Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་གཉིས་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཤཱ་རིའི་བུ་དང་མོའུ་གལ་གྱི་བུའི་ལེའུ།


 
previousཤཱ་རིའི་བུ་དང་མོའུ་གལ་གྱི་བུའི་ལེའུ།no next

ཤཱ་རིའི་བུ་དང་མོའུ་གལ་གྱི་བུའི་ལེའུ།


DKG002_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་བཅོམ་ལྡན་འདས་ལ་བཀུར་སྟི་བྱས། བླ་མར་བྱས་ཞེས་བྱ་བ་གོང་མ་བཞིན་དུ་སྟེ། དེ་ཉན་ཐོས་ཀྱི་དགེ་འདུན་དང་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་གཞན་མུ་སྟེགས་ཅན་ཀུན་ཏུ་རྒྱུ་རབ་ཏུ་མང་པོ་རྟོག་ཁང་དུ་ལྷགས་ཤིང་འདུས་པར་གྱུར་ནས་སྐབས་ཀྱི་གཏམ་འདི་ལྟ་བུ་དག་གླེང་བར་བྱེད་དེ། ཤེས་ལྡན་དག་ཤེས་པར་གྱིས་ཤིག །སྔོན་ནི་བདག་ཅག་ལ་རྒྱལ་པོ་དང་། བློན་པོ་དང་། བྲམ་ཟེ་དང་། ཁྱིམ་བདག་དང་། གྲོང་མི་དང་། ཡུལ་མི་དང་། ཚོང་པ་དང་། ཚོང་དཔོན་དང་། དེང་དཔོན་རྣམས་ཀྱིས་བཀུར་སྟི་བྱས། བླ་མར་བྱས། རྗེད་པར་བྱས་པས་གོས་དང་། བསོད་སྙོམས་དང་། གནས་མལ་དང་། ནད་ཀྱི་རྐྱེན་སྨན་གྱི་ཡོ་བྱད་རྣམས་ཀྱང་རྙེད་པ་ལས། ང་ནི་དགེ་སྦྱོང་གཽ་ཏ་མ་འཇིག་རྟེན་དུ་བྱུང་བ་ལ་བཀུར་སྟི་བྱེད། བླ་མར་བྱེད་རྗེད་པར་བྱེད། མཆོད་པར་བྱེད་ཅེས་བྱ་བ་ནས་སྨན་དང་ཡོ་བྱད་རྣམས་ཞེས་བྱ་བའི་བར་གོང་མ་བཞིན་ནོ། །དེས་ན་ད་ལྟར་བདག་ཅག་གི་རྙེད་པ་དང་བཀུར་སྟི་ཐམས་ཅད་ཀྱི་ཐམས་ཅད་དུ་ཆེད་ན། དེ་ལ་ད་བདག་ཅག་གིས་ཇི་ལྟར་བྱ། དེ་ནས་ཁ་ཅིག་གིས་སྨྲས་པ། ཚངས་པར་སྤྱོད་


DKG002_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་མི་ཚངས་པར་སྤྱོད་པ་སྐྱོན་ཡིན་པས་དེ་ལ་སྐྱོན་འདི་གདགས་སོ། །ཁ་ཅིག་གིས་སྨྲས་པ། ཇི་ལྟ་བུ་ཞིག་བྱ། དེ་རྣམས་ཀྱིས་སྨྲས་པ། བདག་ཅག་གི་ནང་ན་ཀུན་དུ་རྒྱུ་གཟུགས་བཟང་མོ་མཛེས་པ་བལྟ་ན་སྡུག་པ་གང་ཡིན་པ་དེ་ལ་སྲིང་མོ་དག་ཚུར་དགེ་སྦྱོང་གཽ་ཏ་མ་ལ་སྐུར་པ་ཐོབ་ཅིག་ཅེས་སྤྲོ་བར་བྱའོ། །བདག་ཅག་གི་ནང་ན་ཀུན་ཏུ་རྒྱུ་གཟུགས་བཟང་མོ་མཛེས་པ་བལྟ་ན་སྡུག་པ་གང་ཡིན། བྲམ་ཟེའི་བུ་མོ་རྩྭ་མི་ཡིན་ནོ། །དེ་ལ་སྤྲོ་བ་བསྐྱེད་དོ་ཞེས་དེ་རྣམས་ཀྱིས་དེ་ཕོ་ཉས་བཀུག་སྟེ་སྨྲས་པ། སྲིང་མོ་ཤེས་པར་གྱིས་ཤིག །སྔོན་ནི་བདག་ཅག་གིས་བཀུར་སྟི་དང་ཞེས་བྱ་བ་ནས་ནད་ཀྱི་རྐྱེན་སྨན་གྱི་ཡོ་བྱད་རྣམས་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །ད་ནི་དགེ་སྦྱོང་གཽ་ཏ་མ་འཇིག་རྟེན་དུ་བྱུང་བས་འཇིག་རྟེན་དེ་ལ་བཀུར་སྟི་བྱེད་པས་བདག་ཅག་གི་རྙེད་པ་དང་བཀུར་སྟི་ཐམས་ཅད་ཀྱི་ཐམས་ཅད་དུ་ཆད་པར་གྱུར་ན། ཁྱོད་ཀྱིས་ཡལ་བར་དོར་རམ། བྲམ་ཟེའི་བུ་མོ་ཀུན་ཏུ་རྒྱུ་རྩྭ་མིས་སྨྲས་པ། འཕགས་པ་དག་བདག་གིས་དེ་ལ་ཇི་ལྟར་བགྱི་ལགས། སྲིང་མོ་ཁྱོད་ཀྱིས་ཉེ་དུ་རྣམས་ཀྱི་ཆེད་དུ་དགེ་སྦྱོང་གཽ་ཏ་མ་ལ་ཁོ་མོ་དང་ལྷན་ཅིག་ཏུ་མི་ཚངས་པར་སྤྱད་དོ་ཞེས་ཁྱོད་སྐུར་བ་འདེབས་པར་སྤྲོ་འམ་དེ་ལྟ་ན་བདག་ཅག་གི་རྙེད་པ་དང་བཀུར་སྟི་སྔོན་གྱི་བཞིན་དུ་འགྱུར་རོ། །དེ་སྐད་ཅེས་སྨྲས་པ་དང་། བྲམ་ཟེའི་བུ་མོ་ཀུན་དུ་རྒྱུ་རྩྭ་མིས་གཞན་མུ་སྟེགས་ཅན་དང་། ཀུན་དུ་རྒྱུ་རབ་ཏུ་མང་པོ་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་པ་དག་དགེ་སྦྱོང་གཽ་ཏ་མ་ལ་ནི་སྐུར་བ་འདེབས་པར་བདག་མི་སྤྲོའོ། །སྲིང་མོ་ཁྱོད་ཇི་ཙམ་དུ་དགེ་སློང་གཽ་ཏ་མ་ལ་སྐུར་བ་འདེབས་པར་མི་སྤྲོ་བ་དེ་ཙམ་དུ་བདག་ཅག་དང་གཏམ་འདྲེ་བར་མི་བྱ། ཕེབས་པར་སྨྲ་བར་མི་བྱ། བལྟ་བར་མི་བྱ། རྣམ་པར་བལྟ་བར་མི་བྱ་ཞིང་ཁྱོད་གནས་ཐམས་ཅད་དུ་འདུག་ཏུ་མི་གཞུག་སྟེ། འགྱོད་པ་དེ་ཉིད་ཀྱིས་དུས་བྱས་ནས་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་བ་གང་ཡིན་པའི་གནས་དེ་ཡོད་དོ། །བུད་མེད་ནི་ཤེས་རབ་ཆུང་བ་ཡིན་པས་དེ་སྐྲག་ནས་སྨྲས་པ། འཕགས་པ་བདག་གིས་ཇི་ལྟ་བུ་ཞིག་བགྱི། སྲིང་མོ་ཚུར་ཁྱོད་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་རྒྱུན་


DKG002_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སོང་ལ་དུས་ཐ་གི་ཙམ་ལོན་ནས་དགེ་སྦྱོང་གཽ་ཏ་མ་ལ་སྐུར་པ་ཐོབ་ཤིག །དེ་ཉི་མ་རེ་རེ་ཞིང་ལངས་ཏེ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་སོང་ངོ་། །ཇི་ཙམ་ན་ལྟོ་ལ་སྣོད་ཅིག་བཅིངས་ནས་བཅོམ་ལྡན་འདས་གང་ན་བ་དེར་སོང་ངོ་། །དེའི་ཚེ་བཅོམ་ལྡན་འདས་འཁོར་བརྒྱ་ཕྲག་དུ་མའི་གུང་ལ་ཆོས་འཆད་ཅིང་བཞུགས་སོ། །བཅོམ་ལྡན་འདས་ཀྱིས་བྲམ་ཟེའི་བུ་མོ་ཀུན་དུ་རྒྱུ་རྩྭ་མི་རྒྱང་རིང་པོ་ཁོ་ན་ནས་གཟིགས་སོ། །གཟིགས་ནས་ཀྱང་འདི་སྙམ་དུ་དགོངས་ཏེ། ང་ཉིད་ཀྱིས་ལས་རྣམས་བྱས་ཤིང་བསགས་པ། ཚོགས་རྙེད་པ། རྐྱེན་ཡོངས་སུ་བསྒྱུར་བ། འོད་པ་བཞིན་ཏུ་ཉེ་བར་གནས་པ། གདོན་མི་ཟ་བར་འབྱུང་བར་འགྱུར་བ་རྣམས་གཞན་སུ་ཞིག་གིས་སོ་སོར་མྱོང་བར་འགྱུར་སྙམ་མོ། །དེ་ནས་བྲམ་ཟེའི་བུ་མོ་ཀུན་ཏུ་རྒྱུ་རྩྭ་མི་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་ནས་གསོལ་པ། བདག་ནི་འདི་རུ་སྦྲུམ་བགྱིས་ནས། །ཆགས་པར་འགྱུར་ཞིང་དགའ་འགྱུར་བ། །སྙན་ཅིང་འཇེབས་པའི་གསུང་དབྱངས་ཀྱིས། །ད་ལྟ་ཆོས་ནི་གསུང་མཛད་དམ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡང་དག་མིན་པ་སྨྲ་བ་དམྱལ་བར་འགྲོ། །བྲམ་ཟེའི་བུ་མོ་རྩྭ་མིས་གསོལ་པ། གང་གིས་བྱས་ནས་མ་བྱས་ཞེས་སྨྲའམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དམན་པའི་ཆོས་ཅན་མི་ནི་དེ་གཉི་ག །ཕ་རོལ་དག་ཏུ་འདྲ་བར་འགྲོ་བར་འགྱུར། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་འདི་སྙམ་དུ་སེམས་ཏེ། ཀྱེ་མ་བྲམ་ཟེའི་བུ་མོ་རྩྭ་མི་འདི་ནི་བཅོམ་ལྡན་འདས་དང་དགེ་སློང་གི་དགེ་འདུན་ལ་ཡུན་རིང་མོ་ནས་མཐོ་འཚམ་པར་བྱེད་དོ་སྙམ་དུ་བསམས་ནས་རྫུ་འཕྲུལ་གྱིས་སྣོད་དེ་ས་ལ་ལྷུང་བར་བྱས་སོ། །དེ་ནས་བྲམ་ཟེའི་བུ་མོ་རྩྭ་མི་སྐྱེངས་ནས་རིངས་པ་རིངས་པར་སླར་སོང་ངོ་། །དེ་ནས་དགེ་སློང་གནས་བརྟན་གནས་བརྟན་རྣམས་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ལ་ཆོས་ཀྱི་དབང་དུ་བགྱི་བའི་བཀའ་མཆིད་ཀྱང་བཀའ་སྩལ། གང་དུ་ཐོག་མར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཐུགས་བསྐྱེད་པ་ཡང་ལུང་བསྟན། ཡང་དག་པར་རྫོགས་པའི་སངས་རྒྱས་ཇི་སྙེད་ཅིག་


DKG002_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བསྙེན་བཀུར་བགྱིས་པ་ཡང་བཀའ་སྩལ་ལགས་པས་ཅི་ནས་བདག་ཅག་མཚོ་ཆེན་པོ་མ་དྲོས་པར་མཆིས་ལ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་རང་རང་གི་ལས་ཀྱི་རྒྱུ་པ་ལུང་བསྟན་པར་བགྱིའོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་གནས་བརྟན་གནས་བརྟན་རྣམས་ལ་ཅང་མི་གསུང་བས་གནང་ངོ་། །ཆོས་ཉིད་ཀྱིས་སངས་རྒྱས་བཅོམ་ལྡན་འདས་འཚོ་ཞིང་གཞེས་པ་རྣམས་ཀྱི་གདོན་མི་ཟ་བར་མཛད་པ་ནི་བཅུ་སྟེ། བཅུ་གང་ཞེ་ན། ཇི་སྲིད་སངས་རྒྱས་སུ་ལུང་བསྟན་པ་དང་། སེམས་ཅན་འགས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཕྱིར་མི་ལྡོག་པའི་སེམས་བསྐྱེད་པ་དང་། སངས་རྒྱས་ཀྱིས་གདུལ་བར་བྱ་བ་ཐམས་ཅད་བཏུལ་བ་དང་། ཉན་ཐོས་ཀྱི་མཆོག་ཟུང་གཅིག་ཏུ་བསྟན་པ་དང་། མཚམས་བཅད་པ་དང་། སྐུ་ཚེའི་ལྔ་ཆ་བཏང་བ་དང་། མཉན་ཡོད་དུ་ཆོ་འཕྲུལ་ཆེན་པོ་རྣམ་པར་བསྟན་པ་དང་། གྲོང་ཁྱེར་གསལ་བར་ལྷ་ལས་གཤེགས་པ་བསྟན་པ་དང་ཡབ་དང་ཡུམ་གཉིས་བདེན་པ་དག་ལ་བཀོད་པ་དང་། མཚོ་ཆེན་པོ་མ་དྲོས་པར་ཉན་ཐོས་ཀྱི་དགེ་འདུན་དང་ཐབས་ཅིག་ཏུ་སྔོན་གྱི་ལས་ཀྱི་རྒྱུ་པ་བསྟན་པ་མ་མཛད་པ་དེ་སྲིད་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཡོངས་སུ་མྱ་ངན་ལས་མི་འདའོ། །དོན་འདི་ལ་ནི་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་ཐབས་ཅིག་མཚོ་ཆེན་པོ་མ་དྲོས་པར་སྔོན་གྱི་ལས་ཀྱི་རྒྱུ་བ་ལུང་བསྟན་པར་བཞེད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་མཚོ་ཆེན་པོ་མ་དྲོས་པ་གང་ན་བར་འདོང་། དེར་རང་རང་གི་སྔོན་གྱི་ལས་ཀྱི་རྒྱུ་བ་ལུང་བསྟན་པར་བྱའོ། །བཙུན་པ་བཀའ་བཞིན་འཚལ་ཞེས་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ཀྱི་ལྟར་མཉན་ཏོ། །དེ་ནས་བཅོམ་ལྡན་འདས་དགྲ་བཅོམ་པ་ལྔ་བརྒྱར་གཅིག་གིས་མ་ཚང་བ་དང་ཐབས་ཅིག་ཏུ་མཉན་ཡོད་ནས་མི་སྣང་བར་གྱུར་ཏེ་མཚོ་ཆེན་པོ་མ་དྲོས་པར་གཤེགས་སོ། །གནོད་སྦྱིན་གཏུམ་པོ་མི་བཟད་གནས་པ་ཡིད་འོང་ཞིང་། །མེ་ཏོག་སྣ་ཚོགས་ཤིང་གིས་རྣམ་པར་མཛེས་བྱས་པ། ། དེ་ལས་རྒྱ་མཚོ་དུག་ཅན་དག་ཏུ་འགྲོ་བ་ཡི། །ཆུ་བོ་ཆེན་པོ་བཞི་པོ་འདི་དག་ཕྱོགས་བཞིར་འབབ། །གང་གཱ་སིན་དྷུ་དེ་བཞིན་པ་ཀྵུ་དང་། །སི་ཏ་དེ་


DKG002_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རྫུ་འཕྲུལ་སྟོབས་ཐོབ་པ། །མ་གཏོགས་མི་རྣམས་ཀྱིས་ནི་མི་བགྲོད་པ། །དེར་ནི་ཐུབ་པ་དགེ་འདུན་བཅས་པར་བཞུགས། །དེ་ནས་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་པའི་ཐུགས་བསྐྱེད་པ་མཛད་དེ། ཆོས་ཉིད་ཀྱིས་གང་གི་ཚེ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་འཇིག་རྟེན་པའི་ཐུགས་བསྐྱེད་པ་མཛད་པ་དེའི་ཚེ་སྲོག་ཆགས་གྲོག་སྦུར་ཡན་ཆད་ཀྱི་སེམས་ཀྱིས་བཅོམ་ལྡན་འདས་ཀྱི་དགོངས་པ་ཤེས་པར་འགྱུར་བས། དེ་ནས་ཀླུའི་རྒྱལ་པོ་དགའ་བོ་དང་ཉེ་དགའ་བོ་གཉིས་ཀྱིས་བསམས་པ། ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་པའི་ཐུགས་བསྐྱེད་པ་མཛད་སྙམ་ན། མཚོ་ཆེན་པོ་མ་དྲོས་པར་ལས་ཀྱི་རྒྱུ་བ་ལུང་བསྟན་པར་བཞེད་པར་མཐོང་ངོ་། །དེ་ནས་དེ་གཉིས་ཀྱིས་མཚོ་ཆེན་པོ་མ་དྲོས་པའི་ནང་དུ་པད་མ་འདབ་མ་སྟོང་དང་ལྡན་པ་ཤིང་རྟའི་འཕང་ལོ་ཙམ་བཟང་པོ་ཐམས་ཅད་གསེར་ལས་བྱས་པ། སྡོང་པོ་ནི་རིན་པོ་ཆེ། གེ་སར་ནི་རྡོ་རྗེ་ལས་བྱས་པ། པད་མ་སྟོང་ཕྲག་དུ་མས་ཡོངས་སུ་བསྐོར་བ་ཞིག་སྤྲུལ་པ་དང་། བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་གྱི་གུང་ལ་པད་མའི་སྙིང་པོ་དེ་ལ་བཞུགས་སོ། །དགེ་སློང་གནས་བརྟན་གནས་བརྟན་རྣམས་ཀྱང་པད་མ་གཞན་རྣམས་ཀྱི་སྙིང་པོ་ལ་འཁོད་དོ། །དེའི་ཚེ་ཚེ་དང་ལྡན་པ་ཤཱ་རིའི་བུ་བྱ་རྒོད་ཀྱི་ཕུང་པོའ་རི་ལ་སྣམ་སྦྱར་འགྲུབ་བོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ལ་བཀའ་སྩལ་པ། མཽད་གལ་གྱི་བུ་སོད་ལ་རབ་ཏུ་བྱུང་བའི་ཟླ་བོ་ཁྲིད་དེ་ཤོག་ཤིག །བཙུན་པ་བཀའ་བཞིན་འཚལ་ཞེས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་མཚོ་ཆེན་པོ་མ་དྲོས་པ་ནས་མི་སྣང་བར་གྱུར་ཅིང་བྱ་རྒོད་ཀྱི་ཕུང་པོའ་རི་ལ་ཚེ་དང་ལྡན་པ་ཤཱ་རིའི་བུའི་མདུན་དུ་འདུག་སྟེ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་སྟོན་པ་དགྲ་བཅོམ་པ་ལྔ་བརྒྱར་གཅིག་གིས་མ་ཚང་བ་དང་ཐབས་ཅིག་ཏུ་མཚོ་ཆེན་བོ་མ་དྲོས་པ་ན་སྔོན་གྱི་ལས་ཀྱི་རྒྱུ་བ་ལུང་བསྟན་པར་བཞེད་ནས་ཁྱོད་ལ་གཞེས་ཀྱིས་ཚུར་ཤོག་འདོང་། དེས་སྨྲས་པ། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་རེ་ཞིག་སྣམ་སྦྱར་དྲུབས་ལ་དེ་ནས་ཕྱིས་འགྲོའོ། །དེས་སྨྲས་པ། གྲོགས་བྱའོ། །དེ་བཞིན་དུ་གྱིས་ཤིག །དེ་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་རྫུ་འཕྲུལ་གྱིས་སོར་མོ་ལྔ་ཆར་གྱིས་དྲུབ་པར་བརྩམས་པ་དང་། ཚེ་དང་ལྡན་པ་ཤཱ་རིའི་བུས་སྨྲས་པ། ཚེ་དང་


DKG002_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པ་མཽད་གལ་གྱི་བུ་ཆེན་པོ་འོ་ན་ལྟ་དྲུབ་ཟིན་དུ་ཟད་མོད། དེས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་གལ་ཏེ་ཁྱོད་མི་འགྲོ་ན་མཐུས་བཀུར་བར་བྱའོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་སྐེ་རགས་རྒྱ་ཅང་ཕྲོལ་ནས་སྨྲས་པ། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ཁྱོད་བཅོམ་ལྡན་འདས་ཀྱིས་རྫུ་འཕྲུལ་གྱི་མཐུ་ཅན་རྣམས་ཀྱི་མཆོག་ཏུ་བསྟན་པ་ཡིན་ན། རེ་ཞིག་ཁྱོད་ཀྱིས་འདི་ཁྱེར་ལ་དེ་ནས་ཕྱིས་ཁོ་བོ་ཁྱེར་ཅིག །དེ་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་དེ་དྲངས་པ་དང་། ཚེ་དང་ལྡན་པ་ཤཱ་རིའི་བུས་བསམས་པ། འདི་ནི་མཐུ་ཆེ་ཞིང་རྫུ་འཕྲུལ་ཆེ་བ་ཡིན་པས་གལ་ཏེ་འདི་ཁྱེར་བར་འགྱུར་བའི་གནས་འདི་ཡོད་དོ་སྙམ་ནས་དེས་དེ་བྱ་རྒོད་ཀྱི་ཕུང་པོའ་རིའི་སྤྱིལ་བཏགས་སོ། །ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་དེ་དྲངས་པ་དང་། བྱ་རྒོད་ཀྱི་ཕུང་པོའ་རི་འགུལ་བར་གྱུར་ཏོ། །ཚེ་དང་ལྡན་པ་ཤཱ་རིའི་བུས་བསམས་པ། འདིས་བྱ་རྒོད་ཀྱི་ཕུང་པོའ་རི་ཡང་ཁྱེར་བར་འགྱུར་གྱིས། མ་ལ་བདག་གིས་རིའི་རྒྱལ་པོ་རི་རབ་ལ་གདགས་སོ་སྙམ་ནས། དེས་དེ་རིའི་རྒྱལ་པོ་རི་རབ་ལ་བཏགས་པ་ལས། ཡང་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་དེ་དྲངས་པ་དང་། རིའི་རྒྱལ་པོ་རི་རབ་དང་། ཀླུའི་རྒྱལ་པོ་དགའ་བོ་དང་ཉེ་དགའ་བོ་དག་ཀྱང་གཡོས་པར་གྱུར། མ་དྲོས་པ་ཡང་ཀུན་ནས་འཁྲུགས་ཤིང་དགེ་སློང་གནས་བརྟན་གནས་བརྟན་རྣམས་ཀྱང་ལྡེག་པར་གྱུར་ནས་པད་མའི་སྙིང་པོ་ལ་འདུག་བཞིན་དུ་དེ་རྣམས་ཀྱིས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ཅིའི་སླད་དུ་ཀླུའི་རྒྱལ་པོ་དགའ་བོ་དང་ཉེ་དགའ་བོ་གཉིས་གཡོས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དགའ་བོ་དང་ཉེ་དགའ་བོ་གཉིས་གཡོས་པ་མ་ཡིན་ཏེ། འོན་ཀྱང་ཉན་ཐོས་ཆེན་པོ་གཉིས་རྫུ་འཕྲུལ་གྱིས་རྣམ་པར་འཕྲུལ་པར་བྱེད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུས་བསམས་པ། རིའི་རྒྱལ་པོ་རི་རབ་འདི་ཡང་ཁྱེར་བར་འགྱུར་གྱིས། མ་ལ་བདག་གིས་བཅོམ་ལྡན་འདས་ཀྱི་པད་མའི་སྡོང་པོ་ལ་གདགས་སོ་སྙམ་ནས། །དེས་བཅོམ་ལྡན་འདས་ཀྱི་པད་མའི་སྡོང་པོ་ལ་བཏགས་པས་མ་འགུལ་བར་འདུག་གོ །གང་གི་ཚེ་དེའི་རྫུ་འཕྲུལ་ལ་རྫུ་འཕྲུལ་གྱིས་རྡུགས་པ་དེའི་ཚེ་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་ཁྱོད་ཀྱིས་རྫུ་འཕྲུལ་གྱིས་རྣམ་པར་རྩེ་བ་བྱས་ཟིན་གྱིས་


DKG002_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

ཚུར་ཤོག་འདོད། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་སོང་ཤིག་དང་ཁོ་བོ་འོང་ངོ་ཞེས་བྱས་ནས་ཇི་སྲིད་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་མ་ཕྱིན་པ་དེའི་བར་དུ་ཚེ་དང་ལྡན་པ་ཤཱ་རིའི་བུ་སྔར་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་པད་མའི་སྙིང་པོ་ལ་འདུག་པ་དང་། དེའི་འོག་ཏུ་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ཕྱིན་པས་ཚེ་དང་ལྡན་པ་ཤཱ་རིའི་བུ་མཐོང་ནས་དེས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་འོངས་སམ། ཚེ་དང་ལྡན་པ་ཁོ་བོ་འོངས་སོ། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ནི་རྫུ་འཕྲུལ་དང་ལྡན་པ་རྣམས་ཀྱི་མཆོག་ཏུ་བསྟན་པ་ལགས་ན། འོན་ཀྱང་ཚེ་དང་ལྡན་པ་ཤཱ་རིའི་བུའི་རྫུ་འཕྲུལ་གྱིས་ཕམ་པར་བགྱིས་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ད་ལྟ་འབའ་ཞིག་ཏུ་མ་ཟད་ཀྱི། ཇི་ལྟར་འདིས་འདས་པའི་དུས་ན་ཡང་བཟོས་ཕམ་པར་བྱས་པ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་ཡུལ་དབུས་སུ་རི་མོ་མཁན་གྱི་སློབ་དཔོན་ཞིག་བྱུང་ངོ་། །དེ་དགོས་པ་འགའ་ཞིག་གི་ཕྱིར་ཡུལ་དབུས་ནས་ཡུལ་ནས་ཅན་ཞེས་བྱ་བར་སོང་ངོ་། །དེ་དེ་ན་འཁྲུལ་འཁོར་གྱི་སྒྱུ་རྩལ་གྱི་སློབ་དཔོན་ཞིག་གི་ཁྱིམ་དུ་ཞུགས་པ་ལས། དེས་དེ་ངལ་བའི་རིམ་གྲོ་བར་འཁྲུལ་འཁོར་ལས་བུ་མོ་ཞིག་བྱས་ནས་བཏང་ངོ་། །དེས་དེའི་རྐང་པ་གཉིས་བཀྲུས་ནས་འདུག་གོ དེ་ནས་དེས་སོང་ཤིག་ཅེས་སྨྲས་ན། དེ་ཅང་མི་སྨྲ་བར་འདུག་གོ དེས་བསམས་པ། གདོན་མ་ཟོས་པར་འདི་བདག་དང་དགའ་མགུར་སྤྱད་པའི་ཕྱིར་བཏང་ངོ་སྙམ་ནས། དེས་དེའི་ལག་པ་ནས་བཟུང་སྟེ་དྲངས་པ་ལས་ཇི་ཙམ་ན་ཞིག་ནས་ཤིང་བྲུལ་གྱི་ཕུང་པོར་གྱུར་ཏོ། །དེ་སྐྱེངས་ནས་བསམས་པ། བདག་གཅིག་པུ་ཞིག་ཏུ་སྐྱེངས་པར་བྱས་ཀྱིས། མ་ལ་བདག་གིས་ནི་འདི་རྒྱལ་པོ་འཁོར་དང་བཅས་པའི་ནང་དུ་སྐྱེངས་པར་བྱའོ་སྙམ་ནས། དེས་སྒོའི་ངོས་ལོགས་ལ་རང་གི་གཟུགས་བརྙན་འགེགས་པ་ཞིག་བྲིས་ཏེ། སྒོ་ཕག་ཏུ་ཡིབ་ནས་འདུག་གོ དེ་ལྡང་བའི་དུས་གང་ཡིན་པ་དེ་ལས་ཐལ་བ་དང་། དེ་ནས་འཁྲུལ་འཁོར་གྱི་སྒྱུ་རྩལ་གྱི་སློབ་དཔོན་གྱིས་བསམ་


DKG002_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

པ། རིང་ཞིག་ལོན་ན་ཅིའི་ཕྱིར་དེ་སྒོར་མ་བྱུང་སྙམ་དུ་བསམས་ནས་དེར་སོང་བ་ལས་ཇི་ཙམ་ན་འགེགས་ཏེ་ཤི་བ་མཐོང་ངོ་། །དེས་བསམས་པ། ཅིའི་ཕྱིར་འདིས་བདག་ཉིད་སྲོག་དང་བྲལ་བར་བྱས་སྙམ་པ་ལས་དེས་འཁྲུལ་འཁོར་ཞིག་ནས་ཤིང་བྲུལ་གྱི་ཕུང་པོར་འདུག་པ་མཐོང་ནས་དེ་འདི་སྙམ་དུ་སེམས་ཏེ། བདག་ཉིད་སྐྱེངས་པས་འགེགས་སོ་སྙམ་མོ། །ཡུལ་ནས་ཅན་གྱི་ཀུན་དུ་སྤྱོད་པ་ནི་གང་སུའི་ཁྱིམ་ཡང་རུང་དེར་མི་གློ་བུར་བ་ཤི་ན་ཇི་སྲིད་རྒྱལ་པོ་ལ་མི་མཐོལ་བ་དེ་སྲིད་དུ་དེས་དེ་ལ་རིམ་གྲོ་མི་བྱེད་དོ། །དེ་ནས་དེ་རྒྱལ་པོའ་དྲུང་དུ་སོང་སྟེ་མཐོལ་བ། ལྷ་ཡུལ་དབུས་ནས་རི་མོ་མཁན་གྱི་སློབ་དཔོན་ཞིག་མཆིས་ཏེ། དེ་བདག་གི་སྡུམ་པར་གནས་པ་ལས། དེ་ལ་བཀུར་སྟི་བགྱི་བའི་སླད་དུ་བདག་གིས་འཁྲུལ་འཁོར་ལས་བུ་མོ་ཞིག་བགྱིས་ཏེ་བཏང་པ་དང་། དེས་དེ་ལག་པ་ནས་བཟུང་སྟེ་དྲངས་པས་ཤིང་གི་ཕུང་པོར་མཆིས་པ་དང་། དེ་སྐྱེངས་ནས་བདག་ཉིད་འགེགས་ལགས་ན། ལྷ་དེ་ལ་གཡར་སྔ་འབྲིམ་པ་ཞིག་གཏང་དུ་གསོལ། དེ་ནས་བདག་གིས་རིམ་གྲོ་བགྱི་ལགས་སོ། །དེ་ནས་རྒྱལ་པོས་ཞོ་ཤས་འཚོ་བ་རྣམས་ལ་བསྒོ་བ། ཤེས་ལྡན་དག་དེང་ལ་གཡར་སྔ་རིམས་ཤིག །དེ་རྣམས་དོང་ནས་དེ་མཐོང་ངོ་། །དེས་བསམས་པ། བདག་གིས་ཇི་ལྟར་ཟུང་ང་ལས་དབབ་པར་བྱ་སྙམ་མོ། །གཞན་དག་གིས་སྨྲས་པ། འགེག་ཐག་ཆོད་སྟ་རེ་ཁྱེར་ཏེ་ཐག་པ་གཅོད་པར་བརྩམས་པ་ལས་ཇི་ཙམ་ན་རྩིག་པ་ཡིན་པར་མཐོང་ནས། དེ་ནས་འཁྲུལ་འཁོར་མཁན་གྱི་སློབ་དཔོན་དེ་སྐྱེངས་པར་གྱུར་ཏོ། །དེ་དེ་ལྟར་སྐྱེངས་པར་གྱུར་པ་དང་། རི་མོ་མཁན་གྱི་སློབ་དཔོན་དེ་སྒོ་ལྐོག་ནས་ཕྱུང་སྟེ་སྨྲས་པ། ཀྱེ་ནང་རྗེ་ཁྱོད་ཀྱིས་ནི་ཁོ་བོ་གཅིག་པུ་ཞིག་ཏུ་སྐྱེངས་པར་བྱས་ཏེ། ཁྱོད་ནི་རྒྱལ་པོ་འཁོར་དང་བཅས་པའི་ནང་དུ་སྐྱེངས་པར་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་རི་མོ་མཁན་གྱི་སློབ་དཔོན་གང་ཡིན་པ་དེ་ནི་དགེ་སློང་ཤཱ་རིའི་བུ་འདི་ཉིད་ཡིན་ཏེ། དེ་ན་ཡང་འདིས་འདི་བཟོས་ཕམ་པར་བྱས་སོ། །ད་ལྟར་ཡང་འདིས་འདི་རྫུ་འཕྲུལ་གྱིས་ཕམ་པར་བྱས་སོ། །གཞན་ཡང་ཇི་ལྟར་འདིས་འདི་བཟོས་ཕམ་པར་བྱས་པ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་རི་འོར་གཞན་ཞིག་ན་རི་མོ་མཁན་གྱི་སློབ་


DKG002_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་གཉིས་ཤིག་བྱུང་བ་ལས་རྩོད་པར་གྱུར་ཏེ། གཅིག་གིས་སྨྲས་པ། ང་ནི་བཟོ་ལེགས་པར་ཤེས་སོ། །ཅིག་ཤོས་ཀྱིས་སྨྲས་པ། ང་ནི་དི་བས་ཀྱང་ལྷག་པར་ལེགས་པར་ཤེས་སོ། །དེ་གཉིས་ཕན་ཚུན་འགྲན་པར་གྱུར་ནས་རྒྱལ་པོའ་དྲུང་དུ་དོང་སྟེ་དེའི་རྐང་པ་གཉིས་ལ་གཏུགས་ཏེ་གཅིག་གིས་སྨྲས་པ། ལྷ་བདག་ནི་བཟོ་ལེགས་པར་འཚལ་ཏོ། །ཅིག་ཤོས་ཀྱིས་ཀྱང་སྨྲས་པ། ལྷ་བདག་ནི་དེ་བས་ཀྱང་ལྷག་པར་ལེགས་པར་འཚལ་ཏོ། །རྒྱལ་པོས་དེ་གཉིས་ལ་སྒོ་ཁང་བསྟན་ནས་ཁྱེད་གཉིས་གང་མཁས་ནི་ངས་མི་ཤེས་མོད་ཀྱི། འོན་ཀྱང་གཅིག་གིས་ནི་རྩིག་ངོས་གཅིག་ལ་བྲིས་ལ། ཅིག་ཤོས་ཀྱིས་ཀྱང་གཅིག་ལ་བྲིས་ཤིག་དང་། དེ་ལྟ་ན་ཁྱེད་ཅག་གཉིས་གད་བཟོ་ལེགས་པར་ཤེས་པ་ངས་ལེགས་པར་ཤེས་པར་འགྱུར་རོ། །དེ་གཉིས་ཀྱི་བར་ཡོལ་བས་བཅད་ནས་རི་མོ་བྲི་བར་བརྩམས་ཏེ། དེ་ལ་གཅིག་གིས་ནི་ཟླ་བ་དྲུག་གིས་རི་མོའ་ལས་ཟིན་ཏོ། །ཅིག་ཤོས་ཀྱིས་ནི་ཟླ་བ་དྲུག་ཏུ་རྩིག་ངོས་བསྟར་ཏོ། །རི་མོའ་ལས་ཟིན་པ་གང་ཡིན་པ་དེ་རྒྱལ་པོའ་དྲུང་དུ་སོང་སྟེ་སོན་པ་དང་། སྨྲས་པ། ལྷ་བདག་གི་རི་མོའ་ལས་བགྱིས་ལགས་ན་སྤྱ་ང་བྲིམ་དུ་གསོལ། དེ་ནས་རྒྱལ་པོ་བློན་པོ་དང་ལྷན་ཅིག་སྒོར་བྱུང་ནས་མཐོང་བ་དང་། རི་མོའ་ལས་མཁས་སོ་ཞེས་ཤིན་ཏུ་མགུའོ། །ཅིག་ཤོས་ཀྱིས་ཀྱང་རྐང་པ་གཉིས་ལ་གཏུགས་ཏེ་སྨྲས་པ། ད་བདག་གི་རི་མོའ་ལས་ལ་གཟིགས་སུ་གསོལ། དེས་བར་ཆད་ཀྱི་ཡོལ་བ་བཤུས་དང་། གཅིག་གི་གཟུགས་བརྙན་དེ་ལ་ཤར་བ་རྒྱལ་པོས་མཐོང་ནས་རི་མོའ་ལས་ལ་ལྷག་པར་འདི་མཁས་སོ་ཞེས་ཤིན་ཏུ་ཡ་མཚན་སྐྱེས་སོ། །དེ་ནས་དེས་སླར་ཡོལ་བས་བར་བཅད་ནས་རྐང་པ་གཉིས་ལ་གཏུགས་ཏེ་སྨྲས་པ། ལྷ་འདི་ནི་རི་མོའ་ལས་མ་ལགས་ཏེ། འོན་ཀྱང་རྩིག་ངོས་བསྟར་བ་ལགས་སོ། །དེ་ནས་རྒྱལ་པོ་ཇེ་ཡ་མཚན་སྐྱེས་ནས་སྨྲས་པ། འདི་ནི་བཟོ་ལ་ལྷག་པར་མཁས་པ་ཡིན་ནོ། །དགེ་སློང་དག་ཇི་སྙམ་དུ་སེམས། གང་གིས་ཟླ་བ་དྲུག་ཏུ་རྩིག་ངོས་བསྟར་བ་དེ་ནི་དགེ་སློང་ཤཱ་རིའི་བུ་འདི་ཉིད་ཡིན་ནོ། །གང་གིས་ཟླ་བ་དྲུག་ཏུ་རི་མོའི་ལས་བྱས་པ་དེ་ནི་དེའི་ཚེ་དེའི་དུས་ན་དགེ་སློང་མཽད་གལ་གྱི་


DKG002_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

བུ་འདི་ཉིད་དེ་ཡིན་ཏེ། དེ་ན་ཡང་འདིས་འདི་བཟོས་ཕམ་པར་བྱས་སོ། །ད་ལྟར་ཡང་འདིས་འདི་རྫུ་འཕྲུལ་གྱིས་ཕམ་པར་བྱས་སོ། །གཞན་ཡང་ཇི་ལྟར་འདིས་འདི་ཕམ་པར་བྱས་པ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་བཱ་རཱ་ཎ་སཱིའི་གྲོང་ཁྱེར་ན་དྲང་སྲོང་དུང་དང་། བྲིས་པ་ཞེས་བྱ་བ་གཉིས་ཤིག་ཉེ་བར་རྟེན་ཅིང་གནས་སོ། །ཇི་ཙམ་དུས་གཞན་ཞིག་ན་ལྷས་ཆར་ཕབ་པས་རྫབ་ཏུ་གྱུར་ཏེ། དུང་དྲེད་དེ་རྫབ་ཏུ་རྡེག་འཆོས་ནས་རིལ་བ་ཆག་པར་གྱུར་ཏོ། །དེ་ནས་དེས་དམོད་པ་བོར་བ། རང་བཞིན་ངན་པ་ཁྱོད་ཀྱིས་ད་ཕན་ཆད་ལོ་བཅུ་གཉིས་སུ་ཆར་མི་འབེབས་པར་གྱུར་ཅིག་ཅེས་བྱས་སོ། །རྒྱལ་པོ་ཚངས་སྦྱིན་དང་བཱ་རཱ་ཎ་སཱི་ན་གནས་པའི་སྐྱེ་བོའ་ཚོགས་ཀྱིས་ཐོས་ནས། དེ་ནས་དེ་རྣམས་དེའི་དྲུང་དུ་སོང་སྟེ་གསོལ་བ་བཏབ་པ། དྲང་སྲོང་ཆེན་པོ་དེ་ལྟར་མ་མཛད་ཅིག །དེས་སྨྲས་པ། བདག་གིས་རང་བཞིན་ངན་པ་བཟོད་པར་མི་ནུས་ཏེ། བདག་གི་དམོད་པས་བཅོམ་པ་དེས་ལོ་བཅུ་གཉིས་སུ་ཆར་མི་འབེབས་པར་འགྱུར་རོ། །དེ་ནས་རྒྱལ་པོ་ཚངས་སྦྱིན་དང་། སྐྱེ་བོའ་ཚོགས་དེས་བྲིས་པ་ལ་གསོལ་བ་བཏབ་ནས་དེས་གསོལ་བ་བྱས་ཏེ་ལྷས་ཆར་ཕབ་བོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་དྲང་སྲོང་དུང་གང་ཡིན་པ་དེ་ནི་དགེ་སློང་མཽད་གལ་གྱི་བུ་འདི་ཉིད་ཡིན་ནོ། །དེའི་ཚེ་དེའི་དུས་ཀྱི་བྲིས་པ་གང་ཡིན་པ་དེ་ནི་དགེ་སློང་ཤཱ་རིའི་བུ་ཡིན་ཏེ། དེ་ན་ཡང་འདིས་འདི་རྫུ་འཕྲུལ་གྱིས་ཕམ་པར་བྱས་སོ། །གཞན་ཡང་ཇི་ལྟར་འདིས་འདི་རྫུ་འཕྲུལ་གྱིས་ཕམ་པར་བྱས་པ་དེ་ཉོན་ཅིག །བྲིས་པས་དགོས་པ་འགའ་ཞིག་གི་ཕྱིར་དུང་གི་རྐང་པ་གཉིས་ལ་གཏུགས་པ་ལས་དུང་གི་རྐང་པ་གཉིས་ཀྱིས་རལ་པ་མནན་པ་དང་བྲིས་པས་སྨྲས་པ། ཉི་མ་འཆར་ཀའི་དུས་ཀྱི་ཚེ་ཁྱོད་ཀྱི་སྤྱི་བོ་གས་པར་གྱུར་ཅིག །དུང་གིས་སྨྲས་པ། དེ་ལྟར་ན་ཉི་མ་འཆར་པར་མ་གྱུར་ཅིག་ཅེས་བྱས་པ་དང་། འཇིག་རྟེན་དུ་ནམ་སྲོས་པར་གྱུར་ཏོ། །དེ་ནས་རྒྱལ་པོ་དང་། བྲམ་ཟེ་དང་། ཁྱིམ་བདག་གིས་དུང་ལ་གསོལ་བ་བཏབ་པ། དྲང་སྲོང་ཆེན་པོ་དེ་ལྟ་བུ་མ་མཛད་ཅིག །དེས་སྨྲས་པ། ཉི་མ་ཤར་བར་གྱུར་ན་གདོན་མི་ཟ་བར་བདག་གི་མགོ་འགས་པར་འགྱུར་རོ། །བྲིས་པས་དེ་ལ་སྨྲས་པ། གལ་ཏེ་དེ་ལྟ་ན་འཇི་


