འཛིན་


CMR060_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་མཚོས་སྦྱར་བའོ།། ༈ ཕན་བདེའི་འབྱུང་གནས་ལུང་རྟོགས་རྒྱལ་བའི་བསྟན། །རྒྱལ་བསྟན་སྙིང་པོ་བཤད་དང་སྒྲུབ་པ་སྟེ། །ཀུན་གྱི་རྩ་བ་གསུང་རབ་ནོར་བུའི་ཕྲེང་། །ཀུན་ཏུ་འཐོར་བ་ཀུན་ནས་བཟླམས་པ་ཡི། །ལེགས་བྱས་འདིས་མཚོན་དུས་གསུམ་བསགས་པ་དང་། །ཡོད་པའི་དགེ་བ་མ་ལུས་གཅིག་བསྡུས་ཏེ། །རིན་ཆེན་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ། །འཁོར་གསུམ་དམིགས་མཐའ་བྲལ་བས་བསྔོ་བར་བགྱི། །དེའི་མཐུས་རིས་མེད་བསྟན་པ་དར་ཞིང་རྒྱས། །དེར་འཛིན་མཆོག་རྣམས་པད་བརྟན་བཞེད་པ་འགྲུབ་། །མར་གྱུར་འགྲོ་རྣམས་བྱང་ཆུབ་སེམས་འབྱོངས་ནས། །ས་གསུམ་བཀྲ་ཤིས་སྣང་བས་ཁྱབ་གྱུར་ཅིག །ཅེས་པའི་པར་བྱང་སྨོན་ཚིག་འདི་ཡང་རབ་བྱུང་བཅུ་བདུན་པའི་རྣམ་འགྱུར་ཞེས་པ་ལྕགས་ཕོ་སྟག་གི་ལོ་ཕྱི་ལོ ༢༠༡༠ལོར་མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད་བསྡུ་སྒྲིག་དང་པར་སྐྲུན་ལེགས་པར་གྲུབ་པའི་སྐལ་བཟང་གི་ཉི་མ་ཐོག་མར་ཤར་བའི་སྐབས། ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་གི་གསུང་རབ་ཉམས་གསོ་ཁང་གིས། མདོ་ཁམས་ཟི་ལིང་མཁར་ནས་ཟླ་ཚེས་དགེ་བའི་ཉིན་བྲིས་པ་དོན་དང་ལྡན་པར་གྱུར་ཅིག


previousབསྟན་རྒྱས་དང་པར་སྨོན།no next