Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བརྒྱད་པ། གཞི་མེད་པར་སྐུར་བ་འདེབས་པའི་དགེ་འདུན་ལྷག་མ་བཤད་པ།
   
   


 
previousབརྒྱད་པ། གཞི་མེད་པར་སྐུར་བ་འདེབས་པའི་དགེ་འདུན་ལྷག་མ་བཤད་པ།next

བརྒྱད་པ། གཞི་མེད་པར་སྐུར་བ་འདེབས་པའི་དགེ་འདུན་ལྷག་མ་བཤད་པ།


DKG005_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

འདུལ་བ་རྣམ་པར་འབྱེད་པ། བམ་པོ་བཅུ་དགུ་པ། སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་བྱ་ཀ་ལན་ད་ཀའི་གནས་ན་བཞུགས་སོ། །དེའི་ཚེ་ན་སྡིག་བྱུང་ན་གྱད་ཀྱི་སྣ་ཆེན་པོ་ལ་གཏོགས་པ་རྒྱལ་སྡེ་ཞེས་བྱ་བ་ནོར་མང་བ་ལོངས་སྤྱོད་ཆེ་བ་ཡོངས་སུ་གཟུང་བ་ཡངས་ཤིང་རྒྱ་ཆེ་བ་རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུ་ལ་ནོར་གྱིས་འགྲན་པ། གྱད་རྣམས་ལ་ཅོད་པན་མེད་པའི་རྒྱལ་སྲིད་བྱེད་དུ་འཇུད་པ་ཞིག་འདུག་སྟེ། དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་རྩེ་བར་བྱེད་དགའ་བར་བྱེད་དགའ་མགུར་སྤྱོད་པར་བྱེད་དོ། །རྩེ་བར་བྱེད་དགའ་བར་བྱེད་དགའ་མགུར་སྤྱོད་པར་བྱེད་པ་དེ་ལ་བུ་ཡང་མེད་བུ་མོ་ཡང་མེད་ནས། དེས་བུ་མེད་ཅིང་བུ་མངོན་པར་འདོད་པས་ཞི་བ་དང་། ཆུ་ལྷ་དང་ལུས་ངན་དང་བརྒྱ་བྱིན་དང་ཚངས་པ་ལ་སོགས་པ་དག་ལ་གསོལ་བ་འདེབས་ཤིང་ལྷའི་བྱེ་བྲག་གཞན་འདི་ལྟ་སྟེ། ཀུན་དགའ་ར་བའི་ལྷ་དག་དང་ཚལ་གྱི་ལྷ་དག་དང་། བཞི་མདོའི་ལྷ་དག་དང་། སུམ་མདོའི་ལྷ་དག་དང་གཏོར་མ་ལེན་པའི་ལྷ་དག་དང་། ལྷན་ཅིག་སྐྱེས་པའི་ལྷ་དག་དང་། ཆོས་མཐུན་པ་དག་དང་རྗེས་སུ་འབྲང་བའི་ལྷ་དག་ལ་ཡང་གསོལ་བ་འདེབས་སོ། །འཇིག་རྟེན་ན་གང་གསོལ་བ་འདེབས་པའི་རྒྱུ་ལས་བུ་དང་བུ་མོ་དག་སྐྱེའོ་ཞེས་བྱ་བའི་གཏམ་དེ་


DKG005_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུ་ཡོད་དེ། དེ་ནི་དེ་ལྟ་བུ་མ་ཡིན་ཏེ། གལ་ཏེ་དེ་ལྟར་གྱུར་དུ་ཟིན་ན་རེ་རེ་ལ་ཡང་འདི་ལྟ་སྟེ། དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་བཞིན་དུ་བུ་སྟོང་ཡོད་པར་འགྱུར་རོ། །འདི་ལྟར་གནས་གསུམ་པོ་དག་མངོན་དུ་གྱུར་པ་ལས་བུ་དང་བུ་མོ་དག་སྐྱེ་བར་འགྱུར་ཏེ། གསུམ་པོ་དེ་དག་གང་ཞེ་ན། ཕ་དང་མ་གཉིས་ཆགས་པར་གྱུར་ཅིང་འདུས་པ་དང་། མ་དུས་ལ་བབ་ཅིང་ཟླ་མཚན་དང་ལྡན་པ་དང་། དྲི་ཟ་ཉེ་བར་གནས་ཤིང་འཇུག་འདོད་པ་སྟེ། གནས་གསུམ་པ་དེ་དག་མངོན་དུ་གྱུར་པ་ལས་བུ་དང་བུ་མོ་དག་སྐྱེ་བར་འགྱུར་རོ། །དེ་དེ་ལྟར་གསོལ་བ་འདེབས་པ་ལྷུར་ལེན་ཅིང་འདུག་པ་ན། སེམས་ཅན་སྲིད་པ་ཐ་མ་པ་སྤྱོད་པ་ཚོལ་བ་ཐར་པའི་སྙིང་པོ་བཟུང་བ་མྱ་ངན་ལས་འདས་པ་ལ་ཕྱོགས་པ་འཁོར་བ་ལས་ཕྱིར་ཕྱོགས་པ་སྲིད་པའི་འགྲོ་བ་ཐམས་ཅད་དུ་འཆི་འཕོ་བ་དང་། སྐྱེ་བ་དོན་དུ་མི་གཉེར་བ་ལུས་ཐ་མ་འཛིན་པ་ཞིག་ཀྱང་ལྷའི་རིགས་བཟང་པོ་ཞིག་ནས་ཤི་འཕོས་ཏེ། དེའི་སྐྱེ་དགུའི་བདག་མོའི་མངལ་དུ་ཞུགས་སོ། །བུད་མེད་ཀྱི་ཡུལ་མཁས་པའི་རང་བཞིན་ཅན་ལ་ལ་ལ་མ་འདྲེས་པའི་ཆོས་ལྔ་ཡོད་དེ། ལྔ་གང་ཞེ་ན། སྐྱེས་པ་ཆགས་པར་གྱུར་པ་ཤེས་ཤིང་ཆགས་པ་དང་བྲལ་བ་ཤེས་པ་དང་། དུས་ཤེས་ཤིང་ཟླ་མཚན་ཤེས་པ་དང་། མངལ་ན་གནས་པ་ཞུགས་པ་ཤེས་པ་དང་། གང་ལས་མངལ་ན་གནས་པ་ཞུགས་པ་དེ་ཤེས་པ་དང་། ཁྱེའུ་ཤེས་ཤིང་བུ་མོ་ཤེས་པ་སྟེ། གལ་ཏེ་ཁྱེའུ་ཡིན་ན་དཀུ་གཡས་པར་རྟེན་ཅིང་འདུག་ལ། གལ་ཏེ་བུ་མོ་ཡིན་ན་དཀུ་གཡོན་པར་རྟེན་ཅིང་འདུག་པའོ། །དེ་ཡིད་དགའ་ཞིང་ཡིད་དགའ་ནས་ཁྱིམ་ཐབ་ལ་སྨྲས་པ། རྗེའི་སྲས་བདག་ལ་སེམས་ཅན་ཞུགས་པར་གྱུར་པ་ནི་འདི་ལྟར་བདག་གི་དཀུ་གཡས་པར་རྟེན་ཅིང་མཆིས་པས་ངེས་པར་ཁྱེའུར་འགྱུར་གྱིས་དགྱེས་པ་བསྐྱེད་དུ་གསོལ། དེ་ཡིད་དགའ་ཞིང་ཡིད་དགའ་ནས་རོ་སྟོད་བསྲང་སྟེ། ལག་པ་གཡས་པ་བརྐྱང་ནས་འདི་སྐད་ཅེས་ཁོ་བོ་ཡུན་རིང་པོ་ནས་མངོན་པར་འདོད་པས་བུའི་ངོ་མཐོང་བ་དང་། ཁོ་བོ་དང་མཐུན་པར་སྐྱེ་ཞིང་མི་མཐུན་པར་མི་སྐྱེ་བ་དང་། ཁོ་བོའི་བྱ་བ་དག་བྱེད་པ་དང་། གསོས་པས་ཕྱིར་གསོ་བ་དང་། བགོ་སྐལ་ལ་སྤྱོད་པ་དང་། ཁོ་བོའི་རིགས་རྒྱུད་ཡུན་རིང་དུ་གནས་པར་འགྱུར་བ་དང་བདག་


DKG005_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

ཅག་ཤི་ཞིང་དུས་ལ་བབ་པ་དག་ལ་ཉུང་དུའམ་མང་པོ་ཡང་རུང་བའི་སྦྱིན་པ་དག་བྱིན་ཞིང་བསོད་ནམས་དག་བྱས་ནས། འདི་དེ་གཉིས་གང་དུ་སྐྱེས་པ་དེར་འགྲོ་ཞིང་རྗེས་སུ་འགྲོ་བར་གྱུར་ཅིག་ཅེས་མིང་གིས་ཡོན་བཤད་པ་བྱེད་པར་གྱུར་ཅིག་ཅེས་ཆེད་དུ་བརྗོད་པ་ཆེད་དུ་རྗོད་པར་བྱེད་དོ། །དེ་ལ་སེམས་ཅན་ཞུགས་པར་རིག་ནས། འདི་ལྟ་སྟེ་མངལ་ན་གནས་པ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སྟེང་གི་ཁང་བཟང་གི་གཞིར་གྲང་བ་ན་གྲང་བའི་ཡོ་བྱད་དག་དང་། དྲོ་བ་ན་དྲོ་བའི་ཡོ་བྱད་དག་དང་། སྨན་པས་བཅས་པའི་ཟས་ཧ་ཅང་མི་ཁ་བ་དང་། ཧ་ཅང་མི་སྐྱུར་བ་དང་། ཧ་ཅང་ལན་ཚྭ་མི་ཆེ་བ་དང་། ཧ་ཅང་མི་མངར་བ་དང་། ཧ་ཅང་མི་ཚ་བ་དང་། ཧ་ཅང་མི་བསྐ་བ་དང་། ཁ་བ་དང་སྐྱུར་བ་དང་། ལན་ཚྭ་ཆེ་བ་དང་མངར་བ་དང་ཚ་བ་དང་། བསྐ་བ་རྣམ་པར་སྤངས་པའི་ཟས་དག་དང་། དོ་ཤལ་དང་སེ་མོ་དོ་དང་། རྒྱན་གྱིས་ཀླུབས་པའི་ལུས་ལ་ལྷའི་བུ་མོ་དགའ་བའི་ཚལ་ན་རྣམ་པར་སྤྱོད་པ་ལྟ་བུ་དང་། ཁྲི་ནས་ཁྲིར་དང་། ཁྲིའུ་ནས་ཁྲིའུར་དང་། ཤོད་ཀྱིས་གཞིར་མི་འབབ་པ་དང་། དེ་སྒྲ་ཡིད་དུ་མི་འོང་བ་ཅུང་ཟད་ཀྱང་མི་ཐོས་པར་གནོད་པ་མེད་པ་ཉིད་དུ་རིམ་གྲོ་བྱེད་དུ་འཇུད་དོ། །དེ་ཟླ་བ་བརྒྱད་དམ་དགུ་འདས་ཏེ་བཙས་པ་ལས་ཁྱེའུ་གཟུགས་བཟང་བ་བལྟ་ན་སྡུག་པ། མཛེས་པ་གསལ་བ་གསེར་གྱི་མདོག་འདྲ་བ། མགོ་བོ་གདུགས་ལྟ་བུ་དང་ལྡན་པ། ལག་པ་རིང་བ་དཔྲལ་བའི་དབྱེས་ཆེ་བ། སྨིན་མ་འཛར་བ། སྣའི་གཟེངས་མཐོ་བ་ཞིག་བྱུང་ངོ་། །དེའི་ཉེ་དུ་དག་འདུས་ཤིང་ལྷགས་ནས་ཉི་མ་བདུན་གསུམ་ཉི་ཤུ་རྩ་གཅིག་ཏུ་བཙས་པའི་བཙས་སྟོན་རྒྱ་ཆེར་བྱས་ཏེ། ཁྱེའུ་ཡི་མིང་ཅིར་གདགས་ཞེས་མིང་འདོགས་པར་བྱེད་དོ། །ཁྱེའུ་དེའི་ཀུན་ཏུ་སྤྱོད་པ་ནི་ཇི་སྲིད་དུ་མལ་ཆེན་པོ་ནས་མ་ཕབ་པ་དེ་སྲིད་དུ་བཤད་པ་དང་གཅི་བ་མི་བྱེད་པ་ཡིན་ལ། ཡུལ་དབུས་ན་ཀུན་ཏུ་སྤྱོད་པ་ནི་གང་མཁས་པ་སྤྱོད་པ་གསལ་བ་དེ་ལ་ནོར་ལྟ་བུ་ཞེས་ཟེར་བས། ཉེ་དུ་དེ་དག་གིས་སྨྲས་པ། ཤེས་ལྡན་དག་ཁྱེའུ་འདི་གྱད་ཀྱི་སྣ་ཆེན་པོ་ལ་གཏོགས་པ་རྒྱལ་སྡེའི་བུ་ཡང་ཡིན་ལ། ཇི་སྲིད་དུ་མལ་ཆེན་པོ་ནས་མ་ཕབ་པ་དེ་སྲིད་དུ་བཤང་བ་དང་གཅི་བ་མི་བྱེད་དེ། མཁས་པ་སྤྱོད་


DKG005_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

པ་གསལ་བས་ནོར་ལྟ་བུ་ཡང་ཡིན་པའི་ཕྱིར་ཁྱེའུ་འདིའི་མིང་གྱད་བུ་ནོར་ཞེས་བྱའོ་ཞེས་དེའི་མིང་གྱད་བུ་ནོར་ཞེས་བྱ་བར་བཏགས་སོ། །ཉི་མ་གང་ལ་གྱད་བུ་ནོར་བཙས་པའི་ཉི་མ་དེ་ཉིད་ལ་བློན་པོ་ལྔ་བརྒྱ་དག་ལ་ཡང་བུ་དག་བཙས་ཏེ། དེ་དག་གི་མིང་ཡང་ཁྱིམ་དང་མཐུན་པ་དག་ཏུ་བཏགས་ཤིང་། དེ་དག་ཀྱང་གྱད་བུ་ནོར་གྱིས་ནེའུ་ལྡངས་སུ་བྱས་སོ། །ཁྱེའུ་གྱད་བུ་ནོར་མ་མ་བརྒྱད་པོ་བང་ན་འཚོ་བའི་མ་མ་གཉིས་དང་། ནུ་མ་སྣུན་པའི་མ་མ་གཉིས་དང་། དྲི་མ་འཕྱི་བའི་མ་མ་གཉིས་དང་། རྩེ་གྲོགས་བྱེད་པའི་མ་མ་གཉིས་ལ་རྗེས་སུ་གཏད་དོ། །དེ་མ་མ་བརྒྱད་པོ་དག་གིས་འོ་མ་དང་ཞོ་དང་མར་དང་ཞུན་མར་དང་མར་གྱི་སྙིང་ཁུ་དང་། གཞན་ཡང་ཡོ་བྱད་ཀྱི་བྱེ་བྲག་གཙོ་བོ་དག་གིས་སྲིང་པར་བྱེད་སྐྱེད་པར་བྱེད་ཅིང་། རྫིང་ན་གནས་པའི་པདྨ་བཞིན་དུ་མྱུར་དུ་སྐྱེད་པར་བྱེད་དོ། །དེ་མ་མའི་བང་ན་འདུག་པ་ན་བྲམ་ཟེ་མཚན་མཁན་ཞིག་གིས་མཐོང་ནས། དེས་དེ་ལ་ཤིན་ཏུ་ངེས་པར་བརྟག་པར་བྱ་སྟེ། དེས་བསམས་པ། ཁྱེའུ་འདི་ནི་རྐང་གཉིས་པའི་བསོད་ནམས་ཀྱི་ཞིང་ཡིན་ཏེ། གང་དག་འདི་ལ་མཆོད་པ་དག་བྱེད་པ་དེ་དག་གི་མཆོད་པ་བྱས་པ་དེ་དག་ནི་ཤིན་ཏུ་འབྲས་བུ་ཆེན་པོ་དང་ཕན་ཡོན་ཆེན་པོ་དང་གསལ་བ་ཆེན་པོ་དང་ཡངས་པ་ཆེན་པོར་འགྱུར་རོ་སྙམ་ནས། བྲམ་ཟེ་མཚན་མཁན་དེས་མ་མ་དེ་ལ་སྨྲས་པ། ཁྱེའུ་འདི་ཁོ་བོ་ལ་ཡུད་ཙམ་ཞིག་བྱིན་ཅིག་དང་། ཁོ་བོ་འདི་ལ་མཆོད་པ་དག་བྱའོ། །མ་མས་སྨྲས་པ། བྲམ་ཟེ་ཁོ་མོ་ལ་ཁྱེའུ་སྦྱིན་པའི་དབང་མེད་ཀྱིས་གལ་ཏེ་ཁྱོད་ཁྱེའུ་འདོད་ན་དམག་དཔོན་གྱི་གན་དུ་སོང་ལ་གསོལ་ཅིག །དེ་ནས་བྲམ་ཟེ་དེ་གྱད་ཀྱི་སྣ་ཆེན་པོ་ལ་གཏོགས་པའི་གན་དུ་སོང་སྟེ། ཤིས་པ་བརྗོད་པ་སྔར་བྱས་ནས་སྨྲས་པ། དམག་དཔོན་ཁྱོད་ཀྱི་ཁྱེའུ་འདི་ནི་རྐང་གཉིས་པའི་བསོད་ནམས་ཀྱི་ཞིང་ཡིན་ཏེ། གང་དག་འདི་ལ་མཆོད་པ་དག་བྱེད་པ་དེ་དག་གི་མཆོད་པ་བྱས་པ་དེ་དག་ནི་ཤིན་ཏུ་འབྲས་བུ་ཆེན་པོ་དང་། ཕན་ཡོན་ཆེན་པོ་དང་གསལ་བ་ཆེན་པོ་དང་། ཡངས་པ་ཆེན་པོར་འགྱུར་བས་དེའི་ཕྱིར་ཁྱེའུ་འདི་ཁོ་བོ་ལ་ཡུད་ཙམ་ཞིག་བྱིན་ཅིག་དང་ཁོ་བོས་འདི་ལ་མཆོད་པ་དག་བྱའོ། །དམག་དཔོན་གྱིས་སྨྲས་པ། བྲམ་ཟེ་གལ་ཏེ་དེ་ལྟ་ན་སྦྱིན་གྱིས་ཁྱེར་ཅིག །བྲམ་ཟེ་དེ་ཡིད་རབ་ཏུ་དགའ་