DKG002_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལས་བྱས་པའི་མགོ་ཞིག་བྱོས་ཤིག །ཇི་ཙམ་ན་འཇི་བ་ལས་དུང་གི་མགོ་ཞིག་བྱས་པ་ལས་ཉི་མ་ཤར་བ་དང་གས་པར་གྱུར་ཏོ། །དགེ་སློང་དག་ཇི་སྙམ་དུ་སེམས། དུང་གང་ཡིན་པ་དེ་ནི་དགེ་སློང་མཽད་གལ་གྱི་བུ་འདི་ཉིད་དེ་ཡིན་ནོ། །བྲིས་པ་གང་ཡིན་པ་དེ་ནི་དགེ་སློང་ཤཱ་རིའི་བུ་འདི་ཉིད་དེ་ཡིན་ཏེ། དེ་ན་ཡང་འདིས་ཕམ་པར་བྱས་སོ། །གཞན་ཡང་ཇི་ལྟར་ཕམ་པར་བྱས་པ་དེ་ཉོན་ཅིག །ཡུལ་དབུས་སུ་བ་སོ་མཁན་གྱི་སློབ་དཔོན་ཞིག་བྱུང་ནས་བ་སོ་འབྲས་ཙམ་བྲེའུ་ཆུང་གང་ཁྱེར་ནས་ཡུལ་ནས་ཅན་དུ་སོང་སྟེ། དེ་རི་མོ་མཁན་གྱི་སློབ་དཔོན་ཞིག་གི་ཁྱིམ་དུ་ཞུགས་ན་དེ་ཡང་སྟོང་པར་འདུག་ནས་དེའི་ཆུང་མ་ལ་སྨྲས་པ། གྲོགས་པོའ་ཆུང་མ་འབྲས་བྲེའུ་ཆུང་གང་པོ་འདི་ཚོས་ལ་བྱིན་ཅིག་ཅེས་དེ་བཞག་སྟེ་སོང་ངོ་། །དེས་བཙོ་བར་བརྩམས་པ་ལས་ཤིང་ཟད་པར་གྱུར་ཀྱང་མ་ཚོས་སོ། །དེ་ནས་དེའི་ཁྱིམ་ཐབ་འོངས་ནས་སྨྲས་པ། བཟང་མོ་འདི་ཅི་ཞིག་ཡིན། དེས་རྒྱས་པར་སྨྲས་པ་དང་། དེས་དེ་བརྟགས་པ་ལས་བ་སོ་འབྲས་ཙམ་ཤེ་དག་ཏུ་མཐོང་ནས་དེས་དེ་ལ་ཅོ་དྲི་བར་སྨྲས་པ། བཟང་མོ་འདི་ཚྭ་ཆུ་ཡིན་གྱིས། ཆུ་བཟང་པོ་གཞན་ཞིག་ཁྱེར་ཏེ་འོངས་དང་། དེས་འབྲས་འདི་ཚོས་པར་འགྱུར་རོ། །དེས་བ་སོ་མཁན་གྱི་སློབ་དཔོན་ལ་ཆུ་བཟང་པོ་ཞིག་ཁྱེར་ཏེ་ཤོག་ཤིག་ཅེས་སྨྲས་སོ། དེས་དེ་ལ་སྨྲས་ནས། དེས་ཕྱོགས་གཞན་ཞིག་ཏུ་རྫིང་བུ་ཞིག་བྲིས་ཏེ། དེར་ཁྱི་རོ་བམ་བ་ཞིག་ཀྱང་བྲིས་སོ། །དེ་ནས་བ་སོ་མཁན་གྱི་སློབ་དཔོན་དེ་བུམ་པ་ཁྱེར་ནས་རྫིང་བུ་ཡིན་ནོ་སྙམ་ནས་ཕྱོགས་དེར་ཕྱིན་ཏེ། ཁྱི་རོ་བམ་པ་མཐོང་བ་དང་། དེས་སྣ་བཀབ་ནས་བརྟག་པར་བརྩམས་པ་ལས་ཇི་ཙམ་ན་དེའི་ཆུ་སྣོད་དེ་ཆག་ནས་བ་སོ་མཁན་གྱི་སློབ་དཔོན་དེ་སྐྱེངས་པར་གྱུར་ཏོ། །དགེ་སློང་དག་ཇི་སྙམ་དུ་སེམས། བ་སོ་མཁན་གྱི་སློབ་དཔོན་གང་ཡིན་པ་དེ་ནི་དགེ་སློང་མཽད་གལ་གྱི་བུ་འདི་ཉིད་དེ་ཡིན་ནོ། །རི་མོ་མཁན་གྱི་སློབ་དཔོན་གང་ཡིན་པ་དེ་ནི་དགེ་སློང་ཤཱ་རིའི་བུ་འདི་ཉིད་དེ་ཡིན་ནོ། །འོན་ཀྱང་དེ་བཞིན་གཤེགས་པས་བརྙེས་པའི་བསམ་གཏན་དང་། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་གང་དག་ཡིན་པ་དེ་དག་གི་མིང་ཡང་རང་སངས་རྒྱས་རྣམས་ཀྱིས་མི་ཤེས་སོ། །རང་སངས་རྒྱས་རྣམས་ཀྱིས་ཐོབ་པ་གང་དག་ཡིན་པ་དེ་


DKG002_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

དག་གི་མིང་ཡང་དགེ་སློང་ཤཱ་རིའི་བུས་མི་ཤེས་སོ། །དགེ་སློང་ཤཱ་རིའི་བུས་ཐོབ་པ་གང་དག་ཡིན་པ་དེ་དག་གི་མིང་ཡང་དགེ་སློང་མཽད་གལ་གྱི་བུས་མི་ཤེས་སོ། །དགེ་སློང་མཽད་གལ་གྱི་བུས་ཐོབ་པ་གང་ཡིན་པ་དེ་དག་གི་མིང་ཡང་ཉན་ཐོས་གཞན་རྣམས་ཀྱིས་མི་ཤེས་ཏེ། །དགེ་སློང་མཽད་གལ་གྱི་བུ་བས་དགེ་སློང་ཤཱ་རིའི་བུ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་མོད་ཀྱི། དེས་མང་དུ་གནས་པ་ལ་དགོངས་ནས་ངས་རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ཏུ་བསྟན་ཏོ། །ཤཱ་རིའི་བུ་དང་མཽད་གལ་གྱི་བུའི་ལེའུའོ།། །།དེ་ནས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་རང་གི་ལས་ཀྱི་རྒྱུ་བ་ལུང་སྟོན་པར་བྱེད་དེ། སྨྲས་པ། དེ་ནི་དེར་སོང་སྔོན་ནས་སྤྱད་པ་དང་། །རྗེས་མཐུན་ཚིག་དག་ཤིན་ཏུ་སྒྲོགས་པ་ན། །གང་ཞིག་བྱས་པས་འབྲས་བུ་ཆེ་མྱོང་བ། །ཆུང་ངུ་གཅིག་པུ་དེ་ནི་མྱུར་དྲན་ནས། །ཇི་ལྟར་སེང་གེ་རི་ཡི་ཕུག་གནས་པ། །འཇིགས་པ་མེད་པར་སྤྱོད་ཡུལ་འགྲོ་བ་ལྟར། །མཚུངས་པ་མེད་པའི་ཉན་ཐོས་འོད་སྲུང་དེ། །སྔོན་གྱི་གནས་ནས་སྤྱད་པ་སྒྲོགས་བྱེད་པ། ། ཟག་མེད་ཐ་བ་མེད་པ་རྣམ་གྲོལ་སེམས། །ཉོན་མོངས་མེད་པར་གནས་པ་སྐྱོན་མེད་ཡིད། །དེ་ལ་ཆོས་མཆོག་ཡོད་པར་ཡིད་ཆེས་ནས། །དེ་ཡི་ཆོས་ལ་ཡིད་ཀྱིས་སྨོན་བྱས་ཏེ། །རང་སངས་རྒྱས་ལ་བདག་གིས་ཡོན་དུ་ནི། །ཁྲེ་རྒོད་བྲེའུ་ཆུང་གང་ཞིག་རབ་ཕུལ་བས། །དེ་འདྲ་བ་དང་ཀུན་དུ་ཕྲད་གྱུར་ཅེས། །སྨོན་པས་སྒྲ་མི་སྙན་དུ་སྐྱེས་པ་ནི། །ལས་དེ་གཅིག་པུ་ཉིད་ཀྱི་འབྲས་བུ་ཡིས། །ལུས་ཅན་བདག་གིར་འཛིན་མེད་ཚེ་རིང་པ། །ཁྱད་པར་འགྲོ་ཞིང་སྤྱོད་པ་མི་དམན་པ། །སྒྲ་མི་སྙན་དུ་ལན་སྟོང་སྐྱེས་པར་གྱུར། །ལས་དེ་གཅིག་པུ་ཉིད་ཀྱི་འབྲས་བུ་ཡིས། །ལན་སྟོང་སུམ་བཅུ་རྩ་གསུམ་པར་སྐྱེས་ཏེ། །མེ་ཏོག་ཕྲེང་རྒྱན་བྱུག་པ་སྣ་ཚོགས་དང་། མཐུ་ཆེན་ལུས་མཛེས་པ་དང་ལྡན་པར་གྱུར། །དེ་ནས་འཕོས་བདག་སྒྲ་མི་སྙན་དུ་སྐྱེས། །སླར་ཡང་ལྷ་དགའ་བར་བྱེད་པ་དང་། །སེམས་ཀྱི་སྨོན་ལམ་དབང་གིས་སླར་ཡང་བདག །མི་ནི་དག་བ་རྣམས་ཀྱི་ནང་དུ་སྐྱེས། །ལས་དེ་གཅིག་པུ་ཉིད་ཀྱི་འབྲས་བུས་བདག །བྲམ་ཟེ་སཱ་ལ་ཆེན་པོའ་རིགས་སྐྱེས་ཏེ། །ནོར་མང་སྐྱེས་པ་བུད་མེད་རྣམས་ཀྱིས་བཀུར། །འདོད་པའི་ཡོན་ཏན་ལྔ་དོན་མི་གཉེར་ཡང་། །བདག་གིས་སྟོན་པ་ལན་འགའང་མ་མཐོང་ཞིང་། །


DKG002_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

མཚུངས་མེད་ཉན་ཐོས་བདག་གིས་མ་མཐོང་ནས། །བདག་གི་སེང་རས་ཆེམ་གྱོན་འཇིག་རྟེན་ན། །དགྲ་བཅོམ་རྣམས་ལ་ཕྱག་འཚལ་རབ་ཏུ་བྱུང་། །བདག་ནི་དེ་ལྟར་རབ་ཏུ་བྱུང་བ་དང་། །རྒྱལ་བ་བུ་མངས་མཆོད་རྟེན་ནང་བཞུགས་མཐོང་། །ཐུབ་ཞབས་ཕྱག་འཚལ་བཅོམ་ལྡན་བདག་གི་སྟོན། །བདག་ནི་ཁྱོད་ཀྱི་ཉན་ཐོས་གྱུར་ཅེས་གསོལ། །འོད་སྲུང་ཇི་སྐད་སྨྲས་བཞིན་བྱས་ཏེ་འདིར། །ཁྱོད་སྟོན་ང་ཡིན་ང་ཡི་ཉན་ཐོས་ཁྱོད། །གལ་ཏེ་སྡུག་བསྔལ་ཀུན་ལས་ཐར་འདོད་ན། །ཁྱོད་ཀྱིས་སྙན་པར་བཤད་པའི་ཆོས་སྙན་ཉོན། །གང་ཡང་བདག་ལ་སྐྱེས་མཆོག་སྐྱོབ་པ་ནི། །ཐུགས་རྗེ་ཆེན་པོ་ཡིས་ནི་ཆོས་བཤད་པ། །བསམ་གཏན་བཞི་སྟོབས་དབང་པོ་བྱང་ཆུབ་ཀྱི། །ཡན་ལག་ལམ་གྱི་ཡན་ལག་རྣམ་པར་ཐར། །དེ་དག་བསྒོམ་པ་བདག་གིས་དགའ་མགུར་ཐོབ། །ཟག་པ་ཟད་ཅིང་ལུས་ཀྱི་ཐ་མ་བཟུང་། །ལུས་ཀྱི་ཐ་མ་འཛིན་པ་རྡུལ་མེད་པ། །དྲང་པོ་འདི་དག་དང་ནི་བདག་གིར་ཕྲད། །དེ་བཞིན་གཤེགས་རྒྱལ་ཕུན་སུམ་ཚོགས་པ་གསུང་། །ཚུལ་ཁྲིམས་ལྡན་པ་གང་འདོད་འགྲུབ་པར་འགྱུར། །བདག་གི་ཡིད་ལ་ཅི་དང་ཅི་བསམས་པ། །ཐམས་ཅད་གྲུབ་སྟེ་སྲིད་པའི་ཐ་མ་འདི། །བདག་གི་སྐྱེ་བ་ཟད་ཅིང་འཆིང་བ་དང་། །སྲིད་པ་ཀུན་ནས་ལངས་པ་ཉིད་བཅད་དེ། །བདག་ནི་ཆོས་རྒྱལ་ཐུགས་ལས་སྐྱེས་པའི་སྲས། །ཉོན་མོངས་ཚོགས་རྣམས་ཟད་པས་མྱ་ངན་འདའ། །བདག་ནི་ཐམས་ཅད་གཟིགས་པ་ཡིས། །སྦྱངས་ལ་གནས་པ་མཆོག་ཏུ་བསྟན། ཟག་པ་མེད་ཅིང་ཉེས་པ་བསལ། །གོ་འཕང་མི་གཡོ་བདག་གིས་འཐོབ། །གནས་བརྟན་འོད་སྲུང་དེ་ལྟ་བུར། །མ་དྲོས་པ་ཡི་མཚོ་ཆེན་དུ། །དགེ་སློང་དགེ་འདུན་མདུན་འདུག་ནས། །རང་གི་ལས་ནི་ལུང་བསྟན་ཏོ། །འོད་སྲུང་གི་ལེའུ་སྟེ་དང་པོའོ།། །།འདུལ་བ་གཞི། བམ་པོ་ལྔ་བཅུ་རྩ་གཉིས་པ། དེ་ནས་དགེ་སློང་གནས་བརྟན་རྣམས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། ཚེ་དང་ལྡན་པ་ཤཱ་རིའི་བུས་ལས་ཅི་ཞིག་བྱས་ན་ལས་དེའི་རྣམ་པར་སྨིན་པས་ཤེས་རབ་ཆེན་པོ་དང་སྤོབས་པ་ཆེན་པོ་དང་ལྡན་པར་གྱུར་དེས་སྨྲས་པ། བདག་གིས་དགོན་པར་རང་སངས་རྒྱས། །དྲང་སྲོང་


DKG002_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་སྦྱོང་ཞིར་གྱུར་པ། །སྐལ་དང་ལྡན་པ་ཆོས་གོས་ནི། །དེ་ཚེ་རྙིང་པ་གྱོན་པ་མཐོང་། །དེ་ལ་བདག་གིས་སེམས་དད་པས། །བང་བརྒྱུགས་ནས་ཀྱང་ཆོས་གོས་ནི། །དྲུབས་ཤིང་ཁ་བསྒྱུར་དེ་བཞིན་དུ། །དེ་ལ་ཡང་དང་ཡང་དུ་གཏུགས། །དེ་ནས་བདག་ལ་ཐུགས་བརྩེའི་ཕྱིར། །དེ་ནི་བར་སྣང་ལ་འཕགས་ནས། །རང་གི་གཟི་བརྗིད་ཀྱིས་འབར་ཞིང་། །དེ་ནས་མཁའ་ལ་གཤེགས་པར་གྱུར། །བདག་གིས་ཐལ་མོ་སྦྱར་བྱས་ནས། །ཇི་ལྟར་བདག་ནི་འདི་འདྲ་བར། །དབང་རྣོན་ཤེས་རབ་ཆེར་ཤོག་ཅེས། །དེ་ལྟ་བུར་ནི་སྨོན་ལམ་བཏབ། །བདག་ནི་ཕྱུག་པོའ་རིགས་སུའམ། །མ་རབས་དག་ཏུ་མི་སྐྱེ་བར། །བར་མའི་རིགས་སུ་སྐྱེ་འགྱུར་ཞིང་། །རྟག་ཏུ་རབ་འབྱུང་མང་བར་ཤོག །དགེ་བའི་རྩ་བ་དེས་ན་བདག །བདག་ནི་ཚེ་རབས་ལྟ་བརྒྱར་ཡང་། །མི་ཡི་རྙེད་པ་ཐོབ་ནས་ནི། །ཁྱིམ་མེད་པར་ནི་རབ་ཏུ་བྱུང་། །བདག་གི་སྐྱེ་བ་ཐ་མ་ནི། །མི་ཡི་སྲིད་ཐོབ་འདི་ཡིན་ཏེ། །རྫོགས་སངས་བླ་ན་མེད་པ་ཡི། །དེད་དཔོན་འདི་ནི་མཉེས་པར་བྱས། །ཤཱཀྱ་སེང་གེའི་བསྟན་པ་ལ། །བདག་གིས་རབ་བྱུང་ཐོབ་ནས་ནི། །མྱ་ངན་འདས་པ་བསིལ་གྱུར་པའི། །དགྲ་བཅོམ་པ་ཡང་བདག་གིས་ཐོབ། །བཙུན་པ་བདག་གིས་ཟླ་ཕྱེད་ཀྱིས། །འགྲོ་བའི་ཕ་རོལ་ཕྱིན་པ་ཐོབ། །དགེ་སློང་དགེ་འདུན་གུང་བཞུགས་ནས། །སྟོན་པས་བདག་ནི་མངོན་སུམ་དུ། །ཆོས་ཀྱི་འཁོར་ལོ་རྗེས་སྐོར་བ། །ཤེས་རབ་ཅན་གྱི་གཙོ་བོར་བསྟན། །ཤེས་རབ་ཆེན་པོ་ཤཱ་རིའི་བུ། །དགེ་སློང་དགེ་འདུན་མདུན་འདུག་ནས། །མ་དྲོས་པ་ཡི་མཚོ་ཆེན་དུ། །རང་གི་ལས་ནི་ལུང་བསྟན་ཏོ། །ཤཱ་རིའི་བུའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་དགེ་སློང་གནས་བརྟན་གནས་བརྟན་རྣམས་ཀྱིས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ཚེ་དང་ལྡན་པ་ཤཱ་རིའི་བུས་ནི་རང་གི་ལས་ཀྱི་རྒྱུ་བ་ལུང་བསྟན་ཟིན་གྱིས། ད་ནི་ཁྱོད་ཀྱིས་ཀྱང་རང་གི་ལས་ཀྱི་རྒྱུ་བ་ལུང་སྟོན་ཅིག །དེ་སྐད་ཅེས་སྨྲས་པ་དང་། ཚེ་དང་ལྡན་མཽད་གལ་གྱི་བུ་ཆེན་པོས་དགེ་སློང་གནས་བརྟན་གནས་བརྟན་རྣམས་ལ་འདི་སྐེད་ཅེས་སྨྲས་སོ། །བདག་སྔོན་དྲང་སྲོང་གྱུར་པའི་ཚེ། །ནགས་མཐའི་དགོན་པར་གནས་པ་ན། །དེར་ནི་སྐྱེས་པ་ཞིག་འོངས་ནས། །བདག་ལ་རབ་བྱུང་


DKG002_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བ་འདེབས། །བདག་གིས་བརྒྱུགས་ནས་དེ་ཡི་སྐྲ། །བྲེགས་ནས་ཀྱང་ནི་ཆོས་གོས་དག །ཁ་དོག་བསྒྱུར་ནས་དེ་ལ་བྱིན། །དེ་ཡིད་དག་འགྱུར་དེ་ཡི་ཚེ། །ཕྱོགས་གཅིག་ཏུ་ནི་ཉེར་སོང་ནས། །སྐྱིལ་མོ་ཀྲུང་བཅས་འདུག་ནས་དེས། །རང་བྱང་ཆུབ་ནི་རེག་གྱུར་ཏེ། །དེ་ནས་མཁའ་ལ་སོང་བར་གྱུར། །བདག་གིས་དད་བསྐྱེད་ཉེར་སོང་ནས། །དེ་ནས་ཐལ་མོ་ལེགས་སྦྱར་ཏེ། །དེ་ན་རྫུ་འཕྲུལ་མཆོག་གསོལ་ཞིང་། །སྨོན་ལམ་གདབ་པ་བྱས་པ་ནི། །དྲང་སྲོང་ཆེ་འདི་ཅི་འདྲ་བའི། །བདག་གི་རྫུ་འཕྲུལ་དེ་འདྲར་ཤོག །དགེ་བའི་རྩ་བ་དེ་ཡིས་ན། །གང་དང་གང་དུ་སྐྱེས་པར་ནི། །བསོད་ནམས་བྱས་པས་མཛེས་པ་ཡི། །ལྷ་དང་མི་ནི་རྣམས་སུ་གྱུར། །བདག་གི་སྲིད་པ་ཐ་མ་ནི། །མི་ཡི་སྲིད་ཐོབ་འདི་ཡིན་ཏེ། །རྫོགས་སངས་བླ་ན་མེད་པ་ཡི། །དེད་དཔོན་འདི་ནི་མཉེས་པར་བྱས། །ཤཱཀྱ་སེང་གེའི་བསྟན་པ་ལ། །བདག་གིས་རབ་བྱུང་ཐོབ་ནས་ནི། །མྱ་ངན་འདས་པ་བསིལ་གྱུར་པའི། །དགྲ་བཅོམ་པ་ནི་བདག་གིས་ཐོབ། །ཐམས་ཅད་གཟིགས་པས་རྫུ་འཕྲུལ་ཅན། །རྣམས་ཀྱི་མཆོག་ཏུ་བདག་བསྟན་ཏོ། །དགེ་བ་ཆུང་ངུ་བྱས་པ་ནི། །བདེ་བ་མང་པོ་ཉམས་སུ་མྱོང་། །མི་དགེ་བ་ཡི་ལས་གང་ཡིན། །བདག་གིས་ལུང་བསྟན་མཉན་པར་གྱིས། །གྲོང་མཆོག་རྒྱལ་པོའ་ཁབ་ཏུ་ནི། །བདག་ནི་ཚོང་དཔོན་ཁྱེའུ་གྱུར་ནས། །ཁྱིམ་གྱི་ཕྱི་རོལ་རྩེ་རྩེ་ནས། །ཟན་གྱི་ཕྱིར་ཡང་ཞུགས་པ་ལས། །དེ་ན་ཕ་མ་གཉིས་ཀ་ནི། །དབེན་པར་འདུག་པ་བདག་གིས་མཐོང་། །དེ་གཉིས་མཐོང་བས་བདག་བརྡེགས་ཤིང་། །སྐྱེངས་པས་ཀྱང་ནི་སྦྱོ་བ་བྱས། །ཕ་དང་མ་ནི་གཉིས་ཀ་ལ། །ཡིད་ཀྱིས་ཉེས་པ་བྱས་པ་ནི། །གང་ཚེ་ཆེན་པོར་གྱུར་པ་ན། །འདམ་བུ་བཅོམ་པ་བཞིན་བསད་སྙམ། །བདག་གི་ཡིད་ཀྱིས་ཉེས་བྱས་ཀྱི། །ལུས་ཀྱིས་བྱས་པ་མ་ཡིན་ནའང་། །བདག་ནི་དམྱལ་བ་ཐིག་ནག་ཏུ། །སྡུག་བསྔལ་མི་བཟད་ཉམས་སུ་མྱོང་། །དེ་ཡི་ལས་ཀྱི་ལྷག་མ་ཡིས། །བདག་གི་སྲིད་པ་ཐ་མ་འདིར། །མུ་སྟེགས་གཞན་གྱི་དགེ་སྦྱོང་གིས། །འདམ་བུ་བཅོམ་བཞིན་བདག་གཏོག་འགྱུར། །བདག་ནི་སྡུག་བསྔལ་དེ་ཉིད་ཀྱིས། །ཤི་བར་འགྱུར་ཏེ་དེ་ནས་ནི། །ལས་རྣམས་ཀྱི་ནི་ལྷག་མ་ཡང་། །ཐ་མ་ཟད་པར་འགྱུར་བ་ཡིན། །དེ་བས་ཕ་དང་མ་དག་ལ། །


DKG002_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ནི་རབ་ཏུ་དད་པར་བྱ། །སེམས་དད་པ་ཡི་རྒྱུ་ཡིས་ནི། །སེམས་ཅན་འགྲོ་བ་བཟང་པོར་འགྲོ། །དེ་ལྟར་གནས་བརྟན་པང་ནས་སྐྱེས། །དགེ་སློང་དགེ་འདུན་མདུན་འདུག་ནས། །མ་དྲོས་པ་ཡི་མཚེ་ཆེན་དུ། །རང་གི་ལས་ནི་ལུང་བསྟན་ཏོ། །པང་ནས་སྐྱེས་ཀྱི་ལེའུ་སྟེ་གསུམ་པའོ།། །།དེ་ནས་དགེ་སློང་གནས་བརྟན་གནས་བརྟན་རྣམས་ཀྱིས་ཚེ་དང་ལྡན་པ་མཛེས་ལྡན་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་མཛེས་ལྡན་ཚེ་དང་ལྡན་པ་པང་ནས་སྐྱེས་ཀྱིས་རང་གི་ལས་ཀྱི་རྒྱུ་བ་ལུང་བསྟན་ཟིན་གྱིས། ད་ནི་ཚེ་དང་ལྡན་པ་མཛེས་ལྡན་གྱིས་ཀྱང་རང་གི་ལས་ཀྱི་རྒྱུ་བ་ལུང་སྟོན་ཅིག །དེ་ནས་ཚེ་དང་ལྡན་པ་མཛེས་ལྡན་གྱིས་དགེ་སློང་གི་དགེ་འདུན་གྱི་མདུན་དུ་རང་གི་ལས་ཀྱི་རྒྱུ་བ་ལུང་བསྟན་པ། དགེ་འདུན་ཀུན་དགར་བདག་སོན་ན། །ཁྱམས་དེའི་ཕྱག་དར་མཐོང་ནས་ནི། །བདག་གིས་ཕྱགས་མ་བླངས་ནས་སུ། །དེ་ཚེ་དགའ་བས་ཕྱག་དར་བྱས། །དེ་ནས་བདག་གིས་སེམས་དད་པས། །ཁྱམས་དེ་གཙང་མར་མཐོང་ནས་ནི། །ཇི་ལྟར་ཁྱམས་དེ་གཙང་བ་ལྟར། །ཉོན་མོངས་མེད་པར་གྱུར་ཅིག་སྨྲས། །དགེ་བའི་རྩ་བ་དེ་ཡིས་ནི། །གང་དང་གང་དུ་སྐྱེས་པར་ཡང་། །བདག་གི་གཟུགས་ནི་བཟང་བ་དང་། །བལྟ་ན་སྡུག་ཅིང་མཛེས་པར་གྱུར། །དེ་ཡི་ལས་ཀྱི་ལྷག་མས་ནི། །བདག་གི་ལུས་ནི་ཐ་མ་ལ། །བདག་གི་ཕ་དང་མ་གཉིས་ཀྱིས། །བདག་མིང་མཛེས་ལྡན་ཁོ་ནར་བཏགས། །མཛེས་ལྡན་བདག་ནི་བཙས་གྱུར་ཏེ། །གང་ཚེ་གཉེན་ཚོགས་མདུན་ཕྱིན་པ། །དེ་ཚེ་གཉེན་ནི་ཐམས་ཅད་ཀྱིས། །མགུ་ཞིང་ཡིད་དགའ་བཀུར་སྟི་བྱས། །རྫོགས་སངས་བླ་ན་མེད་པ་ཡི། །དེད་དཔོན་འདི་ནི་མཉེས་པར་བྱས། །མྱ་ངན་འདས་པ་བསིལ་གྱུར་པའི། །དགྲ་བཅོམ་པ་ཡང་བདག་གིས་ཐོབ། །བདག་གི་ཉོན་མོངས་མེད་གྱུར་ཅེས། །སྨོན་ལམ་བཏབ་པ་གང་ཡིན་པ། །བྱ་བ་བྱས་ཏེ་ཉོན་མོངས་མེད། །དགྲ་བཅོམ་ཟག་པ་མེད་པ་ཡིན། །འཛམ་བུའི་གླིང་ནི་ཐམས་ཅད་ཀྱང་། །ཀ་ཤིའི་གོས་ཀྱིས་ཕྱགས་པ་བས།། གང་གིས་འདོད་ཆགས་བྲལ་བ་ཡི། །དྲང་སྲོང་འཆག་ས་གཅིག་ཕྱགས་པའོ། །འཛམ་བུའི་གླིང་ན་དྲང་སྲོང་གི །འཆག་ས་ཐམས་ཅད་ཕྱགས་པ་བས། །གང་གིས་ཕྱོགས་བཞིའི་དགེ་འདུན་གྱི། །རེ་ལྡེ་ཙམ་དག་ཕྱགས་པའོ། །འཛམ་བུའི་གླིང་ན་དགེ་འདུན་གྱི། །ཀུན་དགའ་ར་བ་ཀུན་ཕྱགས་པས། །


DKG002_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

གང་གིས་རྒྱལ་བའི་མཆོད་རྟེན་ནི། །ཁྲུ་གང་ཙམ་ཞིག་ཕྱགས་པའོ། །བདག་ཉིད་ཀྱིས་ནི་གང་རྟོགས་པའི། །ཁྱད་པར་དེ་དག་ཤེས་བྱས་ནས། །བདེར་གཤེགས་མཆོད་རྟེན་ཕྱགས་ནས་ནི། །སེམས་ཀྱང་རབ་ཏུ་དང་བར་གྱིས། །དེ་ལྟས་རྫོགས་པའི་སངས་རྒྱས་ཀྱི། །ཡོན་ཏན་མང་པོ་ཤེས་པ་ཡིས། །མཆོད་རྟེན་རྣམས་ལ་བཀུར་སྟི་བྱོས། །འབྲས་བུ་ཆེན་པོ་དག་ཏུ་འགྱུར། །བཙུན་པ་བདག་གིས་དགེ་བ་ནི། །གང་བྱས་དྲན་པ་འདི་ལགས་ཏེ། །དེ་ཡི་འབྲས་བུ་སྡུག་པ་དང་། །འདོད་པ་ཡིད་འོང་ཉམས་སུ་མྱོང་། །དེ་བས་རྒྱལ་བའི་མཆོད་རྟེན་ལ། །མཆོད་པ་དག་ནི་བཟང་པོ་གྱིས། །བཙུན་པ་འདི་ནི་བསོད་ནམས་ཞིང་། །དམ་པ་བླ་ན་མེད་པ་ཡིན། །རྫོགས་སངས་དེ་བཞིན་གཤེགས་པའམ། །སངས་རྒྱས་རྣམས་ཀྱི་ཉན་ཐོས་ལ། །སེམས་ནི་རབ་ཏུ་དང་བྱས་པའི། །ཡོན་ནི་ཆུང་ངུར་འགྱུར་མ་ཡིན། །དེ་ལྟར་གནས་བརྟན་མཛེས་ལྡན་གྱིས། །དགེ་སློང་དགེ་འདུན་མདུན་འདུག་ནས། །མ་དྲོས་པ་ཡི་མཚོ་ཆེན་དུ། །རང་གི་ལས་ནི་ལུང་བསྟན་ཏོ། །མཛེས་ལྡན་གྱི་ལེའུ་སྟེ་བཞི་པའོ།། །།དེ་ནས་དགེ་སློང་གནས་བརྟན་གནས་བརྟན་རྣམས་ཀྱིས་ཚེ་དང་ལྡན་པ་སྣ་མའི་མེ་ཏོག་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་སྣ་མའི་མེ་ཏོག་ཚེ་དང་ལྡན་པ་མཛེས་ལྡན་གྱིས་རང་གི་ལས་ཀྱི་རྒྱུ་བ་ལུང་བསྟན་ཟིན་གྱིས། ད་ནི་ཚེ་དང་ལྡན་པས་ཀྱང་རང་གི་ལས་ཀྱི་རྒྱུ་བ་ལུང་སྟོན་ཅིག །སྣ་མའི་མེ་ཏོག་རྣ་རྒྱན་བྱས། །མགོ་ལ་མེ་ཏོག་ཕྲེང་བ་ཅིངས་ནས། །ནེའུ་ཟླ་རྣམས་ཀྱིས་ཡོངས་བསྐོར་ཏེ། །སྐྱེད་མོས་ཚལ་གྱི་གནས་སུ་བྱུང་། །དེ་ན་ཐུབ་པ་ཆེན་པོ་པ། །རྣམ་པར་གཟིགས་ཀྱི་མཆོད་རྟེན་ལ། །སྐྱེ་བོའ་ཚོགས་ཆེན་ཐམས་ཅད་ནས། །ལེགས་པར་མཆོད་པ་བདག་གིས་མཐོང་། །དེ་ནས་ནེའུ་ཟླ་རྣམས་ཁྲིད་ནས། །རང་རང་གི་ནི་ཕྲེང་བ་ཀུན། །སེམས་ནི་དད་པར་བྱས་ནས་སུ། །མཆོད་རྟེན་དེ་ལ་གདགས་པ་བྱས། །དེ་ན་བདག་གིས་དེ་དག་དང་། །སྐྱེ་བོ་མང་པོ་གཞན་མཐོང་ནས། །སྣ་མ་རྣ་བ་ལས་བཀྲོལ་ཏེ། །དེ་ཚེ་མཆོད་རྟེན་གདགས་པ་བྱས། །དགེ་བའི་རྩ་བ་དེས་ན་བདག །གང་དང་གང་དུ་སྐྱེས་པར་ཡང་། །བསོད་ནམས་བྱས་པ་མཛེས་པ་ཡི། །ལྷ་དང་མི་ནི་རྣམས་སུ་གྱུར། །རྫོགས་སངས་བླ་ན་མེད་པ་ཡི། །དེད་དཔོན་འདི་ནི་མཉེས་པར་བྱས། །མྱ་ངན་འདས་


DKG002_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

པ་བསིལ་གྱུར་པའི། །དགྲ་བཅོམ་པ་ཡང་བདག་གིས་ཐོབ། །མེ་ཏོག་གཅིག་ནི་བཏང་བས་ན། །ལོ་ནི་བྱེ་བ་བརྒྱ་ཕྲག་ཏུ། །བདག་གིས་ལྷ་ཡི་ཡོངས་སྤྱད་ནས། །དེ་ཡི་ལྷག་མས་མྱ་ངནའདས། །བཙུན་པ་གལ་ཏེ་སངས་རྒྱས་ཀྱི། །ཡོན་ཏན་ཕལ་ཆེད་འཚལ་གྱུར་ན། །སེམས་ནི་ཤིན་ཏུ་དད་པ་ཡིས། །ཕྱིར་ཞིང་བསྙེན་བཀུར་བགྱིས་པ་ཞིག །དེ་ལྟས་རྫོགས་པའི་སངས་རྒྱས་ཀྱི། །ཡོན་ཏན་མང་པོ་ཤེས་པ་ཡིས། །མཆོད་རྟེན་རྣམས་ལ་བཀུར་སྟི་བྱོས། །འབྲས་བུ་ཆེན་པོ་དག་ཏུ་འགྱུར། །རྫོགས་སངས་དེ་བཞིན་གཤེགས་པའམ། །སངས་རྒྱས་རྣམས་ཀྱི་ཉན་ཐོས་ལ། །སེམས་ནི་རབ་ཏུ་དང་བྱས་པའི། །ཡོན་ནི་ཆུང་བར་འགྱུར་མ་ཡིན། །བཙུན་པ་བདག་གིས་དགེ་བ་ནི། །གང་བྱས་དྲན་པ་འདི་ལགས་ཏེ། །དེ་ཡི་འབྲས་བུ་སྡུག་པ་དང་། །འདོད་པ་ཡིད་འོང་ཉམས་སུ་མྱོང་། །ལས་ཀྱི་རྣམ་པར་སྨིན་པ་དེས། །དེ་སྲིད་སྐྱེ་བ་ཟད་པ་དང་། །ཉོན་མོངས་བཅོམ་ནས་བསིལ་གྱུར་པའི། །བདག་ནི་དགྲ་བཅོམ་མྱ་ངན་འདས། །བདག་ནི་ཡང་སྲིད་ཉལ་བ་དང་། །འཁོར་བ་གང་དུའང་ཉལ་མ་ཡིན། །བདག་གི་སྐྱེ་བ་ཐ་མ་ནི། །འདི་ཡིན་ལེན་པ་མེད་པར་འགྱུར། །དེ་ཉིད་ཀྱི་ནི་རྒྱུ་ཡིས་བདག །སྣ་མའི་མེ་ཏོག་མིང་འདི་བཏགས། །སྡུག་བསྔལ་ཀུན་ལས་བདག་གྲོལ་ཞིང་། །སྲིད་པའི་མཚོ་ལས་རྒལ་བར་གྱུར། །དེ་ལྟར་གནས་བརྟན་སྣ་མ་ནི། །དགེ་སློང་དགེ་འདུན་མདུན་འདུག་ནས། །མ་དྲོས་པ་ཡི་མཚོ་ཆེན་དུ། །རང་གི་ལས་ནི་ལུང་བསྟན་ཏོ། །སྣ་མའི་མེ་ཏོག་གི་ལེའུ་སྟེ་ལྔ་པའོ།། །།དེ་ནས་དགེ་སློང་གནས་བརྟན་གནས་བརྟན་རྣམས་ཀྱིས་ཚེ་དང་ལྡན་པ་བྱེ་བ་ཉི་ཤུ་པ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་བྱེ་བ་ཉི་ཤུ་པ་ཚེ་དང་ལྡན་པ་སྣ་མའི་མེ་ཏོག་གིས་རང་གི་ལས་ཀྱི་རྒྱུ་བ་ལུང་བསྟན་ཟིན་གྱིས། །ཚེ་དང་ལྡན་པས་ཀྱང་ད་ནི་རང་གི་ལས་ཀྱི་རྒྱུ་བ་ལུང་སྟོན་ཅིག །ཚེ་དང་ལྡན་པ་བྱེ་བ་ཉི་ཤུ་པས་ཅི་ཞིག་བྱས་ན་ལས་དེས་བཅོམ་ལྡན་འདས་ཀྱིས་བརྩོན་འགྲུས་རྩོམ་པ་རྣམས་ཀྱི་མཆོག་ཏུ་བསྟན། དེས་སྨྲས་པ། རྣམ་པར་གཟིགས་ཀྱི་གསུང་རབ་ལ། །རྒྱལ་པོའ་ཕོ་བྲང་བཤེས་ལྡན་དུ། །བདག་གིས་ཕྱོགས་བཞིའི་དགེ་འདུན་གྱི། །གནས་ཁང་གཅིག་ཅིག་བརྩིགས་ནས་ནི། །བདག་གིས་གནས་ཁང་དེ་ཡི་གཞིར། །རས་ཕྲན་རྣམས་ཀྱིས་ས་གཞི་གཡོགས། །སེམས་དགའ་བ་


DKG002_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཡིད་བདེ་བས། །དེ་ཚེ་སྨོན་ལམ་བཏབ་པ་ནི། །རྫོགས་སངས་རྒྱས་ནི་མཉེས་བྱས་ཏེ། །བསྙེན་པར་རྫོགས་པ་ཐོབ་ནས་ནི། །མྱ་ངན་འདས་པ་མཆོག་ཞི་བ། །རྒ་མེད་གོ་འཕང་རེག་པར་ཤོག །བདག་གི་བསོད་ནམས་དེས་ནི་བདག །བསོད་ནམས་བྱས་པས་མཛེས་པ་ཡི། །བསྐལ་པ་དགུ་བཅུར་ལྷ་དང་ནི། མི་རྣམས་སུ་ནི་འཁོར་བར་གྱུར། །དེ་ནས་ལས་ཀྱི་ལྷག་མས་ནི། །བདག་གི་ལུས་ནི་ཐ་མ་ལ། །ཙམ་པར་ཚོང་དཔོན་མཆོག་གི་ཡང་། །བུ་གཅིག་པར་ནི་བདག་སྐྱེས་སོ། །བདག་ནི་བཙས་མ་ཐག་ཏུ་ཡང་། །ཕ་ཡིས་ཐོས་ནས་འདུན་གྱུར་པ། །གཞོན་ནུ་ལ་ནི་བདག་གིས་ནོར། །བྱེ་བ་ཉི་ཤུ་སྦྱིན་པར་བྱ། །བདག་གི་རྐང་མཐིལ་གཉི་གའི་སྤུ། །ཤིན་ཏུ་ཕྲ་ཞིང་མཉེན་པ་དང་། །རེག་ན་བདེ་ཞིང་འཇམ་པ་ཡི། །ཤིང་བལ་འདབ་ལྷའི་སོར་བཞི་སྐྱེས། །འདས་པའི་བསྐལ་པ་དགུ་བཅུ་དང་། །བསྐལ་པ་གཅིག་འདི་ལྷག་པར་ནི། །ས་གཞི་གདིང་བས་མ་གཡོགས་པར། །རྐང་པ་འཇོག་ནི་མ་མྱོང་ངོ་། །རྫོགས་སངས་བླ་ན་མེད་པ་ཡི། །དེད་དཔོན་འདི་ནི་མཉེས་པར་བྱས། །མྱ་ངན་འདས་པ་བསིལ་གྱུར་པའི། །དགྲ་བཅོམ་པ་ཡང་བདག་གིས་ཐོབ། །ཐམས་ཅད་གཟིགས་པས་བརྩོན་འགྲུས་ཅན། །རྣམས་ཀྱི་མཆོག་ཏུ་བདག་བསྟན་ཏོ། །ཟག་མེད་ཉེས་པ་སྤངས་པ་ཡི། །གོ་འཕང་མི་གཡོ་བདག་གིས་ཐོབ། །གནས་བརྟན་བྱེ་བ་ཉི་ཤུ་པ། །དགེ་སློང་དགེ་འདུན་མདུན་འདུག་ནས། །དེ་ལྟར་མ་དྲོས་མཚོ་ཆེན་དུ། །རང་གི་ལས་ནི་ལུང་བསྟན་ཏོ། ། བྱེ་བ་ཉི་ཤུ་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་དགེ་སློང་གནས་བརྟན་གནས་བརྟན་རྣམས་ཀྱིས་ཚེ་དང་ལྡན་པ་ངག་དབང་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ངག་དབང་ཚེ་དང་ལྡན་པ་བྱེ་བ་ཉི་ཤུ་པས་རང་གི་ལས་ཀྱི་རྒྱུ་བ་ལུང་བསྟན་ཟིན་གྱིས། ཚེ་དང་ལྡན་པས་ཀྱང་ང་རང་གི་ལས་ཀྱི་རྒྱུ་བ་ལུང་སྟོན་ཅིག །དེས་སྨྲས་པ། འདས་པའི་བསྐལ་པ་དགུ་བཅུར་ནི། །བསོད་ནམས་བྱས་པས་མཛེས་པ་ཡི། །ལྷ་རྣམས་དང་ནི་མིར་སྐྱེས་ཏེ། །བདག་གིས་ངན་འགྲོ་མི་ཤེས་སོ། །བདག་གིས་དགེ་བ་མི་ཤེས་ཏེ། །ཕན་ཚུན་ཟླ་བ་ལྟས་འབའ་ཞིག་གིས། །རྣམ་པར་གཟིགས་ཀྱི་མཆོད་རྟེན་ནི། །མཐོང་ནས་དེ་ཚེ་བསྙེན་བཀུར་བྱས། །འགྲོན་བུ་དྲུག་བཅུ་རྣམས་ཀྱིས་ནི། །དྲི་དང་ཕྲེང་བ་བྱུག་ཉོས་ཏེ། །མཆོད་རྟེན་ལ་ནི་གདགས་བྱས་པས། །བདག་ནི་ལོག་པར་ལྟུང་མ་གྱུར། །དགེ་བ་ཆུང་ངུ་བྱས་པ་ནི། །