DKG005_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

བས་ཁྱེའུ་དེ་རང་གི་ཁྱིམ་དུ་ཁྱེར་ནས་ཆུང་མའི་དྲུང་དུ་ཡོན་ཏན་བརྗོད་དེ་སྨྲས་པ། བཟང་མོ་ཤེས་པར་གྱིས་ཤིག །ཁྱེའུ་འདི་ནི་རྐང་གཉིས་པའི་བསོད་ནམས་ཀྱི་ཞིང་ཡིན་ཏེ། གང་དག་འདི་ལ་མཆོད་པ་དག་བྱེད་པ་དེ་དག་གི་མཆོད་པ་བྱས་པ་དེ་དག་ནི་ཤིན་ཏུ་འབྲས་བུ་ཆེན་པོ་དང་ཕན་ཡོན་ཆེན་པོ་དང་གསལ་བ་ཆེན་པོ་དང་ཡངས་པ་ཆེན་པོར་འགྱུར་བས་དེའི་ཕྱིར་འདི་ལ་མཆོད་པ་དག་གྱིས་ཤིག ། དེས་དེའི་ཡོན་ཏན་བརྗོད་པ་ཐོས་ནས་ཡིད་བདེ་བ་སྐྱེས་ཏེ་སྨྲས་པ། བྲམ་ཟེ་གལ་ཏེ་དེ་ལྟ་ན་རེ་ཞིག་གཞེས་ཤིག་དང་ཁྱིམ་གྱི་གོ་རིམས་དག་བགྱིའོ་ཞེས་དེས་ཁྱིམ་བྱུག་པས་བྱུགས་ཤིང་ཞལ་ཞལ་བྱས་ནས། རྩ་ལག་གི་སྐྱེ་བ་སྙིང་དུ་སྡུག་ཅིང་འབྲེལ་པ་དག་མགྲོན་དུ་བོས་ནས། དེའི་འོག་ཏུ་ཁྱེའུ་དེ་བཀུར་སྟི་ཆེན་པོས་དྲིལ་ཕྱིས་བྱས་ཤིང་ཁྲུས་བྱས་ཏེ། སྤོས་དང་མེ་ཏོག་དག་གིས་བརྒྱན་ནས་སྦྲང་རྩི་དང་འོ་མས་ལེགས་པར་བསྙོད་དོ། །དེ་ལྟར་བརྒྱན་ཅིང་གཉེན་འདབ་ཀྱིས་ཡོངས་སུ་བསྐོར་ནས་རང་གི་ཁྱིམ་དུ་ཕྱིར་ཁྲིད་དོ། །དེ་གང་གི་ཚེ་ཆེན་པོར་གྱུར་པ་དེའི་ཚེ་ཡི་གེ་དང་གྲངས་དང་རྩིས་དང་ལག་རྩིས་དང་། དབྱུང་བ་དང་གཞུག་པ་དང་གཞག་པ་ལ་ཉེ་བར་ཞུགས་ནས། དེ་ཡི་གེའི་མཐར་ཕྱིན་ཅིང་འབྱེད་པ་དང་ཀློག་པ་དང་མཁས་པ་དང་སྤྱོད་པ་གསལ་བ་དང་། བརྟག་པ་བརྒྱད་པོ་འདི་ལྟ་སྟེ། རིན་པོ་ཆེ་བརྟག་པ་དང་། གཞི་བརྟག་པ་དང་། གོས་བརྟག་པ་དང་། ཤིང་བརྟག་པ་དང་། གླང་པོ་ཆེ་བརྟག་པ་དང་། རྟ་བརྟག་པ་དང་། བུད་མེད་བརྟག་པ་དང་། སྐྱེས་པ་བརྟག་པ་ལ་མཁས་པར་གྱུར་ཏོ། །རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ། ལྗོངས་ཀྱི་དབང་ཕྱུག་མཐུ་དང་བརྩོན་འགྲུས་ཐོབ་པ། ས་ཆེན་པོའི་དཀྱིལ་འཁོར་མངོན་པར་རྒྱལ་བར་བྱས་ཏེ་གནས་པ་རྣམས་ཀྱི་བཟོའི་གནས་དང་ལས་ཀྱི་གནས་ཐ་དད་པར་གྱུར་པ་གང་དག་ཡིན་པ་འདི་ལྟ་སྟེ། གླང་པོ་ཆེའི་གཉར་བཞོན་པ་དང་། རྟ་ལ་བཞོན་པ་དང་། ཤིང་རྟའི་ཐབས་དང་། རལ་གྲིའི་ཐབས་དང་། འཕོང་དང་ཕྱིར་བསྣུར་བ་དང་། མདུན་དུ་བསྣུར་བ་དང་། ལྕགས་ཀྱོས་བསྒྱུར་ཐབས་དང་། ཞགས་པས་གདབ་པ་དང་། མདའ་བོ་ཆེ་འཕེན་ཐབས་དང་། འཛིན་སྟངས་དང་གོམས་


DKG005_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

སྟངས་དང་། ཐོར་ཚུགས་དང་གཅད་པ་དང་དྲལ་བ་དང་། དབུག་པ་དང་། གནས་ལྔ་པོ་འདི་ལྟ་སྟེ། རྒྱང་ནས་ཕོག་པ་དང་། སྒྲ་གྲག་པར་ཕོག་པ་དང་། གནད་དུ་ཕོག་པ་དང་། མི་འཚོར་བར་ཕོག་པ་དང་། ཚབས་ཆེ་བ་དེ་དག་ལ་ཡང་ཞུགས་ཤིང་བྱང་བར་གྱུར་ཏོ། །བློན་པོའི་བུ་ལྔ་བརྒྱ་བོ་དེ་དག་ཀྱང་བཟོའི་གནས་དང་། ལས་ཀྱི་གནས་དག་ལ་བྱང་བར་གྱུར་ཏོ། །ཕས་དེའི་ཆུང་མའི་འཁོར་གསུམ་པོ་རབ་དང་འབྲིང་དང་ཐ་མ་དག་རྣམ་པར་བཞག་གོ། འདུག་པའི་གནས་གསུམ་པོ་དགུན་གྱི་དང་དཔྱིད་ཀྱི་དང་དབྱར་གྱི་དག་བྱེད་དུ་བཅུག་གོ། སྐྱེད་མོས་ཚལ་གསུམ་པོ་དགུན་གྱི་དང་དཔྱིད་ཀྱི་དང་དབྱར་གྱི་དག་བྱེད་དུ་བཅུག་གོ་།དེ་སྟེང་གི་ཁང་བཟང་གི་གཞིར་གཏོགས་པ་ན་སྐྱེས་པ་མེད་པར་སིལ་སྙན་གྱིས་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །དེའི་ནེའུ་ལྡངས་ལྔ་བརྒྱ་པོ་དེ་དག་ཀྱང་དུས་གསུམ་དུ་དེ་བལྟ་བའི་ཕྱིར་འོང་ཞིང་དེ་དག་དང་ལྷན་ཅིག་སྟེན་གྲོགས་ཀྱི་དགའ་བས་རྩེ་མོ་རྣམ་པ་སྣ་ཚོགས་དག་གིས་རྩེ་བར་བྱེད་དོ། །ཇི་ཙམ་དུས་གཞན་ཞིག་ན་གཞོན་ནུ་ལྔ་བརྒྱ་པོ་དེ་དག་ནང་པར་སྔར་ལངས་ཏེ། རི་དྭགས་གཤོར་དུ་དོང་བ་དང་། དེ་དག་གིས་དེའི་ཉིན་མོ་རི་དྭགས་གཅིག་ཀྱང་མ་རྙེད་ནས། དེ་དག་གིས་བསམས་པ། དེང་བདག་ཅག་གིས་རི་དྭགས་གཅིག་ཀྱང་མ་རྙེད་པས་ཇི་ལྟར་ལག་པ་སྟོང་པ་དག་གིས་ཁྱིམ་དུ་འདོང་བར་བྱ། དེང་འདི་ཉིད་དུ་བསྡད་དེ་སང་རི་དྭགས་དག་གཤོར་ལ་ཁྱིམ་དུ་འདོང་པར་བྱའོ་སྙམ་ནས་དེ་དག་དེའི་ནུབ་མོ་དེར་འཁོད་ནས་ཕྱི་དེ་ཉིན་པར་རི་དྭགས་དག་བཤོར་ཏེ། མཚན་མོ་མིག་ལམ་ཆད་པ་དང་རང་རང་གི་ཁྱིམ་དུ་དོང་ངོ་། །དེ་དག་འདི་སྙམ་དུ་སེམས་ཏེ། དེང་ནི་ནམ་སྲོས་ཀྱིས་སང་གཞོན་ནུ་ལྟར་འདོང་ངོ་སྙམ་ནས། དེ་དག་མཚན་མོ་ནམ་ལངས་པ་དང་། ཉི་མ་གསུམ་པ་དེ་ལ་གཞོན་ནུ་གྱད་བུ་ནོར་ལྟར་དོང་བ་དང་། གཞོན་ནུས་སྨྲས་པ། ཤེས་ལྡན་དག་ཁྱེད་ཅག་ཁོ་བོའི་ནེའུ་ལྡངས་མཉམ་དུ་སྐྱེས་པས་ས་ལ་ལྷན་ཅིག་རྩེ་བ་དག་ཡིན་ན། ཅིའི་ཕྱིར་ཁྱེད་ཅག་དེ་བར་ཁོ་བོའི་གན་དུ་མ་འོངས་པར་དེང་ཉི་མ་གསུམ་པ་ལ་གདོད་འོངས། གཞོན་ནུ་བདག་ཅག་རི་དྭགས་གཤོར་དུ་མཆིས་པར་གྱུར་ནས་དེའི་སླད་དུ་མ་མཆིས་སོ། །ཁྱེད་ཅག་གིས་


DKG005_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

དེར་ཅི་ཞིག་བྱས། གཞོན་ནུ་རི་དྭགས་དག་བཀུམ་མོ། །རི་དྭགས་དེ་དག་ཅི་ཟ། ཅི་འཐུངས། གཞོན་ནུ་རན་དག་འཚལ་ཞིང་། ཆབ་དག་འཚལ་ལོ། །ཤེས་ལྡན་དག་གལ་ཏེ་དེ་ལྟ་ན་དེ་དག་གིས་ཁྱེད་ཅག་ལ་གནོད་པ་ཅི་ཞིག་བྱས་ན་ཁྱེད་ཅག་དེ་དག་གསོད་པར་བྱེད། གཞོན་ནུ་བདག་ཅག་དེས་གློ་བ་དགའ་བ་ཉིད་དུ་འགྱུར་རོ། །ཤེས་ལྡན་དག་དགའ་བ་དེ་ནི་མི་བཟང་སྟེ། གཞན་ལ་གནོད་པས་དགའ་བ་གང་ཡིན་པ་དེ་ཐོང་ཞིག །གཞོན་ནུ་ལྔ་བརྒྱ་པོ་དེ་དག་ཅང་མི་སྨྲ་བར་འཁོད་དེ། རྒྱལ་པོའི་ཕོ་བྲང་ནས་ཕྱིར་བྱུང་ནས་སྨྲས་པ། ཤེས་ལྡན་དག་གཞོན་ནུ་འདི་ཆུང་མའི་འཁོར་སྤངས་ཏེ་འགྲོ་མི་འདོད་པས་དེའི་ཕྱིར་བདག་ཅག་ལ་སྨོད་པར་བྱེད་ཀྱིས། དེའི་ཕྱིར་བདག་ཅག་གིས་ཅི་ནས་ཀྱང་དམག་དཔོན་ལ་གོ་བར་བྱ་བའི་ཐབས་ཤིག་གིས་འདི་ཡང་རི་དྭགས་གཤོར་དུ་འགྲོ་བར་འགྱུར་བ་དེ་ལྟ་བུའི་ཐབས་ཤིག་བྱས་ན་དེས་ན་འདི་ཡང་བདག་ཅག་དང་ལྷན་ཅིག་རི་དྭགས་གཤོར་དུ་འགྲོ་བར་འགྱུར་རོ་ཞེས་དེ་དག་གིས་གྲོས་བྱས་ནས་དམག་དཔོན་གྱི་གན་དུ་དོང་སྟེ། རྐང་པ་གཉིས་ལ་ཕྱག་འཚལ་ནས་སྨྲས་པ། དམག་དཔོན་གཞོན་ནུ་གང་དག་གྲིབ་མར་སྐྱེས་པར་གྱུར་པ་དེ་དག་ནི་ངེས་པར་ཉི་འོག་གི་མཁར་གྱི་རྒྱལ་པོ་དག་གིས་ཟིལ་གྱོ་གནོན་པར་འགྱུར་བ་ལགས་ན་ཅིའི་སླད་དུ་གཞོན་ནུ་གྲིབ་མར་སྐྱེ་བར་མཛད་ཅིང་བདག་དང་ལྷན་ཅིག་རི་དྭགས་གཤོར་དུ་མི་གཏོང་། བདག་ཅག་དང་ལྷན་ཅིག་མཆིས་ན་གདུག་པ་དང་། རྩལ་ཆེ་བ་དང་ཉི་འོག་གི་མཁར་གྱི་རྒྱལ་པོ་དག་གིས་ཟིལ་གྱིས་མི་ནོན་པར་འགྱུར་རོ། །ཤེས་ལྡན་དག་གལ་ཏེ་དེ་ལྟར་ན་གཞོན་ནུ་གཏང་གིས་དེང་ཞིག །དམག་དཔོན་གྱིས་གཞོན་ནུ་བོས་ཏེ་སྨྲས་པ། གཞོན་ནུ་ཁྱོད་ཀྱི་ནེའུ་ལྡངས་དག་རི་དྭགས་གཤོར་དུ་འདོང་གིས་ཁྱོད་ཀྱང་དེ་དག་དང་ལྷན་ཅིག་སོང་ཞིག །ཡབ་བདག་གཞན་གྱི་སྲོག་ལ་གནོད་པར་མི་བགྱིད་ན། ཅིའི་སླད་དུ་དེ་དག་དང་ལྷན་ཅིག་མཆི། གཞོན་ནུ་བདག་ཅག་རྒྱལ་རིགས་དག་ནི་མཚོན་གྱིས་འཚོ་བ་ཡིན་པས་ཆོས་འདི་རྒྱལ་རིགས་དག་དང་མི་འགལ་གྱིས་སོང་ཞིག །གཞོན་ནུ་དེ་ཕ་ལ་གུས་ཤིང་རྗེས་བྱེད་པ་ཡིན་པས་དེས་ཁས་བླངས་ཏེ། དེ་ཕྱི་དེ་ཉིན་པར་དེ་དག་དང་ལྷན་ཅིག་རི་དྭགས་གཤོར་དུ་སོང་བ་དང་། གཞོན་ནུ་ལྔ་བརྒྱ་པོ་དེ་དག་གིས་གྲོས་བྱ་བར་


DKG005_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

བརྩམས་པ། ཤེས་ལྡན་དག་གཞོན་ནུ་འདི་ནི་དམག་དཔོན་འདས་ནས་དམག་དཔོན་དུ་འགྱུར་བས་འདི་བསྟེན་པའི་དུས་ཀྱིས་ནི་འབྲས་བུ་སྟེར་བར་འགྱུར་གྱིས། བདག་ཅག་གིས་ད་འདི་བསྟེན་པར་བྱའོ་ཞེས་དེ་དག་གིས་བློ་གྲོས་གཅིག་གིས་དེ་ལ་སྨྲས་པ། གཞོན་ནུ་ཁྱོད་འདི་ཁོ་ནར་གཞེས་ཤིག་དང་། བདག་ཅག་གིས་རི་དྭགས་དག་ཅི་ནས་ཀྱང་ཁྱོད་ཀྱི་དྲུང་ཁོ་ནར་མཆི་བར་འགྱུར་བ་དེ་ལྟར་གདབ་པར་བགྱིའི། །དེས་ན་ཁྱོད་ཀྱིས་རི་དྭགས་མཆིས་སོ་འཚལ་ཁུམ་པར་འགྱུར་རོ། །དེ་ནས་དེ་དག་གིས་གཞོན་ནུ་དེ་འཕན་ཁར་བཞག་ནས་རི་དྭགས་མང་པོ་དག་ཕྱོགས་ཀུན་ནས་བསྐོངས་ཤིང་བྲིམས་ནས། དེ་དག་འཆི་བའི་འཇིགས་པས་ལུས་སྨས་པ་དང་། རྣམ་པར་སྨས་བཞིན་དུ་ལྕེ་ཕྱུང་སྟེ་གཞོན་ནུའི་དྲུང་དུ་ལྷགས་སོ། །གཞོན་ནུས་རི་དྭགས་དེ་དག་གནས་སྐབས་དེ་ལྟར་གྱུར་པ་ཐག་རིང་པོ་ཁོ་ན་ནས་མཐོང་ནས་དེས་བསམས་པ། སྙིང་རྗེ་མེད་པའི་སྙིང་གིས་འཇིག་རྟེན་ཕ་རོལ་བཏང་སྟེ། འདི་དག་ལ་སེམས་ཀྱིས་རབ་ཏུ་སྡང་བར་འགྱུར་བ་ཡང་སུ་ཞིག་ཡོད་ན། འདི་དག་གི་སྲོག་གཅོད་པར་འགྱུར་བ་ལྟ་སྨོས་ཀྱང་ཅི་དགོས་སྙམ་དུ་རིག་ནས་ཕྱོགས་བཞིར་རྣམ་པར་བལྟ་བར་བརྩམས་པ་དང་། དེ་དང་ཧ་ཅང་མི་རིང་བ་ན་མི་ཞིག་འདུག་པ་མཐོང་ནས་དེས་དེའི་སེམས་བསྲུང་བའི་ཕྱིར་མདའ་གཉིས་སམ་གསུམ་ཞིག་འཕངས་ཏེ། མདའ་དེ་དག་ཀྱང་རི་དྭགས་དེ་དག་གི་རྭའི་བར་དག་དང་རྐང་ལག་གི་བར་དག་ཏུ་བཏང་ནས་དེའི་འོག་ཏུ་དེས་བརྩལ་བ་བཏང་སྟེ་འདུག་པ་དང་། རི་དྭགས་དེ་དག་ཀྱང་བྱེར་ཏེ་དོང་ངོ་། །བློན་པོའི་བུ་རྣམས་ཀྱིས་བསམས་པ། གཞོན་ནུ་ནི་གནས་ལྔ་དག་ལ་བྱང་བར་གྱུར་པ་ཡིན་པས། དེས་གདོན་མི་ཟ་བར་རི་དྭགས་མང་པོ་དག་བསད་པར་གྱུར་གྱིས་བདག་ཅག་མྱུར་དུ་དོང་ངོ་སྙམ་ནས། དེ་དག་མྱུར་དུ་ལྷགས་པ་དང་རི་དྭགས་གཅིག་ཀྱང་མ་སོད་པར་མཐོང་ནས། དེ་དག་འདི་སྙམ་དུ་སེམས་ཏེ། གཞོན་ནུས་གདོན་མི་ཟ་བར་ཤིང་རྟ་དག་དང་། རྔ་མོ་དག་གིས་སྔར་བསྐྱས་པར་གྱུར་པ་ལྟ་སྙམ་དུ་རིག་ནས་སྨྲས་པ། གཞོན་ནུ་རི་དྭགས་དེ་དག་གར་མཆིས། ཤེས་ལྡན་དག་རི་དྭགས་དག་ག་རེ། རི་དྭགས་དག་སུའི་ཡིན། དེ་དག་ནི་རི་དྭགས་ཉིད་ཡིན་ཏེ། ཕྱིར་བཅོས་པར་མི་ནུས་སོ། །དེ་དག་སྤྱོད་པ་དེ་ལྟ་བུ་དང་ཤུགས་དེ་


DKG005_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུས་རྒྱུག་པས་དེའི་ཕྱིར། དེ་དག་གིས་ཁོ་བོ་ཉིད་ཀྱང་དེའུ་བསད་དོ། །མི་དེས་སྨྲས་པ། ཤེས་ལྡན་དག་ཁྱེད་ཀྱིས་ཆོས་ལ་དགའ་བ་འདི་འཕན་ཁར་བཞག་པས་རི་དྭགས་ག་ལ་སོད། གལ་ཏེ་འདི་མངོན་པར་འདོད་པར་གྱུར་ན་རི་དྭགས་གཅིག་ཀྱང་བྲོས་པར་མི་འགྱུར་རོ། །དེ་དག་མི་བཟོད་པ་སྐྱེས་ནས་མཐའ་གཅིག་ཏུ་དོང་སྟེ་སྨྲས་པ། ཤེས་ལྡན་དག་བདག་ཅག་གི་ལུས་སྨས་པ་དང་། རྣམ་པར་སྨས་པ་དག་གིས་རི་དྭགས་དག་འདི་ག་ལ་བ་དེར་བཏབ་སྟེ། འདིས་བསད་གྲང་སྙམ་ན་འདིས་ཡལ་བར་བོར་གྱིས་འདོང་ལ་འདི་ཉིད་གསད་པར་བྱའོ། །དེ་དག་གིས་ཡང་བསམས་པ། གལ་ཏེ་འདི་བསད་པར་གྱུར་ན་ཐོས་པ་གཅིག་ནས་གཅིག་ཏུ་བརྒྱུད་པས་དམག་དཔོན་གྱིས་ཐོས་ན་བདག་ལ་གནོད་པ་བྱེད་པར་འགྱུར་གྱིས། འདི་བསད་པར་མི་བྱ་བར་འདི་འདི་ལྟར་འདི་ཉིད་དུ་བསྐྱུར་ཏེ་བོར་ལ་བདག་ཅག་འདོང་བར་བྱའོ་སྙམ་ནས། དེ་དག་གིས་དེ་ལ་མ་བལྟས་པར་དོང་ངོ་། །གཞོན་ནུས་བསམས་པ། དེ་དག་བདག་གི་ནེའུ་ལྡངས་མཉམ་དུ་སྐྱེས་པས་ལ་ལྷན་ཅིག་རྩེ་རྩེ་བ་ཡིན་ན། རི་དྭགས་ཙམ་གྱི་ཕྱིར་དེ་དག་གིས་བདག་དགོན་པར་བསྐྱུར་ཏེ་བོར་ནས་དོང་བ་ལས་ན། གང་གི་ཚེ་བདག་གི་ཕ་འདས་ནས་བདག་དམག་དཔོན་དུ་གྱུར་པ་དེའི་ཚེ་ན་བདག་གིས་གདོན་མི་ཟ་བར་སེམས་ཅན་གྱི་གནས་ལ་ཉེས་པར་སྤྱོད་པ་མང་པོ་བྱ་དགོས་པས་འགྱུར་རོ་སྙམ་ནས། དེ་སྙིང་སྟོང་ཞིང་ཟུག་རྔུས་ཟུག་པ་བཞིན་དུ་རྟོག་པ་ན། ཁྱིམ་དུ་སོང་སྟེ་ལག་པ་ལ་འགྲམ་པ་གཏད་ནས་སེམས་ཁོང་དུ་ཆུད་ཅིང་འདུག་གོ། དེའི་གན་དུ་ཆུང་མའི་འཁོར་དག་འོང་བ་དེ་དག་དེས་མཐོང་བ་དང་། དབང་པོ་དག་ཕྱིར་གློན་པར་བྱེད་དོ། །དེ་དག་གིས་གཅིག་ནས་གཅིག་ཏུ་བརྒྱུད་པས་དམག་དཔོན་ལ་གཞོན་ནུ་ཏེ་བོར་སེམས་ཁོང་དུ་ཆུད་དེ་མཆིས་བྲང་གི་འཁོར་ལ་ཡང་མི་སེམས་པར་དབང་པོ་དག་སླར་གློན་ཞིང་མཆིས་སོ་ཞེས་གོ་བར་བྱས་སོ། །དམག་དཔོན་གྱིས་ཐོས་ནས་དེ་ཡང་ཡིད་མི་བདེ་བར་གྱུར་ནས་གཞོན་ནུའི་གན་དུ་སོང་སྟེ་སྨྲས་པ། བུ་གཞོན་ནུ་ཁྱོད་ཅིའི་ཕྱིར་ལག་པ་ལ་འགྲམ་པ་གཏད་དེ་སེམས་ཁོང་དུ་ཆུད་ཅིང་འདུག །ཡབ་ཀྱིས་བདག་ལས་མི་འདྲ་བར་བསྐོས་ཏེ། གང་གི་ཚེ་རྔོན་པ་དྲག་ཤུལ་ཅན་ལག་པ་དམར་བ་བསྣུན་པ་དང་རབ་ཏུ་བསྣུན་པ་ལ་ཞུགས་པ་


DKG005_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་གྱི་སྲོག་འཕྲོག་པ་གཞན་གྱི་སྲོག་གཅོད་དུ་འཇུད་པ། གཞན་གྱི་སྲོག་གཅོད་པས་འཚོ་བར་བགྱིད་པ་རྣམས་ཀྱི་ལས་དེ་ལ་ངེས་པར་སྦྱར་ན། བདག་ཇི་ལྟར་སེམས་ཁོང་དུ་ཆུད་ཅིང་མི་མཆིས་སུ་རུང་། བུ་གཞོན་ནུ་གལ་ཏེ་ཁྱོད་བདེ་བར་འདུག་ལ་བསམ་པ་ཐོང་སྟེ་ཕྱིན་ཆད་མ་འགྲོ་ཞིག །དེ་ནས་གཞོན་ནུ་དེ་སེམས་ཅན་ལ་གནོད་པ་ལས་སྐྱེས་པའི་ཡིད་མི་བདེ་བ་ལས་ངེས་པར་བྱུང་སྟེ་མངོན་པར་དགའ་བར་གྱུར་ནས། དགེ་བ་གང་ཡིན་ཞེས་ཚོལ་བས་ངེས་པར་འབྱུང་བའི་མངོན་པར་དགའ་བ་བཙལ་བར་བརྩམས་སོ། །དེའི་ཚེ་ན་རྫོགས་བྱེད་ལ་སོགས་པ་སྟོན་པ་དྲུག་པོ་ཐམས་ཅད་མཁྱེན་པ་མ་ཡིན་པར་ཐམས་ཅད་མཁྱེན་པར་མངོན་པའི་ང་རྒྱལ་ཅན་དག་སྡིག་བྱུང་ན་ཉེ་བར་རྟེན་ཅིང་གནས་སོ། །དེ་ནས་གཞོན་ནུ་གྱད་བུ་ནོར་གྱིས་ཕ་དང་ཆུང་མའི་འཁོར་ལ་མ་བལྟས་པར་འོད་སྲུང་རྫོགས་བྱེད་ག་ལ་བ་དེར་སོང་སྟེ་ཕྱིན་ནས། འོད་སྲུང་རྫོགས་བྱེད་ལ་འདི་སྐད་ཅེས་སྨྲས་སོ། །ཤེས་ཅན་ཁྱོད་ཀྱི་ཆོས་ཀྱི་ཚུལ་ནི་གང་ཡིན། སློབ་མ་ལ་གདམས་པ་ནི་གང་ཡིན། ཚངས་པར་སྤྱོད་པའི་འབྲས་བུ་ནི་གང་ཡིན། ཕན་ཡོན་ནི་གང་ཡིན། རྫོགས་བྱེད་ཀྱིས་སྨྲས་པ། གཞོན་ནུ་ཁོ་བོ་ནི་འདི་ལྟར་ལྟ་ཞིང་འདི་སྐད་ཅེས་སྨྲ་སྟེ། སྦྱིན་པ་མེད་དོ། །མཆོད་སྦྱིན་མེད་དོ། །སྦྱིན་སྲེག་མེད་དོ། །ལེགས་པར་སྤྱད་པ་མེད་དོ། །ཉེས་པར་སྤྱད་པ་མེད་དོ། །ལེགས་པར་སྤྱད་པ་དང་ཉེས་པར་སྤྱད་པའི་ལས་རྣམས་ཀྱི་འབྲས་བུ་དང་རྣམ་པར་སྨིན་པ་མེད་དོ། །འཇིག་རྟེན་འདི་ནི་མེད་དོ། །འཇིག་རྟེན་ཕ་རོལ་མེད་དོ། །མ་མེད་དོ། །ཕ་མེད་དོ། །སེམས་ཅན་རྫུས་ཏེ་སྐྱེས་པ་མེད་དོ། །འཇིག་རྟེན་ན་དགྲ་བཅོམ་པ་ཡང་དག་པར་རྟོགས་པ། ཡང་དག་པར་སྒྲུབ་པ་གང་དག་ཚེ་འདི་ཉིད་ལ་རང་གི་མངོན་པར་ཤེས་པས་འཇིག་རྟེན་འདི་དང་འཇིག་རྟེན་ཕ་རོལ་མངོན་སུམ་དུ་བྱས་ནས་བསྒྲུབས་ཏེ། བདག་ཅག་ནི་སྐྱེ་བ་ཟད་དོ། །ཚངས་པར་སྤྱད་པ་བསྟེན་ཏོ། །བྱ་བ་བྱས་སོ། །སྲིད་པ་འདི་ལས་གཞན་མི་ཤེས་སོ་ཞེས་གོ་བར་བྱེད་པ་དག་མེད་དོ། །སྲོག་འདི་ཉིད་ལ་འཚོ་ཞིང་དེ་ཕྱིས་འཆད་པར་འགྱུར། ཞིག་པར་འགྱུར་ཏེ། ཤི་བའི་འོག་ཏུ་མི་འབྱུང་ངོ་། །སྐྱེས་བུའི་ལུས་ནི་འབྱུང་བ་ཆེན་པོ་བཞི་ལས་གྱུར་པ་ཡིན་ཏེ། དེ་ནི་གང་གི་


DKG005_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་དུས་བྱེད་པ་ན་དེའི་སའི་ལུས་ནི་སའི་བག་ལ་ཞ། ཆུའི་ལུས་ནི་ཆུའི། མེའི་ལུས་ནི་མེའི། རླུང་གི་ལུས་ནི་རླུང་གི་བག་ལ་ཞ་བར་འགྱུར་རོ། །དབང་པོ་རྣམས་ནི་མཁའི་རྗེས་སུ་འགྲོ་བར་འགྱུར་རོ། །སྐྱེས་བུའི་རོ་ནི་ཁྲི་དང་ལྔའི་མི་དག་གིས་ཁྱེར་ཏེ། དུར་ཁྲོད་དུ་འགྲོ་ཞིང་བསྲེགས་ཕན་ཆད་མི་མངོན་པར་འགྱུར་རོ། །བསྲེག་བྱ་དག་ནི་ཐལ་བར་འགྱུར་རོ། །རུས་པ་དག་ནི་ཐི་བའི་མདོག་འདྲ་བར་གནས་སོ། །འདི་ལྟར་རྨོངས་པ་ཉེ་བར་བསྟན་པ་ནི་སྦྱིན་ལ། མཁས་པ་ཉེ་བར་བསྟན་པ་ནི་ལེན་ཏེ། དེ་ལ་གང་དག་ཡོད་པར་སྨྲ་བ་དེ་དག་ཐམས་ཅད་ནི་གསོབ་གསོག་བརྫུན་དུ་སྨྲ་བ་དག་ཡིན་ནོ། །འདི་ལྟར་བྱིས་པ་དང་མཁས་པ་དེ་གཉིས་ནི་ཕྱིས་འཆད་པར་འགྱུར། ཞིག་པར་འགྱུར་ཏེ། ཤི་བའི་འོག་ཏུ་མི་འབྱུང་ངོ་། །དེ་ནས་གྱད་བུ་ནོར་འདི་སྙམ་དུ་སེམས་ཏེ། སྟོན་པ་ཤེས་ལྡན་འདི་ནི་ལམ་གོལ་བར་ཞུགས་པ། ལམ་ངན་པ་ལེགས་པར་སྒྲུབ་པ་ཡིན་ཏེ། ལམ་འཇིགས་པ་དང་བཅས་པ་ཇི་ལྟ་བ་བཞིན་དུ་མཁས་པ་རྣམས་ཀྱིས་སྤང་བར་བྱ་བ་ཡིན་ནོ་སྙམ་དུ་རིག་ནས་ཚིགས་སུ་བཅད་པ་སྨྲས་པ། བློ་ངན་ལོག་པར་སྟོན་བྱེད་པ། །དམན་པ་སྟོན་པར་གྲགས་པ་སྟེ། །གང་གི་ཆོས་འདི་དེ་འདྲ་བ། །དེ་ཡི་ཆོས་མིན་ཅི་ཞིག་འདྲ། །ཞེས་སྨྲས་ནས་སྣོད་སྟོང་པ་བཞིན་དུ་བརྡབས་ཏེ་སོང་ངོ་། །དེ་ནས་གྱད་བུ་ནོར་གནག་ལྷས་ཀྱི་བུ་ཀུན་ཏུ་རྒྱུ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། གནག་ལྷས་ཀྱི་བུ་ཀུན་ཏུ་རྒྱུ་ལ་འདི་སྐད་ཅེས་སྨྲས་སོ། །ཤེས་ལྡན་ཁྱོད་ཀྱི་ཆོས་ཀྱི་ཚུལ་ནི་གང་ཡིན། སློབ་མ་ལ་གདམས་པ་ནི་གང་ཡིན། ཚངས་པར་སྤྱོད་པའི་འབྲས་བུ་ནི་གང་ཡིན། ཕན་ཡོན་ནི་གང་ཡིན། ཀུན་ཏུ་རྒྱུས་སྨྲས་པ། གཞོན་ནུ་ཁོ་བོ་ནི་འདི་ལྟར་ལྟ་ཞིང་འདི་སྐད་སྨྲ་སྟེ། སེམས་ཅན་རྣམས་ཀུན་ནས་ཉོན་མོངས་པར་གྱུར་པ་ལ་རྒྱུ་མེད་རྐྱེན་མེད་དོ། །སེམས་ཅན་རྣམས་རྒྱུ་མེད་རྐྱེན་མེད་པར་ཀུན་ནས་ཉོན་མོངས་པར་འགྱུར་རོ། །སེམས་ཅན་རྣམས་རྣམ་པར་དག་པར་འགྱུར་བ་ལ་རྒྱུ་མེད་རྐྱེན་མེད་དོ། །སེམས་ཅན་རྣམས་རྒྱུ་མེད་རྐྱེན་མེད་པར་རྣམ་པར་དག་པར་འགྱུར་རོ། །སེམས་ཅན་རྣམས་ཤེས་པ་མེད་པར་འགྱུར་བ་དང་། མཐོང་བ་མེད་པར་འགྱུར་བ་ལ་རྒྱུ་མེད་རྐྱེན་མེད་དོ། །སེམས་ཅན་རྣམས་རྒྱུ་མེད་རྐྱེན་མེད་པར་ཤེས་པ་མེད་པ་དང་། མཐོང་བ་