DKG002_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བ་མང་པོ་ཉམས་སུ་མྱོང་། །མྱ་ངན་འདས་པ་བསིལ་གྱུར་པའི། །དགྲ་བཅོམ་པ་ཡང་བདག་གིས་ཐོབ། །གལ་ཏེ་རྫོགས་སངས་ཤེས་གྱུར་ལ། །མཆོད་རྟེན་དེ་ལ་བདག་གིས་སུ། །བཀུར་སྟི་བྱས་པར་གྱུར་ན་ནི། །ལེགས་པ་མང་བྱེད་འགྱུར་བ་ཞིག །དེ་ལྟས་རྫོགས་པའི་སངས་རྒྱས་ཀྱི། །ཡོན་ཏན་མང་པོ་ཤེས་པ་ཡིས། །མཆོད་རྟེན་བཀུར་སྟི་བྱོས་ཤིག་དང་། །འབྲས་བུ་ཆེན་པོ་དག་ཏུ་འགྱུར། །ཐམས་ཅད་གཟིགས་པས་མང་ཐོས་དང་། །སྣ་ཚོགས་གཏམ་དང་དགེ་བ་ཡི། །སྤོབས་ལྡན་ཚིགས་བཅད་བྱེད་པ་ནི། །རྣམས་ཀྱི་མཆོག་ཏུ་བདག་བསྟན་ཏོ། །དེ་ལྟར་གནས་བརྟན་ངག་དབང་ནི། །དགེ་སློང་དགེ་འདུན་མདུན་འདུག་ནས། །མ་དྲོས་པ་ཡི་མཚོ་ཆེན་དུ། །རང་གི་ལས་ནི་ལུང་བསྟན་ཏོ། །ངག་དབང་གི་ལེའུ་སྟེ་བདུན་པའོ།། །།དེ་ནས་དགེ་སློང་གནས་བརྟན་གནས་བརྟན་རྣམས་ཀྱིས་ཚེ་དང་ལྡན་པ་བྷ་ར་དྭ་ཛ་བསོད་སྙོམས་ལེན་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་བྷ་ར་དྭ་ཛ་བསོད་སྙོམས་ལེན་ཚེ་དང་ལྡན་པ་ངག་དབང་གིས་རང་གི་ལས་ཀྱི་རྒྱུ་བ་ལུང་བསྟན་ཟིན་གྱིས། ཚེ་དང་ལྡན་པས་ཀྱང་ང་རང་གི་ལས་ཀྱི་རྒྱུ་བ་ལུང་སྟོན་ཅིག ། དེ་ནས་ཚེ་དང་ལྡན་པ་བྷ་ར་དྭ་ཛ་བསོད་སྙོམས་ལེན་གྱིས་སྨྲས་པ། བདག་ནི་ཚོང་དཔོན་བུར་གྱུར་ནས། །ཕ་ཡི་ཁྱིམ་ན་དབང་བྱེད་ཚེ། །བདག་གིས་ཕ་ནི་ཡིད་བསྲུངས་ཤིང་། །མ་ལ་ལོག་པ་མི་མཐུན་བྱས། །ཕ་དང་སྲིང་མོ་སྤུན་དང་ནི། །བྲན་དང་ལས་བྱེད་རྣམས་ལ་ཡང་། །ཟས་དང་སྐོམ་གྱིས་ཚིམ་བྱས་ཀྱང་། །མ་ལ་སྤྱོ་བ་བྱས་ནས་སུ། །བདག་ནི་སེར་སྣས་ཟིལ་ནོན་པས། །མ་ལ་ཟས་ནི་མ་བྱིན་པར། །ཁྲོས་པས་ཚིག་ཏུ་སྨྲས་པ་ནི། །ཟས་སུ་རྡོ་བ་ཟོ་ཤིག་བྱས། །ལས་ཀྱི་རྣམ་པར་སྨིན་པ་དེས། །རབ་ཏུ་ཚ་དང་ཐིག་ནག་གི །དམྱལ་བར་ལན་མང་ལྷུང་ནས་ནི། །སྡུག་བསྔལ་མི་ཉུང་ཐོབ་པར་གྱུར། །དམྱལ་བ་དེ་ནས་ཤི་འཕོས་ནས། །མི་ཡི་སྲིད་པ་ཐོབ་པ་ན། །ལས་ཀྱི་རྣམ་པར་སྨིན་པ་དེས། །བདག་ནི་རྡོ་བ་ཟ་བར་གྱུར། །སྐྱེ་བ་དེ་དང་དེ་དག་ཏུ། །བདག་གིས་རྡོ་བ་མང་ཟོས་ཤིང་། །དེ་བཞིན་བཀྲེས་སྐོམ་སྡུག་བསྔལ་གྱིས། །བདག་ནི་འཆི་བའི་དུས་བྱས་སོ། །བདག་གི་སྐྱེ་བ་ཐ་མ་ནི། །མི་སྲིད་ཐོབ་པ་འདི་ཡིན་ཏེ། །རྫོགས་སངས་བླ་ན་མེད་པ་ཡི། །དེད་དཔོན་འདི་ནི་མཉེས་པར་བྱས། །ཤཱཀྱ་སེང་གེའི་བསྟན་པ་ལ། །བདག་གིས་རབ་བྱུང་ཐོབ་ནས་ནི། །


DKG002_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

མྱ་ངན་འདས་པ་བསིལ་གྱུར་པའི། །དགྲ་བཅོམ་པ་ཡང་བདག་གིས་ཐོབ། །ཐམས་ཅད་གཟིགས་པས་སེང་གེ་ཡི། །སྒྲ་སྒྲོགས་པ་ཡི་མཆོག་ཏུ་བསྟན། །བདག་གིས་ཉོན་མོངས་ཐམས་ཅད་སྤངས། །ཉོན་མོངས་བྲལ་བས་ཟག་པ་མེད། །ད་དུང་དུ་ཡང་བཙུན་པ་དག །དེ་ལྟར་རྫུ་འཕྲུལ་ཐོབ་གྱུར་ཀྱང་། །ཕུག་ན་བདག་གི་ཟས་མཆིས་པ། །རྡོ་བ་ཉིད་དུ་གྱུར་ལགས་སོ། །བཙུན་པ་བདག་གིས་སྡིག་པ་ནི། །གང་བགྱིས་དྲན་པ་འདི་ལགས་ཏེ། །ལས་རྣམས་ཆུད་མི་ཟ་བས་ན། །དེ་ཡི་འབྲས་བུ་ཉམས་སུ་མྱོང་། །བྷ་ར་དྭ་ཛ་བསོད་སྙོམས་ལེན། །དགེ་སློང་དགེ་འདུན་མདུན་འདུག་ནས། །དེ་ལྟར་མ་དྲོས་མཚོ་ཆེན་དུ། །རང་གི་ལས་ནི་ལུང་བསྟན་ཏོ། །བྷ་ར་དྭ་ཛ་བསོད་སྙོམས་ལེན་གྱི་ལེའུ་སྟེ་བརྒྱད་པའོ།། །། དེ་ནས་དགེ་སློང་གནས་བརྟན་གནས་བརྟན་རྣམས་ཀྱིས་ཚེ་དང་ལྡན་པ་ལེགས་འོངས་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ལེགས་འོངས་ཚེ་དང་ལྡན་པ་བྷ་ར་དྭ་ཛ་བསོད་སྙོམས་ལེན་གྱིས་རང་གི་ལས་ཀྱི་རྒྱུ་བ་ལུང་བསྟན་ཟིན་གྱིས། ཚེ་དང་ལྡན་པ་ལེགས་འོངས་ཀྱིས་ཀྱང་ད་རང་གི་ལས་ཀྱི་རྒྱུ་བ་ལུང་སྟོན་ཅིག །དེ་ནས་ཚེ་དང་ལྡན་པ་ལེགས་འོངས་ཀྱིས་དེའི་ཚེ་རང་གི་ལས་ཀྱི་རྒྱུ་བ་ལུང་སྟོན་པར་བྱེད་དེ། རྒྱལ་པོའ་ཕོ་བྲང་བཤེས་ལྡན་དུ། །ཚོང་དཔོན་བུ་ཕོར་གྱུར་ནས་ནི། །བདག་ནི་ནོར་དང་འབྲུ་མང་ཞིང་། །སྐྱེ་བོའ་ཚིགས་ཀྱིས་བཀུར་བ་དང་། །རྒྱལ་པོ་དང་ནི་གྲོང་མི་དང་། །གསང་ཚིག་བརྗོད་པ་རྣམས་ཀྱིས་བཀུར། །བལྟ་ན་སྡུག་ཅིང་མཛེས་པ་དང་། །དར་ལ་བབ་པ་གཟུགས་ཀྱིས་རྒྱགས། དེ་ནས་བདག་ནི་ཤིང་རྟར་ཞུགས། །སྐྱེ་བོའ་ཚོགས་ཀྱིས་མདུན་བྱས་ནས། འདོད་པ་ཀུན་དང་ལྡན་གྱུར་ཅིང་། །སྐྱེད་མོས་ཚལ་དེར་དགེ་སྦྱོང་ནི། །དབང་པོ་ལེགས་པར་བསྡམས་པ་དང་། །དབང་པོ་ཞི་བས་རྒྱུ་བྱེད་པ། །ཆོས་གོས་རྙིད་པ་ཅན་ཞིག་མཐོང་། །དགེ་སྦྱོང་དེ་མཐོང་བདག་གིས་ནི། །ཡིད་མི་བདེ་བ་སྐྱེས་གྱུར་ཏེ། །དེ་སྐྱོན་མེད་ཀྱང་མི་སྡུག་ནས། །སྨད་ཅིང་སྤྱོ་བ་བྱས་པ་ནི། །ཁ་དོག་ངན་ཅིང་འཇིགས་པར་སྣང་། །མཛེ་ཅན་ལུས་ནི་ལུས་རྨ་ཅན། །ཤ་བྲི་ངན་ཅིང་རྩ་འཐོན་པ། །རབ་ཏུ་བྱུང་འདི་སུ་ཡི་ཡིན། །ངག་གི་ཉེས་པ་སྤྱད་པ་དང་། །ལས་ཀྱི་རྣམ་པར་སྨིན་པ་དེས། །དེ་ནས་འཆི་འཕོའ་དུས་བྱས་ནས། །དམྱལ་བ་རྣམས་སུ་སྐྱེས་པར་གྱུར། །


DKG002_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

དམྱལ་བ་ནས་ནི་ཤི་འཕོས་བདག །ཁ་དོག་ངན་ཅིང་སྡུག་བསྔལ་ལྡན། །མཛེ་ཅན་ལུས་ནི་ལུས་རྨ་ཅན། །ཤ་བྲི་ངན་ཅིང་རྩ་འཐོན་གྱུར། །ལག་ན་གྱོ་མོ་ཐོགས་ཤིང་རྒྱུ། །ཤ་ནའི་རས་ཀྱི་སྨད་གཡོགས་གྱོན། །ཕྱག་དར་ཕུང་པོའ་སྟེང་ན་ཉལ། །གནས་མེད་མགོན་མེད་སྐྱོབ་པ་མེད། །ཟས་ཀྱི་ཆེད་དུ་སྦྲང་བ་དང་། །གང་དང་གང་དུ་སོང་ན་ཡང་། །དབྱུག་པ་ཅན་གྱིས་ཕྱིར་བཟློག་ཅིང་། །དེ་དག་བདག་ལ་སྨོད་པར་བྱེད། །དེ་ལྟར་ཚེ་རབས་ལྔ་བརྒྱར་ནི། །གང་དང་གང་དུ་སྐྱེས་པ་དེར། །བཀྲེས་དང་སྐོམ་པའི་སྡུག་བསྔལ་གྱིས། །བདག་ནི་འཆི་བའི་དུས་བྱས་སོ། །སེམས་ཅན་ཀུན་གྱིས་བདག་གི་མིང་། །ཉེས་འོངས་བ་ཞེས་སྨད་པ་བྱས། །ཀུན་གྱི་ཡང་དུ་མི་འོང་བས། །དེ་ཚེ་སྨད་པ་བྱེད་པར་འགྱུར། །བདག་གིས་རྫོགས་པའི་སངས་རྒྱས་ནི། །དགེ་སློང་དགེ་འདུན་མདུན་གྱིས་བྱས། །སྐྱེ་བོའ་ཚོགས་ནི་ཆེན་པོ་ལ། །དམ་པའི་གནས་ནི་སྟོན་པ་མཐོང་། །སྐྱེ་བོའ་ཚོགས་དེ་མཐོང་ནས་ནི། །ཇི་ཙམ་འདོད་པའི་ཟས་དང་སྐོམ། །རྙེད་པར་གྱུར་ན་སྟེས་སྙམ་ནས། །མྱུར་དུ་བརྒྱུགས་ཏེ་ཕྱིན་པ་དང་། །སྐྱེ་བོའ་ཚོགས་ནི་ཆོས་ཀྱི་ཕྱིར། །འདུག་པ་དེ་ནི་མཐོང་ནས་ཀྱང་། །ཟས་སྦྱིན་པ་ནི་མེད་དོ་ཞེས། །བདག་ནི་རེ་ཆད་སླར་ལོག་གོ །དེ་ནས་ཐུབ་པ་ཐུགས་རྗེ་ཅན། །མགོན་པོས་བདག་ལ་བཀའ་སྩལ་པ། །འོངས་པ་ལེགས་ཚུར་ཁྱོད་བདེ་འམ། །སྟན་འདི་ལ་ནི་ཁྱོད་འདུག་ཤིག །བདག་ནི་དགའ་བ་ཐོབ་གྱུར་ནས། །ཐལ་མོ་ལེགས་སྦྱར་དེའི་འོག་ཏུ། །སྟོན་པའི་ཞབས་ལ་ཕྱག་བྱས་ནས། །ཕྱོགས་གཅིག་ཏུ་ནི་བདག་འདུག་གོ །དེ་ནས་སྟོན་པ་ཐུགས་རྗེ་ཅན། །གཽ་ཏམ་རྗེས་སུ་ཐུགས་བརྩེ་བས། །རིམ་པ་བཞིན་གྱི་གཏམ་གསུངས་པས། །བདག་ནི་བདེན་པ་མཐོང་བར་བགྱིས། །བདེན་པ་མཐོང་ནས་ཐུབ་ཆེན་ལ། །དེ་ནས་བདག་གིས་རབ་འབྱུང་གསོལ། །གཽ་ཏམ་ཐུགས་རྗེ་ཆེན་པོས་བདག །རྗེས་སུ་བརྩེ་བས་རབ་ཏུ་ཕྱུང་། །འཇིག་རྟེན་གྱི་ནི་འདྲེན་པ་ཡིས། །བདག་མིང་ལེགས་འོངས་ཞེས་བཏགས་ཤིང་། །མེ་ཡི་ཁམས་ལ་སྙོམས་འཇུག་པ། །རྣམས་ཀྱི་མཆོག་ཏུ་བདག་བསྟན་ཏོ། །དེ་ལྟར་གནས་བརྟན་ལེགས་འོངས་ཀྱིས། །དགེ་སློང་དགེ་འདུན་མདུན་འདུག་ནས། །མ་དྲོས་པ་ཡི་མཚོ་ཆེན་དུ། །རང་གི་ལས་ནི་ལུང་བསྟན་ཏོ། །ལེགས་འོངས་ཀྱི་ལེའུ་སྟེ་དགུ་པའོ།། །།


DKG002_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་དགེ་སློང་གནས་བརྟན་གནས་བརྟན་རྣམས་ཀྱིས་ཚེ་དང་ལྡན་པ་དགའ་ཡོད་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་དགའ་ཡོད་ཚེ་དང་ལྡན་པ་ལེགས་འོངས་ཀྱིས་རང་གི་ལས་ཀྱི་རྒྱུ་བ་ལུང་བསྟན་ཟིན་གྱིས། ཚེ་དང་ལྡན་པ་དགའ་ཡོད་ཀྱིས་ཀྱང་ད་རང་གི་ལས་ཀྱི་རྒྱུ་བ་ལུང་སྟོན་ཅིག །དེ་ནས་ཚེ་དང་ལྡན་པ་དགའ་ཡོད་ཀྱིས་དེའི་ཚེ་རང་གི་ལས་ཀྱི་རྒྱུ་བ་ལུང་སྟོན་པར་བྱེད་དེ། གྲོང་མཆོག་རྒྱལ་པོའ་ཁབ་ཏུ་ནི། །ཚོང་དཔོན་ཕྱུག་པོར་གྱུར་པ་ན། །དེ་ནི་མུ་གེ་བྱུང་གྱུར་ནས། །དྲང་སྲོང་རྣམས་ནི་གསོ་སྐལ་དགོས། །དེ་ན་བདག་གི་གསོ་སྐལ་དུ། །སྐལ་དང་ལྡན་པའི་རང་སངས་རྒྱས། །ཟག་པ་མེད་པའི་བསིལ་གྱུར་པའི། །དྲང་སྲོང་མཛེས་པ་གཅིག་ཅིག་བྱོན། །སེམས་ནི་སེར་སྣའི་སྐྱོན་ཅན་གྱིས། །བདག་གིས་སྡིག་པ་བསམས་པ་ནི། །ད་ལྟའི་དུས་སུ་དགེ་སྦྱོང་འདི། །ལོ་བདུན་དུ་ནི་སུ་ཞིག་གསོ། །ཁྱི་ཡི་གཅིན་ནི་བསྐོལ་བ་ཡིས། །དེ་ནས་འབྲས་ཀྱི་ཆན་བཙོས་ཏེ། །དེ་ན་དྲང་སྲོང་ཟ་རུ་བཅུག །དེ་ཚེ་དེ་ནི་འཆི་དུས་བྱས། །སྡིག་པའི་ལས་ནི་དེ་བྱས་པས། །བསྡུས་གཞོམ་དང་ནི་ངུ་འབོད་དང་། །དེ་བཞིན་ཚ་བ་རབ་ཚ་བའི། །དམྱལ་བ་རྣམས་སུ་ཡུན་རིང་བཙོས། །དམྱལ་བ་ནས་ནི་ཤི་འཕོས་བདག །མི་ཡི་སྲིད་པ་ཐོབ་ན་ཡང་། །ནད་བུ་ཅན་ལ་གཞན་དབང་དང་། །སྡུག་བསྔལ་གྱིས་ནི་བདག་དུས་བྱས། །དེ་ལྟར་ཚེ་རབས་ལྔ་བརྒྱར་ནི། །གང་དང་གང་དུ་སྐྱེས་པ་ན། །མི་སྡུག་ནད་དང་མི་བཟང་པས། །རྟག་ཏུ་བདག་ནི་དུས་བྱས་སོ། །བདག་གི་སྐྱེ་བའི་ཐ་མ་ནི། །མི་ཡི་སྲིད་ཐོབ་འདི་ཡིན་ཏེ། །རྫོགས་སངས་བླ་ན་མེད་པ་ཡི། །དེད་དཔོན་འདི་ནི་མཉེས་པར་བྱས། །ཤཱཀྱ་སེང་གེའི་བསྟན་པ་ལ། །བདག་གིས་རབ་བྱུང་ཐོབ་ནས་ནི། །མྱ་ངན་འདས་པ་བསིལ་གྱུར་བ། །དགྲ་བཅོམ་པ་ཡང་བདག་གིས་ཐོབ། །བཙུན་པ་ད་ལྟར་ན་ཡང་བདག །རྫུ་འཕྲུལ་ལྡན་ཞིང་ཟག་མེད་ཀྱང་། །ནད་བུ་ཅན་ལ་འགྲེ་ལྡོག་པ། །དེ་ལྟ་བུས་ནི་བདག་འཚོའོ། །དེ་ལྟར་གནས་བརྟན་དགའ་ཡོད་ཀྱིས། །དགེ་སློང་དགེ་འདུན་མདུན་འདུག་ནས། །མ་དྲོས་པ་ཡི་མཚོ་ཆེན་དུ། །རང་གི་ལས་ནི་ལུང་བསྟན་ཏོ། །མ་འགགས་པའི་གྲོགས་པོ་དགའ་ཡོད་ཀྱི་ལེའུ་སྟེ་


DKG002_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་པའོ།། །།སྡོམ་ནི། །འོད་སྲུང་ཤཱརིའི་བུ་དང་ནི། །མཽད་གལ་བུ་དང་མཛེས་ལྡན་དང་། །སྣ་མ་གྲོ་བཞིན་ངག་དབང་དང་། །བསོད་སྙོམས་ལེགས་འོངས་དགའ་ཡོད་དོ། །དེ་ནས་དགེ་སློང་གནས་བརྟན་གནས་བརྟན་རྣམས་ཀྱིས་ཚེ་དང་ལྡན་པ་གྲགས་པ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་གྲགས་པ་ཚེ་དང་ལྡན་པ་དགའ་ཡོད་ཀྱིས་རང་གི་ལས་ཀྱི་རྒྱུ་བ་ལུང་བསྟན་ཟིན་གྱིས། །ཚེ་དང་ལྡན་པ་གྲགས་པས་ཀྱང་ད་རང་གི་ལས་ཀྱི་རྒྱུ་བ་ལུང་སྟོན་ཅིག །དེ་ནས་ཚེ་དང་ལྡན་པ་གྲགས་པས་དེའི་ཚེ་རང་གི་ལས་ཀྱི་རྒྱུ་བ་ལུང་སྟོན་པར་བྱེད་དེ། བདག་སྔོན་དགོན་པའི་དྲང་སྲོང་གྱུར། །གྲོང་དུ་བསོད་སྙོམས་ཕྱིར་སོང་ན། །རྣམ་པར་སྔོས་ཤིང་བམ་པ་ཡིས། །བུད་མེད་ཀྱི་ནི་རོ་ཞིག་མཐོང་། །བདག་གིས་ཚུལ་བཞིན་བརྟག་བྱས་ཏེ། །སྐྱིལ་མོ་ཀྲུང་བཅས་འདུག་ནས་ནི། །རྩེ་གཅིག་ཤིན་ཏུ་མཉམ་བཞག་པས། །དེར་ནི་མི་སྡུག་བསྒོམ་པ་བྱས། །བདག་འདུག་པ་ལས་དེ་ཡི་ལྟོ། །རྡོལ་ནས་འཇིགས་པའི་སྒྲ་བྱུང་བ། །ཐོས་པར་གྱུར་ནས་བདག་ཀྱང་ནི། །ཏིང་ངེ་འཛིན་ལས་ལངས་པར་གྱུར། །དེ་ཡི་ལྟོ་ན་ཡོད་པ་ཡི། །ངན་སྐྱུགས་དང་ནི་ཁྲག་དང་ནི། །རུལ་པའི་དྲི་དང་མི་གཙང་བ། །ཀུན་ནས་རབ་ཏུ་འཛག་པ་མཐོང་། །རྒྱུ་མ་གཉེ་མ་མཁལ་མ་དང་། །སྙིང་དང་དེ་བཞིན་གློ་བ་ལ། །སྲིན་བུ་བརྒྱ་ཕྲག་ཟ་བྱེད་ནས། །སླར་ཡང་སེམས་ནི་མཉམ་པར་བཞག །དེ་ཅི་འདྲ་བར་འདི་དེ་འདྲ། །འདི་ཅི་འདྲ་བར་དེ་དེ་འདྲར། །ཕྱི་ཡི་རོ་ནི་མཐོང་གྱུར་ནས། །རང་གི་ལུས་ལ་གཏོད་པར་བྱེད། །དེ་ནས་ཏིང་འཛིན་ལས་ལངས་ནས། །བསྟི་གནས་སུ་ནི་སླར་ལོག་སྟེ། །དེ་ཚེ་བསོད་སྙོམས་མ་སྤྱད་དེ། །ཟས་ཀྱང་བཟའ་བ་མ་བྱས་སོ། །གང་ཚེ་བདག་ཀྱང་གྲོང་ཁྱེར་དུ། །ཟས་ཀྱི་ཆེད་དུ་ཞུགས་པ་ན། །ཡིད་འཕྲོག་པ་ཡི་གཟུགས་མཐོང་ནས། །དེ་ལ་མི་གཙང་བསྒོམ་བྱས་པ། །དེ་ཡི་རོ་ནི་ཅི་འདྲ་བར། །གཟུགས་གཏོགས་དེ་ཀུན་དེ་འདྲ་སྟེ། །ཁོང་པ་མི་གཙང་བས་གང་བ། །ཐམས་ཅད་སྨད་པ་ཡིན་ནོ་ཞེས། །དེ་ལྟར་ཡང་དང་ཡང་བསྒོམས་པས། །བདག་གིས་འདོད་ཆགས་བྲལ་བ་ཐོབ། །ཚངས་པའི་གནས་པ་ཚད་མེད་པ། །བཞི་པོ་ལེགས་པར་


DKG002_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམས་བྱས་པས། །དེ་ནས་འཆི་བའི་དུས་བྱས་ཏེ། །ཚངས་པ་ཡི་ནི་འཇིག་རྟེན་སྐྱེས། །ཚངས་པའི་འཇིག་རྟེན་ཤི་འཕོས་བདག །བཱ་རཱ་ཎ་སཱིའི་གྲོང་དུ་སྐྱེས། །ཚོང་དཔོན་མཆོག་གི་བུ་གཅིག་པར། ། དཔལ་ལྡན་བདག་ཉིད་དེར་སྐྱེས་ཏེ། །ཀུན་ལ་སྡུག་ཅིང་ཡིད་འོང་བ། །མཐར་ཕྱིན་གནས་ནི་ཐོབ་པར་གྱུར། །བདག་ནི་ཉིན་མོ་ཡོངས་རྒྱུ་ཞིང་། །མཚན་མོ་དག་ནི་ཉལ་བར་བྱེད། །མྱུར་བར་དེ་ནས་ལངས་པ་ན། །དེ་ན་བུད་མེད་མང་པོ་དག །རྫ་རྔ་དང་ནི་རྔ་ཆེན་དང་། །ཁར་རྔ་པི་བང་སྔས་བཅུག་ནས། །སྒྲེན་མོར་བླ་རྡོལ་བྱེད་པ་དང་། །ལག་བརྐྱང་ནས་ནི་གཉིད་ལོག་མཐོང་། །དེ་ནས་བདག་གི་སྔོན་གྱི་རྒྱུ། །མཐུ་ཆེན་པོ་ནི་སྐྱེས་པར་གྱུར། །བདག་ལ་དེ་ནས་བུད་མེད་ལ། །དུར་ཁྲོད་མི་གཙང་འདུ་ཤེས་བྱུང་། །དེ་ནས་སྐྱོ་བར་གྱུར་ནས་ནི། །བདག་གིས་སྡངས་པའི་ཚིག་སྨྲས་པ། །གྲོགས་པོ་བདག་ནི་གཙེས་གྱུར་ཏེ། །ཀུན་ནས་འཚེ་བས་རེག་པར་གྱུར། །དེ་ནས་མལ་ནས་ལངས་ནས་ནི། །ཁང་བཟངས་ནས་ནི་ཤོད་དུ་བབས། །ལྷས་ནི་རྗེས་སུ་སྙིང་བརྩེ་བས། །བདག་གི་སྒོ་ནི་རྣམ་པར་ཕྱེ། །གྲོང་ཁྱེར་ནས་ནི་མངོན་བྱུང་ནས། །འབབ་ཆུའི་ངོགས་སུ་ཉེ་བར་སོང་། །བདག་གིས་ཕ་རོལ་འགྲམ་ན་ནི། །དགེ་སྦྱོང་དབང་པོ་བསྡམས་པ་མཐོང་། །བདག་གིས་དགེ་སྦྱོང་དེ་མཐོང་ནས། །སྒྲ་གསང་སྟོད་དེ་སྨྲས་པ་ནི། །དགེ་སྦྱོང་བདག་ནི་གཙེས་གྱུར་ཏེ། །གྲོགས་པོ་བདག་ལ་འཚེ་བས་རེག །དེ་ནས་སྟོན་པས་བདག་ལ་ཡང་། །དེ་ཚེ་བདུད་རྩིའི་ཚིག་གསུངས་པ། །གཞོན་ནུ་མ་འཇིགས་ཁྱོད་ཚུར་ཤོག །འདིར་ནི་ཁྱོད་ལ་འཚེ་བ་མེད། །བདག་གིས་ནོར་བུའི་ལྷམ་ཕུད་དེ། །འབབ་ཆུ་ཡི་ནི་ངོགས་རྒལ་ནས། །སངས་རྒྱས་གང་ཟག་ཟླ་མེད་པ། །ཐུགས་རྗེ་ཅན་གྱི་སྤྱན་སྔར་སོང་། །དེ་ནས་བདག་སྐོམ་ཐུགས་ཆུད་ནས། །གང་ཟག་ཟླ་མེད་སྟོན་པ་དེས། །སྙན་པའི་ཆོས་ནི་བཀའ་སྩལ་པ། །དེ་ནི་སོ་སོར་བདག་གིས་རྟོགས། །དེ་ནས་བདག་གིས་བདེན་མཐོང་ནས། །ཐུབ་ཆེན་རབ་འབྱུང་གསོལ་བ་བཏབ། །གཽ་ཏམ་ཐུགས་རྗེ་ཆེན་པོ་ཡིས། །ཐུགས་བརྩེ་བ་ཡིས་རབ་ཏུ་ཕྱུང་། །མཚན་གཅིག་ལོན་ནས་དེ་ནས་ནི། །ཉི་མ་འཆར་ཀ་ཙམ་ན་


DKG002_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །བདག་གི་ཟག་པ་ཀུན་ཟད་ཅིང་། །བདག་ནི་བསིལ་གྱུར་མྱ་ངན་འདས། །དེ་ལྟར་གནས་བརྟན་གྲགས་པ་ནི། །དགེ་སློང་དགེ་འདུན་མདུན་འདུག་ནས། །མ་དྲོས་པ་ཡི་མཚོ་ཆེན་དུ། ། རང་གི་ལས་ནི་ལུང་བསྟན་ཏོ། །གནས་བརྟན་གྲགས་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་དགེ་སློང་གནས་བརྟན་གནས་བརྟན་རྣམས་ཀྱིས་ཚེ་དང་ལྡན་པ་དཔལ་སྐྱེད་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་དཔལ་སྐྱེད་ཚེ་དང་ལྡན་པ་གྲགས་པས་རང་གི་ལས་ཀྱི་རྒྱུ་བ་ལུང་བསྟན་ཟིན་གྱིས། ཚེ་དང་ལྡན་པ་དཔལ་སྐྱེད་ཀྱིས་ཀྱང་རང་གི་ལས་ཀྱི་རྒྱུ་བ་ལུང་སྟོན་ཅིག །དེ་ནས་ཚེ་དང་ལྡན་པ་དཔལ་སྐྱེད་ཀྱིས་དེའི་ཚེ་རང་གི་ལས་ཀྱི་རྒྱུ་བ་ལུང་སྟོན་པར་བྱེད་དེ། བཱ་རཱ་ཎ་སཱིའི་གྲོང་ཁྱེར་དུ། །སྟོན་པ་འོད་སྲུང་མྱ་ངན་འདས། །རྒྱལ་པོ་ཀྲི་ཀིས་རིན་ཆེན་ལས། །བྱས་པའི་མཆོད་རྟེན་ཆེན་པོ་བརྩིགས། །རྒྱལ་པོ་ཀྲི་ཀི་གྲགས་ལྡན་བུ། །བདག་ནི་ཐུ་བོར་གྱུར་བ་ན། །བདག་གིས་ཐོག་མར་གདུགས་ཀྱིས་ནི། །རྒྱལ་བའི་མཆོད་རྟེན་ལ་གདགས་བྱས། །དགེ་བའི་ལས་ནི་དེ་བྱས་པས། །གང་དང་གང་དུ་སྐྱེས་པ་ན། །བསོད་ནམས་བྱས་པས་མཛེས་པ་ཡི། །ལྷ་དང་མི་ནི་རྣམས་སུ་གྱུར། །སྐྱེ་བ་དེ་དང་དེ་དག་ཏུ། །ཕྱུག་ཅིང་ལོངས་སྤྱོད་ཆེ་བ་དང་། །ནོར་དང་འབྲུར་ནི་ལྡན་པ་ཡི། །བདག་ནི་ཡོན་བདག་ཆེན་པོར་གྱུར། །བདག་གིས་ཚེ་རབས་ལྔ་བརྒྱར་ནི། །སྦྱིན་པ་མི་ཉུང་བཏང་བྱས་ཏེ། །སློང་བ་པ་དང་དགེ་སྦྱོང་དང་། །བྲམ་ཟེ་སོ་སོར་ཚིམ་པར་བྱས། །ཤིན་ཏུ་དང་བའི་སེམས་ཀྱིས་ནི། །འདོད་ཆགས་བྲལ་ཞིང་ཟག་མེད་པ། །ཐ་བ་མེད་པའི་རང་སངས་རྒྱས། །ལྔ་བརྒྱ་པོ་དག་ཚིམ་པར་བྱས། །དགེ་བའི་ལས་ནི་དེ་བྱས་པས། །སྲིད་པ་ཐ་མ་འདི་ལ་ནི། །ཤཱཀྱ་ཕྱུག་པོའ་རིགས་སུ་སྐྱེས། །བཙས་མ་ཐག་ཏུ་ཚིག་སྨྲས་པ། །ཁྱིམ་འདི་ན་ནི་ནོར་འབྲུ་དག །ཇི་ག་ཅུང་ཟད་ཅིག་ཡོད་དམ། །འདི་ལྟར་སྦྱིན་པ་ངས་བཏང་སྟེ། །དབུལ་པོ་རྣམས་ནི་ཚིམ་པར་བྱ། །དབུལ་པོ་རྣམས་ལ་ཟས་བྱིན་དང་། །གཏོང་བས་ངོམས་པར་འགྱུར་བ་མེད། །ཇི་ག་ནོར་ལྟ་ཡོད་དམ་ཁྱེད། །བདག་ལ་མྱུར་དུ་ལེགས་པར་སྨྲོས། །དེ་དག་བདག་གི་ཚིག་ཐོས་ནས། །ཡིད་


DKG002_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོ་བར་ནི་གྱུར་ནས་སུ། །མ་མ་གཏོགས་པར་ཕྱོགས་དང་ནི། །ཕྱོགས་སུ་རྣམ་པར་རྒྱུག་པར་བྱེད། །མ་ནི་བུ་ལ་བྱམས་པ་ཡིས། །དེ་ཚེ་བདག་ལ་འདི་སྐད་སྨྲས། །ལྷ་འམ་མི་འམ་གནོད་སྦྱིན་ནམ། །ཁྱོད་སུ་བདག་ལ་མྱུར་དུ་སྨྲོས། །མ་གཅིག་ཁྱོད་ཀྱི་བུ་བདག་ནི། །མི་ལགས་སྲིན་པོ་མ་ལགས་ཏེ། །སྦྱིན་བདག་ཚེ་རབས་དྲན་པས་ན། །རྟག་ཏུ་སྦྱིན་བ་གཏོང་བ་སྤྲོ། །བདག་གི་ཚིག་དེ་མས་ཐོས་ནས། །ཡིད་ནི་དགའ་བར་གྱུར་ནས་ཀྱང་། །དབུགས་འབྱིན་བྱེད་ཅིང་སྨྲས་པ་ནི། །བུ་གཅིག་ཅི་དགའ་སྦྱིན་པ་ཐོང་། །ཡོ་བྱད་མང་པོ་རྣམས་ཀྱིས་ཀྱང་། །བདག་ལ་མས་ནི་གསོ་བ་བྱས། །ཀུན་ལ་སྡུག་ཅིང་ཡིད་འོང་བ། །བདག་ནི་བལྟ་བས་ངོམས་མི་མྱོང་། །བདག་ནི་བཙས་མ་ཐག་ཏུ་ཡང་། །ཁྱིམ་དེ་ནོར་དང་འབྲུ་རྣམས་དང་། །གསེར་དང་བྲན་དང་ལས་བྱེད་པ། །རྣམས་ཀྱང་རྟག་ཏུ་འཕེལ་བར་གྱུར། །དཔལ་སྐྱེད་ཁྱེའུ་ཞིག་བཙས་གྱུར་ལ། །བཙས་མ་ཐག་ཏུ་སྨྲས་པས་ན། །བདག་གི་མིང་ནི་གཉེན་རྣམས་ཀྱིས། །དཔལ་སྐྱེད་ཅེས་ནི་བྱ་བར་བཏགས། །དེ་ནས་བདག་གིས་སྦྱིན་བཏང་ཞིང་། །དབུལ་པོ་རྣམས་ནི་ཚིམ་བྱས་ཏེ། །རྫོགས་པའི་སངས་རྒྱས་མཉེས་བྱས་ནས། །ཁྱིམ་མེད་པར་ནི་རབ་ཏུ་བྱུང་། །བདག་ནི་རྙེད་མེད་འཇིགས་པའམ། །བུ་ལོན་ཉེན་པས་རབ་བྱུང་མིན། །དེ་ཚེ་དད་པས་རབ་བྱུང་ནས། །མངོན་ཤེས་དྲུག་པོ་བདག་གིས་ཐོབ། །བདག་ནི་རྒྱལ་པོ་བློན་པོ་དང་། །དེ་བཞིན་གྲོང་མི་རྣམས་ཀྱིས་མཆོད། །ཟས་དང་བཏུང་བ་གོས་དང་ནི། །གནས་མལ་ཡང་ནི་རྙེད་པར་གྱུར། །དེ་ལྟར་གནས་བརྟན་དཔལ་སྐྱེད་ཀྱིས། །དགེ་སློང་དགེ་འདུན་མདུན་འདུག་ནས། །མ་དྲོས་པ་ཡི་མཚོ་ཆེན་དུ། །རང་གི་ལས་ནི་ལུང་བསྟན་ཏོ། །དཔལ་སྐྱེད་ཀྱི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་དགེ་སློང་གནས་བརྟན་གནས་བརྟན་རབ་ཏུ་མང་པོ་རྣམས་ཀྱིས། ཚེ་དང་ལྡན་པ་བཀྐུ་ལ་ལ་འདི་སྐད་ཅེས་སྨྲས་སོ། ཚེ་དང་ལྡན་པ་བཀྐུ་ལ་ཚེ་དང་ལྡན་པ་དཔལ་སྐྱེད་ཀྱིས་རང་གི་ལས་ཀྱི་རྒྱུ་བ་ལུང་བསྟན་ཟིན་གྱིས། ཚེ་དང་ལྡན་པ་བཀྐུ་ལས་ཀྱང་ད་རང་གི་ལས་ཀྱི་རྒྱུ་བ་ལུང་སྟོན་ཅིག །དེ་ནས་ཚེ་དང་ལྡན་པ་བཀྐུ་ལས་


DKG002_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཚེ་རང་གི་ལས་ཀྱི་རྒྱུ་བ་ལུང་སྟོན་པར་བྱེད་དེ། རྒྱལ་པོའི་ཕོ་བྲང་བཤེས་ལྡན་དུ། །བདག་སྔོན་སྤོས་འཚོང་གྱུར་པ་ལས། །རྣམ་པར་གཟིགས་ཀྱི་གསུང་རབ་ཀྱི། །དགེ་སློང་དགེ་འདུན་སྤྱན་དྲངས་ནས། །ཁྱེད་ཅག་ཇི་སྙེད་བཞེད་པ་ཡི། །སྙུན་སྨན་བདག་གིས་དབུལ་བགྱིས་ཏེ། །ཤུན་པ་རྩ་བ་འབྲས་བུའི་སྨན། །དགེ་འདུན་བདག་གིས་ཚིམ་པར་བགྱིས། །དགེ་འདུན་དབྱར་ནི་སྤྱན་དྲངས་ནས། །བདག་ལ་དགེ་སློང་གཅིག་ཅིག་གིས། །རུ་ར་གཅིག་མ་གཏོགས་པར། །དེ་ན་འགའ་ཡང་སློང་བ་མེད། །བསྐལ་པ་དགུ་བཅུ་རྩ་གཅིག་ཏུ། །བདག་ནི་ལོག་པར་ལྷུང་མ་གྱུར། །སྨན་སྦྱིན་པ་ཡི་རྣམ་སྨིན་ནི། །མཐུ་ཆེན་འདི་ནི་བལྟ་བར་གྱིས། །དགེ་བ་ཆུང་དུ་བྱས་པས་ནི། །བདེ་བ་མང་པོ་ཉམས་སུ་མྱོང་། །ཨ་རུ་ར་ནི་གཅིག་བྱིན་པས། །ཡུན་རིང་མཐོ་རིས་རྣམས་སུ་དགའ། །དེ་ནས་ལས་ཀྱི་ལྷག་མས་ནི། །བདག་གིས་མི་ཡི་སྲིད་ཐོབ་ནས། །ཡུལ་འཁོར་བསོད་སྙོམས་ལེན་པ་དག །སློབ་པ་ན་ཡང་མ་མྱོང་ངོ་། །ནུབ་གསུམ་ཁོ་ན་རིག་པ་ནི། །གསུམ་པོ་བདག་གིས་མངོན་སུམ་བྱས། །ངན་དོན་གྱིས་ནི་འཚོ་བྱས་ཤིང་། །ཕྱག་དར་ཁྲོད་ཀྱི་ཆོས་གོས་འཆང་། །ཁྱིམ་པའམ་རབ་ཏུ་བྱུང་བ་དང་། །བདག་ནི་འདྲེས་པར་མི་གནས་ཏེ། །བདག་གི་ཚེ་ནི་ལོ་བརྒྱ་དང་། །དྲུག་བཅུ་ལྷག་ཅིག་ལོན་ན་ཡང་། །ད་ཙམ་བར་དུའང་བདག་གིས་ནི། །ན་བ་མངོན་པར་མི་དྲན་ཏེ། །བཙུན་པ་བདག་གིས་དགེ་བ་ནི། །ཆུང་ངུ་བགྱིས་པ་འདི་དྲན་ཏེ། །དེ་ཡི་འབྲས་བུ་ཡིད་འོང་འདོད། །བདེ་བ་འབྱུང་བ་ཉམས་སུ་མྱོང་། །དེ་ལྟར་གནས་བརྟན་བཀྐུ་ལས། །དགེ་སློང་དགེ་འདུན་མདུན་འདུག་ནས། །མ་དྲོས་པ་ཡི་མཚོ་ཆེན་དུ། །རང་གི་ལས་ནི་ལུང་བསྟན་ཏོ། །བཀྐུ་ལའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་དགེ་སློང་གནས་བརྟན་གནས་བརྟན་རྣམས་ཀྱིས། ཚེ་དང་ལྡན་པ་གནས་བརྟན་གནས་བརྟན་ཞེས་བྱ་བ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་གནས་བརྟན་གནས་བརྟན་ཚེ་དང་ལྡན་པ་བཀྐུ་ལས་རང་གི་ལས་ཀྱི་རྒྱུ་བ་ལུང་བསྟན་ཟིན་གྱིས། ཚེ་དང་ལྡན་པ་གནས་བརྟན་གནས་བརྟན་གྱིས་ཀྱང་ད་རང་གི་ལས་ཀྱི་རྒྱུ་བ་ལུང་སྟོན་ཅིག །