DKG005_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པར་འགྱུར་རོ། །སེམས་ཅན་རྣམས་ཤེས་པར་གྱུར་པ་དང་མཐོང་བར་འགྱུར་བ་ལ་རྒྱུ་མེད་རྐྱེན་མེད་དོ། །སེམས་ཅན་རྣམས་རྒྱུ་མེད་རྐྱེན་མེད་པར་ཤེས་པ་དང་མཐོང་བར་འགྱུར་རོ། །སྟོབས་མེད་དོ། །བརྩོན་འགྲུས་མེད་དོ། །སྟོབས་དང་བརྩོན་འགྲུས་མེད་དོ། །སྐྱེས་བུའི་རྩལ་མེད་དོ། །ཕ་རོལ་གནོན་པ་མེད་དོ། །སྐྱེས་བུའི་རྩལ་དང་ཕ་རོལ་གནོན་པ་མེད་དོ། །བདག་གི་རྩལ་མེད་དོ། །གཞན་གྱི་རྩལ་མེད་དོ། །བདག་གི་རྩལ་དང་གཞན་གྱི་རྩལ་མེད་དོ། །སེམས་ཅན་ཐམས་ཅད་དང་སྲོག་ཆགས་ཐམས་ཅད་དང་འབྱུང་པོ་ཐམས་ཅད་མཐུ་མེད་སྟོབས་མེད་དབང་མེད་བརྩོན་འགྲུས་མེད་ཕ་རོལ་གནོན་པ་མེད་དོ། །འགྲོ་བ་མཚམས་སྦྱོར་བའི་སྲིད་པ་དག་ངེས་པར་གྱུར་ཏོ། །འདི་ལྟར་འགྲོ་བ་དྲུག་པོ་དག་ཏུ་བདེ་བ་དང་སྡུག་བསྔལ་སོ་སོར་མྱོང་བར་འགྱུར་རོ། །དེ་ནས་གྱད་བུ་ནོར་འདི་སྙམ་དུ་སེམས་ཏེ། སྟོན་པ་ཤེས་ལྡན་འདི་ཡང་ལམ་གོལ་བར་ཞུགས་པ། ལམ་ངན་པ་ལེགས་པར་སྒྲུབ་པ་ཡིན་ཏེ། ལམ་འཇིགས་པ་དང་བཅས་པ་ཇི་ལྟ་བ་བཞིན་དུ་མཁས་པ་རྣམས་ཀྱིས་སྤང་བར་བྱ་བ་ཡིན་ནོ་སྙམ་དུ་རིག་ནས་ཚིགས་སུ་བཅད་པ་སྨྲས་པ། བློ་ངན་ལོག་པར་སྟོན་བྱེད་པ། །དམན་པ་སྟོན་པར་གྲགས་པ་སྟེ། །གང་གི་ཆོས་འདི་དེ་འདྲ་བ། །དེ་ཡི་ཆོས་མིན་ཅི་ཞིག་འདྲ། །ཞེས་སྨྲས་ནས། སྣོད་སྟོང་པ་བཞིན་དུ་བརྡབས་ཏེ་སོང་ངོ་། །དེ་ནས་གྱད་བུ་ནོར་སྨྲ་འདོད་ཀྱི་བུ་མོའི་བུ་ཡང་དག་རྒྱལ་བ་ཅན་ག་ལ་བ་དེར་སོང་སྟེ་ཕྱིན་ནས། སྨྲ་འདོད་ཀྱི་བུ་མོའི་བུ་ཡང་དག་རྒྱལ་བ་ཅན་ལ་འདི་སྐད་ཅེས་སྨྲས་སོ། །ཤེས་ལྡན་ཁྱོད་ཀྱི་ཆོས་ཀྱི་ཚུལ་ནི་གང་ཡིན། སློབ་མ་ལ་གདམས་པ་ནི་གང་ཡིན། ཚངས་པར་སྤྱོད་པའི་འབྲས་བུ་ནི་གང་ཡིན། ཕན་ཡོན་ནི་གང་ཡིན། ཡང་དག་རྒྱལ་བ་ཅན་གྱིས་སྨྲས་པ། གཞོན་ནུ་ཁོ་བོ་ནི་འདི་ལྟར་ལྟ་ཞིང་འདི་སྐད་སྨྲ་སྟེ། བྱེད་པ་དང་། བྱེད་དུ་འཇུད་པ་དང་། གཅོད་པ་དང་གཅོད་དུ་འཇུད་པ་དང་། སྲེག་པ་དང་སྲེག་ཏུ་འཇུད་པ་དང་། རྡེག་པ་དང་རྡེག་ཏུ་འཇུད་པ་དང་། སྲོག་ཆགས་ལ་འཚེ་བ་དང་། མ་བྱིན་པར་ལེན་པ་དང་། འདོད་པ་ལ་ལོག་པར་སྤྱོད་པ་དང་། ཤེས་བཞིན་དུ་བརྫུན་དུ་སྨྲ་བ་དང་མྱོས་པར་


DKG005_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བའི་བཏུང་བ་འཐུང་བ་དང་། ཁྱིམ་འབིགས་པ་དང་། མདུན་པ་འགྲོལ་བ་དང་། རིལ་གྱིས་འཕྲོག་པ་དང་། ལམ་འགོག་ཅིང་འདུག་པ་དང་། གྲོང་འཇོམས་པར་བྱེད་པ་དང་། གྲོང་ཁྱེར་འཇོམས་པར་བྱེད་པ་དང་། ཡུལ་འཇོམས་པར་བྱེད་པ་དང་། ས་གཞི་ཆེན་པོ་འདི་ལ་སེམས་ཅན་གང་དག་ཡོད་པ་དེ་དག་ཐམས་ཅད་འཁོར་ལོའི་མཐའ་སྤུ་གྲི་ལས་བྱས་པས་ཀུན་ཏུ་གཅོད་པར་བྱེད། ཀུན་ཏུ་འཚོག་པར་བྱེད། ཀུན་ཏུ་རྡུང་བར་བྱེད། ཀུན་ཏུ་འདྲལ་བར་བྱེད་ཅིང་། སེམས་ཅན་དེ་དག་ཐམས་ཅད་ཀུན་ཏུ་གཅད། ཀུན་ཏུ་གཤེགས། ཀུན་ཏུ་བརྡུངས། ཀུན་ཏུ་དལ་ནས། ཤའི་ཐང་མ་གཅིག་ཏུ་བྱེད། ཤའི་ཚོམས་གཅིག་ཏུ་བྱེད། ཤའི་བུངས་གཅིག་ཏུ་བྱེད། ཤའི་ཕུང་པོ་གཅིག་ཏུ་བྱེད་ཅིང་། ཤའི་ཐང་མ་གཅིག་ཏུ་བྱས། ཤའི་ཚོམས་གཅིག་ཏུ་བྱས། ཤའི་བུངས་གཅིག་ཏུ་བྱས། ཤའི་ཕུང་པོ་གཅིག་ཏུ་བྱས་ནས། ད་ལྟར་ཀུན་ཏུ་སྒྲུབ་པ་བྱེད་པ་ལ། གཞི་དེ་ལས་སྡིག་པ་ཡང་མེད། གཞི་དེ་ལས་སྡིག་པར་འགྱུར་བ་ཡང་མེད་དོ། །ཆུ་ཀླུང་གངྒཱའི་ལྷོ་ནས་ཀུན་ཏུ་གཅོད་པར་བྱེད། ཀུན་ཏུ་འཚེག་པར་བྱེད། ཀུན་ཏུ་རྡུང་བར་བྱེད། ཀུན་ཏུ་འབྲལ་བར་བྱེད་ཅིང་འགྲོ་ལ། ཆུ་ཀླུང་གངྒཱའི་བྱང་ནས་སྦྱིན་པ་བྱེད། མཆོད་སྦྱིན་བྱེད་ཅིང་འགྲོ་བར་གྱུར་ན། གཞི་དེ་ལས་སྡིག་པ་དང་བསོད་ནམས་ཀྱང་མེད། གཞི་དེ་ལས་སྡིག་པ་དང་བསོད་ནམས་སུ་འགྱུར་བ་ཡང་མེད་དོ། །སྦྱིན་པ་དང་དུལ་བ་དང་ཡང་དག་པར་སྡོམ་པ་དང་། དོན་སྤྱོད་པ་དང་དོན་མཐུན་པས་དེ་ལྟར་བྱེད་པ་ཡང་བསོད་ནམས་མི་བྱེད་པ་ཁོ་ན་ཡིན་ནོ། །དེ་ནས་གྱད་བུ་ནོར་འདི་སྙམ་དུ་སེམས་ཏེ། སྟོན་པ་ཤེས་ལྡན་འདི་ཡང་ལ་མ་གོལ་བར་ཞུགས་པ། ལམ་ངན་པ་ཡང་དག་པར་སྒྲུབ་པ་ཡིན་ཏེ། འཇིགས་པ་དང་བཅས་པའི་ལམ་ཇི་ལྟ་བ་བཞིན་དུ་མཁས་པ་རྣམས་ཀྱིས་སྤང་བར་བྱ་བ་ཡིན་ནོ་སྙམ་དུ་རིག་ནས། ཚིགས་སུ་བཅད་པ་སྨྲས་པ། བློ་ངན་ལོག་པར་སྟོན་བྱེད་པ། །དམན་པ་སྟོན་པར་གྲགས་པ་སྟེ། །གང་གི་ཆོས་འདི་དེ་འདྲ་བ། །དེ་ཡི་ཆོས་མིན་ཅི་ཞིག་འདྲ། ཞེས་སྨྲས་ནས་སྣོད་སྟོང་པ་བཞིན་དུ་བརྡབས་ཏེ་སོང་ངོ་། །དེ་ནས་གྱད་བུ་ནོར་མི་ཕམ་སྐྲའི་ལ་བ་ཅན་ག་ལ་བ་དེར་སོང་སྟེ་


DKG005_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་ནས་མི་ཕམ་སྐྲའི་ལ་བ་ཅན་ལ་འདི་སྐད་ཅེས་སྨྲས་སོ། །ཤེས་ལྡན་ཁྱོད་ཀྱི་ཆོས་ཀྱི་ཚུལ་ནི་གང་ཡིན། སློབ་མ་ལ་གདམས་པ་ནི་གང་ཡིན། ཚངས་པར་སྤྱོད་པའི་འབྲས་བུ་ནི་གང་ཡིན། ཕན་ཡོན་ནི་གང་ཡིན། མི་ཕམ་གྱིས་སྨྲས་པ། གཞོན་ནུ་ཁོ་བོ་ནི་འདི་ལྟར་ལྟ་ཞིང་འདི་སྐད་སྨྲ་སྟེ་ལུས་བདུན་པོ་འདི་དག་ནི་མ་བྱས་པ། བྱས་པར་མ་བྱས་པ། མ་སྤྲུལ་པ་སྤྲུལ་པས་མ་བྱས་པ། གནོད་པར་བྱ་བ་མ་ཡིན་པ། ཐེར་ཟུག་ཏུ་གནས་པ། ཀ་བ་བཞིན་དུ་གནས་པ་དག་ཡིན་ཏེ། བདུན་གང་ཞེ་ན། འདི་ལྟ་སྟེ། སའི་ལུས་དང་། ཆུའི་ལུས་དང་། མེའི་ལུས་དང་། རླུང་གི་ལུས་དང་། བདེ་བ་དང་སྡུག་བསྔལ་བ་དང་སྲོག་གསོན་པ་ཉིད་ནི་བདུན་པ་སྟེ། ལུས་བདུན་པོ་དེ་དག་ནི་མ་བྱས་པ། བྱས་པས་མ་བྱས་པ། མ་སྤྲུལ་པ་སྤྲུལ་པས་མ་བྱས་པ། གནོད་པར་བྱ་བ་མ་ཡིན་པ། ཐེར་ཟུག་ཏུ་གནས་པ། ཀ་བ་བཞིན་དུ་གནས་པ་དག་ཡིན་ནོ། །དེ་དག་ནི་འདི་ལྟ་སྟེ། བསོད་ནམས་སུ་འགྱུར་བའི་ཕྱིར་རམ། སྡིག་པར་འགྱུར་བའི་ཕྱིར་རམ། བསོད་ནམས་དང་སྡིག་པར་འགྱུར་བའི་ཕྱིར་རམ། བདེ་བར་འགྱུར་བའི་ཕྱིར་རམ། སྡུག་བསྔལ་བར་འགྱུར་བའི་ཕྱིར་རམ། བདེ་བ་དང་སྡུག་བསྔལ་བར་འགྱུར་བའི་ཕྱིར་གཡོ་བར་མི་བྱེད། རྣམ་པར་འགྱུར་བར་མི་བྱེད། གཅིག་ལ་གཅིག་གནོད་པར་མི་བྱེད་དོ། །སྐྱེས་བུ་གང་གིས་སྐྱེས་བུ་མགོ་གཅོད་པར་བྱེད་པ་དེས་ཀྱང་འཇིག་རྟེན་ན་གཡོ་བའམ་གནས་པ་ལ་གནོད་པ་ཅུང་ཟད་ཀྱང་མི་བྱེད་དེ། ལུས་བདུན་པོ་དག་ལ་བར་མེད་པར་མཚོན་ཐལ་བྱུང་དུ་འགྲོ་ཞིང་དེར་སྲོག་ལ་ཡང་གནོད་པ་མེད་དོ། །དེ་ལ་གསོད་པར་བྱེད་པའམ། གསོད་དུ་བཅུག་པའམ། སྐུལ་བར་བྱེད་པའམ། སྐུལ་དུ་བཅུག་པའམ། དྲན་པར་བྱེད་པའམ། དྲན་པར་བྱེད་དུ་བཅུག་པའམ། རྣམ་པར་རིག་པར་བྱེད་པའམ། རྣམ་པར་རིག་པར་བྱེད་དུ་བཅུག་པ་འགའ་ཡང་མེད་དོ། །བྱིས་པའམ་མཁས་པ་གང་དག་ཡིན་པ་དག་ནི་སྐྱེ་གནས་གཙོ་བོ་དང་ལྡན་པ་ཁྲི་བཞི་སྟོང་དང་། རྟོག་པ་ཆེན་པོ་དྲུག་ཁྲི་དང་དྲུག་བརྒྱད་དང་། ལས་ལྔ་དང་། ལས་གསུམ་དང་། ལས་གཉིས་དང་། ལས་དང་། ལས་བྱེད་དང་། ལས་དྲུག་ཅུ་རྩ་གཉིས་དང་། རྟོག་པ་


DKG005_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

བར་མ་དྲུག་ཅུ་རྩ་གཉིས་དང་། སེམས་ཅན་དམྱལ་བ་བརྒྱ་ཉི་ཤུ་དང་། དབང་པོ་བརྒྱ་ཉི་ཤུ་དང་། རྡུལ་གྱི་ཁམས་དྲུག་ཅུ་རྩ་གཉིས་དང་། ཀླུའི་རིགས་བཞི་ཁྲི་དགུ་སྟོང་དང་། ནམ་མཁའ་ལྡིང་གི་རིགས་བཞི་ཁྲི་དགུ་སྟོང་དང་། ཀུན་ཏུ་རྒྱུའི་རིགས་བཞི་ཁྲི་དགུ་སྟོང་དང་། ཀུན་ཏུ་འཚོའི་རིགས་བཞི་ཁྲི་དགུ་སྟོང་དང་། གཅེར་བུ་བའི་རིགས་བཞི་ཁྲི་དགུ་སྟོང་དང་། འདུ་ཤེས་ཅན་གྱི་གནས་བདུན་དང་། འདུ་ཤེས་མེད་པའི་གནས་བདུན་དང་། གཅེར་པུ་བའི་གནས་བདུན་དང་། ལྷ་མ་ཡིན་བདུན་དང་། ཤ་ཟ་བདུན་དང་། ལྷ་བདུན་དང་། མི་བདུན་དང་། མཚོ་ཆེན་པོ་བདུན་དང་། མཚོ་བདུན་བརྒྱ་དང་། རྨི་ལམ་ཆེན་པོ་བདུན་དང་། རྨི་ལམ་བདུན་བརྒྱ་དང་། འབྲི་བ་ཆེན་པོ་བདུན་དང་། འབྲི་བ་བདུན་བརྒྱ་དང་། འཕེལ་བ་ཆེན་པོ་བདུན་དང་། འཕེལ་བ་བདུན་བརྒྱ་དང་། སད་པ་ཆེན་པོ་བདུན་དང་། སད་པ་བདུན་བརྒྱ་དང་། གཡང་ས་ཆེན་པོ་བདུན་དང་། གཡང་ས་བདུན་བརྒྱ་དང་། རིགས་བཙུན་པ་བདུན་དང་། མངོན་པར་མཐོ་བ་བཅུ་དང་། སྐྱེས་བུ་ཆེན་པོའི་ས་བརྒྱད་པོ་དེ་དག་ཏུ་བསྐལ་པ་ཆེན་པོ་བརྒྱད་ཁྲི་བཞི་སྟོང་དུ་མཚམས་སྦྱར་ཅིང་འཁོར་ནས་སྡུག་བསྔལ་མཐར་བྱེད་དོ། །འདི་ལྟ་སྟེ་དཔེར་ན། སྐུད་པའི་དྲུག་བུ་ཡང་བ་སྟེང་གི་ནམ་མཁའ་ལ་འཕངས་པ་གཟངས་བ་ན། ས་ལ་འབབ་པ་དེ་བཞིན་དུ་བྱིས་པའམ་མཁས་པ་གང་དག་ཡིན་པ་དག་ཀྱང་དེ་དག་ཏུ་བསྐལ་པ་ཆེན་པོ་བརྒྱད་ཁྲི་བཞི་སྟོང་དུ་མཚམས་སྦྱར་ཅིང་འཁོར་ནས་སྡུག་བསྔལ་མཐར་བྱེད་དོ། །དེ་ལ་དགེ་སྦྱོང་ངམ། བྲམ་ཟེ་གང་འདི་སྐད་ཅེས་བདག་ཚུལ་ཁྲིམས་སམ། བརྟུལ་ཞུགས་སམ། དཀའ་ཐུབ་བམ། ཚངས་པར་སྤྱོད་པ་ལ་གནས་པ་འདིས་ལས་ཡོངས་སུ་མ་སྨིན་པ་ནི་ཡོངས་སུ་སྨིན་པར་བྱ་ཞིང་། ཡོངས་སུ་སྨིན་པ་ནི་རེག་པར་བྱས་ནས་བྱང་བར་བྱའོ་ཞེས་ཟེར་བ་འགའ་ཡང་མེད་དོ། །བདེ་བ་དང་སྡུག་བསྔལ་འདི་ནི་ངེས་པ་ཡིན་ནོ། །ཡར་སྐྱེ་བ་དང་མར་འགྲིབ་པ་ནི་མི་སྲིད་དོ། །འདི་ལྟ་བུ་ཉིད་དང་གཞན་མ་ཡིན་པས་འཁོར་བ་གཞལ་ལོ། །དེ་ནས་གྱད་བུ་ནོར་འདི་སྙམ་དུ་སེམས་ཏེ། སྟོན་པ་ཤེས་ལྡན་འདི་ཡང་ལམ་གོལ་བར་ཞུགས་པ། ལམ་ངན་པ་ལེགས་པར་སྒྲུབ་པ་