DKG002_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཚེ་དང་ལྡན་པ་གནས་བརྟན་གནས་བརྟན་ཞེས་བྱ་བས་དེའི་ཚེ་རང་གི་ལས་ཀྱི་རྒྱུ་བ་ལུང་སྟོན་པར་བྱེད་དེ། སྔོན་གྱི་ཚེ་རབས་གཞན་རྣམས་སུ། །བདག་ནི་ལྷམ་མཁན་གྱུར་པ་ན། །མུ་གེ་བྱུང་ནས་དེ་ནས་བདག །ཀོ་བའི་རས་མ་རྣམས་འཚེད་དོ། །བཟའ་བར་བྱ་བ་ཁོ་ནའི་ཕྱིར། །ཀོ་བའི་རས་མ་འཚེད་པ་ལས། །དགེ་སྦྱོང་གཞན་ཞིག་ཟས་ཀྱི་ཕྱིར། །བསོད་སྙོམས་ལ་ནི་བྱོན་པ་དང་། །དེ་ལ་བདག་གིས་སེམས་དད་པས། །ཀོ་རས་ཀྱི་ནི་ཐུག་པ་བྱིན། །དགེ་སྦྱོང་དེས་ནི་ལོངས་སྤྱད་ནས། །དེ་ནས་ནམ་མཁར་འཕགས་པར་གྱུར། །བདག་ནི་རབ་ཏུ་དགའ་གྱུར་ནས། །ཐལ་མོ་ལེགས་པར་སྦྱར་བྱས་ཏེ། །དེ་ནས་གང་དང་གང་དུ་ནི། །སོང་བ་ཀུན་དུ་འབྲེང་བྱས་སོ། །དགའ་བ་རྒྱ་ཆེན་ཐོབ་ནས་ཀྱང་། །དེ་ཚེ་སྨོན་ལམ་བཏབ་པ་ནི། །གནས་བརྟན་འདི་ལྟ་བུ་དང་བདག །ལྷན་ཅིག་འདུག་པར་གྱུར་པར་ཤོག །དགེ་སློང་འདི་ཡི་ལས་ཀྱིས་ནི། །དྲི་མེད་ཆོས་ནི་གང་རེག་པ། །བདག་གིས་ཆོས་དེ་རིག་གྱུར་ཅེས། །དེ་ཚེ་སྨོན་ལམ་བཏབ་པར་གྱུར། །ཁ་དོག་ལྡན་པ་མ་ཡིན་ཞིང་། །དྲི་ནི་སྨད་པར་གྱུར་པ་དང་། །རོ་དང་ལྡན་པ་མ་ཡིན་པའི། །སྦྱིན་པ་བདག་གས་དེ་ཚེ་བཏང་། །དགེ་བ་ཆུང་ངུ་བྱས་པས་ཀྱང་། །བདེ་བ་མང་པོ་མྱོང་བར་གྱུར། །བསོད་ནམས་བྱས་པས་མཛེས་པ་ཡི། །ལྷ་དང་མི་ནི་རྣམས་སུ་གྱུར། །བདག་གི་སྐྱེ་བ་ཐ་མ་ནི། མིའི་སྲིད་ཐོབ་པ་འདི་ཡིན་ཏེ། རྫོགས་སངས་བླ་ན་མེད་པ་ཡི། །དེད་དཔོན་འདི་ནི་མཉེས་པར་བྱས། །བདག་གིས་སྨོན་ལམ་གང་བཏབ་པའི། །བྱང་ཆུབ་དམ་པ་འདི་རེག་སྟེ། །བདག་གིས་ད་ལྟར་བསིལ་གྱུར་པའི། །མྱ་ངན་འདས་པ་ལེགས་པར་ཐོབ། །དེ་ནས་གནས་བརྟན་ཆེན་པོ་ནི། །གནས་བརྟན་ཞེས་བྱ་མཐུ་ཆེན་གྱིས། །མ་དྲོས་པ་ཡི་མཚོ་ཆེན་དུ། །རང་གི་ལས་ནི་ལུང་བསྟན་ཏོ། །གནས་བརྟན་གནས་བརྟན་ཞེས་བྱ་བའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་དགེ་སློང་གནས་བརྟན་གནས་བརྟན་རྣམས་ཀྱིས་ཚེ་དང་ལྡན་པ་ལྟེང་རྒྱས་འོད་སྲུང་ལ་སོགས་པ་གནས་བརྟན་གསུམ་ལ་འདི་སྐད་ཅེས་སྨྲས་སོ། ། ཚེ་དང་ལྡན་པ་དག་གནས་


DKG002_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་གནས་བརྟན་ཞེས་བྱ་བས་རང་གི་ལས་ཀྱི་རྒྱུ་བ་ལུང་བསྟན་ཟིན་གྱིས། ཚེ་དང་ལྡན་པ་དག་གིས་ཀྱང་ད་རང་གི་ལས་ཀྱི་རྒྱུ་བ་ལུང་སྟོན་ཅིག །དེ་ནས་དེ་རྣམས་ཀྱིས་ཀྱང་ལུང་བསྟན་པར་བརྩམས་པ། བདག་ཅག་གསུམ་ནི་སྤུན་གྱུར་ནས། །ལྷན་ཅིག་ཚོང་དཔོན་གྱུར་བ་ན། །འོད་སྲུང་མཆོད་རྟེན་རལ་པ་དང་། །ཤག་ཤིག་འདུག་པ་མཐོང་གྱུར་ནས། །ཚོང་པ་ཐམས་ཅད་བསྡུས་ནས་ནི། །དེས་ནི་སླར་ཡང་སར་པ་བརྩིགས། །སྤུན་རྣམས་དག་ནི་ལྷན་ཅིག་ཏུ། །གདུགས་གསུམ་ཞིག་ནི་གདུགས་པ་བྱས། །དགེ་བའི་ལས་ནི་དེ་བྱས་པས། །མཐོ་རིས་གནས་སུ་ཡུན་རིང་དགའ། །མི་རྣམས་སུ་ནི་སླར་འོངས་ནས། །ཕྱུག་པོའ་རིགས་ཆེན་དག་ཏུ་སྐྱེས། །རྫོགས་པའི་སངས་རྒྱས་མ་མཐོང་ནས། །མུ་སྟེགས་གཞན་ལས་རབ་ཏུ་བྱུང་། །ནཻ་རཉྫ་ནའི་ཆུ་ངོགས་སུ། །ཆོ་འཕྲུལ་མཛད་པ་མཐོང་ནས་ནི། །དེ་ནས་དེ་ལ་རབ་འབྱུང་ཕྱིར། །བདག་ཅག་གིས་ཀྱང་གསོལ་བ་བཏབ། །དེ་ནས་ཐུགས་རྗེ་ཅན་གྱི་ནི། །ཐུགས་བརྩེས་བདག་ཅག་རབ་ཏུ་ཕྱུང་། །བདག་ཅག་ག་ཡཱ་མགོར་སོན་ནས། །གཽ་ཏ་མའི་བསྟན་པ་ཐོས། །དེ་ནས་བརྩོན་འགྲུས་བརྩམས་པས་ནི། །མྱ་ངན་འདས་པ་དམ་པ་ཐོབ། །ད་ལྟར་སྟོན་པ་བཀུར་བྱས་ཤིང་། །དེ་ཚེ་མཆོད་རྟེན་མངོན་བཏུད་པས། །བདག་ཅག་ཀུན་ནི་རབ་བྱུང་ནས། །བསིལ་བར་གྱུར་ཏེ་མྱ་ངན་འདས། །ལྟེང་རྒྱས་དང་ནི་ཆུ་ཀླུང་དང་། །ག་ཡཱ་འོད་སྲུང་གནས་བརྟན་གསུམ། །མ་དྲོས་པ་ཡི་མཚོ་ཆེན་དུ། །རང་གི་ལས་ནི་ལུང་བསྟན་ཏོ། །ལྟེང་རྒྱས་དང་། ཆུ་ཀླུང་དང་། ག་ཡཱ་འོད་སྲུང་རྣམས་ཀྱི་ལེའུ་སྟེ་བཅྭོ་ལྔ་པའོ།། །།དེ་ནས་དགེ་སློང་གནས་བརྟན་གནས་བརྟན་རྣམས་ཀྱིས་ཚེ་དང་ལྡན་པ་གྲགས་པ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་གྲགས་པ་ཚེ་དང་ལྡན་པ་ལྟེང་རྒྱས་དང་། ཆུ་ཀླུང་དང་། །ག་ཡཱ་འོད་སྲུང་རྣམས་ཀྱིས་རང་གི་ལས་ཀྱི་རྒྱུ་བ་ལུང་བསྟན་ཟིན་གྱིས། ཚེ་དང་ལྡན་པ་གྲགས་པས་ཀྱང་ད་རང་གི་ལས་ཀྱི་རྒྱུ་བ་ལུང་སྟོན་ཅིག །དེ་ནས་ཚེ་དང་ལྡན་པ་གྲགས་པས་ཀྱང་དེའི་ཚེ་རང་གི་ལས་ཀྱི་རྒྱུ་བ་ལུང་སྟོན་པར་བྱེད་དེ། བདག་སྔོན་དྲི་འཚོང་གྱུར་པ་ན། །དྲི་རྣམས་


DKG002_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

འཚོང་ལ་མཁས་གྱུར་པས། །དེར་ནི་དེ་ཚེ་ཉོ་བའི་ཕྱིར། །བུད་མེད་གཞོན་ནུ་མ་དག་འོངས། །དེར་ནི་བདག་གིས་གཟུགས་ལྡན་མའི། །བུད་མེད་འོངས་པ་མཐོང་ནས་ནི། །འདྲེན་བརྐྱང་གིས་ནི་ཚིག་སྨྲས་ཤིང་། །ཆགས་པའི་སེམས་ཀྱིས་རེག་པར་བྱས། །འདུ་ཞིང་ལྷན་ཅིག་འཁོད་པའམ། །མི་ཚངས་སྤྱོད་པ་སྤྲོ་མེད་ཀྱང་། །མ་བརྟགས་གཞན་གྱི་བུད་མེད་ལ། །ལག་པས་རེག་པར་བྱས་པས་ན། །ལས་ཀྱི་རྣམ་པར་སྨིན་པ་དེས། །སེམས་ཅན་དམྱལ་བ་རྣམས་སུ་སྐྱེས། །སླར་ཡང་མིར་ནི་འོངས་པ་ན། །ལག་པ་གཡས་པ་བསྐམས་པར་གྱུར། །དེ་ལྟར་ཚེ་རབས་ལྔ་བརྒྱར་ནི། །གང་དང་གང་དུ་སྐྱེས་པ་ན། །རྟག་ཏུ་བདག་གི་ལག་པ་ནི། །གཡས་པ་ཞ་ཞིང་རྣམ་པར་བསྐམས། །བདག་གིས་སངས་རྒྱས་མཉེས་བྱས་ནས། །ཁྱིམ་མེད་པར་ནི་རབ་ཏུ་བྱུང་། །མྱ་ངན་འདས་པའི་བདེར་གྱུར་པའི། །དགྲ་བཅོམ་པ་ཡང་བདག་གིས་ཐོབ། །བཙུན་པ་བདག་གིས་མི་དགེ་བ། །གང་བགྱིས་དྲན་པ་འདི་ལགས་ཏེ། །ལས་རྣམས་ཆུད་མི་ཟ་བས་ན། །དེ་ཡི་འབྲས་བུ་ཉམས་སུ་མྱོང་། །ད་དུང་དུ་ཡང་བཙུན་པ་དག །བདག་ནི་རྫུ་འཕྲུལ་ལྡན་གྱུར་ནའང་། །ལག་པ་གཡས་འདི་ཇི་ལྟ་བར། །གཡོན་པ་དེ་ལྟ་མ་ལགས་སོ། །སྐྱེས་པའམ་བུད་མེད་གང་ཡང་རུང་། །བྱི་བོ་བྱེད་པ་གང་ཡིན་པ། །སེམས་ཅན་དམྱལ་བར་སྐྱེས་ནས་ནི། །དེ་ནི་སྡུག་བསྔལ་ཚོར་བ་མྱོང་། །མཁས་པ་བློ་དང་ལྡན་པའི་མིས། །རབ་འབར་མེ་ནི་ཇི་ལྟ་བར། །གཞན་གྱི་བུད་མེད་རྣམ་སྤང་ཞིང་། །རང་གི་ཆུང་མས་ཆོག་པར་གྱིས། །གཞན་གྱི་བུད་མེད་མཐོང་ནས་ནི། །སྐྱེས་པ་གང་ཞིག་དེ་ལ་ཆགས། །དམྱལ་བའི་ཚོར་བས་ཉེན་པ་ཡི། །སྡུག་བསྔལ་མང་པོ་མྱོང་བར་འགྱུར། །དེ་དག་གིས་དེ་ལྟར་སྡིག་བྱས་པས། །སྔོན་གྱི་ཚེ་རབས་གཞན་དུ་ན། །ཡུན་རིང་དམྱལ་བར་དེ་ཡི་ནི། །འབྲས་བུ་མི་ཉུང་ཉམས་སུ་མྱོང་། །བདག་གི་སྐྱེ་བ་ཐ་མ་འདིར། །བླ་ན་མེད་པའི་གནས་ཐོབ་ནས། །སྡུག་བསྔལ་ཀུན་ལས་བདག་གྲོལ་ཞིང་། །བསིལ་བར་གྱུར་ཅིང་མྱ་ངན་འདས། །དེ་ལྟ་བས་ན་བདེ་འདོད་ཅིང་། །སྡུག་བསྔལ་ཉིད་ནི་མི་འདོད་པས། །གཞན་གྱི་བུད་མེད་འགྲོ་མི་བྱ། །དེ་ལྟར་སྡུག་བསྔལ་མི་འགྱུར་རོ། །


DKG002_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་གནས་བརྟན་གྲགས་པས་ནི། །དགེ་སློང་དགེ་འདུན་མདུན་འདུག་ནས། །མ་དྲོས་པ་ཡི་མཚོ་ཆེན་དུ། །རང་གི་ལས་ནི་ལུང་བསྟན་ནོ། །གནས་བརྟན་གྲགས་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་དགེ་སློང་གནས་བརྟན་གནས་བརྟན་རྣམས་ཀྱིས་ཚེ་དང་ལྡན་པ་མེ་སྐྱེས་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་མེ་སྐྱེས་ཚེ་དང་ལྡན་པ་གྲགས་པས་རང་གི་ལས་ཀྱི་རྒྱུ་བ་ལུང་བསྟན་ཟིན་གྱིས། ཚེ་དང་ལྡན་པ་མེ་སྐྱེས་ཀྱིས་ཀྱང་ད་རང་གི་ལས་ཀྱི་རྒྱུ་བ་ལུང་སྟོན་ཅིག །དེ་ནས་ཚེ་དང་ལྡན་པ་མེ་སྐྱེས་ཀྱིས་དེའི་ཚེ་རང་གི་ལས་ཀྱི་རྒྱུ་བ་ལུང་སྟོན་པར་བྱེད་དེ། རྒྱལ་པོའ་ཕོ་བྲང་བཤེས་ལྡན་དུ། །རྣམ་པར་གཟིགས་ཀྱི་ཚངས་སྤྱོད་ཚེ། །ཉོན་མོངས་མེད་ཅེས་བྱ་བ་ཡི། །ཚོང་དཔོན་ནོར་མང་ཞིག་ཏུ་གྱུར། །ཐུབ་ཆེན་རྣམ་པར་གཟིགས་པ་ཡི། །འཁོར་ནི་སྟོང་ཕྲག་བརྒྱ་དག་དང་། །དྲུག་བཅུ་རྩ་གཉིས་ཡོད་པར་གྱུར། །དེ་ཚེ་རྒྱལ་པོ་བཤེས་ལྡན་དང་། །བདག་གིས་མི་ཡི་ཁྱུ་མཆོག་ནི། །ཟླ་བ་གསུམ་དུ་སྤྱན་དྲངས་ནས། །ཕྱིར་ཞིང་བཤོས་ཐང་བསྐྱེད་པ་ཡིས། །ཚོགས་དང་བཅས་ཏེ་ཚིམ་པར་བྱས། །བདག་གིས་སངས་རྒྱས་ཟླ་གསུམ་དུ། །བཤོས་གསོལ་དེ་ནས་བཤེས་ལྡན་གྱིས། །དེ་ཚེ་རྗེས་གཅོད་སྟོན་མོ་ནི། །བཟའ་བཅའ་དང་ནི་ན་བཟའ་དང་། །གནས་མལ་དག་དང་ལྡན་པ་གསོལ། །དེ་ནས་སྐྱེད་མོས་ཚལ་བསྟར་པ། །རྒྱལ་པོ་དེས་ནི་ཕུལ་བར་གྱུར། །དེ་བཞིན་དགེ་སློང་རེ་རེ་ལ། །གོས་ཀྱིས་ཀུན་ནས་གཡོགས་པའི་སྟན། །བརྒྱ་སྟོང་དག་དང་དེ་ཡི་ཚེ། །གསེར་གྱི་དྲ་བས་གཡོགས་པ་ཡི། །གླང་པོ་ཤིན་ཏུ་ལེགས་བརྒྱན་པ། །མི་ཉུང་བ་དག་སྦྱིན་བར་བཏང་། །དགེ་སློང་རེ་རེའི་སྤྱི་བོར་ནི། །དེ་ཚེ་གདུགས་ཀྱང་འཛིན་པར་བྱེད། །དེ་ནས་བུད་མེད་ལེགས་བརྒྱན་ལུས། །ཙན་དན་ཨ་ག་རུས་བསྐུས་པ། །དེ་དག་དགེ་སློང་རེ་རེ་ལའང་། །བསྙེན་བཀུར་དག་ནི་བྱེད་དུ་བཅུག ། རྒྱལ་པོ་དེས་ནི་དེ་ལྟ་བུའི། །རྗེས་གཅོད་པ་ལ་བཀུར་སྟི་བྱས། །དྲང་སྲོང་གཙོ་བོ་རྣམ་པར་འདྲེན། །རྒྱལ་པོས་ཚིམ་པར་བྱས་པ་དང་། །སྟན་དེ་ཕུན་སུམ་ཚོགས་མཐོང་ནས། །དེ་ནས་བདག་གིས་བསམས་པ་ནི། །བདག་ལ་བཟའ་དང་བཅའ་ཡོད་ཀྱང་། །འདི་འདྲ་བ་ཡི་


DKG002_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

སྟན་མེད་དེ། །ཕུན་སུམ་ཚོགས་པ་དེ་འདྲ་དང་། །གླང་པོ་བདག་ལ་ག་ལ་བདོག །ལྷ་ཡི་དབང་པོ་དབང་སྒྱུར་བ། །བརྒྱ་བྱིན་བདག་གི་དྲུང་དུ་འོངས། །དེ་ནས་བརྒྱ་བྱིན་བདག་ལ་སྨྲས། །ཁྱོད་ཀྱི་གྲོགས་པོ་ངས་བྱ་ཞེས། །དེས་ནི་ལྷ་ཡི་སྐྱེད་མོས་ཚལ། །མཛེས་ཤིང་ཡིད་དུ་འོང་བ་སྤྲུལ། །ལྷ་ཡི་གདན་ནི་བཤམས་ནས་ནི། །ལྷ་ཡི་གཡོགས་པ་རྣམས་ཀྱིས་གཡོགས། །དེ་ནས་བདག་གིས་བཅོམ་ལྡན་འདས། །རྣམ་གཟིགས་འཇིག་རྟེན་གྱིས་བཀུར་བ། །མི་མཆོག་དེ་ནི་ཉན་ཐོས་བཅས། །གདུགས་ཚོད་ལ་ནི་སྤྱན་དྲངས་ནས། །ས་སྲུང་ལ་སོགས་གླང་པོ་རྣམས། །ལྷ་ཡི་རྒྱན་གྱིས་ལེགས་བརྒྱན་པ། །དགེ་སློང་རེ་རེའི་སྤྱི་བོར་ནི། །དེ་ཚེ་གདུགས་དག་འཛིན་པར་བྱེད། །དེ་ནས་རྣམ་པར་འདྲེན་པ་ནི། །ལྷ་ཡི་ཞལ་ཟས་རྣམས་ཀྱིས་བསྟབས། །ཐུབ་པ་ཉན་ཐོས་ཐབས་ཅིག་ལ། །བདག་གིས་ལྷ་ཡི་གོས་ཀྱིས་གཡོགས། །དགེ་བའི་ལས་ནི་དེ་བྱས་པས། །བདེ་བ་མང་པོ་ཉམས་སུ་མྱོང་། །བསོད་ནམས་བྱས་པས་ལྷ་དང་ནི། །མི་ཡི་ནང་དུ་མཛེས་གྱུར་པས། །བསྐལ་པ་དགུ་བཅུ་རྩ་གཅིག་ཏུ། །ངན་འགྲོ་བདག་གིས་མི་ཤེས་སོ། །རྣམ་པར་གཟིགས་པ་དཔལ་ལྡན་པོ། །དྲང་སྲོང་ཆེན་པོས་བསྙེན་བཀུར་བས། །བདག་གི་སྐྱེ་བ་ཐ་མ་འདི། །རྒྱལ་པོའ་ཁབ་ཏུ་བདག་སྐྱེས་སོ། །གཟུགས་ཅན་སྙིང་པོའ་གྲོང་ཁྱེར་དུ། །ནོར་ཆེན་ཕྱུག་པོའ་ཁྱིམ་དུ་ནི། །རྒྱལ་པོ་གཟུགས་ཅན་སྙིང་པོས་ནི། །དེ་ཚེ་བདག་རྗེད་བཀུར་སྟི་བྱས། །བློན་པོ་རྣམས་དང་གྲོང་མི་ལ། །ཀུན་ནས་སྡུག་ཅིང་ཡིད་དུ་འོང་། །ལྷ་ཡི་འདོད་པས་རྟག་ཏུ་ནི། །སྲིད་པ་འདིར་ནི་བདག་ཚིམ་བྱས། །མིར་གྱུར་ན་ཡང་ལྷ་རྣམས་ཀྱི། །འདོད་པ་ཡིད་འོང་ཉམས་སུ་མྱོང་། །དེ་ནས་དེད་དཔོན་བླ་ན་མེད། །སངས་རྒྱས་རྣམ་པར་འདྲེན་པ་པོ། །ཐུབ་པ་ཆེན་པོ་ཐུགས་བརྩེ་བས། །རྒྱལ་པོའ་ཁབ་ཏུ་གཤེགས་པར་གྱུར། །སངས་རྒྱས་ཤེས་རབ་ཆེན་པོ་ནི། །རྒྱལ་པོའ་ཁབ་བྱོན་བདག་གིས་ཐོས། །བཅོམ་ལྡན་ཐུབ་དེ་གང་ན་བར། །དགའ་བའི་ཡིད་ཀྱིས་སོང་བ་དང་། །འཇིག་རྟེན་གསལ་བ་འོད་མཛད་པ། །སྒྲོན་མ་འཛིན་པ་མཐོང་ནས་ནི། །དེ་ཚེ་བབས་ཏེ་རྐང་པས་ནི། །ཐུབ་པའི་སྤྱན་སྔར་སོང་ནས་ཀྱང་། །ཐུབ་པ་ཆེ་ལ་


DKG002_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

བདག་མགུ་བས། །ཞབས་གཉིས་ལ་ནི་མགོས་ཕྱག་བྱས། །སྐྱེས་མཆོག་ལ་ནི་ཕྱག་བྱས་ནས། །ཕྱོགས་གཅིག་ཏུ་ནི་འདུག་ནས་སུ། །འགྲོ་བས་བསྙེན་བཀུར་བྱས་པ་ཡི། །དཔའ་ཆེན་བདུད་ཀྱི་འཆིང་བ་བཅད། །དེད་དཔོན་མི་ཡི་ཉི་མ་ནི། །རིང་པོ་མ་ཐོགས་མཉེས་པར་བྱས། །འཇིག་རྟེན་སྟོན་པ་བླ་མེད་པ། །དེས་ནི་བདག་ལ་ཐུགས་བརྩེ་བས། །འཕགས་པའི་བདེན་པ་རྣམས་བཤད་དེ། །དེ་ཚེ་བདག་གིས་སོ་སོར་རྟོགས། །དེ་ནས་བདག་གིས་ཐུགས་རྗེ་ཅན། །རྫོགས་སངས་རྒྱས་ལ་འདི་སྐད་གསོལ། །དཔའ་བོ་བདག་ནི་རབ་འབྱུང་ཞིང་། །བསྙེན་པར་རྫོགས་པར་ཐོབ་པར་འཚལ། །དེ་ནས་ཤེས་རབ་དམ་པ་ཅན། །སངས་རྒྱས་གང་ཟག་ཟླ་མེད་པས། །དགེ་སློང་ཚུར་ཤོག་ཅེས་གསུངས་པས། །བདག་ནི་བསྙེན་པར་རྫོགས་པར་གྱུར། །དེས་ན་བདག་ནི་བག་ཡོད་ཅིང་། །བརྩོན་འགྲུས་བསམ་གཏན་བརྟན་པོ་ཡིས། །བདུད་རྩི་མྱ་ངན་འདས་ཞི་བའི། །གནས་ཀྱི་དམ་པ་རེག་པར་གྱུར། །རྫོགས་སངས་བླ་ན་མེད་པ་ཡི། །དེད་དཔོན་འདི་ནི་མཉེས་པར་བྱས། །མྱ་ངན་འདས་པ་བསིལ་གྱུར་པ། །དགྲ་བཅོམ་པ་ཡང་བདག་གིས་ཐོབ། །སྲིད་པར་འཁོར་བར་སྐྱེ་བ་དང་། །འཆི་བ་རྣམས་ལས་བདག་གྲོལ་ཅིང་། །མྱ་ངན་སྨྲེ་སྔགས་འདོན་པ་ལས། །ཐམས་ཅད་དུ་ནི་བདག་གྲོལ་ཏོ། །དེ་ལྟར་གནས་བརྟན་མེ་སྐྱེས་ཀྱིས། །དགེ་སློང་དགེ་འདུན་མདུན་འདུག་ནས། །མ་དྲོས་པ་ཡི་མཚོ་ཆེན་དུ། །རང་གི་ལས་ནི་ལུང་བསྟན་ཏོ། །མེ་སྐྱེས་ཀྱི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ནས་དགེ་སློང་གནས་བརྟན་གནས་བརྟན་རྣམས་ཀྱིས་ཚེ་དང་ལྡན་པ་ཡུལ་འཁོར་སྐྱོང་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཡུལ་འཁོར་སྐྱོང་ཚེ་དང་ལྡན་མེ་སྐྱེས་ཀྱིས་རང་གི་ལས་ཀྱི་རྒྱུ་བ་ལུང་བསྟན་ཟིན་གྱིས། ཚེ་དང་ལྡན་པ་ཡུལ་འཁོར་སྐྱོང་གིས་ཀྱང་ད་རང་གི་ལས་ཀྱི་རྒྱུ་བ་ལུང་སྟོན་ཅིག །དེ་ནས་ཚེ་དང་ལྡན་པ་ཡུལ་འཁོར་སྐྱོང་གིས་དེའི་ཚེ་རང་གི་ལས་ཀྱི་རྒྱུ་བ་ལུང་སྟོན་པར་བྱེད་དེ། ཀ་ཤིའི་ཡུལ་འཁོར་དར་བྱེད་པ། །རྒྱལ་པོ་ཀྲི་ཀི་ཞེས་བྱ་བྱུང་། །རྒྱལ་པོ་ཀྲི་ཀི་བུ་ཐ་ཆུངས། །དེ་ཡི་ཚེ་ན་བདག་གྱུར་ཏོ། །འོད་སྲུང་དཔལ་དང་ལྡན་པ་ཡི། །མཆོད་རྟེན་ཆེན་པོ་བརྩིགས་པ་དང་། །ཕ་ཡི་ཡིད་ནི་བསྲུང་བའི་ཕྱིར། །


DKG002_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་གདུགས་བུ་ཆུང་ཞིག་ཕུལ། །དགའ་བའི་ཡིད་ཀྱིས་མཆོད་རྟེན་ལ། །གདུགས་ནི་གདགས་པ་བྱས་པ་དེས། །རབ་བྱུང་རྫོགས་པའི་སངས་རྒྱས་དང་། །ལྷན་ཅིག་འགྲོགས་གྱུར་སྨོན་ལམ་བཏབ། །དགེ་བའི་ལས་ནི་དེ་བྱས་པས། །གང་དང་གང་དུ་སྐྱེས་པར་ནི། །བསོད་ནམས་བྱས་པས་མཛེས་པ་ཡི། །ལྷ་དང་མི་ནི་རྣམས་སུ་གྱུར། །བདག་གི་སྐྱེ་བ་ཐ་མ་འདི། །བང་མཛོད་སྟུག་པོར་བདག་སྐྱེས་ཏེ། །དེར་ཡང་ཚོང་དཔོན་ཁྱིམ་དུ་སྐྱེས། །རིགས་ཀྱི་བུ་གཅིག་པར་གྱུར་ཏེ། །མི་དབང་ཀཽ་རབ་བྱ་དང་ནི། །དེ་བཞིན་ཀུན་སྡུག་ཡིད་དུ་འོང་། །དེ་བཞིན་ཡུལ་མི་རྣམས་དང་ནི། །བདག་ནི་གཉེན་ཚོགས་ཡིད་དུ་འོང་། །མཛེས་ཤིང་བལྟ་ན་སྡུག་པ་དང་། །གཟུགས་བཟང་ཤིན་ཏུ་དབྱིབས་ལེགས་ཤིང་། །མི་ཡི་འབྱོར་པ་རྣམས་ཀྱིས་ནི། །འདོད་པ་ཐམས་ཅད་ཕུན་སུམ་ཚོགས། །སྟོན་པ་དགའ་ཞིང་ཡིད་འོང་བ། །བང་མཛོད་སྟུག་པོར་གཤེགས་པ་ནི། །བདག་གིས་མཐོང་ནས་སེམས་དད་པས། །རབ་ཏུ་འབྱུང་བར་གསོལ་བ་བཏབ། །སྟོན་པ་གང་ཟག་ཟླ་མེད་དེ། །བསམ་པ་ཀུན་ལ་མཁས་གྱུར་པས། །བདག་གི་བསམ་པ་དེས་མཁྱེན་ནས། །རབ་ཏུ་བྱུང་བ་ལས་བཟློག་པ། །ཕ་མ་དག་གིས་མ་གནང་བའི། །གང་ཟག་དགེ་ཡང་སངས་རྒྱས་རྣམས། །རབ་ཏུ་འབྱིན་པར་མི་མཛད་ཀྱིས། །སོང་ལ་བདག་ཉིད་ཐར་བར་གྱིས། །དེ་ནས་ཁྱིམ་དུ་བདག་སོང་ནས། །ཕ་མ་གཉིས་ལ་སྨྲས་པ་ནི། །ཡབ་གཅིག་གནང་བར་མཛོད་ཅིག་བདག །ཁྱིམ་མ་མཆིས་པར་རབ་འབྱུང་ངོ་། །ཕ་མས་བདག་ལས་ཐོས་ནས་ནི། ། དེ་ཚེ་ཡིད་མི་བདེར་གྱུར་ནས། །བུ་གཅིག་ཁྱོད་ནི་བདག་ཅག་གཉིས། །ཤི་བར་གྱུར་ནའང་མི་གནང་ངོ་། །དེ་ཐོས་ནས་ནི་བདག་གིས་སུ། །གལ་ཏེ་མི་གནང་འདི་ཉིད་དུ། །ཟས་མི་འཚལ་བར་བདག་འགུམ་ཞེས། །ས་ལ་ཡང་ནི་ཉལ་བ་བྱས། །དེ་ཚེ་དཀར་པོའ་ཆོས་དག་གིས། །བསྐུལ་ནས་རབ་འབྱུང་དོན་གཉེར་ཞིང་། །ཐར་པར་འདོད་པས་ཞག་དྲུག་ཏུ། །ཟན་མ་ཟོས་པར་འདུག་པ་དང་། །དེ་ནས་བདག་དང་མཛའ་བ་ཡི། །ནེའུ་ཟླས་ཕ་མ་ལ་སྨྲས་པ། །འདི་ནི་གནང་བར་གྱུར་ན་ལེགས། །ཁྱེད་ལ་ཤི་བས་ཅི་ཞིག་བྱ། །གལ་ཏེ་འདི་ནི་རབ་འབྱུང་བར། །དགའ་ན་ཕྱིས་ཀྱང་ཁྱེད་ཅག་གིས། །གསོན་པོ་ཉིད་དུ་


DKG002_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

བལྟས་སོ་ཅོག །ཤི་བར་གྱུར་ན་ཅི་ཞིག་རུང་། །གལ་ཏེ་རབ་ཏུ་བྱུང་བ་ལ། །འདི་ནི་དགའ་བར་མ་གྱུར་ན། །ཁྱེད་ཀྱིར་ཟད་མོད་ཕ་མ་ལས། །གཞན་ན་བུ་གནས་ག་ལ་ཡོད། །བདག་གི་སྙན་སྨྲ་ནེའུ་ཟླ་ལ། །ཕ་མ་གཉིས་ཀྱིས་སྨྲས་པ་ནི། །གལ་ཏེ་རབ་འབྱུང་ལྟ་བྱེད་ན། །དེ་ལྟ་ན་ལྟ་གཞན་དུ་མིན། །དེ་ནས་ནེའུ་ཟླ་བདག་གི་དྲུང་། །ཉེ་བར་འོངས་ནས་སྨྲས་པ་ནི། །མཁས་པ་ཁྱོད་ནི་ཕ་མ་ཡིས། །རབ་ཏུ་འབྱུང་བར་གནང་བ་ནི། །ཁྱོད་ལ་ཕ་མ་གཉིས་ན་རེ། །གལ་ཏེ་རབ་ཏུ་བྱུང་ནས་ཁྱོད། །ཕྱིས་ཀྱང་ལྟ་བར་བྱེད་ན་ནི། །བུ་གཅིག་སོང་ལ་རབ་ཏུ་བྱུང་། །ལེགས་ཞེས་བདག་གིས་མཉན་བྱས་ཏེ། །དེ་ནས་ཉམ་ནི་བརྟས་བྱས་ནས། །སྟོན་པའི་སྤྱན་སྔར་སོང་ནས་ནི། །འདི་སྐད་ཅེས་ནི་ཚིག་གསོལ་ཏོ། །བཙུན་པ་བདག་ནི་གནང་ལགས་ན། །ཐུབ་ཆེན་ཁྱོད་ཀྱི་བསྟན་པ་ལ། །བདེ་གཤེགས་རབ་འབྱུང་གསོལ་འདེབས་ན། །རྒྱལ་བ་བདག་ནི་རབ་ཏུ་བྱུང་། །དེ་ནས་བདག་ནི་རབ་བྱུང་ནས། །སྟོན་པའི་བསྟན་ལ་འདི་ལྟར་གནས། །བདག་གི་ཀུན་སྦྱོར་ཐམས་ཅད་ཟད། །ཟག་པ་རྣམས་ནི་བཅོམ་པར་གྱུར། །བདག་གིས་གདུགས་གཅིག་བཏང་བས་ནི། །བདེ་བ་མང་པོ་མྱོང་བར་གྱུར། །བསོད་ནམས་བྱས་པས་མཛེས་པ་ཡི། །ལྷ་དང་མི་ཡི་རྣམས་སུ་གྱུར། །ཐམས་ཅད་གཟིགས་པས་དགོན་པ་བ། །རྣམས་ཀྱི་མཆོག་ཏུ་བདག་བསྟན་ཏོ། །མྱ་ངན་འདས་པ་བསིལ་གྱུར་པའི། །དགྲ་བཅོམ་པ་ཡང་བདག་གིས་ཐོབ། །དེ་ལྟར་ཐུགས་རྗེ་ཆེ་རྒྱལ་ལ། །ཡིད་ནི་རབ་ཏུ་དད་བྱས་ཏེ། །མཆོད་རྟེན་ལ་ནི་བཀུར་སྟི་བྱས། །འཇིགས་པ་ཆེ་ལས་རྣམ་ཐར་གྱིས། །གནས་བརྟན་ཕྱག་དར་ཁྲོད་པ་ནི། །ཡུལ་འཁོར་སྐྱོང་ཞེས་གྲགས་པ་ཡིས། །མ་དྲོས་པ་ཡི་མཚོ་ཆེན་དུ། རང་གི་ལས་ནི་ལུང་བསྟན་ཏོ། །ཡུལ་འཁོར་སྐྱོང་གི་ལེའུ་སྟེ་བཅྭ་བརྒྱད་པའོ།། །།འདུལ་བ་གཞི། བམ་པོ་ལྔ་བཅུ་རྩ་གསུམ་པ། དེ་ནས་དགེ་སློང་གནས་བརྟན་གནས་བརྟན་རྣམས་ཀྱིས་ཚེ་དང་ལྡན་པ་ས་ག་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ས་ག་ཚེ་དང་ལྡན་པ་ཡུལ་འཁོར་སྐྱོང་གིས་རང་གི་ལས་ཀྱི་རྒྱུ་བ་ལུང་བསྟན་ཟིན་གྱིས། ཚེ་དང་ལྡན་པ་ས་གས་ཀྱང་ད་རང་གི་ལས་ཀྱི་རྒྱུ་བ་ལུང་སྟོན་ཅིག །


DKG002_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཚེ་དང་ལྡན་པ་ས་གས་དེའི་ཚེ་རང་གི་ལས་ཀྱི་རྒྱུ་བ་ལུང་སྟོན་པར་བྱེད་དེ། རྒྱལ་པོའ་ཁབ་ཀྱི་ཚོང་དཔོན་གྱི། །གཙོ་བོ་ནོར་ཆེན་བདག་གྱུར་ཏོ། །དབྱར་གྱི་དུས་སུ་དྲང་སྲོང་ནི། །ལྔ་བརྒྱ་དག་ནི་ཉེ་བར་བྱོན། །དེར་ནི་ཚོང་དཔོན་ལྔ་བརྒྱ་ཡང་། །ཐམས་ཅད་འདུས་པར་གྱུར་ནས་ནི། །ཀུན་གྱིས་དྲང་སྲོང་རེ་རེ་ཞིག །ཁྱིམ་ཁྱིམ་དུ་ནི་བགོ་བར་བྱ། །རང་གི་དོན་དུ་ཁ་ཟས་ནི། །ཇི་ལྟ་བུ་དག་གཡོ་བྱེད་པ། །དཀའ་ཐུབ་ཅན་དེ་རེ་རེ་ལའང་། །རྟག་ཏུ་དེ་འདྲ་ཁོ་ན་སྦྱིན། །དེའི་ནང་དྲང་སྲོང་རྒན་པོ་གང་། །དེ་ནི་བདག་གི་སྐལ་བར་འོངས། །ཚོང་དཔོན་མཆོག་ལ་དེ་བཞིན་དུ། །ཐུབ་པ་མཆོག་སྟེ་འཚམ་པར་གྱུར། །བདག་ལ་ལྔ་བརྒྱ་པ་ཡི་ཟས། །སྣོད་གང་ནས་ནི་འདྲེན་བྱེད་པ། །དེ་འདྲ་བ་ཡི་ཁ་ཟས་ཉིད། །བདག་གིས་དགེ་སློང་དེ་ལ་བྱིན། །དེ་ནས་དེ་ལ་བདག་ལ་ནི། །སེར་སྣ་ཤིང་ཏུ་མི་བཟད་སྐྱེས། །འདི་ལྟ་བུ་ཡི་ཁ་ཟས་ནི། །བདག་གིས་ཆུང་མ་བྱིན་མ་མྱོང་། །སྲིང་མོ་མ་ཡིན་དེ་བཞིན་དུ། །བུ་དང་བུ་མོ་དག་དང་ནི། །ཕུ་ནུ་ལ་ཡང་མ་བྱིན་ན། །དགེ་སློང་འདི་ལ་ཟླ་གསུམ་དུ། །སྦྱིན་པ་ལྟ་ཞིག་སྨོས་ཅི་དགོས། །བདག་ནི་ལྔ་བརྒྱ་པོ་དག་གིས། །གོང་ཚོགས་ཆེན་པོར་འདིར་གྱུར་གྱིས། །མ་ལ་བདག་གིས་དགེ་སྦྱོང་འདི། །གསད་པ་ལ་ནི་བརྩོན་བྱས་ཏེ། །འདི་ནི་ཤི་བའི་དུས་བྱས་ན། །བདག་ལ་འགོད་པ་མི་འབྱུང་ཞེས། །དེ་ནས་བདག་གི་སྡིག་སེམས་ཀྱིས། །རྟ་ཡི་གཅིན་ནི་བསྐོལ་བྱས་ནས། །ཉེས་མེད་པ་ནི་གསད་བྱ་བར། །ཁ་ཟས་རྣམས་དང་ལྷན་ཅིག་བྱིན། །དེར་ནི་ཟོས་མ་ཐག་ཏུ་ཡང་། །མི་བཟད་པ་ཡི་ནད་ལངས་ཏེ། །རྒྱུ་མ་གཉེ་མ་མཁལ་མ་དག །རོ་སྨད་ནས་ནི་ཟགས་པར་གྱུར། །ཐུབ་པ་ཆོས་ཀྱི་ཡོན་ཏན་དགའ། །ཤེས་བཞིན་དེ་ནས་དུས་ལས་འདས། །ལྷ་དང་གནོད་སྦྱིན་གཅིག་ལ་གཅིག །སྒྲ་ནི་ཤིན་ཏུ་སྒྲོགས་བྱེད་པ། །ཀྱེ་མའོ་ཚོང་དཔོན་འདི་རེ་སྡིག །འདི་ཡིས་ཐུབ་པ་རང་སངས་རྒྱས། །བསིལ་བར་གྱུར་ཅིང་ཟག་མེད་པ། །དབང་ལྡན་འདི་ནི་བཀྲོངས་པར་གྱུར། །ཉེ་དུ་ཀུན་ཀྱང་འཁྲུགས་ནས་ནི། །དེ་ནས་བདག་ལ་སྨོད་བྱེད་པ། །གང་ཕྱིར་ཐུབ་པ་འདི་བསད་པས། །ཁྱོད་ཀྱིས་བསོད་ནམས་མིན་མང་བསྐྱེད། །ཉེ་དུ་


DKG002_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་ཚིག་ཐོས་ནས། །བདག་ཀྱང་ཡིད་མི་བདེ་བར་གྱུར། །དྲང་སྲོང་དེ་དག་བསགས་ནས་ནི། །དེ་ནས་བདག་གིས་ཉེས་པ་བཤགས། །བཟོད་པ་གསོལ་ནས་དེ་ནས་ཡང་། །ཉེས་པ་ཐམས་ཅད་སོ་སོར་བཤགས། །ལྔ་བརྒྱ་ལ་ནི་ཞལ་ཟས་ཀྱིས། །གུས་དང་བཅས་པས་ཚིམ་པར་བྱས། །བདག་གིས་སྡིག་པ་དེ་བཤགས་ནས། །བཟོད་གསོལ་དྲང་སྲོང་དེ་དག་ནི། །ཟས་དང་བཏུང་བས་ཚིམ་བྱས་ནས། །དེ་ཚེ་སྨོན་ལམ་བཏབ་པ་ནི། །གནས་བརྟན་འདི་འདྲ་དག་དང་ནི། །བདག་ནི་ལྷན་ཅིག་འགྲོགས་པར་ཤོག །ཇི་ལྟར་འདི་ཀུན་གྲོལ་གྱུར་པ། །དེ་བཞིན་འཆིང་ལས་གྲོལ་བར་ཤོག །བཀྲེན་པ་རྣམས་ཀྱི་ཁྱིམ་དུ་བདག །ལན་འགའང་སྐྱེ་བར་མ་གྱུར་ཅིག །བདག་གི་སེམས་ནི་ལན་འགའ་ཡང་། །སེར་སྣ་སྐྱེ་བར་མ་གྱུར་ཅིག །བདག་གིས་རང་སངས་རྒྱས་བསད་པའི། །ཤིན་ཏུ་མི་བཟད་ལས་བྱས་པས། །དེ་ནས་འཆི་འཕོ་དུས་བྱས་ནས། །དམྱལ་བ་རྣམས་སུ་སྐྱེས་ནས་ནི། །ཡུན་རིང་ལོ་ནི་སྟོང་དག་ཏུ། །སྡུག་བསྔལ་ཚོར་བ་ཉམས་སུ་མྱོང་། །སླར་ཡང་མིར་ནི་འོངས་པ་ན། །ཕྱུག་ཅིང་ནོར་ཆེན་གྱུར་པ་དང་། །འཇིག་རྟེན་རྣམས་ཀྱིས་མཆོད་བཀུར་ནའང་། །བདག་ནི་མྱུར་དུ་འཆི་འགྱུར་ཞིང་། །རྟག་ཏུ་བདག་ནི་ནང་གྲོལ་དག །འཛག་པས་འཆི་བའི་དུས་བྱས་སོ། །ཁྱིམ་པའི་རྟགས་རྣམས་སྤངས་ནས་ནི། །ཁྱིམ་མེད་པར་ནི་རབ་ཏུ་བྱུང་། །བསྟན་ལ་བརྩོན་འགྲུས་བྱས་པས་ན། །འདོད་ཆགས་ཐམས་ཅད་ཡང་དག་བཏོན། །གང་ཚེ་ལེན་པ་མེད་པ་ཡི། །མྱ་ངན་འདས་པར་བདག་གྱུར་ནའང་། །རྒྱུ་མ་གཉེ་མ་མཁལ་མ་ནང་། །དེ་དག་ཀྱང་ནི་འཛག་པར་གྱུར། །བདག་གིས་སྡིག་ལས་བྱས་པ་དང་། །དགེ་བའི་ལས་བྱས་གང་ཡིན་པ། །དགེ་དང་སྡིག་པ་དེ་དག་གི །འབྲས་བུ་དེ་དག་ཉམས་སུ་མྱོང་། །མཉན་ཡོད་དབུས་ན་སྐྱེས་པ་ཡི། །དགེ་སློང་མཐུ་ཆེན་ས་གས་ནི། །དགེ་སློང་དགེ་འདུན་མདུན་འདུག་ནས། །མ་དྲོས་པ་ཡི་མཚོ་ཆེན་དུ། །རང་གི་ལས་ནི་ལུང་བསྟན་ཏོ། །ས་གའི་ལེའུ་སྟེ་བཅུ་དགུ་པའོ།། །།དེ་ནས་དགེ་སློང་གནས་བརྟན་གནས་བརྟན་རྣམས་ཀྱིས་ཚེ་དང་ལྡན་པ་འོད་སྲུང་བྱིན་པ་ཅན་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་འོད་སྲུང་


DKG002_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་པ་ཅན་དགེ་སློང་ས་གས་རང་གི་ལས་ཀྱི་རྒྱུ་བ་ལུང་བསྟན་ཟིན་གྱིས། ད་ཚེ་དང་ལྡན་པ་འོད་སྲུང་བྱིན་པ་ཅན་གྱིས་ཀྱང་རང་གི་ལས་ཀྱི་རྒྱུ་བ་ལུང་སྟོན་ཅིག །དེ་ནས་ཚེ་དང་ལྡན་པ་འོད་སྲུང་བྱིན་པ་ཅན་གྱིས་དེའི་ཚེ་རང་གི་ལས་ཀྱི་རྒྱུ་བ་ལུང་སྟོན་པར་བྱེད་དེ། མུ་གེ་དག་ནི་བྱུང་བ་ན། །གྲོང་ཁྱེར་པ་ནི་མཐའ་དག་གིས། །ལོ་བདུན་ཚང་བར་དགེ་སློང་གི། །དགེ་འདུན་དག་ནི་སྤྱན་དྲངས་སོ། །དེ་ན་བདག་གི་སྐལ་བར་ནི། །རང་སངས་རྒྱས་ནི་སྐལ་ལྡན་པ། །བསིལ་བར་གྱུར་ཅིང་ཟག་མེད་པའི། །ཐུབ་པ་མཛེས་པ་གཅིག་ཅིག་འོངས། །བདག་གིས་དམ་བཅས་བྱས་པ་ནི། །ལས་མི་བྱེད་ན་བུ་དང་ནི། །ནང་མི་ཡང་རུང་སུ་ལ་ཡང་། །བདག་གིས་ཟས་ནི་མི་སྦྱིན་ནོ། །དེ་ལྟར་རྣམ་པར་བསམས་ནས་ནི། །བདག་གིས་སྡིག་པའི་བློ་བསམས་པ། །དགེ་སློང་ལས་མི་བྱེད་པ་འདི། །བདག་གིས་ཅི་སྟེ་ཟས་སྦྱིན་ཞེས། །དེ་ནས་དྲང་སྲོང་བདག་འགྲོགས་ནས། །ཞིང་ལས་མཐའ་རྣམས་བལྟ་བའི་ཕྱིར། །མཐའ་དག་ཏུ་ནི་བསྐོར་ནས་སུ། །དེ་ཡི་འོག་ཏུ་ཟས་ཟར་བཅུག །ལས་ཀྱི་རྣམ་པར་སྨིན་པ་དེས། །བསྡུས་གཞོམ་དང་ནི་ཚ་བ་ཡི། །དམྱལ་བ་རྣམས་སུ་སྐྱེས་ནས་ནི། །སྡུག་བསྔལ་ཁོ་ནའི་ཚོར་བ་ཐོབ། །དམྱལ་བ་རྣམས་ནས་ཤི་འཕོས་བདག །གང་དང་གང་དུ་སྐྱེས་པར་ནི། །དེ་ཚེ་བརྩོན་པ་མང་བྱས་ནའང་། །སྡུག་བསྔལ་ཁོ་ནས་ཟས་རྙེད་དོ། །བདག་གི་སྐྱེ་བ་ཐ་མ་ནི། །མིའི་སྲིད་ཐོབ་པ་འདི་ཡིན་ཏེ། །རྫོགས་སངས་བླ་ན་མེད་པ་ཡི། །དེད་དཔོན་འདི་ནི་མཉེས་པར་བྱས། །ཡང་དག་དད་པས་རབ་བྱུང་ནས། །བདག་གིས་ཟག་པ་རྣམས་བཅོམ་སྟེ། །བདག་གིས་མངོན་ཤེས་དྲུག་རེག་ནས། །དགྲ་བཅོམ་ཉིད་ཀྱང་ཐོབ་པར་གྱུར། །ད་དུང་དུ་ཡང་བཙུན་པ་བདག །འདི་ལྟར་རྫུ་འཕྲུལ་ལྡན་ལགས་ནའང་། །ད་ལྟ་ལན་མང་སོང་ནས་ནི། །སྡུག་བསྔལ་གྱིས་ནི་ཟས་སྒྲུབ་པོ། །ལམ་ནི་རིང་པོར་སོང་ནས་ཀྱང་། །བདག་ནི་ཟས་དག་བསྒྲུབ་པ་ན། །གང་ཚེ་བདག་ནི་དུབ་གྱུར་ནས། །དེ་ཡི་འོག་ཏུ་ཟས་འགྲུབ་པོ། །རུས་ནི་འོད་སྲུང་ལས་ཀྱི་མིང་། །བྱིན་པ་ཅན་ནི་མཐུ་ཆེན་པོས། །མ་དྲོས་པ་ཡི་མཚོ་ཆེན་དུ། །རང་གི་ལས་ནི་ལུང་བསྟན་ཏོ། །འོད་སྲུང་བྱིན་


DKG002_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཅན་གྱི་ལེའུ་སྟེ་ཉི་ཤུ་པའོ།། །།སྡོམ་ནི། གྲགས་ལྡན་དང་ནི་དཔལ་སྐྱེད་དང་། །བཀྐུ་ལ་གསུམ་གྲགས་པ་དང་། །མེ་སྐྱེས་དང་ནི་ཡུལ་འཁོར་སྐྱོང་། །ས་ག་འོད་སྲུང་བྱིན་པ་ཅན། །དེ་ནས་དགེ་སློང་གནས་བརྟན་གནས་བརྟན་རྣམས་ཀྱིས་ཚེ་དང་ལྡན་པ་ལམ་ཕྲན་བསྟན་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ལམ་ཕྲན་བསྟན་ཚེ་དང་ལྡན་པ་འོད་སྲུང་བྱིན་པ་ཅན་གྱིས་རང་གི་ལས་ཀྱི་རྒྱུ་བ་ལུང་བསྟན་ཟིན་གྱིས། ཚེ་དང་ལྡན་པས་ཀྱང་ད་རང་གི་ལས་ཀྱི་རྒྱུ་བ་ལུང་སྟོན་ཅིག །དེ་ནས་ཚེ་དང་ལྡན་པ་ལམ་ཕྲན་བསྟན་གྱིས་དེའི་ཚེ་རང་གི་ལས་ཀྱི་རྒྱུ་བ་ལུང་སྟོན་པར་བྱེད་དེ། སྔོན་གྱི་ཚེ་རབས་གཞན་རྣམས་སུ། །བདག་ནི་ཕག་རྫིར་གྱུར་པ་ན། །ཕག་རྣམས་ཁ་ནི་བཅིངས་ནས་སུ། །འབབ་ཆུ་ལས་ནི་སྒྲོལ་བར་བྱེད། །འབབ་ཆུ་ལས་ནི་བསྒྲལ་བའི་ཕྱིར། །བདག་གིས་ཆུ་དབུས་ཕྱིན་པ་དང་། །བསྐྱོད་པར་གྱུར་པས་དབུགས་སུབས་ནས། །ཕག་རྣམས་ཐམས་ཅད་ཤི་བར་གྱུར། །སྐྱོབ་པ་མེད་ཅིང་མགོན་མེད་པས། །བདག་ཀྱང་འབབ་ཆུས་ཁྱེར་བ་ལས། །དྲང་སྲོང་རྗེས་སུ་བརྩེ་བ་དག །འོངས་ནས་བདག་ནི་ཕྱུང་བར་གྱུར། །དེ་དག་གིས་བདག་དེ་ལས་བསྒྲལ། །དེ་ནས་བདག་གིས་རབ་ཏུ་བྱུང་། །བདག་གིས་གདམས་ངག་མེད་པར་ནི། །འདུ་ཤེས་མེད་ལ་སྙོམས་པར་ཞུགས། །དེ་ནས་འཆི་བའི་དུས་བྱས་ནས། །ལྷ་རྣམས་སུ་ནི་བདག་སྐྱེས་སོ། ལྷ་ཡི་འཇིག་རྟེན་ཤི་འཕོས་ནས། །བདག་གིས་མི་ཡི་སྲིད་པ་ཐོབ། །རྫོགས་པའི་སངས་རྒྱས་མཉེས་བྱས་ནས། །ཁྱིམ་མེད་པར་ནི་རབ་ཏུ་བྱུང་། །རྨོངས་ཤིང་གཡེར་བོ་མ་ཡིན་པས། བཏད་པ་བདག་གིས་མ་རྟོགས་སོ། །བཙུན་པ་བདག་གིས་ཟླ་གསུམ་དུ། །ཚིགས་བཅད་གཅིག་ལ་ཞུགས་ནས་ནི། །ཚིག་བཞི་པ་ཡི་རྐང་པ་གཅིག །རྟོགས་པས་འདོད་ཆགས་ཀུན་བཏོན་ཏོ། །བཙུན་པ་དེ་ལྟར་བདག་གིས་ནི། །ལས་གང་བགྱིས་པ་དྲན་ལགས་ཏེ། །བསྐལ་བ་མི་ཉུང་ཡུན་རིང་དུ། །འཁོར་བ་འདིར་བདག་གིས་བརྒྱུགས། །འཇིག་རྟེན་མགོན་གྱི་སྤྱན་སྔར་ནི། །ལམ་ཕྲན་བསྟན་གྱིས་དཀར་གནག་ལས། །མ་དྲོས་པ་ཡི་མཚོ་ཆེན་དུ། །ལུང་ནི་བསྟན་པ་བྱས་པ་ཡིན། །ལམ་ཕྲན་བསྟནཀྱི་ལེའུ་སྟེ་ཉི་ཤུ་གཅིག་པའོ།། །།དེ་ནས་དགེ་སློང་


DKG002_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

གནས་བརྟན་གནས་བརྟན་རྣམས་ཀྱིས་ཚེ་དང་ལྡན་པ་སྤྲུལ་ཁོལ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་སྤྲུལ་ཁོལ་ཚེ་དང་ལྡན་ལམ་ཕྲན་བསྟན་གྱི་རང་གི་ལས་ཀྱི་རྒྱུ་བ་ལུང་བསྟན་ཟིན་གྱིས། །ཚེ་དང་ལྡན་པ་ཀྱང་ད་རང་གི་ལས་ཀྱི་རྒྱུ་བ་ལུང་སྟོན་ཅིག །དེ་ནས་ཚེ་དང་ལྡན་པ་སྤྲུལ་ཁོལ་གྱིས་དེའི་ཚེ་རང་གི་ལས་ཀྱི་རྒྱུ་བ་ལུང་སྟོན་པ་བྱེད་དེ། སངས་རྒྱས་འོད་སྲུང་མྱ་ངན་འདས། ཐ་མར་བྱུང་བའི་དགེ་སློང་ནི། །སྡེ་སྣོད་གསུམ་ལྡན་མང་དུ་ཐོས། །ཆོས་ཀྱི་སེར་སྣ་ཅན་དུ་གྱུར། །དགེ་སློང་གཞན་དག་ཤེས་གྱུར་ན། །བདག་དང་མཚུངས་པར་འགྱུར་འོད་ཞེས། །བདག་གིས་དགེ་སློང་རྣམས་ལ་ཆོས། །མ་སྟོན་ཅིང་ནི་མ་བཤད་དེ། །བདག་གི་དྲུང་དུ་དགེ་སློང་གང་། །ཉེ་བར་འདོས་ནས་འདྲི་བྱེད་ནའང་། །ཐམས་ཅད་གདམས་ངག་མ་བྱིན་པར། །ཐམས་ཅད་དུ་ནི་སྤྱོས་ཤིང་བགྱི། །དགེ་སློང་རྣམས་ནི་ཉེར་འདོས་ནས། །དེ་ཚེ་བདག་ལ་བཀུར་སྟི་བྱེད། །ཆོས་ནི་རབ་ཏུ་མི་སྟོན་པ། །ཁྱོད་ཀྱི་ད་ནི་བཟའ་མིན་ཟེར། །དེ་ནས་འཆི་བའི་དུས་བབ་ཚེ། །བདག་གི་ཆོས་ནི་གཞན་དག་ལ། །མ་བསྟན་དེ་ནི་ལེགས་མིན་ཞེས། །བདག་ནི་ཡིད་ལ་འགྱོད་པ་གྱུར། །ཚེ་ཡི་ལྷག་མ་ཉུད་དུ་ཞིག །ཞག་བདུན་ལུས་ནས་བདག་གིས་ནི། །རབ་ཏུ་བྱུང་བ་རྣམས་བསོགས་ཏེ། །དེ་ནས་ཉེས་པ་བཤགས་པ་བྱས། །བདག་གིས་ཉེས་པ་བཤགས་བྱས་ཤིང་། །སེར་སྣ་དེ་ན་རྣམ་བསལ་ནས། །དེ་ཚེ་བདག་གིས་ནུབ་བདུན་དུ། །དོན་བཟང་བ་ཡི་ཆོས་བཤད་དོ། །བདག་གིས་བློ་ལ་ཅི་ལྕོགས་པས། །ལེགས་པར་བཤད་པའི་ཆོས་ཐོས་ནས། །ཕན་ཚུན་འདོམས་ཤིང་གཅིག་ལ་གཅིག སྨྲ་བར་ཡང་ནི་བྱེད་དུ་བཅུག དེ་ཚེ་བདག་གིས་ནུབ་བདུན་དུ། །ཆོས་ནི་ཅུང་ཟད་གཅིག་བཤད་པས། །འདོད་པ་ཐམས་ཅད་འབྱོར་བ་ཡིམ། །ལྷ་ཡི་འཇིག་རྟེན་དག་ཏུ་བཀའ། །ལྷ་ཡི་འཇིག་རྟེན་ཤི་འཕོས་ཏེ། །བདག་གིས་མི་ཡི་སྲིད་ཐོབ་ནས། །གྲོང་ཁྱེར་སེར་སྐྱའི་གཞི་དག་ཏུ། །ཤཱཀྱའི་རྒྱལ་པོ་རིགས་སུ་སྐྱེས། །ནོར་ཆེན་ལོངས་སྤྱོད་ཆེན་པོ་དང་། གཟུགས་བཟང་བལྟ་ན་སྡུག་པ་དང་། །ཐམས་ཅད་ལ་སྡུག་ཡིད་འོང་ཞིང་། །ཕུན་སུམ་ཚོགས་པའི་མཐར་ཕྱིན་ཏོ། །ཁྱིམ་རེ་ནས་ནི་སྐྱེས་པ་རེ། །ཁྱིམ་མེད་པར་ནི་རབ་འབྱུར་ལས། །འདོད་པའི་ལོངས་སྤྱོད་འབྱོར་བས་ན། །བདག་ནི་རབ་


DKG002_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་མ་བཏུབ་པོ། །རྫོགས་སངས་གང་ཟག་ཟླ་མེད་པ། །བདག་ཉིད་ལ་ནི་ཐུགས་བརྩེའི་ཕྱིར། །ཡང་དང་ཡང་དུ་རང་འབྱུང་བ། །ཡང་དག་ལེན་པ་སྐུལ་མ་མཛད། །དེ་ནས་དེ་དཔོན་ཟླ་མེད་པ། །སངས་རྒྱས་ལ་ནི་བདག་གིས་གསོལ། །རེ་ཤིག་བདག་གི་ལོ་བདུན་དུ། །སྦྱིན་པ་མི་ཉང་བཏང་བར་བགྱི། །བདག་གིས་སྦྱིན་དག་བཏང་ནས། །ལོ་བདུན་ལོན་པར་གྱུར་པ་དང་། །ཤེས་རབ་མཆོག་ཅན་ཁྱོད་ལས་ནི། །དེ་ནས་བདག་ནི་རབ་ཏུ་འབྱུང་། །ལོ་བདུན་དག་ནི་ཐོགས་ཆེས་ལ། །ཚེ་ནི་ཅུང་ཟད་ཙམ་ཡིན་པས། །སང་ཉིད་འཆི་ཡང་སུ་ཤེས་གྱིས། །དེ་རིང་ཉིད་དུ་བརྟུལ་ཏེ་གྱིས། །བདག་གིས་གུས་པས་སངས་རྒྱས་ཀྱི། །གསུང་ནི་སླར་བཟློག་མ་བྱས་པར། །བཙུན་པ་བདག་ནི་དགུང་བདུན་ན། །ཐུགས་བརྩེས་རབ་ཏུ་དབྱུང་བ་མཛོད། །བདག་གིས་ཞག་བདུན་སྦྱིན་བཏང་སྟེ། ཕོངས་པ་རྣམས་ནི་ཚིམ་བྱས་ནས། །བདག་གི་ཕྱིར་ནི་ཉེ་དུ་དག །གྲོང་ཁྱེར་དུ་ནི་མེལ་ཙེ་བཙུགས། །སྣང་བ་ཆེན་པོ་རྣམས་ཀྱིས་ནི། །གྲོང་ཁྱེར་མཆོག་ནི་གསལ་བར་བྱས། །སྐྱེ་བོ་དག་གིས་མ་ཚོར་བར། །རབ་འབྱུང་ཕྱིར་ནི་མངོན་དུ་བྱུང་། །བདག་ནི་དང་བས་རབ་བྱུང་ནས། །རྒྱལ་བའི་བསྟན་ལ་བརྩོན་བྱས་ཏེ། །ལོ་ནི་ཉི་ཤུ་ལྔ་ལོན་ཡང་། །སེམས་མཉམ་པ་ཡང་མཐོ་བ་བོ། །དེ་ནས་བདག་གི་སྡིག་པའི་སེམས། །འདོད་ལ་ཞེན་བ་སྐྱེས་པ་ནི། །བདུད་རྩི་རྟོགས་པར་མ་གྱུར་གྱིས། །དམན་པར་སླར་ནི་བདག་སྡོག་སྙམ། །དེ་ནས་ངོ་ཚ་ཁྲེལ་ཡོད་པ། །དོན་ཆེན་དག་ནི་སྐྱེས་གྱུར་པ། །བདག་ལ་ཉེ་དུའི་ཚོགས་སྨོད་ཅིང་། །སྐྱོན་དུ་ཡང་ནི་འགྲང་འགྱུར་བ། །དེ་ནི་བདག་དང་འཚམ་མིན་ཞིང་། །དེ་ནི་བཟང་པོ་མ་ཡིན་གྱིས། །བདག་ལྟ་གསོན་ནའང་ཅི་རུ་རུང་། །མཚོན་གྱིས་གདབ་པར་བྱའོ་སྙམ། །མཚོན་རྣོན་བདག་གིས་བླངས་ནས་སུ། །སྐྱིལ་མོ་དཀྲུང་ནི་བཅས་ནས་ཀྱང་། །མཚོན་ནི་སྐེ་ལ་གཏད་པ་ལས། །དེ་ནས་སེམས་ནི་རྣམ་པར་གྲོལ། །བདག་སེམས་ཐ་བ་ལས་གྲོལ་ནས། །ཡང་དང་ཡང་དུ་བརྗོད་པ་ནི། །ཨེ་མའོ་སངས་རྒྱས་ཆོས་དགེ་འདུན། །ཨེ་མའོ་ཆོས་ཉིད་ཨེ་རེ་བཟང་། །སྔོན་ནི་བདག་གི་འདུ་ཤེས་གང་། །སོ་སོའ་སྐྱེ་བོ་ཤི་བླ་སྙམ། །བདག་གིས་སྲོག་ལ་མ་བསྟས་པས། །ཞི་བ་དམ་པ་ཐོས་པར་གྱུར། སྔོན་ནི་འཁུམས་


DKG002_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྱུར་པ་ཡིས། །དམ་ཆོས་སེར་སྣ་བྱས་པ་གང་། །བཙུན་པ་དེ་ཡི་འབྲས་བུ་ནི། །སྡུག་བསྔལ་བ་ཡིས་རྣམ་པར་གྲོལ། །བདག་གིས་འཆི་བའི་དུས་ན་ཆོས། །དམ་པ་རབ་བསྟན་གང་ཡིན་པའི། །ལས་ཀྱི་རྣམ་པར་སྨིན་པ་དེས། །ཕུན་སུམ་ཚོགས་པའི་ཕ་རོལ་ཕྱིན། །ཤཱཀྱའི་བུ་ཕོ་དབང་པོ་བརྟུལ། །སྤྲུལ་ཁོལ་མཐུ་ཆེན་ལྡན་པས་ནི། །མ་དྲོས་པ་ཡི་མཚོ་ཆེན་དུ། །རང་གི་ལས་ནི་ལུང་བསྟན་ཏོ། །སྤྲུལ་ཁོལ་གྱི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པའོ།། །།དེ་ནས་དགེ་སློང་གནས་བརྟན་གནས་བརྟན་རྣམས་ཀྱིས་ཚེ་དང་ལྡན་པ་མ་འགགས་པ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་མ་འགགས་པ་ཚེ་དང་ལྡན་པ་སྤྲུལ་ཁོལ་གྱིས་རང་གི་ལས་ཀྱི་རྒྱུ་བ་ལུང་བསྟན་ཟིན་གྱིས། ཚེ་དང་ལྡན་པ་མ་འགགས་པས་ཀྱང་ད་རང་གི་ལས་ཀྱི་རྒྱུ་བ་ལུང་སྟོན་ཅིག །དེ་ནས་ཚེ་དང་ལྡན་པ་མ་འགགས་པས་རང་གི་ལས་ཀྱི་རྒྱུ་བ་ལུང་སྟོན་པར་བྱེད་དེ། སྔོན་ནི་ཕྲག་ཁུར་ཁྱེར་བ་ཡི། །རྩྭ་ཐུན་དབུལ་པོར་གྱུར་པ་ན། །བདག་གིས་དགེ་སྦྱོང་གྲགས་ལྡན་པ། །ཉོན་མོངས་བཅོམ་ལ་བསོད་སྙོམས་ཕུལ། །ཤཱཀྱའི་རིགས་ལ་བདག་སྐྱེས་ནའང་། །བདག་ནི་མ་འགགས་ཡིན་པར་ཤེས། །རོལ་མོ་གླུ་ལ་མཁས་གྱུར་པས། །ཕེག་སྒྲ་ཕྱད་པས་བསླང་བ་ན། །རྫོགས་སངས་ག་ལས་བསྙེངས་མེད་པ། །སྟོན་པ་བདག་གིས་མཐོང་བར་གྱུར། །མཐོང་ནས་བདག་ནི་སེམས་དད་པས། །ཁྱིམ་མེད་པར་ཡང་རབ་ཏུ་བྱུང་། །བདག་གིས་དེ་ཡི་གསུང་ཐོས་ནས། །བསྟན་ལ་དགའ་བས་གནས་གྱུར་ཏེ། །རྟག་ཏུ་ཕ་རོལ་གནོན་བརྟན་ཞིང་། །གཟབས་པའི་བདག་ཉིད་བརྩོན་འགྲུས་བརྩམས། །སངས་རྒྱས་བསྟན་པ་མཐར་ཕྱུང་ནས། །རིག་པ་གསུམ་ནི་རྗེས་སུ་ཐོབ། །བདག་སྔོན་གང་ན་འདུག་པ་ཡི། །སྔོན་གྱི་གནས་ནི་ཤེས་གྱུར་ཏེ། །སུམ་བཅུ་རྩ་གསུམ་ལྷ་རྣམས་སུ། །བདག་གིས་ལན་བདུན་སྐྱེ་བ་བླངས། །སླར་ཡང་མི་ཡི་ནང་དུ་ནི། མི་ཡི་དབང་པོ་ལན་བདུན་བྱས། །དེ་ཚེ་འཛམ་ཚལ་དབང་ཕྱུག་གི །རྒྱལ་རིགས་སྤྱི་བོར་དབང་བསྐུར་ཏོ། །འདིར་ནི་བདུན་དང་དེར་བདུན་ཏེ། །བདག་གིས་ལན་ནི་བཅུ་བཞིར་འཁོར། །བདག་སྔོན་གང་ན་འདུག་པ་ཡི། །གནས་ནི་སྔོན་དུ་ཤེས་གྱུར་ཏེ། །ལས་ཀྱི་འབྲས་བུ་དེ་ལྟ་བུ། །བདག་གིས་དེ་


DKG002_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་ཉམས་སུ་མྱོང་། །གང་དང་གང་དུ་སྐྱེས་པ་ན། །དགའ་བ་དག་གིས་རྒྱུ་བར་བྱེད། །སེམས་ཅན་རྣམས་ཀྱི་འཆི་འཕོ་དང་། །འོང་བ་དང་ནི་འགྲོ་བ་དང་། །འདི་ལྟ་བུ་དང་གཞན་གྱུར་ཤེས། །འཕགས་པའི་ཡན་ལག་ལྔ་ལྡན་དགའ། །ཡན་ལག་ལྔ་པའི་ཏིང་འཛིན་ལ། །ཞི་བ་ཕྱོགས་གཅིག་གོམས་བྱས་ཤིང་། །ཤིན་ཏུ་སྦྱངས་ཐོབ་ལམ་གྱིས་ནི། །ལྷ་ཡི་སྤྱན་ནི་རྣམ་པར་སྦྱངས། །སྟོན་པ་འཇིག་རྟེན་བླ་མེད་ཀྱིས། །བདག་གི་ཀུན་རྟོག་མཁྱེན་ནས་ཀྱང་། །ཡིད་ལས་བྱུང་བའི་སྐུ་ཡིས་ནི། །བདག་དྲུང་རྫུ་འཕྲུལ་གྱིས་བྱོན་ནས། །སྟོན་པ་སྤྲོས་མེད་ལ་དགྱེས་པས། །སྤྲོས་པ་དང་ནི་བྲལ་བ་བཤད། །བདག་གིས་དེ་ཡི་གསུང་ཐོས་ནས། །བསྟན་ལ་དགའ་བས་གནས་གྱུར་ཏེ། །རྟག་པར་ཕ་རོལ་གནོན་བརྟན་ཞིང་། །གཟབས་པའི་བདག་ཉིད་བརྩོན་འགྲུས་བརྩམས། །སངས་རྒྱས་བསྟན་ལ་མཐར་ཕྱུང་ནས། །རིག་པ་གསུམ་ནི་རྗེས་སུ་ཐོབ། །འཆི་བའང་མངོན་པར་མི་དགའ་ཞིང་། །འཚོ་བའང་མངོན་པར་མི་དགའ་སྟེ། །ཤེས་བཞིན་དྲན་དང་ལྡན་པ་ཡིས། །དུས་ལ་སོ་སོར་རྟོག་པར་བྱེད། །ཡངས་པའི་འོད་མའི་གྲོང་ཁྱེར་གྱི། །འོད་མའི་ཚང་ཚིང་དེའི་དྲུང་དུ། །བདག་གི་སྲོག་ནི་ཟད་ནས་ཀྱང་། །ཟག་མེད་མྱ་ངན་འདའ་བར་འགྱུར། །བདག་གིས་བསོད་སྙོམས་བྱིན་པས་ནི། །འབྲས་བུ་ཐོབ་པ་འདི་ཡིན་ཏེ། །རྫོགས་སངས་གང་ཟག་ཟླ་མེད་པའི། །སྟོན་པ་བདག་གིས་མཉེས་པར་བྱས། །མྱ་ངན་འདས་པ་བསིལ་གྱུར་པའི། །དགྲ་བཅོམ་པ་ཡང་བདག་གིས་ཐོབ། །ཐམས་ཅད་གཟིགས་པས་བསོད་ནམས་ཅན། །རྣམས་ཀྱི་མཆོག་ཏུ་བདག་བསྟན་ཏོ། །དེ་ལྟར་གནས་བརྟན་མ་འགགས་པས། །དགེ་སློང་དགེ་འདུན་མདུན་འདུག་ནས། །མ་དྲོས་པ་ཡི་མཚོ་ཆེན་དུ། །རང་གི་ལས་ནི་ལུང་བསྟན་ཏོ། །མ་འགགས་པའི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པའོ།། །།དེ་ནས་དགེ་སློང་གནས་བརྟན་གནས་བརྟན་རྣམས་ཀྱིས་ཚེ་དང་ལྡན་པ་རི་དགས་འཛིན་གྱི་བུ་ནག་པོ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ནག་པོ་ཚེ་དང་ལྡན་པ་མ་འགགས་པས་རང་གི་ལས་ཀྱི་རྒྱུ་བ་ལུང་བསྟན་ཟིན་གྱིས། །ཚེ་དང་ལྡན་པས་ཀྱང་ད་རང་གི་ལས་ཀྱི་རྒྱུ་བ་ལུང་སྟོན་ཅིག །དེ་ནས་ཚེ་དང་ལྡན་པ་རི་དགས་འཛིན་གྱི་བུ་ནག་པོས་དེའི་ཚེ་རང་གི་ལས་ཀྱི་རྒྱུ་བ་ལུང་སྟོན་


DKG002_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད་དེ། བུ་རམ་སྦྱོར་བའི་ཁང་པ་ན། །བུ་རམ་ཤིང་རྣམས་འཚིར་བ་ལས། །རང་སངས་རྒྱས་ནི་སྐལ་ལྡན་པ། །ནད་པ་གསོར་རུང་ཞིག་འོངས་ནས། །བདག་གིས་ཐུབ་བ་ནུབ་བདུན་དུ། །བུ་རམ་ཏིལ་མར་བསྙེན་བཀུར་བྱས། །སྐལ་ལྡན་ཞག་བདུན་འདས་པ་དང་། །དེ་ནས་དེ་ནི་མཁའ་ལ་འཕགས། །དེ་ནས་བྲན་དེ་ཉེར་འོངས་ནས། །བདག་ལ་སྨྲས་པར་གྱུར་པ་ནི། །ཡོན་གནས་རབ་ཏུ་བྱུང་གྱུར་པ། །དེ་ལྟ་བུ་ནི་སོང་བར་གྱུར། །དྲང་སྲོང་མཁའ་ལ་སོང་ངོ་ཞེས། །བདག་གིས་དེ་ལས་ཚིག་ཐོས་ནས། །སེམས་མགུ་བ་དང་ཡིད་བདེ་བས། །དེ་ཡི་ཚེ་ན་དད་པ་བྱས། །སེམས་རབ་དང་བ་དེ་དང་ནི། །བུ་རམ་སྦྱིན་པར་བཏང་བ་དེས། །བསོད་ནམས་བྱས་པས་མཛེས་པ་ཡི། །ལྷ་དང་མི་ནི་རྣམས་སུ་གྱུར། །བདག་གི་སྐྱེ་བ་ཐ་མ་ནི། །མིའི་སྲིད་ཐོབ་པ་འདི་ཡིན་ཏེ། །རྫོགས་སངས་བླ་ན་མེད་པ་ཡི། །དེད་དཔོན་འདི་ནི་མཉེས་པར་བྱས། །ཤཱཀྱ་སེང་གེའི་བསྟན་པ་ལ། །བདག་གིས་རབ་འབྱུང་ཐོབ་ནས་ནི། །མྱ་ངན་འདས་པ་བསིལ་གྱུར་པའི། །དགྲ་བཅོམ་པ་ཡང་བདག་གིས་ཐོབ། །ད་དུང་དུ་ཡང་བཙུན་པ་དག །བདག་གི་ཆོས་གོས་བསོད་སྙོམས་དང་། །ཡོ་བྱད་དང་ནི་གནས་མལ་གྱི། །རྙེད་པ་མང་པོ་སྐྱེ་བར་གྱུར། །བདག་ནི་ཆོས་གོས་འདྲུབ་པ་ན། །བུ་རམ་བཏུང་བ་བླུད་པའི་ཕྱིར། །བདག་ལ་བུ་རམ་སྣོད་བཞི་ཞིག །དགོས་སོ་སྙམ་དུ་བསམས་པ་དང་། །རྒྱལ་པོ་གཟུགས་ཅན་སྙིང་པོ་ལ། །དེ་ནས་ལྷ་ཡིས་སྨྲས་པ་ནི། །རི་དགས་འཛིན་བུ་ནག་པོ་ལ། །བུ་རམ་བཏུང་བ་བྱིན་ཅིག་དང་། །མི་ཡི་དབང་པོ་ཁྱོད་ཀྱིས་ནི། །བུ་རམ་བཏུང་བ་དོན་ཆེན་འགྱུར། །འཚོ་བྱེད་ཨ་མྲའི་ཚལ་དུ་ནི། །རི་དགས་བུ་ལ་བུ་རམ་སྐྱོལ། །རྒྱལ་པོའ་མཆོག་ནི་མཐུ་ཆེན་པོ། །གཟུགས་ཅན་སྙིང་པོས་བདག་ལ་ནི། །སྣོད་ཆེན་བུ་རམ་གྱིས་བཀང་བ། །བཞི་པོ་དག་ནི་བསྐུར་བར་གྱུར། །དེ་ནས་དེས་ནི་བུ་རམ་དག །རོ་དང་ལྡན་པ་ཁྱེར་འོངས་ནས། །སྟོང་ནི་ཉིས་བརྒྱ་ལྔ་བཅུ་ཡི། །དགེ་སློང་དགེ་འདུན་ཚིམ་པར་བྱས། །རི་དགས་འཛིན་བུ་དགྲ་བཅོམ་པ། །མངོན་ཤེས་དྲུག་ལྡན་མཐུ་ཆེན་པོ། །མ་དྲོས་པ་ཡི་མཚོ་ཆེན་དུ། །རང་གི་ལས་


DKG002_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ལུང་བསྟན་ཏོ། །རི་དགས་འཛིན་གྱི་བུ་ནག་པོའ་ལེའུ་སྟེ་ཉི་ཤུ་རྩ་བཞི་པའོ།། །།དེ་ནས་དགེ་སློང་གནས་བརྟན་གནས་བརྟན་རྣམས་ཀྱིས་ཚེ་དང་ལྡན་པ་སྒྲ་ཅན་ཟིན་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་སྒྲ་ཅན་ཟིན་ཚེ་དང་ལྡན་པ་རི་དགས་འཛིན་གྱི་བུ་ནག་པོས་རང་གི་ལས་ཀྱི་རྒྱུ་བ་ལུང་བསྟན་ཟིན་གྱིས། ཚེ་དང་ལྡན་པ་སྒྲ་ཅན་ཟིན་གྱིས་ཀྱང་ད་རང་གི་ལས་ཀྱི་རྒྱུ་བ་ལུང་སྟོན་ཅིག །དེ་ནས་ཚེ་དང་ལྡན་པ་སྒྲ་ཅན་ཟིན་གྱིས་དེའི་ཚེ་རང་གི་ལས་ཀྱི་རྒྱུ་བ་ལུང་སྟོན་པར་བྱེད་དེ། བདག་སྔོན་ལུས་འཕགས་མི་ཐི་ལའི། །བདག་པོ་རྒྱལ་པོར་གྱུར་པ་ན། །དགོས་པ་ཞིག་གི་ཕྱིར་འདུག་ནས། །སྐྱེ་བོ་རྗེས་སུ་བསྟན་པ་ན། །དེ་ནས་དྲང་སྲོང་དཀའ་ཐུབ་ཆེ། །གཟི་བརྗིད་མཆོག་འཇིགས་འོངས་གྱུར་ཏེ། །དེ་ནི་ཉེ་བར་འོངས་ནས་ཀྱང་། །བདག་ལ་འདི་སྐད་ཚིག་སྨྲས་སོ། །ས་བདག་བདག་ནི་རྐུན་མ་སྟེ། །བདག་གིས་མ་བྱིན་ཆབ་འཚལ་གྱིས། །རྐུན་པོའ་ཆད་པ་ཇི་ལྟ་བར། །ཁྱོད་ཀྱིས་དེ་བཞིན་བཅད་དུ་གསོལ། །དྲང་སྲོང་ཆོས་ཀྱི་ཡོན་ཏན་དགའ། །དེ་ལ་བདག་གིས་དེར་སྨྲས་པ། །ཁྱོད་ལ་ཆུ་ནི་གནང་བར་བྱས། །ཁྱོད་ནི་སོང་ལ་ཅི་བདེར་སྤྱོད། །རྒྱལ་པོ་བདག་གི་འགྱོད་པ་ནི། །དེ་ལྟས་བསལ་བའི་རྔོ་མི་ཐོག །བདག་ལ་ཆད་པས་གཅོད་མཛོད་དང་། །འགྱོད་བ་དག་དང་འབྲལ་བར་འགྱུར། །བདག་གིས་དེ་ནི་སྐྱེད་མོས་ཚལ། །གཞིར་ནི་ཞག་དྲུག་སྤང་བ་བྱས། །དེ་ནི་ཞག་དྲུག་ལོན་ནས་ཕྱིར། །རང་གི་བསྟི་གནས་གནས་སུ་སོང་། །ཞེ་སྡང་མེད་པའི་སེམས་ཀྱིས་ནི། །སྡིག་པ་བདག་གིས་བྱས་པས་ཀྱང་། །རབ་ཏུ་ཚ་དང་ཐིག་ནག་ཏུ། །ལོ་ནི་དྲུག་བཅུ་རྣམས་སུ་བཙོས། །དེ་ནས་ལས་ཀྱི་ལྷག་མས་ནི། །བདག་གི་ལུས་ནི་ཐ་མ་ལ། །མ་ཡི་མངལ་དུ་ལོ་དྲུག་ནི། །ཚང་བར་ཡང་ནི་འདུག་པར་གྱུར། །བདག་ནི་ཞེ་སྡང་མེད་བཞིན་དུ། །ལུས་དང་ངག་གི་ལས་བྱས་པ། །ལས་རྣམས་ཆུད་མི་ཟ་བས་ན། །དེ་ཡི་འབྲས་བུ་ཉམས་སུ་མྱོང་། །དེ་ལྟར་གནས་བརྟན་སྒྲ་ཅན་ཟིན། །དགེ་སློང་དགེ་འདུན་མདུན་འདུག་ནས། །མ་དྲོས་བ་ཡི་མཚོ་ཆེན་དུ། །རང་གི་ལས་ནི་ལུང་བསྟན་ཏོ། །སྒྲ་ཅན་ཟིན་གྱི་ལེའུ་སྟེ་ཉི་ཤུ་རྩ་ལྔ་པའོ།། །།དེ་ནས་དགེ་སློང་གནས་བརྟན་གནས་བརྟན་རྣམས་ཀྱིས་ཚེ་དང་ལྡན་པ་དགའ་བོ་ལ་འདི་སྐད་ཅེས་སྨྲས་


DKG002_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །ཚེ་དང་ལྡན་པ་དགའ་བོ་ཚེ་དང་ལྡན་པ་སྒྲ་ཅན་ཟིན་གྱིས་རང་གི་ལས་ཀྱི་རྒྱུ་བ་ལུང་བསྟན་ཟིན་གྱིས། ཚེ་དང་ལྡན་པ་དགའ་བོས་ཀྱང་ད་རང་གི་ལས་ཀྱི་རྒྱུ་བ་ལུང་སྟོན་ཅིག །དེ་ནས་ཚེ་དང་ལྡན་པ་དགའ་བོས་ཀྱང་དེའི་ཚེ་རང་གི་ལས་ཀྱི་རྒྱུ་བ་ལུང་སྟོན་པར་བྱེད་དེ། རྣམ་པར་གཟིགས་ཀྱི་གསུང་རབ་ལ། །བདག་གིས་ལན་གཅིག་ཁྲུས་བྱས་ཏེ། །དགེ་སློང་དགེ་འདུན་ཁྲུས་བྱས་ནས། །དེ་ཚེ་སྨོན་ལམ་བཏབ་པ་ནི། །གནས་བརྟན་འདི་ལྟ་བུ་དག་དང་། །བདག་ནི་ལྷན་ཅིག་འགྲོགས་པར་ཤོག །དག་ཅིང་དྲི་མ་མེད་པ་དང་། །ཉོན་མོངས་མེད་ཅིང་ཟག་བྲལ་ཤོག །ཁ་དོག་བཟང་པོ་དག་དང་ནི། །གཟུགས་བཟང་གྱུར་ཅེས་སྨོན་ལམ་བཏབ། །དེ་ནས་འཆི་འཕོའ་དུས་བྱས་ནས། །ལྷ་རྣམས་སུ་ནི་སྐྱེས་པར་གྱུར། །བདག་ནི་གསེར་གྱི་མདོག་འདྲ་བའི། །མི་དང་ལྷ་ནི་རྣམས་སུ་གྱུར། །གང་དང་གང་དུ་སྐྱེས་པར་ནི། །ལོངས་སྤྱོད་ཆེན་པོས་ཤིན་ཏུ་གནས། །རང་སངས་རྒྱས་ཀྱི་མཆོད་རྟེན་ནི། །ཤིན་ཏུ་དཀར་པོ་བདག་གིས་བརྩིགས། །དེ་ནས་བྱུག་པས་ཐམས་ཅད་ནི། །སེར་པོར་གྱུར་པ་དེ་ལྟར་བྱུགས། །དེ་ནས་མཚན་རྣམས་འདོད་པའི་ཕྱིར། །གསེར་གྱི་མདོག་ཏུ་འགྱུར་བ་དང་། །གཟུགས་བཟང་དབྱིབས་ནི་ལེགས་འགྱུར་བར། །སྨོན་ལམ་དུ་ནི་གདབ་པ་བྱས། །དགེ་བའི་ལས་ནི་དེ་བྱས་པས། །གྲོང་ཁྱེར་བཱ་རཱ་ཎ་སཱིར་ནི། །ཀ་ཤིའི་རྒྱལ་པོ་ཀྲི་ཀི་ཡི། །བུ་ཕོ་འབྲིང་པོར་བདག་སྐྱེས་སོ། །འོད་སྲུང་མཆོད་རྟེན་མཐོང་ནས་ནི། །དེ་ནས་དད་པའི་སེམས་བསྐྱེད་དེ། །མཆོད་རྟེན་དེ་ལ་བདག་གིས་ནི། །གདུགས་འབྲིང་ཞིག་ནི་གདགས་པ་བྱས། །ཁྲུས་དེ་དང་ནི་བསྲོ་གང་དང་། །ཡུང་གི་བྱུག་པས་བྱུགས་པ་དང་། །གདུགས་ནི་གདགས་པ་བྱས་པ་ཡིས། །བདེ་བ་མང་པོ་ཉམས་སུ་མྱོང་། །དེ་ནས་ལས་ཀྱི་ལྷག་མས་ནི། །བདག་གི་ཡང་སྲིད་ཐ་མ་འདིར། །ཤཱཀྱའི་རྒྱལ་པོའ་རིགས་སྐྱེས་ནས། །སངས་རྒྱས་སྐྱོབ་པའི་མཆེད་དུ་གྱུར། །བདག་གི་ལུས་ནི་འདི་ལ་ཡང་། །སྐྱེས་བུ་ཆེན་པོའ་མཚན་ཡོད་པ། །སུམ་བཅུ་ལྷག་པ་མ་ཡིན་པའི། །སུམ་བཅུ་དམན་པ་མ་ཡིན་པའོ། །ཤཱཀྱ་སེང་གེའི་བསྟན་པ་ལ། །བདག་གིས་རབ་འབྱུང་ཐོབ་ནས་ནི། །མྱ་ངན་འདས་པ་བསིལ་གྱུར་པའི། །དགྲ་བཅོམ་