DKG005_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཏེ། ལམ་འཇིགས་པ་དང་བཅས་པ་ཇི་ལྟ་བ་བཞིན་དུ་མཁས་པ་རྣམས་ཀྱིས་སྤང་བར་བྱ་བ་ཡིན་ནོ་སྙམ་དུ་རིག་ནས། ཚིགས་སུ་བཅད་པ་སྨྲས་པ། བློ་ངན་ལོག་པར་སྟོན་བྱེད་པ། །དམན་པ་སྟོན་པ་གྲགས་ཐོབ་པ། །གང་གི་ཆོས་འདི་དེ་འདྲ་བ། །དེ་ཡི་ཆོས་མིན་ཅི་ཞིག་འདྲ། །ཞེས་སྨྲས་ནས་སྣོད་སྟོང་པ་བཞིན་དུ་བརྡབས་ཏེ་སོང་ངོ་། །དེ་ནས་གྱད་བུ་ནོར་ཀ་ཏྱཱ་བུ་ནོག་ཅན་ག་ལ་བ་དེར་སོང་སྟེ་ཕྱིན་ནས། ཀ་ཏྱཱ་བུ་ནོག་ཅན་ལ་འདི་སྐད་ཅེས་སྨྲས་སོ། །ཤེས་ལྡན་ཁྱོད་ཀྱི་ཆོས་ཀྱི་ཚུལ་ནི་གང་ཡིན། སློབ་མ་ལ་གདམས་པ་ནི་གང་ཡིན། ཚངས་པར་སྤྱོད་པའི་འབྲས་བུ་ནི་གང་ཡིན། ཕན་ཡོན་ནི་གང་ཡིན། ནོག་ཅན་གྱིས་སྨྲས་པ། གཞོན་ནུ་ཁོ་བོ་ནི་འདི་ལྟར་ལྟ་ཞིང་འདི་སྐད་སྨྲ་སྟེ། གལ་ཏེ་འགའ་ཞིག་ཁོ་བོའི་གན་དུ་འོངས་ཏེ་འདི་སྐད་ཅེས་འཇིག་རྟེན་ཕ་རོལ་ཡོད་དམ་ཞེས་དྲི་བ་འདྲི་ན། དེ་ལ་ཁོ་བོ་འཇིག་རྟེན་ཕ་རོལ་ཡོད་དོ་ཞེས་དྲི་བ་དྲིས་པའི་ལན་འདེབས་པར་བྱེད་དོ། །འཇིག་རྟེན་ཕ་རོལ་མེད་དམ་ཞེས་དྲི་བ་འདྲི་ན་དེ་ལ་ཁོ་བོ་འཇིག་རྟེན་ཕ་རོལ་མེད་དོ་ཞེས་དྲི་བ་དྲིས་པའི་ལན་འདེབས་པར་བྱེད་དོ། །འཇིག་རྟེན་ཕ་རོལ་ཡོད་པ་དང་མེད་པ་ཡིན་ནམ་ཞེས་དྲི་བ་འདྲིན། དེ་ལ་ཁོ་བོ་འཇིག་རྟེན་ཕ་རོལ་ཡོད་པ་དང་མེད་པ་ཡིན་ནོ། །ཞེས་དྲི་བ་དྲིས་པའི་ལན་འདེབས་པར་བྱེད་དོ། །འཇིག་རྟེན་ཕ་རོལ་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་ནམ་ཞེས་དྲི་བ་འདྲི་ན། དེ་ལ་ཁོ་བོ་འཇིག་རྟེན་ཕ་རོལ་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་ནོ་ཞེས་དྲི་བ་དྲིས་པའི་ལན་འདེབས་པར་བྱེད་དོ། །དེ་བཞིན་དུ་གལ་ཏེ་འགའ་ཞིག་ཁོ་བོའི་གན་དུ་འོངས་ཏེ་འདི་སྐད་ཅེས་འཇིག་རྟེན་ཕ་རོལ་འདི་ལྟ་བུ་ཉིད་དང་འདི་ལྟ་བུ་མ་ཡིན་ནམ་ཞེས་དྲི་བ་འདྲི་ན་དེ་ལ་ཁོ་བོ་འཇིག་རྟེན་ཕ་རོལ་འདི་ལྟ་བུ་དང་འདི་ལྟ་བུ་ཉིད་མ་ཡིན་པ་ཡིན་ནོ་ཞེས་དྲི་བ་དྲིས་པའི་ལན་འདེབས་པར་བྱེད་དོ། །འཇིག་རྟེན་ཕ་རོལ་གཞན་ཉིད་དང་གཞན་ཉིད་མ་ཡིན་པ་ཡིན་ནམ་ཞེས་དྲི་བ་འདྲི་ན་


DKG005_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་ཁོ་བོ་འཇིག་རྟེན་ཕ་རོལ་གཞན་ཉིད་དང་གཞན་ཉིད་མ་ཡིན་པ་ཡིན་ནོ་ཞེས་དྲི་བ་དྲིས་པའི་ལན་འདེབས་པར་བྱེད་དོ། །འཇིག་རྟེན་ཕ་རོལ་གཞན་མ་ཡིན་པ་ཉིད་དང་གཞན་མ་ཡིན་པ་མ་ཡིན་ནམ་ཞེས་དྲི་བ་འདྲི་ན་དེ་ལ་ཁོ་བོ་འཇིག་རྟེན་ཕ་རོལ་གཞན་མ་ཡིན་པ་ཉིད་དང་གཞན་མ་ཡིན་པ་མ་ཡིན་ནོ་ཞེས་དྲི་བ་དྲིས་པའི་ལན་འདེབས་པར་བྱེད་དོ། །འཇིག་རྟེན་ཕ་རོལ་དེ་ཉིད་དང་དེ་ཉིད་མ་ཡིན་པ་ཉིད་ཡིན་ནམ་ཞེས་དྲི་བ་འདྲི་ན་དེ་ལ་ཁོ་བོ་འཇིག་རྟེན་ཕ་རོལ་དེ་ཉིད་དང་དེ་ཉིད་མ་ཡིན་པ་ཡིན་ནོ་ཞེས་དྲི་བ་དྲིས་པའི་ལན་འདེབས་པར་བྱེད་དོ། །དེ་ནས་གྱད་བུ་ནོར་འདི་སྙམ་དུ་སེམས་ཏེ། སྟོན་པ་ཤེས་ལྡན་འདི་ཡང་ལམ་གོལ་བར་ཞུགས་པ། ལམ་ངན་པ་ལེགས་པར་སྒྲུབ་པ་ཡིན་ཏེ། ལམ་འཇིགས་པ་དང་བཅས་པ་ཇི་ལྟ་བ་བཞིན་དུ་མཁས་པ་རྣམས་ཀྱིས་སྤང་བར་བྱ་བ་ཡིན་ནོ་སྙམ་དུ་རིག་ནས། ཚིགས་སུ་བཅད་པ་སྨྲས་པ། བློ་ངན་ལོག་པར་སྟོན་བྱེད་པ། །དམན་པ་སྟོན་པར་གྲགས་པ་སྟེ། །གང་གི་ཆོས་འདི་དེ་འདྲ་བ། །དེ་ཡི་ཆོས་མིན་ཅི་ཞིག་འདྲ། །ཞེས་སྨྲས་ནས་སྣོད་སྟོང་པ་བཞིན་དུ་བརྡབས་ཏེ་སོང་ངོ་། །དེ་ནས་གྱད་བུ་ནོར་གཉེན་གྱི་བུ་གཅེར་བུ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། གཉེན་གྱི་བུ་གཅེར་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཤེས་ལྡན་ཁྱོད་ཀྱི་ཆོས་ཀྱི་ཚུལ་ནི་གང་ཡིན། སློབ་མ་ལ་གདམས་པ་ནི་གང་ཡིན། ཚངས་པར་སྤྱོད་པའི་འབྲས་བུ་ནི་གང་ཡིན། ཕན་ཡོན་ནི་གང་ཡིན། གཅེར་བུས་སྨྲས་པ། གཞོན་ནུ་ཁོ་བོ་འདི་ལྟར་ལྟ་ཞིང་འདི་སྐད་ཅེས་སྨྲ་སྟེ། སྐྱེས་བུ་གང་དག་འདིས་སོ་སོར་མྱོང་བ་གང་ཡིན་པ་ཅི་ཡང་རུང་སྟེ། དེ་ཐམས་ཅད་སྔོན་བྱས་པའི་རྒྱུ་ལས་བྱུང་བ་ཡིན་ནོ། །ལས་རྙིང་པ་རྣམས་ནི་དཀའ་ཐུབ་གྱིས་འབྱང་བར་འགྱུར་ལ། ལས་སར་པ་རྣམས་ནི་མི་བྱ་པས་ཆུ་ལོན་གྱིས་བཟློག་པར་བྱའོ། །དེ་ལྟར་ན་ཕྱིན་ཆད་ཟག་པ་མེད་དོ། །ཟག་པ་མེད་ན་ལས་ཟད་དོ། །ལས་ཟད་ན་སྡུག་བསྔལ་ཟད་དོ། །སྡུག་བསྔལ་ཟད་ན་སྡུག་བསྔལ་མཐར་བྱེད་པར་འགྱུར་རོ། །དེ་ནས་གྱད་བུ་ནོར་འདི་སྙམ་དུ་སེམས་ཏེ། སྟོན་པ་ཤེས་ལྡན་འདི་ཡང་ལམ་གོལ་བར་ཞུགས་པ། ལམ་ངན་པ་ལེགས་པར་སྒྲུབ་པ་སྟེ། ལམ་འཇིགས་པ་དང་བཅས་པ་ཇི་ལྟ་བ་བཞིན་དུ་མཁས་པ་རྣམས་ཀྱིས་སྤང་བར་བྱ་བ་ཡིན་ནོ། །སྙམ་དུ་རིག་ནས། ཚིགས་སུ་བཅད་པ་སྨྲས་པ། བློ་ངན་ལོག་པར་སྟོན་བྱེད་པ། །དམན་པ་སྟོན་པར་གྲགས་པ་སྟེ། །གང་གི་ཆོས་འདི་དེ་འདྲ་བ། །


DKG005_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡི་ཆོས་མིན་ཅི་ཞིག་འདྲ། །ཞེས་སྨྲས་ནས་སྣོད་སྟོང་པ་བཞིན་དུ་བརྡབས་ཏེ་སོང་ངོ་། །དེ་ནས་གྱད་བུ་ནོར་རང་གི་ཁྱིམ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་སྟེང་གི་ཁང་བཟང་གི་གཞིར་གཏོགས་པ་ན་ལག་པ་ལ་འགྲམ་པ་གཏད་དེ་སེམས་ཁོང་དུ་ཆུད་ཅིང་འདུག་ནས་དེ་འདི་སྙམ་དུ་སེམས་ཏེ། མ་ལ་འཇིག་རྟེན་ལྷ་དང་བཅས་པ་བདུད་དང་བཅས་པ་ཚངས་པ་དང་བཅས་པ་དང་། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུ་དང་། ལྷ་དང་མིར་བཅས་པའི་ནང་ན་གང་གིས་བདག་འཁོར་བ་དགོན་པ་འདི་ནས་རབ་ཏུ་ཐར་བར་བྱེད་པའི་དགེ་སྦྱོང་ངམ་བྲམ་ཟེ་སྨན་དང་གསང་སྔགས་རིག་སྔགས་ཚིག་གཅིག་གམ། ཚིག་གཉིས་སམ། ཚིག་བཞི་ཙམ་འཆང་པ་དེ་ལྟ་བུ་སུ་ཡོད་སྙམ་དུ་སེམས་སོ། །དེའི་སྐབས་སུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ནི་མི་མཁྱེན་པ་དང་། མ་གཟིགས་པ་དང་། མ་རིག་པ་དང་། རྣམ་པར་མི་མཁྱེན་པ་ཅུང་ཟད་ཀྱང་མི་མངའ་བས། སངས་རྒྱས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ། འཇིག་རྟེན་ལ་ཕན་པར་ཞུགས་པ། སྲུང་བ་གཅིག་པུ་པ་ཉག་གཅིག་དཔའ་པ། གཉིས་པ་མེད་པ། གཉིས་སུ་མི་གསུང་བ། ཞི་གནས་དང་ལྷག་མཐོང་གིས་བཞུགས་པ། རིག་པ་གསུམ་གསལ་བར་མཛད་པ། བསླབ་པ་གསུམ་ལ་ལེགས་པར་བསླབས་པ། འདུལ་བའི་གནས་གསུམ་གྱི་གཞི་ལ་མཁས་པ། ཆུ་བོ་བཞི་ལས་རྒལ་བ། རྫུ་འཕྲུལ་གྱི་རྐང་པ་བཞིས་སྤྱོད་པའི་གཞི་ལ་ལེགས་པར་གནས་པ། བསྡུ་བའི་དངོས་པོ་བཞི་ལ་ཡུན་རིང་པོ་ནས་ཡོངས་སུ་སྦྱང་བ་མཛད་པ། མི་འཇིགས་པ་བཞིས་བསྙེངས་པ་མི་མངའ་བ། ཡན་ལག་ལྔ་སྤངས་པ། འགྲོ་བ་ལྔ་ལས་ཡང་དག་པར་འདས་པ། ཡན་ལག་དྲུག་དང་ལྡན་པ། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པ། རྟག་ཏུ་གནས་པ་དྲུག་གིས་གནས་པ། བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་མེ་ཏོག་གིས་ཕྱུག་པ། ལམ་གྱི་ཡན་ལག་བརྒྱད་སྟོན་པ། མཐར་གྱིས་སྙོམས་པར་འཇུག་པ་དགུ་ལ་མཁས་པ། སྟོབས་བཅུའི་སྟོབས་དང་ལྡན་པ། ཕྱོགས་བཅུར་སྙན་པས་ཡང་དག་པར་རྒྱས་པ། བརྒྱ་ཕྲག་བཅུར་དབང་སྒྱུར་བ་ལ་ཁྱད་པར་དུ་འཕགས་


DKG005_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་ཀྱི་ཆོས་ཉིད་ནི་ཉིན་ལན་གསུམ་མཚན་ལན་གསུམ་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ནས། གང་ནི་ཉམས་པར་འགྱུར། གང་ནི་འཕེལ་བར་འགྱུར། གང་ནི་གནོད་པར་འགྱུར། གང་ནི་ཉམ་ང་བར་འགྱུར། གང་ནི་མི་བདེ་བར་གྱུར། གང་ནི་གནོད་པ་དང་ཉམ་ང་བ་དང་མི་བདེ་པར་འགྱུར། གང་ནི་ངན་སོང་ལ་གཞོལ། གང་ནི་ངན་སོང་ལ་འབབ། གང་ནི་ངན་སོང་ལ་བབ། ངས་གང་ནི་ངན་སོང་གི་ལམ་ནས་བསླང་སྟེ། མཐོ་རིས་དང་ཐར་པ་དང་འབྲས་བུ་ལ་གཞག་པར་བྱ། འདོད་པའི་འདམ་དུ་བྱིང་བ་གང་གི་ལག་ནས་ནི་དྲང་བར་བྱ། འཕགས་པའི་ནོར་གྱི་དབྱིག་དང་བྲལ་བ་གང་ནི་འཕགས་པའི་ནོར་གྱི་དབང་ཕྱུག་ལ་གཞག་པར་བྱ། གང་གི་སངས་རྒྱས་འབྱུང་བས་བརྒྱན་པའི་འཇིག་རྟེན་ནི་འབྲས་བུ་དང་བཅས་པར་བྱ། གང་གི་དགེ་བའི་རྩ་བ་དག་མ་བསྐྱེད་པ་ནི་བསྐྱེད་པར་བྱ། དགེ་བའི་རྩ་བ་དག་བསྐྱེད་པ་གང་ནི་ཡོངས་སུ་སྨིན་པ་བྱ། ཡོངས་སུ་སྨིན་པ་གང་ནི་རྣམ་པར་གྲོལ་བར་བྱ་ཞེས་མཁྱེན་པ་དང་གཟིགས་པ་འཇུག་གོ་།ཡང་སྨྲས་པ། ཆུ་སྲིན་གནས་ཀྱི་དུག་ཅན་པ། །དུས་ལས་འདས་པར་འགྱུར་སྲིད་ཀྱི། །སངས་རྒྱས་འདུལ་ལ་བྱམས་པ་ནི། །དུས་ལས་འདའ་བར་མི་འགྱུར་རོ། །ཇི་ལྟར་མ་ནི་བུ་སྡུག་གཅིག་བུ་ལ། །རྟོག་པར་བྱེད་ཅིང་དེ་སྲོག་སྲུང་བྱེད་ལྟར། །དེ་བཞིན་གཤེགས་པའང་གདུལ་བའི་སྐྱེ་བོ་ལ། །རྟོག་པར་མཛད་ཅིང་དེ་སྲོག་སྲུང་བར་མཛད། །ཀུན་མཁྱེན་རྒྱུད་ལ་མངའ་པའི་ཐུགས་རྗེ་ཡི། །གཞོན་མ་གདུལ་བའི་བེའུ་ཚོལ་མི་སྐྱོ་སྟེ། །སྲིད་དང་ངན་འགྲོས་ཉམས་པའི་གདུལ་བ་ལ། །རབ་ཉམས་བེའུ་ལ་བྱམས་པའི་བ་བཞིན་ནོ། །དེ་ལྟར་བཅོམ་ལྡན་འདས་ཀྱིས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། སྡིག་བྱུང་ན་གྱད་བུ་ནོར་དེ་རྒྱུད་ཡོངས་སུ་སྨིན་པ། སྔོན་གྱི་སངས་རྒྱས་རྣམས་ལ་བྱ་བ་ལྷག་པར་བྱས་པ་ཡིན་ཏེ། དེ་གདུལ་བའི་དུས་ནི་དཔེར་ན་འབྲས་ཡོངས་སུ་སྨིན་པ་མཚོན་གྱིས་བརྟོལ་བ་ལ་སྡོད་པ་ལྟ་བུ་ཡིན་པར་གཟིགས་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ། ཅི་འདི་རེ་ཞིག་སྟོན་པས་གདུལ་བ་ཡིན་ནམ། འོན་ཏེ་