DKG002_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡང་བདག་གིས་ཐོབ། །ཐམས་ཅད་གཟིགས་པས་མཛེས་པ་ཡི། །རྣམས་ཀྱི་མཆོག་ཏུ་བདག་བསྟན་ཏོ། །ཉེས་བསལ་ཟག་པ་ཟད་ནས་ནི། །གོ་འཕང་དམ་པ་ཐོབ་པར་གྱུར། །དེ་ལྟར་གནས་བརྟན་དགའ་བོས་ནི། །དགེ་སློང་དགེ་འདུན་མདུན་འདུག་ནས། །མ་དྲོས་པ་ཡི་མཚོ་ཆེན་དུ། །རང་གི་ལས་ནི་ལུང་བསྟན་ཏོ། །དགའ་བོའ་ལེའུ་སྟེ་ཉི་ཤུ་རྩ་དྲུག་པའོ།། །།དེ་ནས་དགེ་སློང་གནས་བརྟན་གནས་བརྟན་རྣམས་ཀྱིས་ཚེ་དང་ལྡན་པ་གྱད་བུ་ནོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་གྱད་བུ་ནོར་ཚེ་དང་ལྡན་པ་དགའ་བོས་རང་གི་ལས་ཀྱི་རྒྱུ་བ་ལུང་བསྟན་ཟིན་གྱིས། ཚེ་དང་ལྡན་པ་གྱད་བུ་ནོར་གྱིས་ཀྱང་ད་རང་གི་ལས་ཀྱི་རྒྱུ་བ་ལུང་སྟོན་ཅིག །དེ་ནས་ཚེ་དང་ལྡན་པ་གྱད་བུ་ནོར་གྱིས་དེའི་ཚེ་རང་གི་ལས་ཀྱི་རྒྱུ་བ་ལུང་སྟོན་པར་བྱེད་དེ། འདི་ནི་བདག་སྔོན་ཚོང་པ་ནི། །ཉ་པ་ཞེས་ནི་བྱ་བར་གྱུར། །ཚོང་པའི་ལམ་དུ་ཞུགས་པ་ན། །དབང་དུ་གྱུར་ཅིང་ཟག་མེད་པ། །ཉོན་མོངས་མེད་པའི་རང་སངས་རྒྱས། །དྲང་སྲོང་ཞིག་ནི་འགྲོན་པར་འོངས། །དེ་ཡི་བར་དུ་བདག་གིས་ནི། །རྟག་པར་ཟས་ལ་མགྲོན་དུ་བོས། །གང་དུ་བྲང་ནི་འདེབས་འགྱུར་བ། །དེར་ནི་གདིང་བ་དག་ཀྱང་བཤམས། །རྐང་པའི་ཆུ་དང་ཏིལ་མར་དང་། །དེ་ཡི་མར་མེ་དག་ཀྱང་བཤམས། །ཇི་སྲིད་ལམ་ཡོད་དེ་སྲིད་དུ། །བདག་གིས་དེ་ལ་བཀུར་སྟི་བྱས། །ཚོང་པ་རྣམས་ཀྱིས་རིམ་བཞིན་དུ། །རྒྱ་མཚོའ་འགྲམ་དུ་ཕྱིན་པ་དང་། །དགེ་སློང་གྲུ་དྲུང་ཉེར་འོངས་ནས། །བདག་གིས་དེ་ལ་སྨྲས་པ་ནི། །བཙུན་པ་རྒྱ་མཚོ་འདི་ལ་ནི། །ནོར་གྱི་སླད་དུ་བཞུད་དམ་ཅི། །བཙུན་པ་བདག་ཅག་ཕོངས་པས་ན། །འདོད་པ་དག་གི་ཕྱིར་ཡང་ནི། །རྒྱ་མཚོ་ཆེན་པོའ་ཆུ་ཚོགས་ལ། །ཉེན་ཅན་དུ་ནི་འཇུག་པར་བྱེད། །བདག་ལ་དགེ་སློང་དེས་སྨྲས་པ། །བདག་ནི་མྱ་ངན་འདས་པ་ཡིན། །ཁྱེད་ཅག་གཉེན་ཀུན་ལྷན་ཅིག་ཏུ། །ནོར་ཆེར་བསོད་ནམས་ཆེ་བདེར་གྱུར། །དེ་ཚེ་དེ་ལ་བདག་གིས་ནི། །རབ་དགས་ཆོས་གོས་བཟང་པོ་ཕུལ། །མགོ་བོས་ཕྱག་ནི་བྱས་ནས་ཡང་། །དེ་ལ་བསྐོར་བ་དག་བྱས་སོ། །དེ་ནས་བདག་ལ་ཐུགས་བརྩེའི་ཕྱིར། །དེས་ནི་ཆོས་གོས་བླངས་ནས་ནི། །དེ་དག་ཐམས་ཅད་ལྟ་བཞིན་དུ། །དེ་ཡི་འོག་ཏུ་མཁའ་ལ་འཕགས། །ཆོ་འཕྲུལ་བྱེད་པ་དེ་མཐོང་


DKG002_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །དེ་ཚེ་བདག་ནི་སྐྱོ་གྱུར་ནས། །བདག་གིས་ཐལ་མོ་སྦྱར་བྱས་ཏེ། །དེ་ནས་སྨོན་ལམ་བཏབ་པ་ནི། །གནས་བརྟན་འདི་ལྟ་བུ་དག་དང་། །བདག་ནི་ལྷན་ཅིག་འགྲོགས་པར་ཤོག །འདི་ཡིས་ཆོས་ནི་གང་དག་ཐོབ། །དེ་དག་བདག་གིས་ཐོབ་པར་ཤོག །རྫོགས་སངས་རྒྱས་ནི་མཉེས་བྱེད་ཅིང་། །རབ་ཏུ་འབྱུང་བ་ཐོབ་པ་དང་། །དགེ་འདུན་ལ་ཡང་རྫུ་འཕྲུལ་གྱིས། །རྣམ་འཕྲུལ་བཀུར་སྟི་བྱེད་པར་ཤོག །དགེ་བའི་རྩ་བ་དེ་ཡིས་ནི། །ལྷ་ཡི་འཇིག་རྟེན་རབ་ཏུ་དགའ། །མི་ཡི་འཐོབ་པ་ཐོབ་ནས་ཀྱང་། །བདེ་བ་མང་པོ་ཉམས་སུ་མྱོངས། །སྐྱེ་བ་དེ་དང་དེ་དག་ཏུ། །བདག་ནི་ནོར་ཆེན་ཕྱུག་པ་དང་། །བསོད་ནམས་བྱས་པས་མཛེས་པ་ཡི། །ལྷ་དང་མི་ནི་རྣམས་སུ་གྱུར། །བསྐལ་པ་ཐ་མ་འདི་ལ་ནི། །སྲིད་པ་ཐ་མ་འདི་ལ་ཡང་། །ཀུ་ཤི་ཞེས་བྱའི་གྱད་རྣམས་ཀྱི། །གྱད་ཀྱི་བུར་ནི་བདག་སྐྱེས་ཏེ། །བལྟ་ན་སྡུག་ཅིང་མཛེས་པ་དང་། །གཟུགས་བཟང་སྤྱོད་པ་མཛེས་པ་དང་། །ཐམས་ཅད་ལ་སྡུག་ཡིད་འོང་ཞིང་། །ཕུན་སུམ་ཚོགས་པ་མཐར་ཕྱིན་ནོ། །སངས་རྒྱས་ཤཱཀྱ་སེང་གེ་ནི། །བླ་ན་མེད་པ་མཉེས་པར་བྱས། །མཐོང་ནས་བདག་སེམས་དད་བྱས་ཏེ། །ཁྱིམ་མེད་པར་ནི་རབ་ཏུ་བྱུང་། །མ་ག་དྷཱ་ཡི་རི་བརྒྱུད་ནས། །འོད་མའི་ཚལ་དུ་གནས་བྱས་ན། །དགེ་སློང་དགེ་འདུན་མཐོ་འཚམ་པའི། །ཉན་ཐོས་དག་ཅིག་དེར་ལྷགས་ཏེ། །གནས་མལ་དག་ནི་བསྐོས་ན་ཡང་། །དགེ་སློང་རྣམས་ལ་སྤྱོ་བྱེད་དེ། །རྣམ་པར་འཚེ་ཞིང་སྨོད་པ་དང་། །ཡང་དང་ཡང་དུ་གཤེ་བར་བྱེད། །ཚངས་མཚུངས་སྤྱོད་པ་རྣམས་མཐོང་ནས། །བདག་ནི་སྙིང་རྗེ་བར་གྱུར་ཏེ། །བདག་ནི་ཟག་པ་ཟད་གྱུར་ཀྱང་། །ཉིད་ཀྱིས་དགེ་སློང་བསྙེན་བཀུར་བྱ། །བདག་གིས་བརྩོན་འགྲུས་བརྩམས་ནས་ནི། །བསྟན་པ་འདི་ལ་བརྩོན་བྱས་པས། །དགྲ་བཅོམ་བདག་གིས་ཐོབ་ནས་ནི། །མངོན་ཤེས་དྲུག་ལ་དབང་བྱས་སོ། །སྟོན་པའི་སྤྱན་སྔར་སོང་ནས་ནི། །ཐུབ་ལ་མགོ་བོས་ཕྱག་བྱས་ཏེ། །ཐལ་མོ་སྤྱི་བོར་སྦྱར་ནས་སུ། །སྐྱེས་བུ་དམ་པ་ལ་གསོལ་པ། །འདོད་ཆགས་གཏི་མུག་གིས་མ་ལགས། །བྱམས་སེམས་གུས་དང་བཅས་པ་ཡིས། །ཐུབ་པ་བདག་ནི་དགེ་སློང་གི རིམ་གྲོ་བགྱིད་པར་གནང་བར་མཛོད། །ཕ་


DKG002_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་སེམས་ལ་མཁས་པ་ཡི། །སྟོན་པས་བདག་གསོལ་མཁྱེན་ནས་ནི། །ཉིད་ཀྱིས་དགེ་སློང་དགེ་འདུན་མདུན། །གཉུག་མའི་རིམ་གྲོ་བྱེད་དུ་བཅུག །བྱམས་པའི་ལུས་ཀྱི་ལས་དང་ནི། །དེ་བཞིན་ངག་དང་ཡིད་ཀྱིས་ཀྱང་། །བདག་གིས་རྟག་ཏུ་སེམས་སྨད་ནས། །དགེ་སློང་དགེ་འདུན་རིམ་གྲོ་བྱས། །སྤྱོད་པ་ལ་ནི་ཞུགས་པ་དང་། །ལམ་ནས་འོངས་པའི་དགེ་སློང་དག །བདག་གིས་མཐོང་ནས་དགའ་བ་དང་། །སོ་སོར་ཡིད་ནི་བདེ་གྱུར་ནས། །ཏིལ་མར་རབ་འབར་ལྟ་བུ་ཡི། །བདག་གི་སོར་ལྔའི་སྒྲོན་མ་ཡི། །རྫུ་འཕྲུལ་རྣམ་པར་བསྟན་བྱས་ནས། །གནས་མལ་དག་ནི་འཆའ་བར་བྱེད། །དགེ་སློང་གང་དག་བདག་གི་ནི། །ཆོ་འཕྲུལ་འདི་ནི་ལྟ་འདོད་ན། །ནམ་ནི་སྲོས་པར་གྱུར་པ་དང་། །མུན་ཁུང་བདག་དྲུང་ལྷགས་ནས་ནི། །དེ་རྣམས་ལ་ནི་ཅི་རིགས་པར། །བྱམས་སེམས་གུས་དང་བཅས་པ་ཡིས། །གནས་མལ་དག་ནི་འཆའ་བྱེད་ཅིང་། །སྐྱེ་བོ་མང་པོ་སྐྱོ་བ་སྐྱེད། །བདག་གིས་བསམས་པ་གང་ཡིན་དང་། །བདག་གིས་སྨོན་ལམ་གང་བཏབ་པ། །བདག་གིས་བཟང་པོ་དེ་གྲུབ་ཅིང་། །གོ་འཕང་མི་གཡོ་བདག་གིས་ཐོབ། །དེ་ལྟ་བུར་ནི་གྱད་བུ་ནོར། །ཟག་པ་མེད་ཅིང་དབང་གྱུར་པས། །མ་དྲོས་པ་ཡི་མཚོ་ཆེན་དུ། །རང་གི་ལས་ནི་ལུང་བསྟན་ཏོ། །གྱད་བུ་ནོར་གྱི་ལེའུ་སྟེ་ཉི་ཤུ་བདུན་པའོ།། །།དེ་ནས་དགེ་སློང་གནས་བརྟན་གནས་བརྟན་རྣམས་ཀྱིས་ཚེ་དང་ལྡན་པ་ཉེ་སྡེ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཉེ་སྡེ་ཚེ་དང་ལྡན་པ་གྱད་བུ་ནོར་གྱིས་རང་གི་ལས་ཀྱི་རྒྱུ་བ་ལུང་བསྟན་ཟིན་གྱིས། །ཚེ་དང་ལྡན་པ་ཉེ་སྡེས་ཀྱང་ད་རང་གི་ལས་ཀྱི་རྒྱུ་བ་ལུང་སྟོན་ཅིག །དེ་ནས་ཚེ་དང་ལྡན་པ་ཉེ་སྡེས་དེའི་ཚེ་རང་གི་ལས་ཀྱི་རྒྱུ་བ་ལུང་སྟོན་པར་བྱེད་དེ། །འདས་པ་དག་གི་དུས་ན་བདག །རྔོན་པ་དག་ཏུ་གྱུར་པ་ན། །ནགས་ཆེན་ཉམས་དགའ་བྱུལ་བ་དང་། །རི་དགས་རྣམ་པ་སྣ་ཚོགས་མཐོང་། །དུག་གིས་བསྐུས་པའི་མདའ་རྣམས་དང་། །གཞུ་ཡི་ཚོགས་དག་བླངས་ནས་ནི། །རི་དགས་མང་པོའ་རི་ཡི་རྫོང་། །དེ་ཡང་དེར་ནི་བདག་གིས་བརྒྱུས། །བདག་གིས་རི་དགས་རྣམས་མཐོང་ན། །གདུག་པའི་སེམས་ནི་ཉེར་བཞག་ནས། །


DKG002_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

དུག་གིས་བསྐུས་པའི་མདའ་རྣམས་ཀྱིས། །རི་དགས་མང་པོ་རབ་ཏུ་བསྣུན། །བདག་གི་ལག་ན་གཞུ་དང་ནི། །དུག་གིས་བསྐུས་པའི་མདའ་སྲེལ་བཞིན། །རང་སངས་རྒྱས་ཤིག་ལྗོན་ཤིང་གི །དྲུང་ན་བཞུགས་བ་མཐོང་བར་གྱུར། །བདག་གིས་དགེ་སྦྱོང་དེ་མཐོང་ནས། །དེ་ཚེ་ཡིད་ནི་མི་བདེར་གྱུར། །དེ་ནས་ཐུབ་པ་གནོད་མེད་པའི། །ལུས་ལ་མདས་ནི་བསྣུན་པར་གྱུར། །དེ་ཡི་འོག་ཏུ་དགེ་སློང་དེ། །མདའ་ཡི་ཟུག་རྔུའི་སྡུག་བསྔལ་ལྡན། །ཤིང་དེ་ཉིད་ཀྱི་དྲུང་དུ་ནི། །ལེན་པ་མེད་པར་མྱ་ངན་འདས། །རྩུབ་པའི་ལས་དེ་བྱས་པས་ན། །སེམས་ཅན་དམྱལ་བར་སྐྱེས་ནས་ནི། །དེ་ལ་ལོ་ནི་སྟོང་ཕྲག་ཏུ། །བདག་གིས་སྡུག་བསྔལ་ཚོར་བ་མྱོང་། །དེ་ནས་དམྱལ་ལས་ཤི་འཕོས་ནས། །དུད་འགྲོའི་སྐྱེ་གནས་སོང་ནས་ནི། །རི་ཡི་རྫོང་ནི་དེ་ཉིད་དུ། །བདག་ནི་རི་དགས་རྣམས་སུ་སྐྱེས། །རྟག་ཏུ་འཇིགས་ཤིང་བག་ཚ་ཞིང་། །བཀྲེས་ཤིང་སྐོམ་པས་ཉེན་པས་ན། །རིད་ཅིང་ཤིན་ཏུ་སྡུག་བསྔལ་བས། །བདག་ནི་དེ་དང་དེར་རྒྱུའོ། །རྫོང་དེར་རྔོན་པ་གདུག་པ་ནི། །ཤིན་ཏུ་མི་བཟད་པ་རྣམས་ཀྱིས། །དུག་གིས་བསྐུས་པའི་མདའ་རྣོན་གྱིས། །བདག་གི་ལུས་ལ་བསྣུན་པར་གྱུར། །བདག་འགྱེལ་དེ་དག་གིས་མཐོང་ནས། །བདག་ནི་གསོན་ཞིང་འགུལ་བཞིན་དུ། །མཚོན་གྱིས་ཡན་ལག་རྣམས་ཀྱི་ཤ། །བཅད་ནས་དེ་རྣམས་ཁྱེར་ཞིང་འདོང་། །བདག་ནི་ས་ཕྱོགས་དེ་ཉིད་དུ། །ཤ་ཡི་ཆེད་དུ་བསད་བྱས་ཏེ། །དེ་ལྟར་ཚེ་རབས་ལྔ་བརྒྱར་ནི། །སྡུག་བསྔལ་མང་པོ་བསྒྲུབས་པ་ཡིན། །རི་བོ་དེ་ཉིད་ངོས་ན་ནི། །དཀའ་ཐུབ་ལྡན་ལ་མཐུ་ཆེ་ཞིང་། །རྫུ་འཕྲུལ་ཆེ་གཟི་མི་བཟད་པའི། །དྲང་སྲོང་རབ་ཏུ་མང་པོ་མཐོང་། །བདག་གིས་དྲང་སྲོང་དེ་མཐོང་ནས། །དེ་ནས་བྱམས་པའི་སེམས་བསྒོམས་ཏེ། །བློ་བཟང་བྱམས་དང་ལྡན་པ་ལ། །ཡང་དང་ཡང་དུ་བལྟ་བྱས་སོ། །དཀའ་ཐུབ་ལྡན་པ་དེ་རྣམས་ལ། །བདག་གིས་གུས་བཅས་སེམས་དད་བྱས། །དགེ་བའི་རྩ་བ་དེ་ཡིས་ནི། །བདག་གིས་མི་ཡི་སྲིད་པ་ཐོབ། །ཟས་དོན་གཉེར་བའི་སློང་བ་ནི། །རང་སངས་རྒྱས་ཤིག་མཐོང་ནས་ནི། །གུས་པ་ཡིས་ནི་རྟག་པར་དེ། །


DKG002_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གིས་ཟས་ལ་སྤྱན་དྲངས་སོ། །བཙུན་པ་དེ་ཚིམ་བྱས་ནས་སུ། །དེ་ཚེ་སྨོན་ལམ་བཏབ་པ་ནི། །དྲང་སྲོང་འདི་ལྟ་བུ་དག་དང་། །བདག་ནི་ལྷན་ཅིག་འགྲོགས་པར་ཤོག །རྫོགས་སངས་རྒྱས་ནི་མཉེས་བྱེད་ཅིང་། །བདག་གིས་རབ་འབྱུང་ཐོབ་ནས་ནི། །འཇིགས་ཤིང་སྐྲག་པ་མེད་པ་ཡི། །ཟག་པ་མེད་ལ་གནས་པར་ཤོག །དགེ་བའི་ལས་དེ་བྱས་པས་ན། །ལྷ་ཡི་འཇིག་རྟེན་རབ་ཏུ་དགའ། །མི་ཉིད་རྙེད་པ་ཐོབ་ནས་ཀྱང་། །ཕྱུག་ཅིང་ནོར་ནི་མང་བར་གྱུར། །རྫོགས་སངས་གང་ཟག་ཟླ་མེད་པ། །སྟོན་པ་བདག་གིས་མཉེས་པར་བྱས། །བདག་གིས་ཤཱཀྱ་ཐུབ་མཐོང་ནས། །ཁྱིམ་མེད་པར་ནི་རབ་ཏུ་བྱུང་། །དད་པས་རབ་ཏུ་བྱུང་ནས་ཀྱང་། །བསྟན་ལ་དགའ་བས་གནས་བྱས་བས། །བདག་གིས་དགྲ་བཅོམ་ཐོབ་ནས་ནི། །མངོན་ཤེས་དྲུག་ལ་དབང་བྱས་སོ། །ད་དུང་དུ་ཡང་བཙུན་པ་དག །བདག་ནི་ཐམས་ཅད་དབང་གྱུར་ནའང་། །ཕུག་གི་ནང་དུ་ཞུགས་ནས་སུ། །འཆི་བ་ཉེ་བར་གྱུར་པ་ན། །སྦྲུལ་གདུག་ཤིན་ཏུ་མི་བཟད་པ། །བདག་གི་ལུས་ལ་འབབ་པར་གྱུར། །བཙུན་པ་བདག་གིས་ཉེས་སྤྱད་པ། །གང་བགྱིས་དྲན་པ་འདི་ལགས་ཏེ། །ལས་ནི་ཆུད་མི་ཟ་བས་ན། །དེ་ཡི་འབྲས་བུ་ཉམས་སུ་མྱོང་། །དེ་ལྟར་གནས་བརྟན་ཉེ་སྡེ་ཡིས། །དགེ་སློང་དགེ་འདུན་མདུན་འདུག་ནས། །མ་དྲོས་པ་ཡི་མཚོ་ཆེན་དུ། །རང་གི་ལས་ནི་ལུང་བསྟན་ཏོ། །ཉེ་སྡེའི་ལེའུ་སྟེ་ཉི་ཤུ་བརྒྱད་པའོ།། །།དེ་ནས་དགེ་སློང་གནས་བརྟན་གནས་བརྟན་རྣམས་ཀྱིས་ཚེ་དང་ལྡན་པ་བཟང་ལྡན་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་བཟང་ལྡན་ཚེ་དང་ལྡན་པ་ཉེ་སྡེས་རང་གི་ལས་ཀྱི་རྒྱུ་བ་ལུང་བསྟན་ཟིན་གྱིས། ཚེ་དང་ལྡན་པ་བཟང་ལྡན་གྱིས་ཀྱང་ད་རང་གི་ལས་ཀྱི་རྒྱུ་བ་ལུང་སྟོན་ཅིག །དེ་ནས་ཚེ་དང་ལྡན་པ་ཤཱཀྱའི་རྒྱལ་པོ་བཟང་ལྡན་གྱིས་དེའི་ཚེ་རང་གི་ལས་ཀྱི་རྒྱུ་བ་ལུང་སྟོན་པར་བྱེད་དེ། དགོན་པ་ཤིན་ཏུ་འཇིགས་ཆེན་གྱི། །མུ་གེ་དག་ནི་བྱུང་བ་ན། །རང་གི་ཟས་ནི་དོན་གཉེར་བ། །སློང་བ་པོ་ནི་ལྔ་བརྒྱ་ཡི། །དེ་རྣམས་ཀུན་གྱི་དཔོན་གྱུར་ཅིང་། །དེ་དག་ཀུན་གྱིས་གཙོར་བཀུར་ཏེ། །དེ་རྣམས་ཀུན་གྱིས་བསླངས་པ་ཡི། །ཟས་ནི་བདག་ལ་འབུལ་བར་བྱེད། །


DKG002_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་བཟང་ངམ་ངན་པའང་རུང་། །ཐོབ་པ་བདག་ལ་འགེད་པར་བྱེད། །བདག་གི་ཚིག་གིས་གནས་པས་ན། །དེ་དག་བདག་ལ་བརྙས་མི་བྱེད། །མི་ཞིག་སྣུམ་ཁུར་ཞིག་ཁྱེར་ནས། །ཚོང་འདུས་ནང་ནས་འགྲོ་བ་ལས། །བདག་གིས་དེ་ལས་མཐུས་ཕྲོགས་ཏེ། །ཁྱེར་ནས་དེ་ནས་སོང་བ་དང་། །དེ་ནས་བདག་གིས་བརྒྱུགས་པ་དང་། །ཕྱི་བཞིན་དུ་ནི་སྙེགས་མ་བྱུང་། །སྨྱགས་བཅད་བྲོས་པར་གྱུར་པ་ན། །དེ་དག་གིས་ནི་གཟུང་མ་ནུས། །འབབ་ཆུའི་ཕ་རོལ་རྒལ་ནས་ནི། །བདག་ནི་ཕྱོགས་གཅིག་འདུག་ནས་སུ། །འགའ་ཞིག་འོང་བར་འགྱུར་སྙམ་ནས། །མཐའ་དག་ཏུ་ནི་ལྟ་བར་བྱེད། །སྣུམ་ལ་གཡོས་ལེགས་བྱས་ཟིན་པའི། །སྣུམ་ཁུར་བདག་གིས་ཟོས་ན་ནི། །དེས་ན་བདག་ནི་ལྟོ་འགྲངས་པས། །ཉིན་ཞག་གཅིག་ནི་ཐུབ་འགྱུར་སྙམ། །དེ་ནས་སྐལ་ལྡན་རང་སངས་རྒྱས། །ཡང་སྲིད་སྐྱེ་བ་ཟད་གྱུར་པ། །རྫུ་འཕྲུལ་ཆེ་གཟི་མི་བཟད་པ། །དྲང་སྲོང་འཇིགས་པ་ཞིག་འོངས་སོ། །བདག་གི་སེམས་ལ་བསམས་པ་ནི། །སྡུག་བསྔལ་བཀྲེན་བར་གྱུར་པ་ནི། །སྔོན་ཆད་བསོད་ནམས་མ་བྱས་པས། །དེས་བདག་འདི་ལྟར་བཀྲེན་པར་གྱུར། །མ་ལ་བདག་གིས་དགེ་སྦྱོང་འདི། །སྣུམ་ཁུར་གཙང་མ་འདི་སྦྱིན་ཏེ། །བདག་ནི་ལྟོགས་པར་ཤི་བླ་ཡི། །འདི་ལྟ་བཀྲེན་པ་མི་རུང་ངོ་། །དེ་ལ་བདག་སེམས་དད་བྱས་ནས། །ཡིད་མགུ་བ་དང་རངས་པ་ཡིས། །དགེ་སློང་དམ་པ་མཆོད་འོས་པའི། །ཡོན་གནས་དེ་ལ་སྣུམ་ཁུར་ཕུལ། །སྐལ་ལྡན་གྱིས་ནི་དེ་བླངས་ནས། །བདག་ཉིད་ལ་ནི་སྙིང་བརྩེའི་ཕྱིར། །དེ་ཉིད་དུ་ནི་ལོངས་སྤྱད་ནས། །དེ་ནས་མཁའ་ལ་འཕགས་པར་གྱུར། །དེ་ནས་སྨོན་ལམ་བཏབ་པ་ནི། །བདག་ནི་བཀྲེན་པར་མི་འགྱུར་ཞིང་། །ཁ་དོག་བཟང་པོ་རྣམས་དང་ནི། །རིགས་བཙུན་པ་ཡང་དོན་དུ་གཉེར། །གནས་བརྟན་འདི་ལྟ་བུ་དག་དང་། །བདག་ནི་ལྷན་ཅིག་འགྲོགས་པར་ཤོག །ཁྱོད་ཉིད་ཀྱིས་ནི་གང་རྟོགས་པ། །དེ་འདྲའི་ཆོས་ཀྱང་ཤེས་པར་ཤོག །དགེ་བའི་ལས་དེ་བྱས་པས་ན། །བདེ་བ་མང་པོ་ཉམས་སུ་མྱོང་། །བསོད་ནམས་བྱས་པས་མཛེས་པ་ཡི། །ལྷ་དང་མི་ནི་རྣམས་སུ་གྱུར། །ལྷ་དང་མི་ཡི་རྒྱལ་སྲིད་ཀྱང་། །བདག་གིས་མང་པོ་ཉམས་སུ་མྱོང་། །


DKG002_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

ལས་དེ་ཡིས་ནི་ལན་འགའ་ཡང་། །བདག་ནི་ངན་འགྲོར་མ་སོང་ངོ་། །དེ་ནས་ལས་ཀྱི་ལྷག་མས་ནི། །བདག་གི་ཡང་སྲིད་ཐ་མ་འདིར། །ཤཱཀྱ་རྣམས་ཀྱི་གྲོང་མཆོག་ཏུ། །རིགས་བཙུན་པར་ནི་བདག་སྐྱེས་སོ། །བདག་གི་སྐྱེ་བ་ཐ་མ་ནི། །མིའི་སྲིད་ཐོབ་པ་འདི་ཡིན་ཏེ། །ཡང་དག་སངས་རྒྱས་བླ་མེད་པ། །ཤཱཀྱ་སེང་གེ་འདི་མཉེས་བྱས། །གང་ཚེ་སངས་རྒྱས་བཅོམ་ལྡན་འདས། །ཉེ་དུའི་གནས་སུ་གཤེགས་པ་ན། །དེ་ཚེ་བདག་ནི་ཉེ་དུ་ཡི། །མདུན་དུ་བདར་ནས་རབ་ཏུ་བྱུང་། །བདག་གི་སྨོན་པ་གང་ཡིན་པ། །དེ་ནི་བདག་གིས་ཡོངས་རྫོགས་ཏེ། །མྱ་ངན་འདས་པ་བསིལ་གྱུར་པའི། །དགྲ་བཅོམ་པ་ཡང་བདག་གིས་ཐོབ། །རྒྱལ་པོའ་རྒྱུད་ལས་རབ་བྱུང་བ། །སངས་རྒྱས་ཉེ་དུ་བཟང་ལྡན་གྱིས། །མ་དྲོས་པ་ཡི་མཚོ་ཆེན་དུ། །རང་གི་ལས་ནི་ལུང་བསྟན་ཏོ། །ཤཱཀྱའི་རྒྱལ་པོ་བཟང་ལྡན་གྱི་ལེའུ་སྟེ་ཉི་ཤུ་དགུ་པའོ།། །།དེ་ནས་དགེ་སློང་གནས་བརྟན་གནས་བརྟན་རྣམས་ཀྱིས་ཚེ་དང་ལྡན་པ་མཛེས་བཟང་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་མཛེས་བཟང་ཚེ་དང་ལྡན་པ་ཤཱཀྱའི་རྒྱལ་པོ་བཟང་ལྡན་གྱིས་རང་གི་ལས་ཀྱི་རྒྱུ་བ་ལུང་བསྟན་ཟིན་གྱིས། ཚེ་དང་ལྡན་པ་མཛེས་བཟང་གིས་ཀྱང་ད་རང་གི་ལས་ཀྱི་རྒྱུ་བ་ལུང་སྟོན་ཅིག །དེ་ནས་ཚེ་དང་ལྡན་པ་མཛེས་བཟང་གིས་དེའི་ཚེ་རང་གི་ལས་ཀྱི་རྒྱུ་བ་ལུང་སྟོན་པར་བྱེད་དེ། སྐྱོབ་པ་ལོག་པར་དད་སེལ་གྱི། །མཆོད་རྟེན་ཞིག་ནི་རྩིག་པ་ན། །དེ་ཚེ་བདག་ནི་མཁར་ལེན་པ། །གླ་མིར་གྱུར་ཏེ་དེ་ནས་ནི། །བདག་གིས་མཆོད་རྟེན་རྩིག་པ་ལ། །ཡང་དང་ཡང་དུ་དཔྱད་པ་ནི། །མཆོད་རྟེན་འདི་ནི་ཆེ་ཆེས་པས། །ནམ་ཞིག་ན་ནི་མཐར་ཕྱིན་འགྱུར། །མཆོད་རྟེན་འདི་ནི་འཕང་དམའ་ཞིང་། །ཆུང་ངུ་ཞིག་ཏུ་བྱས་གྱུར་ན། །འགོད་པ་ཆུང་ཞིང་ཉོན་མོངས་མེད། །མྱུར་དུ་མཐར་ཡང་ཕྱིན་པར་འགྱུར། །ལས་ཀྱི་རྣམ་སྨིན་དེ་དང་ནི། །ངག་གི་ཉེས་པར་སྤྱད་པ་དེས། །དེ་ནས་འཆི་འཕོའ་དུས་བྱས་ཏེ། །དམྱལ་བ་རྣམས་སུ་སྐྱེས་པར་གྱུར། །དམྱལ་བ་ནས་ནི་ཤི་འཕོས་བདག །གང་དང་གང་དུ་སྐྱེས་པར་ནི། །ཁ་དོག་ངན་ཅིང་བོང་ཆུང་ལ། །དག་ནི་ཡོངས་ཀྱིས་སྨད་པར་གྱུར། །འོད་སྲུང་གི་ནི་གསུང་རབ་ཚེ། །སྔོན་ནི་ཁུ་བྱུག་ཕོར་གྱུར་ནས། །བཱ་རཱ་ཎ་སཱིའི་ལམ་གྱི་བར། །ཚལ་སྟུག་པོ་ཡི་ནང་


DKG002_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

ན་གནས། །དེ་ན་འཇིག་རྟེན་རབ་གསལ་མཛད། །དགེ་སློང་དགེ་འདུན་མདུན་བྱས་ལ། །བདག་གིས་འཇམ་དབྱངས་སྐད་ཕྱུང་ཞིང་། །ནམ་མཁའ་ལས་ནི་དེར་བསྐོར་ཏོ། །ཇི་ཙམ་ཡང་དག་སངས་རྒྱས་ནི། །བསོད་སྙོམས་དོན་ཕྱིར་གཤེགས་མཐོང་ན། །འབྱུང་བ་དང་ནི་གཤེགས་པ་ལ། །རྟག་ཏུ་ཡང་ནི་བསྐོར་བ་བྱས། །དགེ་བའི་རྩ་བ་དེ་ཡིས་ནི། །བདག་གིས་མི་ཡི་སྲིད་ཐོབ་ནས། །རྫོགས་པའི་སངས་རྒྱས་བླ་མེད་པ། །དེད་དཔོན་འདི་ནི་མཉེས་པར་བྱས། །ཤཱཀྱ་སེང་གེའི་བསྟན་པ་ལ། །བདག་གིས་རབ་བྱུང་ཐོབ་ནས་ནི། །མྱ་ངན་འདས་པ་བསིལ་གྱུར་པའི། །དགྲ་བཅོམ་པ་ཡང་བདག་གིས་ཐོབ། །བདག་ནི་ཐམས་ཅད་གཟིགས་པ་ཡིས། །འཇམ་དབྱངས་རྣམས་ཀྱི་མཆོག་དང་ནི། །མང་དུ་ཐོས་དང་ཆོས་འཛིན་དང་། །དགེ་བའི་སྤོབས་པ་ཅན་དུ་བསྟན། །ལྷ་འམ་ཡང་ན་མི་ཡང་རུང་། །འཁོར་བཞི་པོ་དག་བདག་ལས་ནི། །སྙན་ཅིང་འཇེབས་པའི་ཆོས་ཐོས་ནས། །ཐམས་ཅད་རབ་ཏུ་དགའ་བར་འགྱུར། །དགེ་བ་ཉུང་དུ་བྱས་པ་དང་། །མི་དགེ་མང་པོ་བྱས་པ་ཡི། །ལས་རྣམས་ཆུད་མི་ཟ་བས་ན། །དེ་ཡི་འབྲས་བུ་ཉམས་སུ་མྱོང་། །དེ་ལྟར་གནས་བརྟན་མཛེས་བཟང་གིས། །དགེ་སློང་དགེ་འདུན་མདུན་འདུག་ནས། །མ་དྲོས་པ་ཡི་མཚོ་ཆེན་དུ། །རང་གི་ལས་ནི་ལུང་བསྟན་ཏོ། །མཛེས་བཟང་གི་ལེའུ་སྟེ་སུམ་བཅུ་པའོ།། །།སྡོམ་ནི། ལམ་ཕྲན་སྤྲུལ་ཁོལ་མ་འགགས་དང་། །ནག་པོ་ལྔ་པ་སྒྲ་ཅན་དང་། །དགའ་བོ་ནོར་དང་ཉེ་སྡེ་དང་། །བཟང་ལྡན་དང་ནི་མཛེས་བཟང་ངོ་། །དེ་ནས་དགེ་སློང་གནས་བརྟན་གནས་བརྟན་རྣམས་ཀྱིས་ཚེ་དང་ལྡན་པ་གནས་འཇོག་སྦྲང་རྩི་ཅན་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་གནས་འཇོག་སྦྲང་རྩི་ཅན་ཚེ་དང་ལྡན་པ་མཛེས་བཟང་གིས་རང་གི་ལས་ཀྱི་རྒྱུ་བ་ལུང་བསྟན་ཟིན་གྱིས། ཚེ་དང་ལྡན་པ་གནས་འཇོག་སྦྲང་རྩི་ཅན་གྱིས་ཀྱང་ད་རང་གི་ལས་ཀྱི་རྒྱུ་བ་ལུང་སྟོན་ཅིག །དེ་ནས་ཚེ་དང་ལྡན་པ་གནས་འཇོག་སྦྲང་རྩི་ཅན་གྱིས་དེའི་ཚེ་རང་གི་ལས་ཀྱི་རྒྱུ་བ་ལུང་སྟོན་པར་བྱེད་དེ། བདག་ནི་སྔོན་ནི་ཡངས་པ་ཡི། སྤྲ་ཆེན་སྤྲེའུ་དབང་གྱུར་པ་ན། །ལྷུང་བཟེད་མང་པོ་མཐོང་ནས་ནི། །རྒྱལ་བའི་ལྷུང་བཟེད་བླངས་པ་ལས། །དགེ་སློང་རྣམས་ཀྱིས་


DKG002_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

བདག་བཀག་ནས། །དེ་ནས་བཅོམ་ལྡན་བཀའ་སྩལ་པ། །འདི་ནི་ལྷུང་བཟེད་མི་གཅོག་གིས། །དགེ་སློང་རྣམས་ཀྱིས་མ་དགག་ཞིག །སྟོན་པའི་ལྷུང་བཟེད་ཁྱེར་ནས་ནི། །ཤིང་གི་ཁར་ནི་འཛེགས་ནས་སུ། །སྦྲང་རྩིས་ཡོངས་སུ་བཀང་ནས་ཀྱང་། །དལ་བུས་རིམ་གྱིས་བབས་ནས་ནི། །ལྷུང་བཟེད་སྦྲང་རྩི་ཅན་ཐོགས་ཏེ། །སྟོན་པ་ལ་ནི་ཕུལ་བ་ལས། །སྟོན་པ་སྲོག་ཆགས་བཅས་པར་ནི། །མཁྱེན་ཏེ་བདག་ལས་མ་བཞེས་ནས། །བདག་གིས་ཕྱོགས་གཅིག་སོང་ནས་ནི། །དེ་ལ་སྲོག་ཆགས་ཡོད་མཐོང་ནས། །སྲོག་ཆགས་མེད་པར་གཙང་བྱས་ཏེ། །སྟོན་པ་ལ་ནི་ཕུལ་བ་དང་། །འོན་ཀྱང་བཅོམ་ལྡན་འདས་ཀྱིས་ནི། །བདག་ལས་སྦྲང་རྩི་མ་བཞེས་པར། །མ་བརྟགས་ཐུགས་སུ་ཆུད་ནས་ནི། །བདེ་བར་གཤེགས་པས་མ་བཞེས་སྙམ། །དེ་ནས་ལྷུང་བཟེད་སྦྲང་རྩི་ཅན། །དེ་ཚེ་བདག་གིས་ཆུས་བཏབ་ནས། །སེམས་ནི་མགུ་དང་དགའ་བ་ཡིས། །རྫོགས་སངས་རྒྱས་ལ་ཕུལ་བ་ལས། །དེ་ནས་གང་ཟག་ཟླ་མེད་པ། །སྟོན་པའི་ཕྱག་འཇམ་གཉིས་ཀྱིས་སུ། །བདག་ལ་ལྷུང་བཟེད་བཞེས་ནས་ནི། །དེ་ནི་ཉན་ཐོས་རྣམས་ལ་གཏད། །བདག་ནི་རབ་ཏུ་དགའ་གྱུར་ནས། །ཐལ་མོ་ལེགས་པར་སྦྱར་བྱས་ཏེ། །དེ་ནས་ཆོས་རྒྱལ་སྤྱན་སྔ་ནས། །གར་བྱེད་ཅིང་ནི་དེ་ནས་སོང་། །དེ་ནས་སྨོན་ལམ་བཏབ་པ་ནི། །མི་ཉིད་དག་ནི་ཐོབ་ནས་སུ། །སྟོན་པ་འདི་ལ་བརྟེན་ནས་ནི། །བྱང་ཆུབ་དམ་པ་འདི་རེག་ཤོག །དགེ་བའི་རྩ་བ་དེས་ན་བདག །མི་ཡི་སྲིད་པ་ཐོབ་ནས་ནི། །རྫོགས་པའི་སངས་རྒྱས་བླ་མེད་པ། །དེད་དཔོན་འདི་ནི་མཉེས་པར་བྱས། །ཤཱཀྱ་སེང་གེའི་བསྟན་པ་ལ། །བདག་གིས་བྱང་ཆུབ་ཐོབ་ནས་ཀྱང་། །མྱ་ངན་འདས་པ་བསིལ་གྱུར་པའི། །དགྲ་བཅོམ་པ་ཡང་བདག་གིས་ཐོབ། །བདག་ནི་དགྲ་བཅོམ་དབང་གྱུར་ཅིང་། །མངོན་ཤེས་དྲུག་ལྡན་རྫུ་འཕྲུལ་ཆེ། །དགེ་སློང་རྣམས་ཀྱིས་བདག་ལ་ནི། །གནས་འཇོག་སྦྲང་རྩི་ཅན་དུ་ཤེས། །བསོད་ནམས་བྱས་པས་གྲགས་ལྡན་པ། །བདག་ནི་རྟག་ཏུ་བཀུར་ཞིང་མཆོད། །དགེ་སློང་དགེ་འདུན་ཡོངས་བསྐོར་ནས། །བདག་ནི་རྒྱུ་ཞིང་སོང་བ་ན། །དེ་ནས་དགོན་པའི་ལམ་དུ་ནི། །དགེ་སློང་