DKG005_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

ཉན་ཐོས་ཀྱིས་གདུལ་བ་ཡིན་སྙམ་དུ་དགོངས་ན་ཉན་ཐོས་ཀྱིས་གདུལ་བ་ཡིན་པར་གཟིགས་སོ། །སྒོ་གང་ནས་འཇུག་པར་འགྱུར། ཅི་རྫུ་འཕྲུལ་གྱིས་གདུལ་བ་ཡིན་ནམ། འོ་ན་ཏེ་སྤྱོད་ལམ་གྱིས་གདུལ་བ་ཡིན་སྙམ་དུ་དགོངས་ན་སྤྱོད་ལམ་གྱིས་གདུལ་བ་ཡིན་པ་གཟིགས་སོ། །བཅོམ་ལྡན་འདས་ནི་གང་ལ་སྤྱོད་ལམ་གྱིས་གདུལ་བ་དེ་ལ་ཚེ་དང་ལྡན་པ་རྟ་ཐུལ་གཏོང་པར་མཛད་དེ། འདི་ལྟར་དེའི་སྤྱོད་ལམ་གྱིས་ནི་ལྷ་དང་མི་ཡིད་སྡུད་པར་བྱེད་པ་ཡིན་པའི་ཕྱིར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རྟ་ཐུལ་ལ་བཀའ་སྩལ་པ། རྟ་ཐུལ་ཁྱོད་ཀྱིས་སྡིག་བྱུང་ན་གྱད་བུ་ནོར་འདུག་པ་ལ་སོམས་ཤིག །ཚེ་དང་ལྡན་པ་རྟ་ཐུལ་གྱིས་ཅང་མི་སྨྲ་བས་བཅོམ་ལྡན་འདས་ལས་དང་དུ་བླངས་སོ། །དེ་ནས་ཚེ་དང་ལྡན་པ་རྟ་ཐུལ་བཅོམ་ལྡན་འདས་ཀྱི་བཀའ་ལ་ལྷག་པར་བྱ་བ་བྱེད་པ་ཡིན་པས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་ངོ་། །དེ་ནས་ཚེ་དང་ལྡན་པ་རྟ་ཐུལ་དེ་ཉིད་ཀྱི་མཚན་མོ་འདས་ནས། སྔ་དྲོ་ཤམ་ཐབས་བགོས། ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ལ་ཞུགས་སོ། །རྒྱལ་པོའི་ཁབ་ཏུ་བསོད་སྙོམས་བརྒྱུས་ནས་ཟས་ཀྱི་བྱ་བ་བྱས་ཏེ་ཕྱི་མའི་ཟས་ཀྱི་བསོད་སྙོམས་ལས་ཕྱིར་ལོག་པས་ཇི་ལྟར་ཡོངས་སུ་སྤྱད་པའི་གནས་མལ་མཁོས་སུ་ཕབ་སྟེ། ལྷུང་བཟེད་དང་ཆོས་གོས་ཐོགས་ནས་སྡིག་བྱུང་ག་ལ་བ་དེར་རྒྱུ་ཞིང་སོང་བ་ན། མཐར་གྱིས་རྒྱུ་ཞིང་འགྲོ་བའི་ཚེ་སྡིག་བྱུང་དུ་ཕྱིན་ནས། སྡིག་བྱུང་ན་པདྨའི་ནགས་ཁྲོད་ན་འདུག་གོ་།དེ་ནས་ཚེ་དང་ལྡན་པ་རྟ་ཐུལ་སྔ་དྲོ་ཤམ་ཐབས་བགོས། ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ། འགྲོ་བ་དང་ལྡོག་པ་དང་ཅུང་ཟད་བལྟ་བ་དང་། རྣམ་པར་བལྟ་བ་དང་། བསྐུམ་པ་དང་བརྐྱང་བ་དང་སྣམ་སྦྱར་དང་ཆོས་གོས་དང་ལྷུང་བཟེད་ཐོགས་པ་མཛེས་པས་སྡིག་བྱུང་དུ་བསོད་སྙོམས་ལ་ཞུགས་སོ། །དེའི་ཚེ་གྱད་བུ་ནོར་སྟེང་གི་ཁང་བཟང་གི་གཞིར་གཏོགས་པ་ན་དགེ་བ་གང་ཡིན་ཚོལ་བས་གྲོང་ཁྱེར་ལ་ལྟ་ཞིང་འདུག་པས། གྱད་བུ་ནོར་གྱིས་ཚེ་དང་ལྡན་པ་རྟ་ཐུལ་འགྲོ་བ་དང་ལྡོག་པ་


DKG005_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཅུང་ཟད་བལྟ་བ་དང་། རྣམ་པར་བལྟ་བ་དང་། བསྐུམ་པ་དང་། བརྐྱང་པ་དང་སྣམ་སྦྱར་དང་ཆོས་གོས་དང་ལྷུང་བཟེད་ཐོགས་པ་མཛེས་པས་སྡིག་བྱུང་ན་བསོད་སྙོམས་ལ་རྒྱུ་བ་ཐག་རིང་པོ་ཁོ་ན་ནས་མཐོང་ངོ་། །མཐོང་ནས་ཀྱང་འདི་སྙམ་དུ་སེམས་ཏེ། སྡིག་བྱུང་འདིར་རབ་ཏུ་བྱུང་བ་ཇི་སྙེད་ཅིག་ལྷགས་ཤིང་གནས་པ་དག་ལས་འདི་ལྟ་སྟེ། རབ་ཏུ་བྱུང་བ་འདིའི་སྤྱོད་ལམ་ལྟ་བུ་ནི་བདག་གིས་སྔོན་ཆད་འགའ་ཡང་མ་མཐོང་ངོ་སྙམ་ནས། ཡང་འདི་སྙམ་དུ་སེམས་ཏེ། རབ་ཏུ་བྱུང་བ་དག་ལ་ནི་གང་དག་གྲོང་དུ་སྤྱོད་ལམ་འཆོས་ལ་དགོན་པར་ཅི་དགར་སྤྱོད་པ་དག་ཀྱང་ཡོད་པས། བདག་གིས་དགོན་པར་འདིའི་སྤྱོད་ལམ་བརྟག་པར་བྱའོ་སྙམ་དུ་རིགས་ནས་མི་ཞིག་ལ་སྨྲས་པ། ཀྭའེ་ནང་རྗེ་ཚུར་ཤོག་རབ་ཏུ་བྱུང་བ་འདིའི་ཕྱི་བཞིན་དུ་རྗེས་སུ་སོང་ལ། འདི་ཇི་ལྟར་གྲོང་དུ་སྤྱོད་ལམ་ཞི་བ་ལྟར་དགོན་པར་ཡང་དེ་བཞིན་ནམ། འོན་ཏེ་མ་ཡིན་པར་རྟོགས་ཤིག །མི་དེས་གཞོན་ནུ་བཀའ་བཞིན་འཚལ་ཞེས་གྱད་བུ་ནོར་ལས་མཉན་ནས། ཚེ་དང་ལྡན་པ་རྟ་ཐུལ་གྱི་ཕྱི་བཞིན་ཕྱི་བཞིན་རྗེས་སུ་སོང་ངོ་། །དེ་ནས་ཚེ་དང་ལྡན་པ་རྟ་ཐུལ་སྡིག་བྱུང་དུ་བསོད་སྙོམས་བརྒྱུས་ནས། པདྨའི་ནགས་ཁྲོད་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་། ལྷུང་བཟེད་དང་ཆུ་ཚགས་མཐའ་གཅིག་ཏུ་བཞག་ནས་སྣམ་སྦྱར་སྤྲུགས་ཏེ། རྐང་པ་གཉིས་བཀྲུས་ནས་ལག་པ་གཉིས་བསྙལ་ཏེ་ཆུ་བཙགས་ནས། ལོ་མ་ལྷགས་པ་དག་བླངས་ཏེ་འདུག་ནས་ཟས་ཀྱི་བྱ་བ་བྱས་ཏེ་ལོ་མ་ལྷགས་པ་དག་བོར་ནས། ལག་པ་གཉིས་བསྙལ་ཏེ། ལྷུང་བཟེད་དང་ཆུ་ཚགས་མཐའ་གཅིག་ཏུ་བཞག་ནས་རྐང་པ་གཉིས་བཀྲུས་ཏེ། ཤིང་ལྗོན་པ་ཞིག་གིས་དྲུང་དུ་བརྟེན་ནས་བྲང་འགྲོའི་རྒྱལ་པོ་ཉལ་བའི་ལུས་བསྐྱིལ་བ་ལྟར་སྐྱིལ་མོ་ཀྲུང་བཅས་ཏེ་སྤྱོད་ལམ་ཞི་བར་འདུག་གོ་།དེ་ནས་མི་དེ་ཚེ་དང་ལྡན་པ་རྟ་ཐུལ་གྱི་སྤྱོད་ལམ་ཞི་བས་ལྷ་དང་མིའི་སེམས་སྡུད་པར་བྱེད་པས་ཡིད་བསྡུས་ནས། གྱད་བུ་ནོར་ག་ལ་བ་དེར་སོང་སྟེ་ཕྱིན་ནས་གྱད་བུ་ནོར་ལ་འདི་སྐད་ཅེས་སྨྲས་སོ། །གཞོན་ནུ་མཁྱེན་པར་མཛོད་ཅིག །ཁྱོད་ཀྱིས་རབ་ཏུ་བྱུང་བ་དེ་སྤྱོད་ལམ་ཇི་ལྟ་བུས་གྲོང་དུ་བསོད་སྙོམས་རྒྱུ་བ་གཟིགས་པ་དེ་བས་བརྒྱ་སྟོང་གིས་


DKG005_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་པའི་སྤྱོད་ལམ་གྱིས་དགོན་པར་མཆིས་ཏེ་གནས་སོ། །དེ་ནས་གྱད་བུ་ནོར་ཚེ་དང་ལྡན་པ་རྟ་ཐུལ་གྱི་སྤྱོད་ལམ་འབྱོར་པ་ཕུན་སུམ་ཚོགས་པ་དེ་ཐོས་པས་ཡིད་བསྡུས་ནས། གུས་པར་བསྒྲིམ་པ་དང་བཅས་པས་མི་དེ་ལ་སྨྲས་པ། ཀྭའེ་ནང་རྗེ་མྱུར་དུ་བཞོན་པ་བདེ་བ་སྟོད་ཅིག་དང་། ཁོ་བོ་དེ་ལ་ཞོན་ཏེ་དེང་རབ་ཏུ་བྱུང་བ་དེ་ལྟར་འགྲོའོ། །མི་དེས་གཞོན་ནུ་བཀའ་བཞིན་འཚལ་ཞེས་གྱད་བུ་ནོར་ལས་མཉན་ནས་མྱུར་དུ་བཞོན་པ་བདེ་བ་བསྟད་དེ་གྱད་བུ་ནོར་ག་ལ་བ་དེར་སོང་ནས་ཕྱིན་པ་དང་གྱད་བུ་ནོར་ལ་འདི་སྐད་ཅེས་སྨྲས་སོ། །གཞོན་ནུ་གོར་བུ་བསྒྲོན་ལགས་ཀྱིས། ད་དེའི་དུས་ལ་བབ་པར་མཁྱེན་པར་མཛོད་ཅིག །དེ་ནས་གྱད་བུ་ནོར་བཞོན་པ་བདེ་བ་ལ་ཞོན་ཏེ། སྡིག་བྱུང་ནས་ཕྱིར་བྱུང་ནས་པདྨའི་ནགས་ཁྲོད་ག་ལ་བ་དེར་ཤིང་རྟ་བསྒྱུར་ཏེ་བཞོན་པའི་ས་ཇི་སྲིད་པ་དེ་སྲིད་དུ་བཞོན་པས་སོང་ནས། བཞོན་པ་ལས་བབས་ཏེ་རྐང་པ་དག་ཉིད་ཀྱིས་པདྨའི་ནགས་ཁྲོད་དུ་ཞུགས་པ་དང་། གྱད་བུ་ནོར་གྱིས་ཚེ་དང་ལྡན་པ་རྟ་ཐུལ་དབང་པོ་ཤིན་ཏུ་མཉམ་པར་བཞག་ཅིང་སྤྱོད་ལམ་ཞི་བས་འདུག་པ་མཐོང་ངོ་། །མཐོང་ནས་ཀྱང་འདི་སྙམ་དུ་སེམས་ཏེ་འདི་ལྟར་བདག་གིས་རབ་ཏུ་བྱུང་བ་ཏིང་ངེ་འཛིན་འདི་ལས་བསླང་བ་ནི་བདག་གི་ཚུལ་དང་མཐུན་པ་མ་ཡིན་གྱིས། གང་གི་ཚེ་འདི་ཏིང་ངེ་འཛིན་ལས་ལངས་པར་གྱུར་པ་དེའི་ཚེ་དེའི་དྲུང་དུ་འགྲོ་བར་བྱའོ་སྙམ་དུ་རིག་ནས་མཐའ་གཅིག་ཏུ་འདུག་སྟེ་དེ་ལྡང་བ་ལ་སྡོད་ཅིང་འདུག་གོ་།དེ་ནས་ཚེ་དང་ལྡན་པ་རྟ་ཐུལ་ཕྱེ་མ་བྲེད་ནང་དུ་ཡང་དག་འཇོག་ལས་ལངས་ནས་མཐའ་གཅིག་ཏུ་འདུག་གོ། དེ་ནས་གྱད་བུ་ནོར་ཚེ་དང་ལྡན་པ་རྟ་ཐུལ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། ཚེ་དང་ལྡན་པ་རྟ་ཐུལ་དང་ལྷན་ཅིག་མངོན་དུ་ཡང་དག་པར་དགའ་བར་འགྱུར་བ་དང་། ཡང་དག་པར་མགུ་བར་འགྱུར་བའི་གཏམ་སྣ་ཚོགས་བྱས་ཏེ་མཐའ་གཅིག་ཏུ་འདུག་གོ་།མཐའ་གཅིག་ཏུ་འདུག་ནས་གྱད་བུ་ནོར་གྱིས་ཚེ་དང་ལྡན་པ་རྟ་ཐུལ་ལ་འདི་སྐད་ཅེས་སྨྲས་སོ། །ཤེས་ལྡན་ཅི་ཁྱོད་སྟོན་པ་ལགས་སམ། འོན་ཏེ་ཉན་ཐོས་ལགས། བཞིན་བཟང་ཁོ་བོ་ནི་ཉན་ཐོས་སྟོན་པའི་ལམ་གྱི་རྗེས་སུ་ཞུགས་པ་ཡིན་ནོ། །ཤེས་ལྡན་སྟོན་པ་དང་། ཉན་ཐོས་ལ་ཁྱད་པར་