DKG002_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་འདུན་སྐོམ་གྱུར་ནས། །དེ་ན་སེམས་ལ་སྨོན་པ་ནི། །དེ་རིང་སྦྲང་རྩི་རྙེད་གྱུར་ཅིག །དེ་ནས་མི་མ་ཡིན་རྣམས་ཀྱིས། །བདག་སྨོན་ཤེས་ཏེ་ཕྱོགས་བཞི་ནས། །སྦྲང་རྩི་ཁུར་གྱིས་བླངས་ནས་ནི། །དེ་དག་ཏུ་ནི་འབུལ་བར་བྱེད། །བདག་གིས་སྦྲང་རྩི་ཅི་དགོས་པ། །བཟང་པོ་དག་ལས་བླངས་ནས་ནི། །དགེ་སློང་དགེ་འདུན་ཚིམ་བྱས་ཏེ། །དེ་ནས་ལྷག་པར་ལེགས་པར་གྱུར། །འདས་མ་ཐག་པའི་སྐྱེ་བ་ལ། །སྤྲེའུའི་རྒྱལ་པོ་དེ་བྱས་པས། །ལོག་པར་ལྟུང་ནས་བདག་འཕོས་ནས། །འཆི་མེད་གོ་འཕང་རེག་གྱུར་ཏེ། །ཇི་སྐད་བདག་གིས་སྨོན་པ་ཡི། །ཐམས་ཅད་འབྱོར་པ་ཉིད་དུ་གྱུར། །སྟོན་པ་བཀུར་སྟི་བྱས་པས་འདིར། །རང་གི་དོན་ནི་ཡོངས་སུ་རྫོགས། །བཙུན་པ་བདག་གིས་དགེ་བ་གང་། །བགྱིས་པ་དྲན་པ་འདི་ལགས་ཏེ། །དེ་ཡི་འབྲས་བུ་སྡུག་པ་དང་། །བདེ་འབྱུང་འདོད་པ་ཉམས་སུ་མྱོང་། །དེ་ལྟར་གནས་འཇོག་སྦྲང་རྩི་ཅན། །དགེ་སློང་དགེ་འདུན་མདུན་འདུག་ནས། །མ་དྲོས་པ་ཡི་མཚོ་ཆེན་དུ། །རང་གི་ལས་ནི་ལུང་བསྟན་ཏོ། །གནས་འཇོག་སྦྲང་རྩི་ཅན་གྱི་ལེའུ་སྟེ་སུམ་བཅུ་རྩ་གཅིག་པའོ།། །།འདུལ་བ་གཞི། བམ་བོ་ལྔ་བཅུ་རྩ་བཞི་པ། །དེ་ནས་དགེ་སློང་གནས་བརྟན་གནས་བརྟན་རྣམས་ཀྱིས་ཚེ་དང་ལྡན་པ་རྒྱུ་ཅན་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རྒྱུ་ཅན་ཚེ་དང་ལྡན་པ་གནས་འཇོག་སྦྲང་རྩི་ཅན་གྱིས་རང་གི་ལས་ཀྱི་རྒྱུ་བ་ལུང་བསྟན་ཟིན་གྱིས། །ཚེ་དང་ལྡན་པ་རྒྱུ་ཅན་གྱིས་ཀྱང་ད་རང་གི་ལས་ཀྱི་རྒྱུ་བ་ལུང་སྟོན་ཅིག །དེ་ནས་ཚེ་དང་ལྡན་པ་རྒྱུ་ཅན་གྱིས་དེའི་ཚེ་རང་གི་ལས་ཀྱི་རྒྱུ་བ་ལུང་སྟོན་པར་བྱེད་དེ། བཤེས་ལྡན་གྲོང་དུ་བདག་གིས་སྔོན། །བསྐལ་པ་དགུ་བཅུ་རྩ་གཅིག་ན། །སངས་རྒྱས་རྣམ་པར་གཟིགས་པ་ནི། །གྲོང་ཁྱེར་དམ་པར་འཇུག་པ་མཐོང་། །ཐུགས་རྗེ་ཆེ་ལྡན་མཐོང་ནས་ནི། །མེ་ཏོག་སིལ་མས་གཏོར་ནས་དེར། །མེ་ཏོག་རྩ་བས་ཡར་བཏེག་ཅིང་། །གྱེན་དུ་ཁ་བལྟས་ཁང་བཟངས་གནས། །དེ་ནས་བདག་ནི་རབ་དགའ་བས། །ཐུབ་པའི་ཞབས་ལ་མགོས་གཏུགས་ནས། །ཐལ་མོ་ལེགས་པར་སྦྱར་ནས་ནི། །དེ་ལ་བསྐོར་བ་བྱས་པར་གྱུར། །བདག་གིས་ཆོས་ནི་མ་ཐོས་ཤིང་། །བདག་ནི་སྐྱབས་སུ་མ་སོང་བར། །སེམས་དད་ཉིད་ཅིག་བྱས་ནས་ནི། །


DKG002_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་གཤེགས་དྲུང་ནས་བདག་སོང་ངོ་། །མཐུ་ཆེན་རྣམ་པར་གཟིགས་པ་ལ། །དགེ་བའི་ལས་དེ་བྱས་པས་ན། །བསྐལ་པ་དགུ་བཅུ་རྩ་གཅིག་ཏུ། །ངན་འགྲོ་མངོན་པར་མི་ཤེས་སོ། །བདག་ནི་ལྷ་ལུས་རབ་དགའ་ཞིང་། །ལྷ་ཡི་འདོད་པ་ཡང་དག་འབྱོར། །མི་ཉིད་རྙེད་པ་ཐོབ་ནས་ཀྱང་། །བདག་ནི་ནོར་ཆེན་ཕྱུག་པོར་གྱུར། །བདག་གི་སྐྱེ་བ་ཐ་མ་ནི། །མིའི་སྲིད་ཐོབ་པ་འདི་ཡིན་ཏེ། །ནོར་ཆེ་ལོངས་སྤྱོད་ཆེ་བ་ཡི། །བྲམ་ཟེ་རྣམས་ཀྱི་རིགས་སུ་གྱུར། །སྒྲ་ངེས་སྦྱོར་དང་ཤེས་གསལ་བཅས། །སྐྱེས་བུ་ཆེན་པོ་མཚན་དང་ནི། །ཚིག་གི་དོན་བཅས་སྟོན་པ་ཡིས། །གསང་ཚིག་རྣམས་ཀྱི་ཕ་རོལ་ཕྱིན། །བྲམ་ཟེ་ལྔ་བརྒྱ་རྣམས་ལ་ནི། །ཚལ་དུ་གསང་ཚིག་བརྗོད་པའི་ཕྱིར། །བྲམ་ཟེ་རྣམས་ཀྱིས་ཡོངས་བསྐོར་ནས། །བདག་ནི་ཁྱིམ་ནས་བྱུང་བ་ལས། །བདག་གིས་རྫོགས་པའི་སངས་རྒྱས་ནི། །དགེ་སློང་དགེ་འདུན་མདུན་བདར་ནས། །དཔའ་བོ་ཆེན་པོ་མ་ག་དྷཱའི། །གྲོང་མཆོག་ཏུ་ནི་འཇུག་པ་མཐོང་། །བདག་གིས་ཐུགས་རྗེ་ལྡན་མཐོང་ནས། །ཡིད་དགའ་བར་ནི་གྱུར་པ་དང་། །སྔོན་གྱི་རྒྱུ་ནི་དེ་དག་གིས། །མཚན་རྣམས་ལ་ནི་བརྟགས་པ་ལས། །འཇིག་རྟེན་མགོན་པོའ་མཚན་རྣམས་ནི། །སུམ་བཅུ་རྩ་གཉིས་ཡོངས་རྫོགས་ཤིང་། །དཔེ་བྱད་རྣམས་ཀྱིས་མཛེས་པ་ཡི། །གྲགས་པར་ལྡན་པ་མཐོང་བར་གྱུར། །མཚན་དང་ལྡན་པ་དེ་མཐོང་ནས། །མགོ་བོ་ཡིས་ནི་ཕྱག་བྱས་ཏེ། །ཕྱོགས་གཅིག་འདུག་ནས་གུས་པས་ནི། །འདྲེན་པ་དེ་ལ་མངོན་བསྟོད་པ། །ཇི་ལྟར་གསང་ཚིག་ལ་གདའ་བ། །ཁྱོད་ལ་དེ་བཞིན་དེ་གདའ་བས། །ཁྱོད་སངས་རྒྱས་པར་ཐེ་ཚོམ་མེད། །1 འཇིག་རྟེན་གྱི་ནི་སྟོན་པ་མཆོག །ཁྱོད་ནི་ཚངས་པ་བརྒྱ་བྱིན་ཁྱོད། །ཁྱོད་ལས་ལྷག་པ་མ་མཆིས་ཏེ། །ཁྱོད་ནི་ཉི་མ་ཁྱབ་འཇུག་ལགས། །ཁྱོད་ནི་འཇིག་རྟེན་བླ་ན་མེད། །རྒྱལ་བ་ཁྱོད་འདྲའང་མ་མཐོང་ན། །ལྷག་པ་ལྟ་ཞིག་ག་ལ་ཞིག །ལྷ་དང་བཅས་པའི་འཇིག་རྟེན་ན། །ཁྱོད་ནི་རྒྱལ་བ་བདུད་ཟིལ་ནོན། །ཁྱོད་ནི་མགོན་མེད་རྣམས་ཀྱི་གནས། །རྟེན་མེད་རྣམས་ཀྱི་སྐྱབས་ཀྱང་ལགས། །ཁྱོད་ཀྱི་ཉན་ཐོས་ཉིད་དུ་མཆིས། །ཁྱོད་ནི་བདག་གི་སྐྱབས་མཛོད་ཅིག །དེ་ནས་གསེར་གྱི་མཆོད་སྡོང་ལྟའི། །ཕྱག་ནི་དེ་ཡིས་བརྐྱང་མཛད་དེ། །རྒྱལ་བའི་ཕྱག་ནི་སྨད་མཛད་


DKG002_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །བདག་གི་མགོ་ལ་ཀུན་དུ་བྱུགས། །ཡིད་ནི་རབ་ཏུ་དང་བྱས་པས། །ཁྱོད་ཀྱིས་བསོད་ནམས་མང་པོ་བསྐྱེད། །སེམས་ནི་རབ་ཏུ་དང་རྣམས་ཀྱི། །ཡོན་ཆུང་བར་ནི་མི་འགྱུར་རོ། །ཡོན་གནས་བླ་ན་མེད་པ་ཡི། །སངས་རྒྱས་ལ་ནི་ཁྱོད་ཀྱིས་བསྟེན། །བྲམ་ཟེ་ཁྱེའུ་ཡིས་མཆོད་སྦྱིན་བྱས། །ཞིང་རབ་ལ་ནི་ས་བོན་བཏབ། །ངན་སོང་གི་ནི་ལམ་བཅད་པས། །ཁྱོད་ལ་ངན་འགྲོའི་འཇིགས་པ་མེད། །བྲམ་ཟེ་ཁྱེའུ་ཡིས་བདུད་རྩི་ཡིས། །སྒོ་ཕྱེ་བར་ནི་དོགས་མེད་བྱོས། །ཁྱོད་ནི་རབ་ཏུ་འབྱུང་འདོད་ན། །རབ་པ་ཀུན་ནི་མྱུར་སྤངས་ཏེ། །ང་ཡི་སྤྱན་སྔར་རབ་བྱུང་ལ། །བྲམ་ཟེ་ཐ་བ་མེད་པར་གྱིས། །བདག་ནི་ཆོས་ཉིད་ལ་དགའ་ནས། །དེ་ན་སློབ་མའི་ཚོགས་སྨྲ་བ། །ཁྱོད་ནི་བྲམ་ཟེར་གྱུར་ཟིན་ན། །ཇི་ལྟར་དགེ་སྦྱོང་མགོ་རེག་འགྱུར། །དཀར་པོའ་རིགས་འདི་སྤངས་ནས་ནི། །ནག་པོའ་རིགས་འདི་ཁས་ལེན་ནམ། །འཇིག་རྟེན་ན་ནི་བྲམ་ཟེ་གཙོ། །ཕ་རོལ་ཕྱིན་ཅིང་ཚངས་པ་ཡི། །སྙིང་དང་ཁ་ནས་སྐྱེས་པ་ཡིན། །བྲམ་ཟེ་ཚངས་པས་སྤྲུལ་པ་ཡིན། །ཁྱེད་ཅག་ཀུན་ནི་མི་མཁས་པ། །ཁྱེད་ཅག་ཀུན་ནི་མི་ཤེས་པ། །འདི་ན་བདག་ཅི་གསང་ཚིག་གི །དེ་ཉིད་རིག་ཅིང་ཕ་རོལ་ཕྱིན། །བདག་ནི་ཤེས་རབ་མཐའ་ཡས་ཀྱིས། །གསུངས་པ་ཇི་ལྟར་ཤེས་པ་བཞིན། །དེ་བཞིན་དུ་ནི་བདག་བྱེད་ཀྱིས། །གང་དག་དེར་འགྲོ་མི་འདོད་པ། །ཅི་སེམས་ཇི་ལྟར་འདོད་པ་བཞིན། །གར་དགའ་དེར་ནི་འདེང་ལ་རག །བདག་ནི་གསང་ཚིག་དོན་མི་གཉེར། །ལྟོས་པར་ཡང་ནི་མི་བྱེད་དོ། །དེ་ནས་བདག་གི་སློབ་མའི་ཚོགས། །མཆི་མས་བརྣངས་ཤིང་དུ་བཞིན་གྱིས། །སྙིང་ནི་རྗེ་རྗེ་སྐད་སྨྲས་ནས། །དེ་ནས་དེ་རྣམས་ཕྱོགས་ཕྱོགས་དོང་། །དེ་ནས་ཐུགས་རྗེ་ཆེ་ལྡན་པའི། །ཐུབ་པས་བདག་ལ་གསུངས་པ་ནི། །དགེ་སློང་ཚུར་ཤོག་བཀའ་སྩལ་བས། །བདག་ནི་བསྙེན་པར་རྫོགས་པར་གྱུར། །ཁྱིམ་རྣམས་ནས་ནི་ཁྱིམ་མེད་པར། །ཡང་དག་དད་པས་རབ་ཏུ་བྱུང་། །སངས་རྒྱས་བསྟན་པ་ཆུབ་བྱས་ནས། །མངོན་བར་ཤེས་ཀུན་རེག་གྱུར་ཏེ། །སྔོན་གྱི་གནས་ནི་རྗེས་སུ་དྲན། །ལྷ་ཡི་མིག་ནི་རྣམ་པར་དག །བདག་སྔོན་གང་ན་འདུག་པ་ཡི། །འཆི་འཕོ་སྐྱེ་བ་ཤེས་པར་


DKG002_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར། །ཟག་པ་ཟད་པ་ཐོབ་པས་ན། །བདག་གིས་རྫུ་འཕྲུལ་མངོན་དུ་བྱས། །དེ་ལྟར་གནས་བརྟན་རྒྱུ་ཅན་གྱིས། །དགེ་སློང་དགེ་འདུན་མདུན་འདུག་ནས། །མ་དྲོས་པ་ཡི་མཚོ་ཆེན་དུ། །རང་གི་ལས་ནི་ལུང་བསྟན་ཏོ། །གནས་བརྟན་རྒྱུ་ཅན་གྱི་ལེའུ་སྟེ་སུམ་བཅུ་རྩ་གཉིས་པའོ།། །།དེ་ནས་དགེ་སློང་གནས་བརྟན་གནས་བརྟན་རྣམས་ཀྱིས་ཚེ་དང་ལྡན་པ་ཀཽཎྜི་ནྱ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཀཽཎྜི་ནྱ་ཚེ་དང་ལྡན་པ་རྒྱུ་ཅན་གྱིས་རང་གི་ལས་ཀྱི་རྒྱུ་བ་ལུང་བསྟན་ཟིན་གྱིས། ཚེ་དང་ལྡན་པ་ཀཽཎྜི་ནྱས་ཀྱང་ད་རང་གི་ལས་ཀྱི་རྒྱུ་བ་ལུང་སྟོན་ཅིག །དེ་ནས་ཚེ་དང་ལྡན་པ་ཀཽཎྜི་ནྱས་དེའི་ཚེ་རང་གི་ལས་ཀྱི་རྒྱུ་བ་ལུང་སྟོན་པར་བྱེད་དེ། སྔོན་ནི་ཐུབ་ཆེན་འོད་སྲུང་གི །དམ་པའི་ཆོས་ནི་ནུབ་པ་ན། །ཉན་ཐོས་ཐམས་ཅད་འདུས་ནས་སུ། །ཕན་ཚུན་དག་ཏུ་སྨྲས་པ་ནི། །སྟོན་པ་ཐུགས་རྗེ་འོད་སྲུང་ནི། །མྱ་ངན་འདས་པས་ངེས་པར་ཡང་། །རབ་ཏུ་བྱུང་བ་སྲབ་གྱུར་ཅིང་། །དམ་ཆོས་ཀྱང་ནི་སྟོན་མི་འགྱུར། །བདག་ཅག་ཇི་སྐད་ཐོས་པའི་ཆོས། །ཕན་ཚུན་ཡང་དག་གསལ་བྱས་ནས། །སངས་རྒྱས་བསྟན་ལས་སྤྲོ་བ་དང་། །བརྩོན་འགྲུས་བརྩམ་པས་གནས་པར་བྱ། །དེ་དག་རི་ལ་འཛེགས་ནས་ནི། །ཟག་པ་ཟད་པ་མ་ཐོབ་པར། །རེ་ཞིག་འདི་ནས་མི་ལྡང་ཞེས། །རྩྭ་ཡི་གདིང་བ་དག་ལ་འཁོད། །སྲོག་ལ་ཡང་ནི་མི་ལྟ་བར། །བརྩོན་འགྲུས་བརྩམས་ཏེ་གནས་པ་ན། །བདུན་གྱིས་མངོན་པར་ཤེས་ལ་རེག །དགེ་སློང་དག་ནི་མྱ་ངན་འདས། །དེ་ཡི་བདུན་པ་བདག་ཡིན་ཏེ། །དབང་པོ་བརྟུལ་ཞིང་བསྡོད་ནམས་ཆུང་། །སྙོམས་མེད་སྦྱོར་ལ་བརྩོན་པ་ཡི། །སོ་སོའ་སྐྱེ་བོ་འཆི་དུས་བྱས། །བདག་གིས་བརྩོན་འགྲུས་མ་བཏང་ཞིང་། །དེ་བཞིན་རབ་ཏུ་བརྩོན་གནས་པས། །དགའ་ལྡན་རྣམས་དང་སྐལ་མཉམ་པའི། །ལྷ་ཡི་འཇིག་རྟེན་རྣམས་སུ་སྐྱེས། །དེ་ན་ཤཱཀྱ་སེང་གེ་ཡི། །ཐུབ་ཆེན་བྱང་ཆུབ་སེམས་དཔའ་མཐོང་། །ཐུབ་པ་ལྷ་ཡི་ཚོགས་ལ་ནི། །སྐྱོ་བར་འགྱུར་བའི་ཆོས་སྟོན་མཛད། །བདག་གིས་དེ་ཡི་ཆོས་བཤད་པ། །ཐོས་ནས་རྩེ་གཅིག་ཡིད་གྱུར་ཏེ། །དམ་ཆོས་ཡིད་ལ་བྱེད་པ་ནི། །ལན་འགའང་རྣམ་པར་མ་སྤངས་སོ། །ལྷ་ཡི་འཇིག་རྟེན་བདག་སོན་ནས། །གྲོང་ཁྱེར་སེར་སྐྱ་


DKG002_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བའི། །ཀཽཎྜི་ནྱ་རུས་བྲམ་ཟེ་ཡི། །རིགས་ཅན་དུ་ནི་སྐྱེས་པར་གྱུར། །བྱང་ཆུབ་སེམས་དཔའི་གྲགས་ཆེན་ལྡན། །ཟས་གཙང་སྲས་པོར་གྱུར་ནས་ནི། །དད་པས་བྱུང་ནས་དཀའ་སྤྱོད་པ། །སྤྱད་པར་གྱུར་པ་དེ་ཡི་ཚེ། །རྒྱལ་པོའ་མཆོག་ནི་ཟས་གཙང་གིས། །བདག་བཀུག་ནས་ཀྱང་སྨྲས་པ་ནི། །རབ་ཏུ་འབྱུང་བར་འདོད་པར་གྱིས། །དེར་ནི་དེ་ཡི་ནད་གཡོག་བྱོས། །དེ་ཚེ་བདག་གིས་ཡིད་དད་པས། །བྱང་ཆུབ་སེམས་དཔའི་རིམ་གྲོ་བྱས། །ལམ་འདིའི་རྣམ་དག་འགྱུར་མིན་ཞེས། །ཡིད་བྱུང་ནས་ནི་གཤེགས་པར་གྱུར། །གང་ཚེ་ཤཱཀྱ་ཐུབ་པས་ནི། །ཆོས་ཀྱི་འཁོར་ལོ་བསྐོར་བ་ན། །ཀུན་གྱི་ཐོག་མར་བདག་གིས་ནི། །དེ་ཡི་དམ་ཆོས་རྟོགས་པར་གྱུར། །འོད་སྲུང་གི་ནི་གསུང་རབ་ལ། །ཚངས་པར་སྤྱོད་ལ་བདག་གིས་གནས། །སངས་རྒྱས་བདག་གིས་མཉེས་བྱས་ཤིང་། །ཟག་པ་ཟད་པ་ཐོབ་པར་གྱུར། །དེ་ལྟར་གནས་བརྟན་ཀཽཎྜི་ནྱས། །དགེ་སློང་དགེ་འདུན་མདུན་འདུག་ནས། །མ་དྲོས་པ་ཡི་མཚོ་ཆེན་དུ། །རང་གི་ལས་ནི་ལུང་བསྟན་ཏོ། །ཀཽཎྜི་ནྱའི་ལེའུ་སྟེ་སུམ་བཅུ་རྩ་གསུམ་པའོ།། །།དེ་ནས་དགེ་སློང་གནས་བརྟན་གནས་བརྟན་རྣམས་ཀྱིས་ཚེ་དང་ལྡན་པ་ཉེ་བ་འཁོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཉེ་བ་འཁོར་ཚེ་དང་ལྡན་པ་ཀཽཎྜི་ནྱས་རང་གི་ལས་ཀྱི་རྒྱུ་བ་ལུང་བསྟན་ཟིན་གྱིས། །ཚེ་དང་ལྡན་པ་ཉེ་བ་འཁོར་གྱིས་ཀྱང་ད་རང་གི་ལས་ཀྱི་རྒྱུ་བ་ལུང་སྟོན་ཅིག །ཚེ་དང་ལྡན་པ་ཉེ་བ་འཁོར་གྱིས་ཀྱང་དེའི་ཚེ་རང་གི་ལས་ཀྱི་རྒྱུ་བ་ལུང་སྟོན་པར་བྱེད་དེ། བདག་ནི་སྔོན་གྱི་ཚེ་རབས་ན། །བཱ་རཱ་ཎ་སཱིའི་རྒྱལ་ཁབ་ཏུ། །རྒྱལ་པོ་ཚངས་སྤྱིན་ཞེས་བྱ་བའི། །འདྲེག་མཁན་དུ་ནི་གྱུར་པ་ན། །དེ་ཡི་སྐྲ་དང་ཁ་སྤུ་རྣམས། །འདྲེག་ཅིང་འཆོས་པར་བྱེད་པ་ན། །དེ་ནས་མངོན་པར་རངས་གྱུར་ནས། །བགོ་བདག་ནི་བདག་ལ་བྱི་ན། །གུས་དང་བཅས་པའི་སྡུག་སེམས་ཀྱིས། །རྒྱལ་པོའ་རིམ་གྲོ་བྱེད་པ་ན། །མཉེས་ནས་དེ་ནས་དེ་ལ་ནི། །མ་ཐོས་པ་ཡི་ཚིགས་བཅད་བསྒྲགས། །འདོད་པ་རྣམས་ནི་མནོག་ཆུང་ཞིང་། །སྡོག་པའི་རྩ་དང་མྱ་ངན་རྩ། །རྣམ་པར་སྨིན་པ་རྩུབ་པ་ཡིན། །བྲམ་ཟེའི་ཁྱེའུ་ནི་གང་ཞིག་གིས། །འདོད་པའི་ཡོན་


DKG002_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

ཏན་སྤངས་ནས་ནི། །རབ་བྱུང་ཐོབ་པ་ལེགས་ཐོབ་ཡིན། །མ་ཐོས་ཚིགས་བཅད་དེས་ཐོས་ནས། །དེ་ནས་སྐྱོ་བར་གྱུར་པ་དང་། །རྒྱལ་པོ་བདག་ནི་གནང་བར་མཛོད། །ཁྱིམ་མ་མཆིས་པར་རབ་འབྱུང་ངོ་། །དེ་ནས་རྒྱལ་པོས་བདག་ལ་སྨྲས། །གལ་ཏེ་རབ་ཏུ་བྱུང་ནས་ཀྱང་། །ཕྱིར་ཀྱང་བདག་ལ་ལྟ་བ་ཡི། །ཁས་བླང་བ་ནི་བྱ་བའི་རིགས། །རྒྱལ་དབང་ཁྱོད་ལ་བདག་གིས་ནི། །དེ་བཞིན་བགྱི་བར་དམ་བཅའ་ཡིས། །བདག་རབ་བྱུང་ནས་སླར་ཡང་ནི། །ལྟ་བར་བདག་ལ་ཐུགས་ཆེས་མཛོད། །དེ་ནས་རྒྱལ་པོས་གནང་ནས་ནི། །བདག་གིས་དགོན་པའི་ནགས་སོང་ནས། །གཞུང་ཅན་དྲུང་དུ་ཉེར་སོང་སྟེ། །ཁྱིམ་མེད་པར་ནི་རབ་ཏུ་བྱུང་། །ཇི་ལྟར་རིགས་པར་རབ་བྱུང་ནས། །ཚངས་པའི་གནས་པ་བཞི་པོ་ཡི། །ཚད་མེད་པ་ལ་རབ་བསྒོམས་པས། །བདག་གིས་འདོད་ཆགས་བྲལ་བ་ཐོབ། །རྒྱལ་པོ་དེ་ཡི་ཚེ་ལ་ནི། །དེ་ཚེ་བདག་མིང་གང་གཱ་སྐྱོང་། །འབྱོར་པ་ཆེ་ཞིང་མཐུ་ཡང་ཆེ། །སྐྱེ་བོའ་ཚོགས་ཀྱིས་མཆོད་པར་གྱུར། །གཞུང་ཅན་དྲུང་དུ་སོང་ནས་ནི། །མགོ་བོ་ཡིས་ནི་ཕྲག་བྱས་ཏེ། །བདག་གིས་ཕྱོགས་གཅིག་འདུག་ནས་ནི། །འདི་སྐད་ཀྱི་ནི་ཚིག་སྨྲས་སོ། །སློབ་དཔོན་བདག་གི་ཚིག་གསོན་ཅིག །མི་ཡི་དབང་པོ་ཚངས་སྦྱིན་ལ། །སླར་ཡང་ལྟ་བར་བགྱི་བ་ཡི། །དམ་བཅས་པ་ནི་ཆུང་ཞིག་མཆིས། །1 གནང་བར་བྱའོ་བྲམ་ཟེ་ཁྱོད། །བཱ་རཱ་ཎ་སཱིའི་གྲོང་ཁྱེར་སོང་། །ཁྱོད་ནི་བརྫུན་དུ་མི་འགྱུར་བར། །དམ་བཅས་པ་ཡི་མཐར་ཕྱུང་ཤིག །གནང་བར་བྱ་ཡིས་ཁྱོད་སོང་ལ། །ཁོ་བོ་ཡི་ནི་ཚིག་བཞིན་གྱིས། །འདི་ནས་སོང་ལ་མི་དབང་པོ། །ཚངས་སྦྱིན་དད་པ་སྐྱེད་པར་གྱིས། །གཞུང་ཅན་གྱིས་ནི་བདག་གནང་ནས། །དྲང་སྲོང་བསྐོར་བ་བྱས་ནས་ནི། །བཱ་རཱ་ཎ་སཱིའི་གྲོང་ཁྱེར་དུ། །རིམ་བཞིན་དུ་ནི་སོང་བ་ལས། །དེ་བཞིན་དེར་ནི་བདག་འོངས་ཞེས། །ཚངས་སྦྱིན་ཉིད་ཀྱིས་ཐོས་ནས་ནི། །རྒྱལ་པོའ་འབྱོར་པ་ཆེན་པོས་ནི། །བདག་གི་དྲུང་དུ་ཉེ་བར་འོངས། །ཤིང་རྟ་ལས་བབས་བདག་གི་ནི། །རྐང་པ་གཉིས་ལ་ཕྱག་བྱས་ནས། །ཕྱོགས་གཅིག་ཏུ་ནི་འདུག་པར་གྱུར། །འདོད་པ་རྣམས་ལས་རྒལ་འགྱུར་བའི། །དེ་ལ་ཆོས་ནི་བཤད་པ་དག །རྒྱལ་


DKG002_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

པོས་ཐོས་ནས་ཡིད་དགའ་བས། །འདོད་པ་དོན་དུ་མི་གཉེར་གྱུར། །རྒྱ་ཆེའི་སེམས་དང་ཡིད་དགའ་བས། །ཚངས་སྦྱིན་གྱིས་ནི་འདི་སྐད་སྨྲས། །བདག་འདོད་དོན་དུ་གཉེར་མིན་པས། །བདག་ཀྱང་རབ་ཏུ་འབྱུང་བར་བྱ། །རྒྱལ་པོ་ཚུར་སྦྱོན་དགོན་པའི་ནགས། །དབེན་པ་དག་ཏུ་བཞུད་པར་བགྱི། །བྲམ་ཟེ་དྲང་སྲོང་གཞུང་ཅན་གྱི། །དྲུང་དུ་ཉེ་བར་བཞུད་པར་མཛོད། །རྒྱལ་པོ་དེས་ནི་བུ་ཐུ་བོ། །འཇིགས་མེད་རྒྱལ་སྲིད་ལ་བཞག་སྟེ། །རྒྱལ་མཆོག་རྒྱལ་སྲིད་སྤངས་ནས་ནི། །ཁྱིམ་མེད་པར་ཡང་རབ་ཏུ་བྱུང་། །ནང་མི་དང་ནི་བློན་ཆེན་དང་། །གྲོང་ཁྱེར་པ་ནི་ཐམས་ཅད་དང་། །གཉེན་གྱི་ཚོགས་ཀྱིས་ཡོངས་བསྐོར་ནས། །རབ་ཏུ་འབྱུང་ཕྱིར་མངོན་དུ་བྱུང་། །གཞུང་ཅན་དྲུང་དུ་སོང་ནས་ནི། །མགོ་བོས་ཕྱག་ནི་བྱས་ནས་ཀྱང་། །རྒྱལ་པོས་ཐལ་མོ་སྦྱར་ནས་ནི། །རབ་ཏུ་འབྱུང་བར་གསོལ་བ་བཏབ། །སྟོང་ཕྲག་དག་ནི་དུ་མ་དང་། །ཁྱིམ་མེད་པར་ནི་རབ་བྱུང་སྟེ། །སྐྲ་དང་ཁ་སྤུ་བྲེགས་ནས་ཀྱང་། །ངུར་སྨྲིག་གོས་ནི་བགོས་པར་གྱུར། །གཞུང་ཅན་ཤིན་ཏུ་མཉམ་བཞག་པས། །ཚངས་པའི་འཇིག་རྟེན་སྐྱེ་འགྱུར་བའི། །ཚངས་པའི་གནས་པ་བཞི་པོ་ཡི། །ཆོས་ནི་ཀུན་ལ་བཤད་པར་བྱས། །གུས་དང་བཅས་པའི་བྱམས་སེམས་ཀྱིས། །རྒྱལ་པོ་དེ་ཡི་རིམ་གྲོ་བྱས། །དེ་ནས་འཆི་འཕོའ་དུས་བྱས་ཏེ། །འོད་གསལ་རྣམས་སུ་སོང་བར་གྱུར། །འོད་གསལ་ནས་ནི་ཤི་འཕོས་ནས། །སླར་ཡང་འདིར་ནི་འོངས་པ་ན། །གང་དང་གང་དུ་སྐྱེས་པར་ནི། །ནོར་ཆེ་བ་དང་ཕྱུག་པོར་གྱུར། །ལྷ་རྣམས་དང་ནི་མི་རྣམས་ཀྱི། །བདེ་བ་མང་པོ་ཉམས་སུ་མྱོང་། །དུས་ཀྱི་ཐ་མ་འདི་ལ་ནི། །བདག་གི་ལུས་ཀྱི་ཐ་མ་ལ། །ཤཱཀྱ་རྣམས་ཀྱི་ཡུལ་དུ་ནི། །གྲོང་ཁྱེར་སེར་སྐྱ་ཞེས་བྱར་སྐྱེས། །སྤྱོད་ཡུལ་སྤྱོད་པ་ཕུན་ཚོགས་པའི། །ཤཱཀྱ་རྣམས་ཀྱི་འདྲེག་མཁན་གྱུར། །ཤཱཀ་སྲས་ཐུགས་བརྩེའི་བདག་ཉིད་ཅན། །ཉན་ཐོས་བཅས་ལ་རིམ་གྲོ་བྱས། །རྒྱལ་པོ་ཆེན་པོའ་འབྱོར་པས་ནི། །རབ་ཏུ་འབྱུང་བར་མངོན་འབྱུང་བ། །དེ་རྣམས་བདག་གིས་སྐྲ་བྲེགས་ནས། །འདི་སྐད་ཀྱི་ནི་ཚིག་སྨྲས་སོ། །དཔོན་པོ་འཚོ་བ་མ་སྩལ་ན། །བདག་ནི་ཇི་ལྟར་འཚོ་བར་འགྱུར། །དེ་ཡི་རྒྱན་ནི་གང་ཡིན་དང་། །གོས་རྣམས་གྱོན་པ་གང་


DKG002_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པ། །འདི་ནི་ཁྱོད་ཀྱི་འཚོ་བའོ་ཞེས། །དེས་ནི་ཀུན་དགའ་བདག་ལ་བྱིན། །རིན་ཆེན་མང་པོ་བརྟགས་ནས་ནི། །དེ་ལ་བདག་ནི་སྐྱོ་གྱུར་ནས། །འདི་དག་ཐམས་ཅད་སྤངས་ནས་ནི། །བདག་ནི་རབ་འབྱུང་གསོལ་བ་བྱ། །བཀྲེ་ནས་བདག་ལ་འདི་ལྟ་བུའི། །རིན་ཆེན་རྣམས་ཀྱིས་ཅི་ཞིག་བྱ། །གཞན་འགའ་ཞིག་གིས་ཐོས་ན་ནི། །སྲོག་ལ་གདོན་ལྟོ་ཟ་བར་འགྱུར། །བདག་གིས་ཉིད་ཀྱི་སྣོད་སྤྱད་ན། །གང་ཡིན་ཤིང་ལ་བཏགས་ནས་སུ། །བོར་ནས་བདག་ནི་ཁྱིམ་དག་ནས། །བྱུང་སྟེ་ངེས་པར་འབྱུང་བར་བྱ། །བདག་ནི་རིན་ཆེན་དོན་གཉེར་མིན། །བདག་ཀྱང་རབ་ཏུ་འབྱུང་བར་བྱ། །བདག་གི་ཚིག་དེ་ཤཱཀྱ་ཡི། །རྒྱལ་པོས་ཐོས་ནས་འདི་སྐད་སྨྲས། །ཁྱོད་ནི་ཐོག་མར་རབ་བྱུང་དང་། །རྒན་པ་ཉིད་དུ་ཁྱོད་འགྱུར་རོ། །རྗེས་སུ་ཐུགས་བརྩེར་དགོངས་ནས་ནི། །བདག་ལ་དགེ་སློང་ཚུར་ཤོག་གསུངས། །བདག་ནི་ཐོག་མར་རབ་ཏུ་བྱུང་། །དེ་ནས་རྒྱལ་རིགས་རབ་བྱུང་ནས། །བདག་གི་རྐང་ལ་ཕྱག་བྱས་པས། །ཤཱཀྱ་དེ་རྣམས་ང་རྒྱལ་བོར། །དེ་ལྟར་བདག་ནི་རབ་བྱུང་བས། །མངོན་པར་ཤེས་པ་དྲུག་རེག་ནས། །དགྲ་བཅོམ་མངོན་ཤེས་དྲུག་ལྡན་ཞིང་། །བདག་ནི་འདུལ་བའི་ཕ་རོལ་ཕྱིན། །སྟོན་པ་ཉིད་ཀྱིས་འདུལ་བ་འཛིན། །རྣམས་ཀྱི་མཆོག་ཏུ་བསྔགས་པ་སྟེ། །མ་དྲོས་པ་ཡི་མཚོ་ཆེན་དུ། །ཉེ་བ་འཁོར་གྱིས་ལས་ལུང་བསྟན། །ཉེ་བ་འཁོར་གྱི་ལེའུ་སྟེ་སུམ་བཅུ་རྩ་བཞི་པའོ།། །།དེ་ནས་འཇིག་རྟེན་མགོན་པོས་ནི། །གནས་བརྟན་འོད་བྱེད་ལ་གསུངས་པ། །ཁྱོད་ཀྱིས་སྔོན་བྱས་གང་ཡིན་པའི། །རང་གི་ལས་ནི་ལུང་སྟོན་ཅིག །རྒྱལ་བའི་གསུང་དབྱངས་ཐོས་ནས་ནི། །སྔོན་ཆད་བདག་གིས་གང་བགྱིས་པའི། །རང་གི་ལས་ནི་དྲན་པ་གང་། །དེ་ནི་ཐུབ་པའི་སྤྱན་སྔར་གསོལ། །འཇིག་རྟེན་གཙོ་བོ་སྐྱོབ་པ་པོ། །སངས་རྒྱས་པད་མ་བླ་མ་ཡི། །མཆོད་རྟེན་ཚལ་སྟུག་བཞུགས་པ་ནི། །རི་དགས་གདུག་བ་རྣམས་ཀྱིས་བསྟེན། །མཆོད་རྟེན་དེ་ལ་ཕྱག་བགྱིད་པ། །རྔོ་ཐོག་པ་ནི་འགའ་མ་མཆིས། །མི་དེ་རྣམས་ནི་བསོད་ནམས་དང་། །སྡིག་པ་རབ་ཏུ་མ་འཚལ་ཏོ། །བདག་གིས་སོང་ནས་ཤིང་རྣམས་དང་། །རྩྭ་རྣམས་བསལ་བ་བགྱིས་ནས་ནི། །ཕྱགས་མ་དག་ནི་བླངས་ནས་ཀྱང་། །དེ་ནས་ཐམས་ཅད་ཕྱག་


DKG002_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

དར་བགྱིས། །བསྐོར་བ་བརྒྱད་དང་ཕྱག་བགྱིས་ཏེ། །མཆོད་པ་བགྱིས་ནས་སླར་ལོག་ལགས། །དགེ་བའི་རྩ་བ་དེས་ན་བདག །ལྷ་རྣམས་སུ་ནི་སྐྱེས་པ་ན། །འདོད་པ་ཐམས་ཅད་འབྱོར་གྱུར་ཅིང་། །སུམ་བཅུ་རྩ་གསུམ་རྣམས་སུ་དགའ། །ལྷ་ཡུལ་ལྷ་ཡི་རྒྱལ་སྲིད་ནི། །སུམ་བཅུ་རྩ་དྲུག་བར་དུ་བགྱིས། །དེ་ན་བདག་གི་གནས་མཆིས་པ། །གསེར་གྱི་འོད་ནི་ཤིན་ཏུ་གསལ། །རྒྱར་ནི་དཔག་ཚད་སུམ་བཅུ་དྲུག །ཁོར་ཡུག་དཔག་ཚད་དྲུག་བཅུ་ཐམ། །རྒྱལ་བའི་མཆོད་རྟེན་དེ་ཕྱགས་ནས། །ངོ་མཚར་བྱུང་བ་གཞན་ཡང་ནི། །མི་ཡི་ནང་དུ་མི་དབང་ནི། །ལན་བདུན་བར་དུ་བགྱིས་པར་གྱུར། །རྒྱལ་བའི་མཆོད་རྟེན་དེ་ཕྱགས་ནས། །ངོ་མཚར་བྱུང་བ་གཞན་ཡང་ནི། །བདག་གི་ལུས་ཀྱི་གཟི་བརྗིད་ནི། །གསེར་གྱི་ཁ་དོག་ལྟ་བུར་གྱུར། །རྒྱལ་བའི་མཆོད་རྟེན་དེ་ཕྱགས་ནས། །ངོ་མཚར་བྱུང་བ་གཞན་ཡང་ནི། །བྲམ་ཟེ་དང་ནི་རྒྱལ་རིགས་དང་། །རིགས་གཉིས་སུ་ནི་བདག་སྐྱེས་ལགས། །རྒྱལ་བའི་མཆོད་རྟེན་ཕྱགས་ནས་ནི། །བདག་ལ་ངོ་མཚར་གཞན་བྱུང་བ། །ཁྱོགས་དང་གླང་ཆེན་སྟོང་དང་ནི། །བཞོན་པ་མཆོག་ནི་རྣམས་ཀྱིས་མཆི། །རྒྱལ་བའི་མཆོད་རྟེན་ཕྱགས་ནས་ནི། །བདག་ལ་ངོ་མཚར་གཞན་བྱུང་བ། །བདག་མི་མདུན་ན་སྡོང་དུ་མ་དང་། །ཚེར་མ་གྱོ་མོ་རང་ཉིད་སེལ། །རྒྱལ་བའི་མཆོད་རྟེན་དེ་ཕྱགས་ནས། །ངོ་མཚར་བྱུང་བ་གཞན་ཡང་ནི། །སྐད་ཅིག་ཙམ་ཡང་བདག་གིས་སུ། །བྲོ་འཚལ་བར་ནི་མི་དྲན་ལགས། །རྒྱལ་བའི་མཆོད་རྟེན་ཕྱགས་ནས་ནི། །བདག་ལ་ངོ་མཚར་གཞན་བྱུང་བ། །གང་དང་གང་དུ་བདག་མཆི་བར། །ཀུན་དུ་བཀྲ་ཤིས་ཕུན་སུམ་ཚོགས། །རྒྱལ་བའི་མཆོད་རྟེན་དེ་ཕྱགས་ནས། །ངོ་མཚར་བྱུང་བ་གཞན་ཡང་ནི། །རྟག་ཏུ་བཀུར་ཞིང་མཆོད་པས་ན། །ལྷ་ཡི་སྤྱོད་པ་ལྟ་བུ་མཆི། །སྐྱོབ་བའི་མཆོད་རྟེན་ཕྱགས་ནས་ནི། །ངོ་མཚར་བྱུང་བ་གཞན་ཡང་ནི། །བདག་གིས་ལུས་ལ་ལན་འགའ་ཡང་། །གནོད་པ་བྱུང་བར་མི་དྲན་ལགས། །དེ་ལྟར་སངས་རྒྱས་སངས་རྒྱས་ཆོས། །དྲི་མ་མེད་པ་བསམ་མི་ཁྱབ། །བསམ་མི་ཁྱབ་ལ་མངོན་དད་པའི། །རྣམ་པར་སྨིན་པའི་འབྲས་བུ་ཆེ། །དེ་བས་རྒ་ཤི་ཟད་པ་དང་། །ཕུན་སུམ་འབྱོར་པ་འདོད་པས་ནི། །རྒྱལ་བ་ཡི་ནི་