DKG005_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་མཆིས། བཞིན་བཟང་ཁྱད་པར་ཤིན་ཏུ་ཆེ་སྟེ། འདི་ལྟ་སྟེ། དཔེར་ན་རིའི་རྒྱལ་པོ་རི་རབ་དང་། ཡུངས་ཀར་ལྟ་བུ་དང་། རྒྱ་མཚོ་ཆེན་པོ་དང་། བ་ལང་གི་རྗེས་ལྟ་བུ་དང་། ཉི་མ་དང་། སྲིན་བུ་མེ་ཁྱེར་ལྟ་བུ་དང་། ནམ་མཁའ་དང་། པདྨའི་རྩ་བའི་བུ་ག་ལྟ་བུའོ། །དེ་ལ་རིའི་རྒྱལ་པོ་རི་རབ་ཅི་ལྟ་བ་དེ་ལྟར་ནི་སྟོན་པ་བལྟ་བར་བྱ་ལ། ཡུངས་ཀར་ཇི་ལྟ་བ་དེ་ལྟར་ནི་ཉན་ཐོས་བལྟ་བར་བྱའོ། །རྒྱ་མཚོ་ཆེན་པོ་ཇི་ལྟ་བ་དེ་ལྟར་ནི་སྟོན་པ་བལྟ་བར་བྱ་ལ། བ་ལང་གི་རྗེས་ཇི་ལྟ་བ་དེ་ལྟར་ནི་ཉན་ཐོས་བལྟ་བར་བྱའོ། །ཉི་མ་ཇི་ལྟ་བ་དེ་ལྟར་ནི་སྟོན་པ་བལྟ་བར་བྱ་ལ། སྲིན་བུ་མེ་ཁྱེར་ཇི་ལྟ་བ་དེ་ལྟར་ནི་ཉན་ཐོས་བལྟ་བར་བྱའོ། །ནམ་མཁའ་ཇི་ལྟ་བ་དེ་ལྟར་ནི་སྟོན་པ་བལྟ་བར་བྱ་ལ། པདྨའི་རྩ་བའི་བུ་ག་ཇི་ལྟ་བ་དེ་ལྟར་ནི་ཉན་ཐོས་བལྟ་བར་བྱའོ་ཞེས་སྨྲས་ནས། ཚིགས་སུ་བཅད་པ་སྨྲས་པ། རི་རྒྱལ་ཡུངས་ཀར་གཉིས་ལ་ཁྱད་པར་གང་ཡོད་དང་། །དུག་ཅན་གླང་རྗེས་ཆུ་ལ་ཁྱད་པར་གང་ཡོད་དང་། །ཉི་མ་མེ་ཁྱེར་སྲིན་ལ་ཁྱད་པར་གང་ཡོད་པ། །ནམ་མཁའ་པདྨའི་བུ་གར་ཁྱད་པར་གང་ཡོད་པ། །སངས་རྒྱས་ཉན་ཐོས་བྱང་ཆུབ་ཁྱད་པར་དེ་ཡོད་དོ། །དེ་ནས་གྱད་བུ་ནོར་འདི་སྙམ་དུ་སེམས་ཏེ། ཇི་ལྟར་རབ་ཏུ་བྱུང་བ་འདིའི་སྟོན་པ་ལ་བསྟོད་པར་བྱེད་ཅིང་། བདག་ཉིད་ལ་སྨད་པར་བྱེད་པ་ལས་ན། སངས་རྒྱས་ནི་དམ་པ་མ་ཡིན་པར་མི་འགྱུར་ལ། ཆོས་བསྟན་པ་ཡང་དམ་པ་མ་ཡིན་པར་མི་འགྱུར་རོ་སྙམ་དུ་རིག་ནས། ཚེ་དང་ལྡན་པ་རྟ་ཐུལ་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་པ་བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་། བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་ཐོབ་པར་བགྱིའོ། །བདག་འཕགས་པའི་དྲུང་དུ་ཚངས་པར་སྤྱོད་པ་སྤྱད་པར་བགྱིའོ། །བཞིན་བཟང་ཁྱོད་ཕ་མ་དག་གིས་གནང་ངམ། འཕགས་པ། མ་གནང་ངོ་། །བཞིན་བཟང་དེ་བཞིན་གཤེགས་པ་དང་དེ་བཞིན་གཤེགས་པའི་ཉན་ཐོས་ནི་ཕ་མ་དག་གིས་མ་གནང་བའི་རིགས་ཀྱི་བུ་རབ་ཏུ་འབྱིན་པར་མི་མཛད། བསྙེན་པར་རྫོགས་པར་མི་མཛད་དོ། །འཕགས་པ་ཁྱོད་ཀྱིས་བདག་རབ་ཏུ་དབྱུང་བ་འབའ་ཞིག་མཛོད་ཅིག་དང་། ཅི་ནས་ཀྱང་བདག་ཕ་མ་དག་


DKG005_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

གིས་གནང་བར་འགྱུར་བ་དེ་ལྟར་བདག་བགྱིད་དོ། །ཚེ་དང་ལྡན་པ་རྟ་ཐུལ་གྱིས་དེ་ལ་བཞིན་བཟང་ལེགས་ཀྱིས་དེ་ལྟར་བྱོས་ཤིག་ཅེས་སྨྲས་སོ། །དེ་ནས་གྱད་བུ་ནོར་གྱིས་ཚེ་དང་ལྡན་པ་རྟ་ཐུལ་གྱིས་སྨྲས་པ་ལ་མངོན་པར་བསྟོང་པ་བྱས་ཤིང་རྗེས་སུ་ཡི་རངས་བ་བྱས་ནས་རང་གི་ཁྱིམ་ག་ལ་བ་དེར་སྟོང་སྟེ་ཕྱིན་ནས། ཕ་མ་གཉིས་ལ་འདི་སྐད་ཅེས་སྨྲས་སོ། །ཡབ་ཡུམ་མཁྱེན་པར་མཛོད་ཅིག །བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་ཡང་དག་པ་ཁོ་ནར་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་ངོ་། །བུ་གཞོན་ནུ་ཤེས་པར་གྱིས་ཤིག །ཁྱོད་ངེད་ཀྱི་བུ་གཅིག་པ་སྡུག་པ་ཡིད་དུ་འོང་བ་བཟོད་པ་མཐོང་ན་མི་མཐུན་པ་མེད་པ་ཡིན་པས། ཁྱོད་ཤི་བར་གྱུར་ན་ངེད་མི་འདོད་བཞིན་དུ་འབྲལ་བ་ཁོ་ན་ཡིན་གྱིས། གསོན་བཞིན་དུ་བཏང་བ་ལྟ་སྨོས་ཀྱང་ཅི་དགོས། ཡབ་ཡུམ་གལ་ཏེ་གནང་ན་དེ་ལྟ་ན་ལེགས། གལ་ཏེ་མ་གནང་ན་དེང་སླན་ཆད་འཚལ་མ་ཡང་མི་འཚལ། ཕྱག་ཀྱང་མི་འཚལ་ལོ། །བུ་གཞོན་ནུ་མི་གནང་གིས་ཇི་སྲིད་ངེད་གསོན་གྱི་བར་དུ་ཁྱོད་ངེད་ཀྱི་མིག་ལམ་ན་འདུག་ལ་བྱ་བ་གཞན་མ་སེམས་ཤིག །དེ་ནས་གྱད་བུ་ནོར་གྱིས་ཉི་མ་གཅིག་ཀྱང་ཟན་བཅད་པ་བྱས་སོ། །གཉིས་པ་དང་གསུམ་ནས་དྲུག་གི་བར་དུ་ཡང་ཟན་བཅད་པ་བྱས་སོ། །དེ་ནས་གྱད་བུ་ནོར་གྱི་ཕ་མ་གཉིས་ཀྱིས་གྱད་བུ་ནོར་ལ་འདི་སྐད་ཅེས་སྨྲས་སོ། །བུ་གཞོན་ནུ་ཤེས་པར་གྱིས་ཤིག །ཁྱོད་ནི་ཤིན་ཏུ་གཞོན་པ་བདེ་བ་འདོད་པ་ཡིན་པས། ཁྱོད་ཀྱིས་སྡུག་བསྔལ་མི་ཤེས་ཏེ། ཚངས་པར་སྤྱོད་པ་སྤྱད་དཀའོ། །རབ་ཏུ་དབེན་པ་བྱ་དཀའོ། །གཅིག་པུ་ཉིད་ལ་མངོན་པར་དགའ་བར་དཀའ་བའོ། །གནས་མལ་དགོན་པ་ནགས་ཁྲོད་དང་རི་དྲུང་དང་པས་མཐའ་དག་ཏུ་གནས་པ་ཁོང་དུ་ཆུད་པ་དཀའོ། །གཅིག་པུ་དགོན་པར་གནས་པ་སྡུག་བསྔལ་ལོ། །ཁྱོད་ཀྱིས་ཇི་སྲིད་འཚོའི་བར་དུ་རི་དྭགས་གདུག་པ་དག་དང་ལྷན་ཅིག་གནས་པར་བྱ་དགོས་སོ། །ཁྱོད་ཀྱིས་ཇི་སྲིད་འཚོའི་བར་དུ་གཞན་གྱིས་བྱིན་པས་འཚོ་བར་བྱ་དགོས་སོ། །ཁྱོད་ཀྱིས་ཇི་སྲིད་འཚོའི་བར་དུ་མིའི་འདོད་པ་དག་ལས་དབེན་པར་བྱ་དགོས་སོ། །ཁྱོད་ཀྱིས་ཇི་སྲིད་འཚོའི་བར་དུ་མིའི་དགའ་བ་དང་རྩེད་


DKG005_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

མོ་དག་ལས་དབེན་པར་བྱ་དགོས་སོ། །གཞོན་ནུ་ཚུར་ཤོག །འདུག་ལ་འདོད་པ་དག་ལ་ཡོངས་སུ་སྤྱོད་ཅིག །སྦྱིན་པ་དག་ཀྱང་བྱིན་ཅིག །བསོད་ནམས་དག་ཀྱང་གྱིས་ཤིག །དེ་སྐད་སྨྲས་ཀྱང་གྱད་བུ་ནོར་ཅང་མི་སྨྲའོ། །དེ་ནས་གྱད་བུ་ནོར་གྱི་ཕ་མ་གཉིས་ཀྱིས་ཉེ་དུ་རྣམས་ལ་བསྒོ་བ། ཀྱེ་ཉེ་དུ་དག་ཚུར་ཤེག་བུ་གཞོན་ནུ་གྱད་བུ་ནོར་སློངས་ཤིག །དེ་ནས་གྱད་བུ་ནོར་གྱི་ཉེ་དུ་དག་གྱད་བུ་ནོར་ག་ལ་བ་དེར་དོང་སྟེ་ཕྱིན་ནས། གྱད་བུ་ནོར་ལ་འདི་སྐད་ཅེས་སྨྲས་སོ། །སྲས་གཞོན་ནུ་མཁྱེན་པར་མཛོད་ཅིག །ཁྱོད་ནི་ཤིན་ཏུ་གཞོན་པ་བདེ་བ་བཞེད་པ་ལགས་པས་ཁྱོད་ཀྱིས་སྡུག་བསྔལ་མི་མཁྱེན་ཏེ། ཚངས་པར་སྤྱོད་པ་སྤྱད་དཀའོ། །རབ་ཏུ་དབེན་པ་བགྱིད་དཀའོ། །གཅིག་པུ་ཉིད་ལ་མངོན་པར་དགའ་བར་དཀའོ། །གནས་མལ་དགོན་པ་ནགས་ཁྲོད་དང་རི་དྲུང་དང་བས་མཐའ་དག་ཏུ་གནས་པ་ཁོང་དུ་ཆུད་པར་དཀའོ། །གཅིག་པུ་དགོན་པར་གནས་པ་སྡུག་བསྔལ་ལོ། །ཁྱོད་ཀྱིས་ཇི་སྲིད་འཚོའི་བར་དུ་རི་དྭགས་གདུག་པ་དག་དང་ལྷན་ཅིག་གནས་པར་བགྱི་འཚལ་ལོ། །ཁྱོད་ཀྱིས་ཇི་སྲིད་འཚོའི་བར་དུ་གཞན་གྱིས་བྱིན་པས་འཚོ་བར་བགྱི་འཚལ་ལོ། །ཁྱོད་ཀྱིས་ཇི་སྲིད་འཚོའི་བར་དུ་མིའི་འདོད་པ་དག་ལས་དབེན་པར་བགྱི་འཚལ་ལོ། །ཁྱོད་ཀྱིས་ཇི་སྲིད་འཚོའི་བར་དུ་མིའི་དགའ་བ་དང་རྩེད་མོ་དག་ལས་དབེན་པར་བགྱི་འཚལ་ལོ། །སྲས་གཞོན་ནུ་ཚུར་སྤྱོན། བཞུགས་ལ་འདོད་པ་དག་ལ་ཡང་ཡོངས་སུ་སྤྱོད་ཅིག །སྦྱིན་པ་དག་ཀྱང་སྩོལ་ཅིག །བསོད་ནམས་དག་ཀྱང་མཛོད་ཅིག །དེ་སྐད་སྨྲས་ཀྱང་གྱད་བུ་ནོར་ཅང་མི་སྨྲའོ། །དེ་ནས་གྱད་བུ་ནོར་གྱི་ཕ་མ་གཉིས་ཀྱིས་གྱད་བུ་ནོར་གྱི་ནེའུ་ལྡངས་རྣམས་ལ་བསྒོ་བ། ཀྱེ་གཞོན་ནུ་དག་ཚུར་ཤེག་བུ་གཞོན་ནུ་གྱད་བུ་ནོར་སློངས་ཤིག །དེ་ནས་གྱད་བུ་ནོར་གྱི་ནེའུ་ལྡངས་དག་ཀྱང་གྱད་བུ་ནོར་ག་ལ་བ་དེར་སོང་སྟེ་ཕྱིན་ནས། གྱད་བུ་ནོར་ལ་འདི་སྐད་ཅེས་སྨྲས་སོ། །སྲས་གཞོན་ནུ་མཁྱེན་པར་མཛོད་ཅིག །ཁྱོད་ནི་ཤིན་ཏུ་གཞོན་པ་བདེ་བ་བཞེད་པ་ལགས་པས་ཁྱོད་ཀྱིས་སྡུག་བསྔལ་མི་མཁྱེན་ཏེ། ཚངས་པར་སྤྱོད་པ་སྤྱད་དཀའོ། །རབ་ཏུ་དབེན་པ་བགྱི་དཀའོ། །གཅིག་པུ་ཉིད་ལ་མངོན་པར་དགའ་བར་དཀའོ། །གནས་མལ་དགོན་པ་ནགས་ཁྲོད་


DKG005_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

དང་རི་དྲུང་དང་བས་མཐའ་དག་ཏུ་གནས་པར་ཁོང་དུ་ཆུད་པར་དཀའོ། །གཅིག་པུ་དགོན་པར་གནས་པ་སྡུག་བསྔལ་ལོ། །ཁྱོད་ཀྱིས་ཇི་སྲིད་འཚོའི་བར་དུ་རི་དྭགས་གདུག་པ་དག་དང་ལྷན་ཅིག་གནས་པར་བགྱི་འཚལ་ལོ། །ཁྱོད་ཀྱིས་ཇི་སྲིད་འཚོའི་བར་དུ་གཞན་གྱིས་བྱིན་པས་འཚོ་བར་བགྱི་འཚལ་ལོ། །ཁྱོད་ཀྱིས་ཇི་སྲིད་འཚོའི་བར་དུ་མིའི་འདོད་པ་དག་ལས་དབེན་པར་བགྱི་འཚལ་ལོ། །ཁྱོད་ཀྱིས་ཇི་སྲིད་འཚོའི་བར་དུ་མིའི་དགའ་བ་དང་རྩེ་མོ་དག་ལས་དབེན་པར་བགྱི་འཚལ་ལོ། །སྲས་གཞོན་ནུ་ཚུར་སྤྱོན། བཞུགས་ལ་འདོད་པ་དག་ལ་ཡང་ཡོངས་སུ་སྤྱོད་ཅིག །སྦྱིན་པ་དག་ཀྱང་སྩོལ་ཅིག །བསོད་ནམས་དག་ཀྱང་མཛོད་ཅིག །དེ་སྐད་སྨྲས་ཀྱང་གྱད་བུ་ནོར་ཅང་མི་སྨྲའོ། །དེ་ནས་གྱད་བུ་ནོར་གྱི་ནེའུ་ལྡངས་རྣམས་གྱད་བུ་ནོར་གྱི་ཕ་མ་གཉིས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། གྱད་བུ་ནོར་གྱི་ཕ་མ་གཉིས་ལ་འདི་སྐད་ཅེས་སྨྲས་སོ། །ཡབ་ཡུམ་དག་མཁྱེན་པར་མཛོད་ཅིག །ཞི་བ་གཞོན་ནུ་གུམ་པས་ཅི་ཞིག་བགྱི། རབ་ཏུ་བྱུང་བ་ནི་མཁས་པས་བསྔགས་པ་ལགས་པས་གལ་ཏེ་རབ་ཏུ་བྱུང་ནས་མངོན་པར་དགའ་བར་གྱུར་ན་ཡང་དེ་གསོན་པོ་ཉིད་དུ་གཟིགས་པར་འགྱུར་ལ། མངོན་པར་དགའ་བར་མ་གྱུར་ན་ཡང་། དྲང་སྲོང་དག་ནི་སླར་ལྡོག་པ་ལགས་པས་བུའི་གནས་ཕ་མ་གཉིས་མ་གཏོགས་པ་གཞན་སུ་ཞིག་མཆིས་པར་འགྱུར་གྱིས་རབ་ཏུ་བྱུང་ན་ལེགས་སོ། །དེ་ནས་གྱད་བུ་ནོར་གྱི་ཕ་མ་གཉིས་ཀྱིས་གྱད་བུ་ནོར་ལ་འདི་སྐད་ཅེས་སྨྲས་སོ། །བུ་གཞོན་ནུ་ཁྱོད་ལ་རབ་ཏུ་འབྱུང་བ་ལེགས་པར་བྱེད་པ་ཡིན་ལ། ཁྱིམ་ན་གནས་པ་ལེགས་པར་བྱེད་པ་མ་ཡིན་ནམ། ཡབ་ཡུམ་བདག་ལ་རབ་ཏུ་འབྱུང་བ་ལེགས་པ་བགྱིད་པ་ལགས་ལ། ཁྱིམ་ན་གནས་པ་ལེགས་པར་བགྱིད་པ་མ་ལགས་སོ། །བུ་གཞོན་ནུ་ད་དེའི་དུས་ལ་བབ་པར་ཤེས་པར་གྱིས་ཤིག །དེ་ནས་གྱད་བུ་ནོར་ཕ་མ་གཉིས་གྱིས་གནང་ནས་འབྲས་ཁུའི་རིམ་གྱིས་ལུས་ཀྱི་མཐུ་དང་སྟོབས་དང་། བརྩོན་འགྲུས་བསྐྱེད་དེ། སྡིག་བྱུང་ནས་ཕྱིར་བྱུང་ནས་ཚེ་དང་ལྡན་པ་རྟ་ཐུལ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། ཚེ་དང་ལྡན་པ་རྟ་ཐུལ་གྱི་རྐང་པ་གཉིས་ལ་