DKG002_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་རྟེན་ལ། །མཆོད་པ་བླ་ན་མེད་པ་གྱིས། །བཙུན་པ་བདག་གིས་དགེ་བ་གང་། །བགྱིས་པ་དྲན་པ་འདི་ལགས་ཏེ། །དེ་ཡི་འབྲས་བུ་ཡིད་འོང་ཞིང་། །བདེ་འབྱུང་འདོད་པ་ཉམས་སུ་མྱོང་། །དེ་ལྟར་དགེ་སློང་འོད་བྱེད་ཀྱིས། །དགེ་སློང་དགེ་འདུན་མདུན་འདུག་ནས། །མ་དྲོས་པ་ཡི་མཚོ་ཆེན་དུ། །རང་གི་ལས་ནི་ལུང་བསྟན་ཏོ། །འོད་བྱེད་ཀྱི་ལེའུ་སྟེ་སུམ་བཅུ་རྩ་ལྔ་པའོ།། །།དེ་ནས་དགེ་སློང་གནས་བརྟན་གནས་བརྟན་རྣམས་ཀྱིས་ཚེ་དང་ལྡན་པ་ནམ་གྲུལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ནམ་གྲུ་ཚེ་དང་ལྡན་པ་འོད་བྱེད་ཀྱིས་རང་གི་ལས་ཀྱི་རྒྱུ་བ་ལུང་བསྟན་ཟིན་གྱིས། ཚེ་དང་ལྡན་པ་ནམ་གྲུས་ཀྱང་ད་རང་གི་ལས་ཀྱི་རྒྱུ་བ་ལུང་སྟོན་ཅིག །དེ་ནས་ཚེ་དང་ལྡན་པ་ནམ་གྲུས་དེའི་ཚེ་རང་གི་ལས་ཀྱི་རྒྱུ་བ་ལུང་སྟོན་པར་བྱེད་དེ། །འདི་ནས་བསྐལ་པ་བྱེ་བའི་སྔོན། །སངས་རྒྱས་ཀུན་ཟིལ་གནོན་དེ་ལ། །བདག་གིས་དགེ་བ་གང་བགྱིས་པ། །བཙུན་པ་བདག་གིས་དྲན་ལགས་ཏེ། །བརྒྱ་སྟོང་ཕྲག་ནི་དུ་མ་ཡི། །ཉན་ཐོས་རྣམས་ཀྱིས་མདུན་བདར་ནས། །རྒྱལ་པོའ་ཕོ་བྲང་དཔེ་མེད་དུ། །སྐྱེས་བུ་དམ་པ་གཤེགས་པ་ན། །བདག་ཀྱང་དགོས་པ་ཞིག་གི་ཕྱིར། །གྲོང་ཁྱེར་གཞན་ནས་དེར་ཕྱིན་ནས། །དེ་ན་རྫོགས་པའི་སངས་རྒྱས་ནི། །མཚན་མཆོག་སུམ་བཅུ་རྩ་གཉིས་ལྡན། །མེ་དང་ནོར་བུ་གློག་འོད་དང་། །ཉི་མ་ཟླ་བའི་འོད་འདྲ་མཐོང་། །འོད་ཀུན་ཟིལ་གྱིས་མནན་ནས་ནི། །སངས་རྒྱས་གཟི་བརྗིད་ཁྱད་པར་འཕགས། །གཟི་བརྗིད་མེ་ཕུང་ལྟ་བུ་སྟེ། །སྔོན་མ་མཐོང་བ་མཐོང་ནས་ནི། །བདག་གི་མདུན་ན་འདུག་པ་ཡི། །བྲམ་ཟེ་ཞིག་ལ་དྲིས་པ་དང་། །དྲིས་པས་བདག་ལ་འདི་སྐད་སྨྲས། །འདི་ནི་སངས་རྒྱས་རྣམ་འདྲེན་པ། །ལྷ་དང་མི་མཆོག་རྫོགས་སངས་རྒྱས། །ཟླ་མེད་པ་ཡི་གང་ཟག་ཡིན། །བདག་གིས་སངས་རྒྱས་སྒྲ་ཐོས་ནས། །དེ་ཚེ་བདག་ནི་རབ་དགར་གྱུར། །དགའ་ཞིང་མགུ་བ་སྐྱེས་པས་ན། །ལུས་ནི་ཐམས་ཅད་བདེ་བར་གྱུར། །མི་མ་ཡིན་རྣམས་ལྷ་ཡུལ་གྱི། །རོལ་མོའ་སྒྲ་རྣམས་འབྱིན་པ་ཐོས། །ལྷ་ཡི་ཙན་དན་ཕྱེ་མ་ཡང་། །གྲོང་ཁྱེར་དམ་པ་དེ་རུ་བབ། །ཁ་ཅིག་ཨུཏྤལ་ཙམ་པ་གཞན། །དེ་བཞིན་པ་རི་ཤ་ཀ་དང་། །གཞན་དག་ཙན་དན་ཕྱེ་མ་འཐོར། །བདག་ནི་ཐལ་མོ་སྦྱར་བྱས་ནས། །ཡིད་ནི་མགུ་ཞིང་རངས་པ་ཡིས། །ནམ་


DKG002_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་ལ་ནི་འཕགས་ཏེ་གནས། །དགའ་དང་རབ་ཏུ་དགའ་བ་ཡིས། །ལུས་ཀུན་ཏུ་ནི་ཁྱབ་པར་གྱུར། །དྲི་དང་ཕྲེང་བ་ལ་སོགས་ཕྱིར། །མཐའ་དག་ཏུ་ནི་བརྒྱུགས་པ་ལས། །དེ་ཡི་ཚེ་ན་བསྐོར་ཀྱང་ནི། །མེ་ཏོག་གཅིག་ཀྱང་མ་རྙེད་དོ། །དེ་ཚེ་དེ་ན་བདག་གིས་ནི། །ཧ་ཅང་རིང་བ་མ་ཡིན་པར། །གདུགས་བྱེད་པ་ཡི་ཚོང་ཁང་ན། །དུང་ལྟར་དཀར་བའི་གདུགས་ཤིག་མཐོང་། །གདུགས་ཕྱིར་བདག་གིས་དེ་ལ་ནི། །གསོལ་བཏབ་ནས་ནི་གདུགས་བླངས་ཏེ། །སེམས་ནི་རབ་ཏུ་དང་བ་ཡིས། །སངས་རྒྱས་ལ་ནི་གདུགས་བཟུང་ངོ་། །བདག་གི་ལག་ནས་གདུགས་ཤོར་བ། །བར་སྣང་དག་ལ་མངོན་འཕགས་ནས། །སྟོན་པ་གཤེགས་ན་གདུགས་འགྲོ་ཞིང་། །བཞུགས་པ་ན་ཡང་སྡོད་པར་གྱུར། །ནམ་མཁའི་ངོས་ལ་སྤྲིན་ལྟ་བུར། །སངས་རྒྱས་ལ་ནི་གྲིབ་མ་བྱེད། །ཐུབ་པའི་སྐུ་ནི་མི་འདོར་བར། །བར་སྣང་ལ་ནི་འདུག་པར་གྱུར། །དེ་ནས་བདག་དང་སྐྱེ་བོ་གཞན། །ཆོ་འཕྲུལ་རྣམས་ལ་བརྟགས་ནས་ནི། །ཐལ་མོ་ལེགས་པར་སྦྱར་བྱས་ཏེ། །དེ་བཞིན་གཤེགས་ལ་མགོས་ཕྱག་བྱས། །དེ་ནས་རྫོགས་པའི་སངས་རྒྱས་དང་། །ཉན་ཐོས་མཚན་མ་བཟུང་ནས་ནི། །རྗེས་སུ་དྲན་པས་ཡིད་དགའ་ཞིང་། །ཁྱིམ་གྱི་ལས་ཀྱི་མཐའ་བྱས་སོ། །ཀྱེ་མའོ་ཐོབ་པ་ལེགས་ཐོབ་སྟེ། །སངས་རྒྱས་མཐོང་ནས་དྲན་པ་རྙེད། །ཡོན་ཏན་བླ་ན་མེད་པ་ནི། །རྫོགས་སངས་རྒྱས་ལ་བདག་གིས་ཕུལ། །ཡོན་གནས་བླ་ན་མེད་པ་ལ། །བདག་གིས་གདུགས་ཕུལ་གང་ཡིན་པའི། །དགེ་བའི་རྩ་བ་དེས་ན་བདག །རིན་ཆེན་བདུན་དང་ལྡན་པར་གྱུར། །དེ་ནས་སུམ་བཅུ་རྩ་གསུམ་པའི། །ལྷ་ཡི་ནང་དུ་བདག་སྐྱེས་ཏེ། །ལྷ་ཡི་རྒྱལ་པོར་བདག་གྱུར་ནས། །ལྷ་ནི་བྱེ་བ་རྣམས་ཀྱིས་མཆོད། །སླར་ཡང་མིར་ནི་འོངས་པ་ན། །སྟོབས་ཀྱིས་སྒྱུར་བའི་རྒྱལ་གྱུར་ཅིང་། །ནོར་ཆེན་བརྩོན་འགྲུས་ཆེ་བ་སྟེ། །རྒྱལ་པོ་རྣམས་ཀྱིས་མདུན་གྱིས་བལྟས། །བདག་གིས་ལས་འདི་བྱས་པས་ནི། །ཡང་དང་ཡང་དུ་འཁོར་བ་ནའང་། །བདག་བྱེད་པ་ཡི་ལས་དེ་ནི། །ལན་འགའང་བར་ནི་མ་བཅད་དོ། །དེ་ལྟ་བུ་ཡི་ཡོན་གནས་ལ། །བདག་གིས་དད་པས་ཕུལ་བ་ཡི། །དགེ་བའི་ལས་དེ་བྱས་པས་ན། །ངན་འགྲོར་སོང་བ་མི་དྲན་ནོ། །བདག་གི་སྐྱེ་བ་ཐ་མ་ནི། །མིའི་སྲིད་ཐོབ་པ་འདི་ཡིན་ཏེ། །ཡང་དག་སངས་རྒྱས་བླ་


DKG002_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ། །དེད་དཔོན་འདི་ནི་མཉེས་པར་བྱས། །ཤཱཀྱ་སེང་གེའི་བསྟན་པ་ལ། །བདག་གིས་རབ་བྱུང་ཐོབ་ནས་ནི། །མྱ་ངན་འདས་པ་བསིལ་གྱུར་པའི། །དགྲ་བཅོམ་པ་ཡང་བདག་གིས་ཐོབ། །བདུད་ཀྱིས་ལུས་ནི་ལུས་ཆེན་པོ། །རི་བོ་ལྟ་བུ་དཔག་ཚད་ཙམ། །ནམ་མཁའ་ལ་ནི་སྤྲིན་ལྟ་བུར། །མདོག་མི་སྡུག་པ་སྤྲུལ་པ་དང་། །དེ་ནས་བདག་ནི་གཡེང་བྱེད་པ། །འདི་ཀོ་སུ་ཞིག་སྙམ་པ་ལས། །འདི་ནི་མཐོ་འཚམ་བྱེད་པ་ཡི། །བདུད་ཡིན་པར་ནི་མྱུར་དུ་ཤེས། །སྡིག་ཅན་ཁྱོད་འདིར་ཅི་དགར་ཟད། །ལུས་ནི་ཁོར་ཡུག་གཅིག་ལྟ་བུ། །མགོ་ཡང་ལྷུན་པོ་ལྟ་བུར་ནི། །བྱས་ཏེ་འདིར་ནི་འོང་ལ་རག །བདག་ནི་དགྲ་བཅོམ་དབང་གྱུར་པ། །རིག་གསུམ་ལྡན་པའི་དགེ་སྦྱོང་སྟེ། །1 སངས་རྒྱས་ཀྱིས་གསུངས་གང་ཡིན་པའི། །བདེ་བར་གནས་པ་རྣམས་ཀྱང་ཐོབ། །བསོད་སྙོམས་བྱས་པ་ལན་གཅིག་གིས། །ཞག་བདུན་དུ་ཡང་འདུག་ནས་ནི། །རྣམ་པར་གྲོལ་བའི་དགའ་མྱོང་བ། །དེ་ལྟ་བུ་དག་བདག་གིས་བསྒོམས། །བཙུན་པ་བདག་གིས་དགེ་བ་ནི། །གང་བགྱིས་དྲན་པ་འདི་ལགས་ཏེ། །དེ་ཡི་འབྲས་བུ་ཡིད་འོང་ཞིང་། །བདེ་འབྱུང་འདོད་པ་ཉམས་སུ་མྱོང་། །དེ་ལྟར་ནམ་གྲུ་བློ་ལྡན་གྱིས། །དགེ་སློང་དགེ་འདུན་མདུན་འདུག་ནས། །མ་དྲོས་པ་ཡི་མཚོ་ཆེན་དུ། །རང་གི་ལས་ནི་ལུང་བསྟན་ཏོ། །ནམ་གྲུའི་ལེའུ་སྟེ་སུམ་བཅུ་རྩ་དྲུག་པའོ།། །།དེ་ནས་དགེ་སློང་གནས་བརྟན་གནས་བརྟན་རྣམས་ཀྱིས་རང་རང་གི་ལས་ཀྱི་རྒྱུ་བ་ལུང་བསྟན་ཟིན་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ཅག་གིས་རང་རང་གི་ལས་ཀྱི་རྒྱུ་བ་ལུང་བསྟན་ལགས་ཀྱིས། བཅོམ་ལྡན་འདས་ཀྱིས་ཀྱང་དེ་ཉིད་ཀྱི་ཕྲིན་ལས་ཀྱི་རྒྱུ་བ་ལུང་བསྟན་པའི་རིགས་ལགས་སོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་ཕྲིན་ལས་ཅི་ཞིག་མཛད་ན། དེས་ན་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ན་ཡང་གོར་མའི་དུམ་བུས་ཞབས་ཀྱི་མཐེ་བོ་རྨ་བྱུང་བར་གྱུར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དེ་བཞིན་གཤེགས་པ་ཉིད་ཀྱིས་སྔོན་གྱི་ཚེ་རབས་གཞན་རྣམས་སུ་ལས་རྣམས་བྱས་ཤིང་བསགས་པ་ཚོགས་རྙེད་པ་ཞེས་བྱ་བ་ནས། འབྲས་བུ་དག་ཏུ་འགྱུར་བ་ཉིད་ཅེས་བྱ་བའི་བར་གོང་མ་བཞིན་ནོ། །དགེ་སློང་དག་སྔོན་བྱུང་བ་རི་འོར་ཞིག་ན་


DKG002_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱིམ་བདག་ཅིག་གནས་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ཏེ། དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་ཅེས་བྱ་བ་ནས། །ཁྱེའུ་ཞིག་བཙས་ནས་བསྐྱེད་བསྲིངས་ཏེ་ཆེན་པོར་གྱུར་ཏོ་ཞེས་བྱ་བའི་བར་གོང་མ་བཞིན་ནོ། །དེའི་མ་ཤི་ནས་དེ་ནས་ཁྱིམ་བདག་དེས་ཆུང་མ་གཞན་ཞིག་བླངས་ཏེ། དེ་དང་ལྷན་ཅིག་རྩེ་བར་བྱེད་ཅེས་བྱ་བ་ནས་དེ་ལས་ཀྱང་ཁྱེའུ་ཞིག་བཙས་སོ་ཞེས་བྱ་བའི་བར་དུའོ། །དེ་ནས་ཁྱིམ་བདག་དེས་ཁྱེའུ་ཕུ་བོ་ཤོས་ཆུང་མ་བླངས་ནས་དེ་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་བར་བྱེད་པ་ལས་ཁྱེའུ་དང་བུ་མོ་མང་དུ་བཙས་སོ། །ཇི་ཙམ་དུས་ཕྱི་ཞིག་ན་ཁྱིམ་བདག་དང་ཆུང་མ་དང་བཅས་ཏེ་ཤི་ནས་བུ་དེ་ཕུ་བོ་ཉིད་ཀྱི་དྲུང་དུ་སོང་བ་དང་། ཆུང་མས་སྨྲས་པ། རྗེའི་སྲས་ཁྱེའུ་འདི་ཁྱོད་ཀྱི་ཅིར་མཆི་ལགས། །དེས་སྨྲས་པ། སྦུན་དུ་འོང་ངོ་། །རྗེའི་སྲས་ཅི་འདི་ཡང་ཁྱིམ་གྱི་བགོ་སྐལ་དབང་ངམ། འདི་ལ་ཡང་ཕྱེད་ལ་བདག་ཅག་ལ་ཡང་ཕྱེད་ཡིན་ནོ། །རྗེའི་སྲས་འདི་ནི་མི་གཅིག་པ་ལགས་ན། ཇི་ལྟར་འདི་ལ་ཡང་ཕྱེད་ལ་བདག་ཅག་མང་པོ་ལ་ཡང་ཕྱེད་ལགས། བཟང་མོ་འདི་ནི་འཇིག་རྟེན་གྱི་ཆོས་ཡིན་ནོ། །རྗེའི་སྲས་གལ་ཏེ་དེ་ལྟ་ན་འདི་ཁུམས་ཤིག །བཟང་མོ་ནོར་གྱི་ཕྱིར་ནུ་བོ་བསད་དུ་ག་ལ་རུང་། དེས་དེ་ལ་ཡང་དང་ཡང་དུ་སྨྲས་པ་དང་འདོད་པ་ལ་བསྟན་པས་ནི་སྡིག་པའི་ལས་མི་བྱ་བ་ཅི་ཡང་མེད་པས་དེས་ཁས་བླངས་སོ། །དེས་བསམས་པ། གལ་ཏེ་གྲོང་དུ་གསད་ན་ནི་སྐྱེ་བོ་མང་པོས་ཚོར་བར་འགྱུར་གྱིས། དགོན་པར་གསད་བར་བྱའོ་སྙམ་ནས་དེས་དེ་བོས་ཏེ་སྨྲས་པ། ནུ་བོ་མེ་ཏོག་དང་ཡམ་སྲེག་ཤིང་གི་ཕྱིར་དགོན་པར་འདོང་ངོ་། །དེ་དེ་དང་ལྷན་ཅིག་དགོན་པར་དོང་བ་ལས་དེ་ནས་དེས་རི་ཕུག་ཏུ་རྡོས་བསྣུན་ཏེ་བསད་དོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་གང་གིས་ཁྱིམ་བདག་གི་བུ་ཡིས་ཁྱིམ་གྱི་ནུ་བོ་དེ་དགོན་པར་རྡོས་གསོད་པ་དེ་ནི་ང་ཉིད་ཡིན་ཏེ། ང་ཡིས་ཁྱིམ་གྱི་ནུ་བོ་ནོར་གྱི་ཕྱིར་དགོན་པར་རྡོས་བསྣུན་ཏེ་བསད་པ་གང་ཡིན་པ་དེའི་ལས་ཀྱི་རྣམ་པར་སྨིན་པས་ང་ལོ་མང་པོ་དང་། ལོ་བརྒྱ་ཕྲག་མང་པོ་དང་། ལོ་སྟོང་


DKG002_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲག་མང་པོ་དང་། ལོ་བརྒྱ་སྟོང་ཕྲག་མང་པོར་སེམས་ཅན་དམྱལ་བ་རྣམས་སུ་བཙོས་སོ། །ལས་དེ་ཁོ་ནའི་ལྷག་མས་དེ་བཞིན་གཤེགས་པ་ང་མངོན་པར་རྫོགས་པར་བྱང་ཆུབ་ན་ཡང་ཞབས་ཀྱི་མཐེ་བོ་རྡོའི་དུམ་བུས་རྨ་བྱུང་བར་གྱུར་ཏོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་ཕྲིན་ལས་ཅི་ཞིག་མཛད་ན་ཕྲིན་ལས་དེའི་རྣམ་པར་སྨིན་པས། བཅོམ་ལྡན་འདས་ཀྱི་ཞབས་ལ་སེང་ལྡེང་གི་ཚལ་པ་ཟུག་པར་གྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དེ་བཞིན་གཤེགས་པ་ཉིད་ཀྱིས་སྔོན་གྱི་ཚེ་རབས་གཞན་རྣམས་སུ་ལས་རྣམས་བྱས་ཤིང་བསགས་པ་ཚོགས་རྙེད་པ་ཞེས་བྱ་བ་ནས། འབྲས་བུ་དག་ཏུ་འགྱུར་བ་ཉིད་ཅེས་བྱ་བའི་བར་གོང་མ་བཞིན་ནོ། །དགེ་སློང་དག་སྔོན་བྱུང་བ་གནས་ཤིག་ན་དེད་དཔོན་གཉིས་ཤིག་གནས་པ་ལས། དེ་གཉིས་ཀྱིས་གྲུ་པོ་ཆེ་ལེགས་པར་བསྒྲུབས་ནས་ནོར་བསྒྲུབ་པའི་ཕྱིར་རྒྱ་མཚོ་ཆེན་པོར་ཞུགས་པ་དང་རྗེས་སུ་མཐུན་པའི་རླུང་གིས་རིན་པོ་ཆེའི་གླིང་དུ་ཕྱིན་ཏོ། །དེ་ན་གཅིག་གིས་ནི་བག་ཡོད་པར་རིན་པོ་ཆེ་རྣམས་ཀྱིས་གྲུ་བཀང་ངོ་། །ཅིག་ཤོས་ཀྱིས་ནི་བག་མེད་པར་རོ། །དེ་གཉིས་ཆས་པ་ལས་ཇི་ཙམ་ན་དེའི་གྲུ་བག་མེད་པར་བཀང་བ་དེ་བྱིང་བར་གྱུར་ཏོ། །གྲུ་བྱིང་བ་དེས་སྨྲས་པ། བདག་འོ་ནིར་ཆུག་ཤིག །དེས་དེ་སྲང་ལ་བཅལ་ཏེ་རིན་པོ་ཆེ་ལས་བོར་ནས་གྲུ་བོ་ཆེར་བཅུག་གོ །དེ་དེར་ཞུགས་ནས་བསམས་པ། འདི་ནི་དོན་གྲུབ་པས་འགྲོ་ལ་བདག་ནི་དོན་མེད་པ་འདི་ལྟ་མི་སྲིད་ཀྱིས་འདིའི་གྲུ་དབུག་པར་བྱའོ་སྙམ་ནས། དེས་དབེན་པར་དལ་བུས་དབུག་པར་བརྩམས་པ་ལས་དེད་དཔོན་དེས་རིག་ནས་སྨྲས་པ། དེད་དཔོན་གྲུ་མ་དབུག་ཞིག་ཐམས་ཅད་ཚུལ་མ་ཡིན་པས་སྡུག་བསྔལ་བར་གྱུར་ཏ་རེ། ཕྲག་དོག་ལ་མངོན་པར་ཞེན་པའི་བློ་ཅན་དེ་སླར་བཟློག་ཀྱང་མ་བཏུབ་ནས། དེ་ནས་དེས་མདུང་ཐུང་གིས་བསད་དོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་དེད་དཔོན་གང་གིས་དེད་དཔོན་གསོད་པ་དེ་ནི་ང་ཉིད་ཡིན་ཏེ། ངས་དེད་དཔོན་མདུང་ཐུང་གིས་བསད་པ་གང་ཡིན་པ་དེའི་ལས་ཀྱི་རྣམ་པར་སྨིན་པས་ང་ལོ་མང་པོ་དང་། ལོ་བརྒྱ་ཕྲག་མང་པོ་དང་། ལོ་སྟོང་ཕྲག་མང་པོ་དང་། ལོ་བརྒྱ་སྟོང་ཕྲག་མང་


DKG002_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

པོར་སེམས་ཅན་དམྱལ་བ་རྣམས་སུ་བཙོས་སོ། །ལས་དེའི་ལྷག་མ་ཁོ་ནས་དེ་བཞིན་གཤེགས་པ་མངོན་པར་རྫོགས་པར་བྱང་ཆུབ་ན་ཡང་ཞབས་ལ་སེང་ལྡིང་གི་ཚལ་པས་ཟུག་པར་གྱུར་ཏོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་ཕྲིན་ལས་ཅི་ཞིག་མཛད་ན་ཕྲིན་ལས་དེའི་རྣམ་པར་སྨིན་པས་ཡུལ་ས་ལར་ཇི་ལྟར་ལྷུང་བཟེད་བཀྲུས་པས་ཞུགས་པའི་ལྷུང་བཟེད་བཀྲུས་པ་དེ་ཁོ་ན་བཞིན་དུ་ཕྱིར་གཤེགས་ཏེ་བསོད་སྙོམས་གཅིག་ཀྱང་མ་བརྙེས་པར་གྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དེ་བཞིན་གཤེགས་པ་ཉིད་ཀྱིས་སྔོན་གྱི་ཚེ་རབས་གཞན་རྣམས་སུ་ལས་རྣམས་བྱས་ཤིང་བསགས་པ་ཚོགས་རྙེད་པ་ཞེས་བྱ་བ་ནས་འབྲས་བུ་དག་ཏུ་འགྱུར་བ་ཉིད་ཅེས་བྱ་བའི་བར་གོང་མ་བཞིན་ནོ། །དགེ་སློང་དག་སྔོན་བྱུང་བ་བཱ་རཱ་ཎ་སཱིའི་གྲོང་ཁྱེར་ན་བྲམ་ཟེའི་ཁྱེའུ་ཞིག་གནས་སོ། །སངས་རྒྱས་རྣམས་འབྱུང་བ་མེད་པ་ན་འཇིག་རྟེན་དུ་རང་སངས་རྒྱས་དམན་པ་དང་། ངན་པ་ལ་སྙིང་བརྩེ་བ་ཅན། བས་མཐའི་གནས་མལ་ལ་དགའ་བ། འཇིག་རྟེན་གྱི་ཡོན་གནས་གཅིག་པུ་དག་འབྱུང་བར་འགྱུར་རོ། །དེའི་ཚེ་རང་སངས་རྒྱས་ཉོན་མོངས་འཇོམས་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ནས། དེ་བཱ་རཱ་ཎ་སཱིའི་གྲོང་ཁྱེར་ན་དྲང་སྲོང་སྨྲ་བ་རི་དགས་ཀྱི་ནགས་ན་ཉེ་བར་རྟེན་ཅིང་གནས་སོ། །དེ་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་བཱ་རཱ་ཎ་སཱིར་བསོད་སྙོམས་ལ་ཞུགས་སོ། །བྲམ་ཟེའི་ཁྱེའུ་ཞིག་ཀྱང་ཟས་ཀྱི་ཕྱིར་བསོད་སྙོམས་ལ་ཁྱིམ་ཞིག་ཏུ་ཞུགས་པ་ལས་དེས་ཟས་མ་ཐོབ་ནས་དེ་ཕྱིར་བྱུང་ངོ་། །རང་སངས་རྒྱས་ཉོན་མོངས་མེད་ཀྱིས་ཁྱིམ་དེར་བསོད་སྙོམས་ལ་ཞུགས་སོ། །བྲམ་ཟེའི་ཁྱེའུ་དེས་དེ་ཞུགས་པ་མཐོང་ནས་དེས་བསམས་པ། རབ་ཏུ་བྱུང་བ་དེ་ཅི་དག་བྱེད་པ་བལྟའོ་སྙམ་ནས་དེ་སླར་ལོག་སྟེ་དེའི་ཕྱི་བཞིན་དུ་འབྲང་ཞིང་སྒོ་ཕག་ཏུ་བསྡད་པ་ལས། ཇི་ཙམ་ན་ཁྱིམ་བདག་གི་ཆུང་མས་རང་སངས་རྒྱས་དེ་ལུས་མཛེས་ཤིང་སེམས་དང་བ་མཐོང་ནས། དེ་ནས་དེ་དད་པ་སྐྱེས་ཏེ་དེའི་ལྷུང་བཟེད་གཙང་ཞིང་བསོད་པའི་བཟའ་བ་དང་བཅའ་བས་བཀང་ངོ་། །དེས་དེ་ཐོགས་ཏེ་ཕྱིར་བྱུང་བ་བྲམ་ཟེའི་ཁྱེའུ་དེས་མཐོང་ནས་སྨྲས་པ། ཀྱེ་རབ་ཏུ་བྱུང་བ་རེ་


DKG002_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་ཁྱོད་ཀྱིས་བསོད་སྙོམས་ཅི་འདྲ་བ་ཞིག་གྲུབ་པ་ལྟའོ། །དེ་མ་བསམས་པར་ཡེ་ཤེས་མཐོང་བ་མི་འཇུག་པས་དེས་བསྟན་ཏོ། །དེ་ནས་ཕྲག་དོག་ལ་མངོན་པར་ཞེན་པའི་བློ་ཅན་དེས་དེའི་ལག་པར་ཐལ་མོས་བསྣུན་པ་དང་ལྷུང་བཟེད་ལྷུང་བས་ཁ་ཟས་རྣམས་ས་ལ་བོ་བ་དང་བྲམ་ཟེའི་ཁྱེའུ་དེས་རྡོག་པས་བརྫིས་སོ། །རང་སངས་རྒྱས་དེས་དེ་ལ་སྨྲས་པ། བཞིན་བཟངས་ཁྱོད་ཀྱིས་ཅིའི་ཕྱིར་ཁ་ཟས་རྣམས་ཆུད་གཟན། ཅི་སྟེ་ཁྱོད་སློང་བར་གྱུར་ན་ངས་བྱིན་པར་འགྱུར་བ་ཞིག །དེས་རང་སངས་རྒྱས་དེ་ལ་སྨད་པ་མང་དུ་བྱས་ནས། སླར་ལོག་པ་དང་དྲང་སྲོང་སྨྲ་བ་རི་དགས་ཀྱི་ནགས་སུ་སོང་ནས་འདུག་གོ །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་བྲམ་ཟེ་གང་ཡིན་པ་དེ་ནི་ང་ཉིད་ཡིན་ཏེ། ཕྲག་དོག་ལ་མངོན་པར་ཞེན་པའི་བློ་ཅན་ངས་རང་སངས་རྒྱས་ཀྱི་ཟས་བཅད་པ་བྱས་པ་གང་ཡིན་པ་དེའི་ལས་ཀྱི་རྣམ་པར་སྨིན་པས་ལོ་མང་པོ་ཞེས་བྱ་བ་ནས། སེམས་ཅན་དམྱལ་བ་རྣམས་སུ་བཙོས་སོ་ཞེས་བྱ་བའི་བར་གོང་མ་བཞིན་ནོ། །ལས་ཀྱི་ལྷག་མ་དེ་ཁོ་ནས་ད་ལྟར་ང་མངོན་པར་རྫོགས་པར་བྱང་ཆུབ་ན་ཡང་ཡུལ་ས་ལར་ཟན་གཅད་པ་བྱས་སོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་ཕྲིན་ལས་ཅི་ཞིག་མཛད་ན། ཕྲིན་ལས་དེའི་རྣམ་པར་སྨིན་པས་ཀུན་ཏུ་རྒྱུ་མོ་མཛེས་མས་ཡང་དག་པ་མ་ལགས་པས་སྐུར་པ་བཏབ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དེ་བཞིན་གཤེགས་པ་ཉིད་ཀྱིས་སྔོན་གྱི་ཚེ་རབས་གཞན་རྣམས་སུ་ལས་རྣམས་བྱས་ཤིང་བསགས་པ་ཚོགས་རྙེད་པ་ཞེས་བྱ་བ་ནས། འབྲས་བུ་དག་ཏུ་འགྱུར་བ་ཉིད་ཅེས་བྱ་བའི་བར་གོང་མ་བཞིན་ནོ། །དགེ་སློང་དག་སྔོན་བྱུང་བ་སྐྱེ་དགུ་རྣམས་ཀྱི་ཚེ་ལོ་བརྒྱད་ཁྲི་ཐུབ་པ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ཞེས་བྱ་བའི་བར་དུ་སྟེ། སངས་རྒྱས་བཅོམ་ལྡན་འདས་དེའི་གསུང་རབ་ལ་སྤུན་གཉིས་ཤིག་རབ་ཏུ་བྱུང་བར་གྱུར་ཏེ། གནས་འཇོག་དང་། བྷ་ར་དྭ་ཛ་ཞེས་བྱའོ། །དེ་ནས་གནས་འཇོག་གིས་ནི་བརྩོན་པ་དང་། འབད་པ་དང་། བརྩལ་བ་བྱས་པས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་


DKG002_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །བྷ་ར་དྭ་ཛས་ཀྱང་བཀླགས་ཤིང་བཏོན་པས་སྡེ་སྣོད་གསུམ་ལ་བྱང་བར་གྱུར་ཏེ། སྡེ་སྣོད་གསུམ་གྱི་ཆོས་ཀྱི་གཏམ་ལ་རིགས་པ་དང་གྲོལ་བའི་སྤོབས་པ་དང་ལྡན་པར་གྱུར་ཏོ། །དེས་ཇི་ཙམ་ན་ཁྱིམ་བདག་གཅིག་ལ་བསྐུལ་ནས། དེས་དེའི་ཆེད་དུ་གཙུག་ལག་ཁང་ཡོ་བྱད་ཐམས་ཅད་དང་ལྡན་པ་ཞིག་རྩིག་ཏུ་བཅུག་གོ །དེ་ནས་དེས་ཕུ་པོ་གནས་འཇོག་ལ་སྤྲིང་བ། ལྷན་ཅིག་འཁོད་ཀྱིས་ཤོག་ཤིག །དེས་ཐོས་ནས་འོངས་སོ། །དེ་ནས་ཁྱིམ་བདག་དེས་སྤྱོད་ལམ་ཞི་བ། ལུས་མཛེས་པ། སེམས་དང་བ་དེ་མཐོང་ངོ་། །དེ་མཐོང་ནས་མངོན་པར་དད་པར་གྱུར་ཏེ། དེ་དད་པ་སྐྱེས་ནས་ཁ་ཟས་བསོད་པས་ཚིམ་པར་བྱས་ཏེ་ཆེན་པོ་ལ་འོས་པའི་རས་ཟུང་གཅིག་བསྐོན་ཏོ། །དེ་ནས་བྷ་ར་དྭ་ཛ་ཕྲག་དོག་སྐྱེས་ནས་བདག་ནི་འདིའི་ཐམས་ཅད་ལ་སྔོན་དུ་འགྲོ་བ་ཡིན་ན། བདག་ལ་ནི་འདིས་ལན་འགའ་ཡང་རས་མ་བྱིན། འདི་ནི་འོངས་ནས་རིང་པོར་མ་ལོན་པ་ཁོ་ནར་རས་ཟུང་བསྐོན་ནོ་སྙམ་ནས། དེ་ཕུ་བོ་གནས་འཇོག་ལ་ཉེས་པའི་གླགས་ཚོལ་བར་གྱུར་ཏོ། །དེས་དེ་ཚོར་ནས་བསམས་པ། འདི་ནི་ཕྲག་དོག་གི་རང་བཞིན་ཅན་ཡིན་པས་གལ་ཏེ། བདག་གིས་འདི་ལ་རས་ཟུང་འདི་མ་བྱིན་པར་གྱུར་ན་ལྷག་པར་ཡང་མི་དགའ་བ་མྱོང་བར་འགྱུར་རོ་སྙམ་ནས། དེས་དེ་ལ་བྱིན་ན་འོན་ཀྱང་དེ་ཉེས་པའི་གླགས་ཚོལ་བ་ལྷུར་ལེན་ཅིང་འདུག་གོ །ཁྱིམ་བདག་དེའི་མངག་གཞུག་མ་བུ་མོ་ཞིག་གཙུག་ལག་ཁང་དེར་སོང་ཞིང་བྱི་དོར་གྱི་ལས་བྱེད་དོ། །བྷར་དྭ་ཛས་དེ་ལ་སྨྲས་པ། བུ་མོ་ཁོ་བོས་རས་ཟུང་འདི་ཁྱོད་ལ་སྦྱིན་གྱིས། ཁྱོད་ཀྱིས་ཁོ་བོའ་ཚིག་བཞིན་བྱོས་ཤིག །དེས་སྨྲས་པ། འཕགས་པ་བདག་གིས་ཅི་ཞིག་བགྱི། ཁྱོད་ཁོ་བོའ་རས་ཟུང་འདི་གྱོན་ལ་ཁྱིམ་གྱི་བྱི་དོར་གྱི་ལས་བྱོས་ཤིག །གལ་ཏེ་ཁྱིམ་བདག་གིས་ཁྱོད་ཀྱི་རས་ཟུང་འདི་ག་ལས་འོངས་ཞེས་འདྲི་དང་། འཕགས་པ་གནས་འཇོག་གིས་བདག་ལ་སྩལ་ཏོ་ཞེས་སྨྲོས་ཤིག །གལ་ཏེ་ཅིའི་ཕྱིར་འདྲི་དང་། དཔོན་པོ་སྐྱེས་པ་རྣམས་ཀྱིས་བུད་མེད་རྣམས་ལ་ཅིའི་སླད་དུ་སྩོལ་


DKG002_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

བ་དེ་ཡང་འདྲི་འམ་ཞེས་སྨྲོས་ཤིག །1 དེ་ནས་དེས་ཇི་སྐད་བསྒོ་བ་བཞིན་དུ་ཐམས་ཅད་བྱས་པ་དང་། དེ་ནས་ཁྱིམ་བདག་དེས་གནས་འཇོག་ལམ་དད་པ་བསྐྱེད་པ་དང་བདག་ཉིད་ཆེན་པོ་དེ་དག་ནི་བཀུར་སྟི་མ་ཡིན་པས་སྐྲག་པས་དེ་ལངས་ཏེ་སོང་ངོ་། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་བྷ་ར་དྭ་ཛ་གང་ཡིན་པ་དེ་ནི་ང་ཉིད་ཡིན་ཏེ། ངས་དེ་ན་དགྲ་བཅོམ་པ་ལ་ཡང་དག་པ་མ་ཡིན་པས་སྐུར་པ་བཏབ་པ་གང་ཡིན་པ་དེའི་ལས་ཀྱི་རྣམ་པར་སྨིན་པས་ལོ་མང་པོ་དང་ཞེས་བྱ་བ་ནས། སེམས་ཅན་དམྱལ་བ་རྣམས་སུ་བཙོས་སོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །ད་ལྟར་ང་མངོན་པར་རྫོགས་པར་བྱང་ཆུབ་པ་ན་ཡང་ཀུན་ཏུ་རྒྱུ་མོ་མཛེས་མས་ཡང་དག་པ་མ་ཡིན་པར་སྐུར་པ་བཏབ་བོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་ཕྲིན་ལས་ཅི་ཞིག་མཛད་ན་ཕྲིན་ལས་དེའི་རྣམ་པར་སྨིན་པས་བྲམ་ཟེའི་བུ་མོ་རྩྭ་མིས་ཡང་དག་པ་མ་ལགས་པས་སྐུར་པ་བཏབ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དེ་བཞིན་གཤེགས་པ་ཉིད་ཀྱིས་སྔོན་གྱི་ཚེ་རབས་གཞན་རྣམས་སུ་ལས་རྣམས་བྱས་ཤིང་བསགས་པ་ཐུན་མོང་དང་། ཐུན་མོང་མ་ཡིན་པ། ཚོགས་རྙེད་པ་ཞེས་བྱ་བ་ནས། འབྲས་བུ་དག་ཏུ་འགྱུར་བ་ཉིད་ཅེས་བྱ་བའི་བར་གོང་མ་བཞིན་ནོ། །ཐུན་མོང་གང་ཞེ་ན། དགེ་སློང་དག་སྔོན་བྱུང་བཱ་རཱ་ཎ་སཱི་ན་བྲམ་ཟེ་རིག་བྱེད་དང་། རིག་བྱེད་ཀྱི་ཡན་ལག་གི་ཕ་རོལ་ཏུ་ཕྱིན་པ་ཞིག་བྲམ་ཟེའི་ཁྱེའུ་ལྔ་བརྒྱ་ལ་བྲམ་ཟེ་རྣམས་ཀྱི་གསང་ཚིག་སྟོན་ཏེ། དེ་བཱ་རཱ་ཎ་སཱི་ན་གནས་པའི་སྐྱེ་བོའ་ཚོགས་ཀྱིས་ལྷག་པར་བཀུར་སྟི་བྱས། བླ་མར་བྱས། རྗེད་ཅིང་མཆོད་དེ་དགྲ་བཅོམ་པར་བཀུར་རོ། །ཇི་ཙམ་ན་དྲང་སྲོང་མངོན་པར་ཤེས་པ་ལྔ་དང་ལྡན་པ་ཞིག་ལྗོངས་རྒྱུ་ཞིང་སོང་བ་ལས་བཱ་རཱ་ཎ་སཱིར་ཕྱིན་པ་དང་། བཱ་རཱ་ཎ་སཱི་ན་གནས་པའི་སྐྱེ་བོའ་ཚོགས་ཀྱིས་ལུས་མཛེས་པ་དང་སེམས་དང་བ་མཐོང་ངོ་། །མཐོང་ནས་ཀྱང་སྐྱེ་བོའ་ཚོགས་ཐམས་ཅད་མངོན་པར་དད་པར་གྱུར་ཏེ། གང་གི་སྦྱིན་པའམ། བྱ་བའམ། འཇིག་རྟེན་ཕ་རོལ་གྱི་ཆེད་ཡོད་པ་གང་ཡིན་པ་དེ་དེ་ལ་བྱེད་


DKG002_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །དེ་ནས་བྲམ་ཟེ་དེའི་རྙེད་པ་དང་བཀུར་སྟི་ནུབ་པར་གྱུར་ནས། དྲང་སྲོང་དེ་ལ་ཕྲག་དོག་སྐྱེས་ནས་ཕྲག་དོག་ལ་མངོན་པར་ཞེན་པའི་བློས་བྲམ་ཟེའི་ཁྱེའུ་རྣམས་ལ་སྨྲས་པ། བྲམ་ཟེའི་ཁྱེའུ་དག་འདི་ནི་དྲང་སྲོང་མ་ཡིན་ཏེ། འོན་ཀྱང་འདི་ནི་འདོད་པ་ལ་ལོངས་སྤྱོད་པ་ཡིན་ནོ། །དེ་རྣམས་ཀྱིས་སྨྲས་པ། མཁན་པོ་དེ་དེ་བཞིན་ཏེ། འདི་ནི་འདོད་པ་ལ་ལོངས་སྤྱོད་པ་ལགས་ཀྱིས་འདི་ནི་དྲང་སྲོང་མ་ལགས་སོ། །དེ་ནས་དེ་རྣམས་ཀྱིས་ལམ་པོ་ཆེ་དང་། ཚོང་འདུས་དང་། བཞི་མདོ་དང་། སུམ་མདོ་རྣམས་སུ་བྲམ་ཟེ་དང་ཁྱིམ་བདག་གི་ཁྱིམ་རྣམས་སུ་སྨྲས་པ། འདི་ནི་དྲང་སྲོང་མ་ཡིན་ཏེ། འོན་ཀྱང་འདོད་པ་ལ་ལོངས་སྤྱོད་པ་ཡིན་ནོ། །སྐྱེ་བོའ་ཚོགས་ཆེན་པོས་ཐོས་ནས་མ་དད་པ་བསྐྱེད་པ་དང་། དེ་བཀུར་སྟི་མ་ཡིན་པས་སྐྲག་ནས་བཱ་རཱ་ཎ་སཱིར་སོང་ངོ་། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་བྲམ་ཟེ་གང་ཡིན་པ་དེ་ནི་ང་ཉིད་ཡིན་ནོ། །བྲམ་ཟེའི་ཁྱེའུ་ལྔ་བརྒྱ་པོ་གང་ཡིན་པ་དེ་དག་ནི་དགེ་སློང་ལྔ་བརྒྱ་པོ་འདི་དག་ཡིན་ནོ། །ངས་དྲང་སྲོང་ལ་ཡང་དག་པ་མ་ཡིན་པས་སྐུར་པ་བཏབ་པ་གང་ཡིན་པ་དེའི་ལས་ཀྱི་རྣམ་པར་སྨིན་པ་ཞེས་བྱ་བ་ནས། སེམས་ཅན་དམྱལ་བ་རྣམས་སུ་བཙོས་སོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །ལས་ཀྱི་ལྷག་མ་དེ་ཁོ་ནས་ད་ལྟར་མངོན་པར་རྫོགས་པར་བྱང་ཆུབ་ན་ཡང་དགེ་སློང་ལྔ་བརྒྱ་དང་། ཐབས་ཅིག་ལ་བྲམ་ཟེའི་བུ་མོ་རྩྭ་མིས་ཡང་དག་པ་མ་ཡིན་པས་སྐུར་པ་བཏབ་སྟེ། དེ་ནི་ཐུན་མོང་ཞེས་བྱའོ།། །།ཞྭ་དམར་ཅོད་པན་འཛིན་པ་བཞི་པ་སྤྱན་སྔ་ཐམས་ཅད་མཁྱེན་པའི་སྤྱན་སྔར་གཏུགས་ཏེ། དགེ་བའི་བཤེས་གཉེན་སྟོད་ལུང་པ་ཆེན་པོའ་ཐུགས་དམ་དང་བསྟུན་ནས་དག་པར་བྱས་པའོ།། །།མངྒ་ལཾ།། །


previousཤཱ་རིའི་བུ་དང་མོའུ་གལ་གྱི་བུའི་ལེའུ།no next