DKG005_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ་།མཐའ་གཅིག་ཏུ་འདུག་ནས་གྱད་བུ་ནོར་གྱིས་ཚེ་དང་ལྡན་པ་རྟ་ཐུལ་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་པ་མཁྱེན་པར་མཛོད་ཅིག །བདག་ཕ་མ་གཉིས་ཀྱིས་གནང་གིས་བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་། བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་ཐོབ་པར་བགྱིའོ། །བདག་འཕགས་པའི་དྲུང་ན་ཚངས་པར་སྤྱོད་པ་སྤྱད་པར་བགྱིའོ། །ཚེ་དང་ལྡན་པ་རྟ་ཐུལ་གྱིས་སྨྲས་པ། བཞིན་བཟང་ལེགས་སོ། །ལོངས་སྤྱོད་དག་ནི་མི་རྟག་པ་ཡིན་ན་རབ་ཏུ་འབྱུང་བ་ནི་ལེགས་པ་ཡིན་གྱིས་དེ་ལྟར་གྱིས་ཤིག །བཅོམ་ལྡན་འདས་ཀྱིས་ཀྱང་ཕན་ཡོན་ལྔ་ཡང་དག་པར་རྗེས་སུ་མཐོང་བའི་མཁས་པས་རབ་ཏུ་འབྱུང་བ་ལ་མོས་པར་བྱ་བ་ཁོ་ནར་རིགས་ཏེ། ལྔ་གང་ཞེ་ན། བདག་གིས་རང་གི་དོན་མ་འདྲེས་པ་རྗེས་སུ་ཐོབ་པར་འགྱུར་རོ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མཐོང་བའི་མཁས་པས་རབ་ཏུ་འབྱུང་བ་ལ་མོས་པར་བྱ་བ་ཁོ་ནར་རིགས་པ་དང་། བདག་གང་དག་གི་བྲན་དང་། མངག་གཞུག་དང་། བསྒོ་བ་དང་། རང་དབང་མེད་པ་དང་། དགའ་མགུར་འགྲོར་མེད་པ་ཡིན་པ་དེ་དག་གི་མཆོད་པར་བྱ་བ་དང་། བསྟོད་པར་བྱ་བར་འགྱུར་རོ་ཞེས་ཡང་དག་པར་རྗེས་སུ་མཐོང་བའི་མཁས་པས་རབ་ཏུ་འབྱུང་བ་ལ་མོས་པར་བྱ་བ་ཁོ་ནར་རིགས་པ་དང་། གྲུབ་པ་དང་བདེ་བ་བླ་ན་མེད་པའི་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་རོ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མཐོང་བའི་མཁས་པས་རབ་ཏུ་འབྱུང་བ་ལ་མོས་པར་བྱ་བ་ཁོ་ནར་རིགས་པ་དང་། གྲུབ་པ་དང་བདེ་བ་བླ་ན་མེད་པའི་མྱ་ང་ནས་འདས་པ་འཐོབ་པ་ལས་ཉམས་ན་ཡང་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མཐོང་བའི་མཁས་པས་རབ་ཏུ་འབྱུང་བ་ལ་མོས་པར་བྱ་བ་ཁོ་ནར་རིགས་པ་དང་། རབ་ཏུ་བྱུང་བ་ནི་སངས་རྒྱས་རྣམས་དང་། སངས་རྒྱས་ཀྱི་ཉན་ཐོས་དམ་པ་ཡང་དག་པར་རྟོགས་པ། ཡང་དག་པར་སྒྲུབ་པ། སྐྱེས་བུ་དམ་པ་རྣམས་ཀྱིས་རྣམ་གྲང་དུ་མས་བསྔགས་སོ་ཞེས་ཡང་དག་པར་རྗེས་སུ་མཐོང་བའི་མཁས་པས་རབ་ཏུ་འབྱུང་བ་ལ་མོས་པར་བྱ་བ་


DKG005_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

ཁོ་ནར་རིགས་སོ་ཞེས་གསུངས་ཀྱིས་རབ་ཏུ་བྱུང་ཞིག །དེ་ནས་ཚེ་དང་ལྡན་པ་རྟ་ཐུལ་གྱིས་རིགས་ཀྱི་བུ་གྱད་བུ་ནོར་རབ་ཏུ་ཕྱུང་བ་སྙེན་པར་རྫོགས་པར་བྱས་ནས་སྨྲས་པ། བུ་དགེ་སློང་གི་ལས་ནི་གཉིས་ཏེ། བསམ་གཏན་དང་། ཀློག་པ་ཡིན་ན། ཁྱོད་བསམ་གཏན་དང་། ཀློག་པ་གང་འདོད། གྱད་བུ་ནོར་གྱིས་སྨྲས་པ། མཁན་པོ་གཉིས་ཀ་ཡང་བགྱི་སྟེ། གདུགས་ལ་ནི་ཀློག་པར་བགྱི། དགུང་ལ་ནི་བསམ་གཏན་བགྱིའོ། །ཚེ་དང་ལྡན་པ་རྟ་ཐུལ་གྱིས་སྨྲས་པ། བུ་དེ་བཞིན་གྱིས་ཤིག །དེ་ནས་ཚེ་དང་ལྡན་པ་གྱད་བུ་ནོར་གྱིས་ཉིན་མོ་ཀློག་པ་དང་ཁ་ཏོན་བྱས་པས་སྡེ་སྣོད་གསུམ་པོ་དག་ལྷོགས་པར་གྱུར་ཏོ། །མཚན་མོ་བསམ་གཏན་བྱས་པས་གོང་ནས་གོང་དུ་ཡིད་ལ་བྱེད་པའི་ཁྱད་པར་ཐོབ་ནས་འཁོར་བའི་འཁོར་ལོ་ཆ་ལྔ་པ་གཡོ་བ་དང་མི་གཡོ་བ་འདི་ཉིད་རིག་སྟེ། འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་ཉམས་པ་དང་ལྟུང་བ་དང་རྣམ་པར་འཐོར་བ་དང་རྣམ་པར་འཇིག་པའི་ཆོས་ཉིད་ཀྱི་ཟིལ་གྱིས་མནན་ནས། ཉོན་མོངས་པ་ཐམས་ཅད་སྤངས་པས་རིགས་ཀྱི་བུ་དག་གང་གི་ཕྱིར་སྐྲ་དང་ཁ་སྦུ་བྲེགས་ཏེ་གོས་ངུར་སྨྲིག་དག་བགོས་ནས། ཡང་དག་པ་ཁོ་ནར་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་བར་བྱེད་པ་ཚངས་པར་སྤྱོད་པའི་མཐའ་བླ་ན་མེད་པ་དེ། ཚེ་དེ་ཉིད་ལ་རབ་ཏུ་མངོན་པར་ཤེས་པས་མངོན་སུམ་དུ་བྱས་ཏེ་བསྒྲུབས་ནས་བདག་གི་སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་སྤྱད་དོ། །བྱ་བ་བྱས་སོ། །སྲིད་པ་འདི་ལས་གཞན་མི་ཤེས་སོ་ཞེས་གོ་བར་བྱེད་ཅིང་། དགྲ་བཅོམ་པ་ཁམས་གསུམ་པ་ལས་འདོད་ཆགས་དང་བྲལ་བ། བོད་བ་དང་གསེར་དུ་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་མཚུངས་པའི་སེམས་དང་ལྡན་པ། ཙན་དན་བཞག་པ་ལྟ་བུ། རིག་པས་སྒོ་ངའི་སྦུབས་དྲལ་བར་གྱུར་ཅིང་རིག་པ་དང་མངོན་པར་ཤེས་པ་དང་སོ་སོ་ཡང་དག་པར་རིག་པ་ཐོབ་བོ། །སྲིད་པ་དང་འདོད་པའི་རྙེད་པ་དང་བཀུར་སྟི་ལ་རྒྱབ་ཀྱིས་ཕྱོགས་པ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་པར་བྱ་བ་དང་། རྗེད་པར་བྱ་བ་དང་། མངོན་དུ་སྨྲ་བར་གྱུར་ཏོ།། །།འདུལ་བ་རྣམ་པར་འབྱེད་པ། བམ་པོ་ཉི་ཤུ་པ། ཇི་ལྟར་སངས་རྒྱས་བཅོམ་ལྡན་


DKG005_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

འདས་གསོན་ཞིང་བཞུགས་ཏེ། འཚོ་ཞིང་གཞེས་པ་རྣམས་ལ་ཆོས་ཉིད་ཀྱིས་ཉན་ཐོས་རྣམས་ཀྱི་འདུས་པ་ཆེན་པོ་གཉིས་ཡོད་དེ། གཅིག་ནི་དབྱར་ཟླ་འབྲིང་པོ་ཉ་ལ་དབྱར་ཉེ་བར་སྒྲུབ་པའི་ཚེའོ། །གཉིས་པ་ནི་སྟོན་ཟླ་འབྲིང་པོའི་ཟླ་བ་ཉ་ལ་ཡིན་པ་དེ་བཞིན་དུ་ཉན་ཐོས་ཆེན་པོ་རྣམས་ལ་ཡང་ཉན་ཐོས་རྣམས་ཀྱི་འདུས་པ་ཆེན་པོ་གཉིས་ཡོད་དེ། གཅིག་ནི་དབྱར་ཟླ་འབྲིང་པོ་ཉ་ལ་དབྱར་ཉེ་བར་སྒྲུབ་པའི་ཚེའོ། །གཉིས་པ་ནི་སྟོན་ཟླ་འབྲིང་པོའི་ཟླ་བ་ཉ་ལའོ། །དེ་ལ་གང་དག་དབྱར་ཟླ་འབྲིང་པོའི་ཉ་ལ་དབྱར་ཉེ་བར་སྒྲུབ་པའི་ཚེ་གདམས་ངག་མནོས་ཏེ། གྲོང་དང་གྲོང་ཁྱེར་དང་ཡུལ་འཁོར་དང་རྒྱལ་པོའི་ཕོ་བྲང་དག་ཏུ་དབྱར་གནས་པར་ཁས་ལེན་པ་དེ་དག་ནི་སྟོན་ཟླ་འབྲིང་པོའི་ཟླ་བ་ཉ་ལ་ལྷགས་ནས་ཇི་ལྟར་ཐོབ་པ་ནི་རྗོད་པར་བྱེད། མ་ཐོབ་པ་ནི་ཐོབ་པར་བྱེད་པའི་ཕྱིར་འོག་ཏུ་མདོ་སྡེ་དང་འདུལ་བ་དང་ཆོས་མངོན་པ་དེ་དག་གི་ཁ་ཏོན་དག་དང་། ཡོངས་སུ་འབྲི་བ་དག་ཚོལ་བར་བྱེད་དོ། །དེ་ནས་ཚེ་དང་ལྡན་པ་རྟ་ཐུལ་གྱི་ལྷན་ཅིག་གནས་པ་དང་། ཉེ་གནས་གང་དག་ལྗོངས་སུ་དབྱར་གནས་པར་ཁས་བླངས་པ་དེ་དག་དབྱར་གྱི་ཟླ་བ་གསུམ་པོ་དག་འདས་ནས་ཆོས་གོས་བྱས་པ་དང་ལྡན། ཆོས་གོས་ཟིན་པ་དང་ལྡན་ཞིང་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ། ཚེ་དང་ལྡན་པ་རྟ་ཐུལ་ག་ལ་བ་དེར་དོང་ནས་ཕྱིན་པ་དང་། ཚེ་དང་ལྡན་པ་རྟ་ཐུལ་གྱི་རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འཁོད་དོ། །མཐའ་གཅིག་ཏུ་འཁོད་ནས། དེ་དག་ཁ་ཅིག་ནི་ཇི་ལྟར་ཐོབ་པ་རྗོད་པར་བྱེད་དོ། །ཁ་ཅིག་ནི་མདོ་སྡེ་དང་། འདུལ་བ་དང་ཆོས་མངོན་པ་དག་གི་ཁ་ཏོན་དག་དང་ཡོངས་སུ་འདྲི་བ་དག་ཚོལ་བར་བྱེད་དོ། །ཚེ་དང་ལྡན་པ་རྟ་ཐུལ་གྱིས་དེ་དག་གི་སྡེ་སྣོད་གསུམ་དང་བསམ་གཏན་གྱི་ལམ་ལ་སོམ་ཉི་དང་ཡིད་གཉིས་ཡང་དག་པར་བཅད་ནས་དེ་དག་གིས་ཕན་ཚུན་སྨྲ་བར་བརྩམས་པ། ཚེ་དང་ལྡན་པ་དག་བདག་ཅག་གིས་མཁན་པོ་མཐོང་


DKG005_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་བསྙེན་བཀུར་བྱས་ཟིན་གྱིས། ད་ནི་རྒྱལ་པོའི་ཁབ་ཏུ་བཅོམ་ལྡན་འདས་ལ་བསྙེན་བཀུར་བྱེད་དུ་འདོད་དོ། །དེ་ནས་ཚེ་དང་ལྡན་པ་གྱད་བུ་ནོར་གྱིས་དེ་དག་གིས་གཏམ་འདྲེ་བ་ཐོས་ནས། དེ་ལ་ཀྱེ་མ་བདག་གིས་ཀྱང་བཅོམ་ལྡན་འདས་བལྟའོ་སྙམ་པའི་འདོད་པ་སྐྱེས་ཤིང་རིག་ནས། ཚེ་དང་ལྡན་པ་རྟ་ཐུལ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། ཚེ་དང་ལྡན་པ་རྟ་ཐུལ་གྱི་རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། ཚེ་དང་ལྡན་པ་རྟ་ཐུལ་ལ་འདི་སྐད་ཅེས་སྨྲས་སོ། །མཁན་པོ་མཁྱེན་པར་མཛོད་ཅིག །བདག་གིས་བཅོམ་ལྡན་འདས་ཆོས་ཀྱི་སྐུའི་སྒོ་ནས་ནི་མཐོང་། གཟུགས་ཀྱི་སྐུའི་སྒོ་ནས་མ་མཐོང་བས་དེའི་སླད་དུ་བཅོམ་ལྡན་འདས་ཀྱི་གཟུགས་ཀྱི་སྐུ་བལྟ་བར་འཚལ་ན་མཆི་བར་ཅི་གནང་། ཚེ་དང་ལྡན་པ་རྟ་ཐུལ་གྱིས་སྨྲས་པ། བུ་མ་ཉེས་ཀྱིས་བལྟ་བར་གྱིས་ཤིག །བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དང་། དེ་དག་འབྱུང་བ་ནི་འདི་ལྟ་སྟེ་དཔེར་ན། ཨུ་དུམ་ཝཱ་རའི་མེ་ཏོག་བཞིན་དུ་དཀོན་པ་ཡིན་གྱིས་དེ་བཞིན་གྱིས་ཤིག །དེ་ནས་ཚེ་དང་ལྡན་པ་གྱད་བུ་ནོར་མཁན་པོས་གནང་ནས། བཅོམ་ལྡན་འདས་ལ་བལྟ་བར་སྤྲོ་བའི་བློ་གྲོས་ཀྱིས་ཡིད་བདེ་བ་སྐྱེས་ནས་དེ་ཉིད་ཀྱིས་མཚན་མོ་འདས་པ་དང་། སྔ་དྲོ་ཤམ་ཐབས་བགོས། ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་སྡིག་བྱུང་དུ་བསོད་སྙོམས་ལ་ཞུགས་སོ། །སྡིག་བྱུང་དུ་བསོད་སྙོམས་བརྒྱུས་ནས་ཟས་ཀྱི་བྱ་བ་བྱས་ཏེ། ཕྱི་མའི་ཟས་ཀྱི་བསོད་སྙོམས་ལས་ཕྱིར་ལྡོག་པས་ཇི་ལྟར་ལོངས་སྤྱད་པའི་གནས་མལ་མཁོས་སུ་ཕབ་ནས། ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ། མཁན་པོ་གཅིག་པ་དང་སློབ་དཔོན་གཅིག་པ་དང་ལྷན་ཅིག་རྒྱལ་པོའི་ཁབ་ག་ལ་བ་དེར་རྒྱུ་ཞིང་སོང་ནས། མཐར་གྱིས་རྒྱུ་ཞིང་འགྲོ་བ་ན་རྒྱལ་པོའི་ཁབ་ཏུ་ཕྱིན་ཏོ། །དེ་ནས་ཚེ་དང་ལྡན་པ་གྱད་བུ་ནོར་གྱིས་ལྷུང་བཟེད་དང་། ཆོས་གོས་མཁོས་སུ་ཕབ་སྟེ། རྐང་པ་གཉིས་བཀྲུས་ནས། བཅོམ་ལྡན་འདས་ག་


DKG005_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བ་དེར་སོང་ངོ་། །དེའི་ཚེ་ན་བཅོམ་ལྡན་འདས་དགེ་སློང་གི་འཁོར་བརྒྱ་ཕྲག་དུ་མའི་མདུན་ན་བཞུགས་ཤིང་ཆོས་སྟོན་ཏེ། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་གྱད་བུ་ནོར་ཐག་རིང་པོ་ཁོ་ན་ནས་གཟིགས་སོ། །གཟིགས་ནས་ཀྱང་ཚེ་དང་ལྡན་པ་གྱད་བུ་ནོར་ལ་བཀའ་སྩལ་པ། གྱད་བུ་ནོར་ཚུར་ཤོག་འོངས་པ་ལེགས་སོ། །ཁྱོད་དུས་སུ་ཕྱིན་ཏོ། །གྱད་བུ་ནོར་རང་གི་སྟན་ཇི་ལྟ་བ་ལ་འདུག་ཅིག །དེ་ནས་ཚེ་དང་ལྡན་པ་གྱད་བུ་ནོར་གྱིས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ་།དེའི་ཚེ་ན་རྒྱལ་པོའི་ཁབ་ན་གནས་མལ་མི་མཐུན་པ་འབོག་པར་བྱེད་དོ། །མདོ་སྡེ་འཛིན་པ་རྣམས་དང་འདུལ་བ་འཛིན་པ་རྣམས་ཀྱི། མདོ་སྡེ་འཛིན་པ་རྣམས་དང་མ་མོ་འཛིན་པ་རྣམས་ཀྱི། མདོ་སྡེ་འཛིན་པ་རྣམས་དང་ཆོས་སྒྲོག་པ་རྣམས་ཀྱི། མདོ་སྡེ་འཛིན་པ་རྣམས་དང་སྤོང་བ་པ་རྣམས་ཀྱི་གནས་མལ་ལྷན་ཅིག་ཏུ་འབོག་པར་བྱེད། འདུལ་བ་འཛིན་པ་རྣམས་དང་མདོ་སྡེ་འཛིན་པ་རྣམས་ཀྱི། འདུལ་བ་འཛིན་པ་རྣམས་དང་མ་མོ་འཛིན་པ་རྣམས་ཀྱི། འདུལ་བ་འཛིན་པ་རྣམས་དང་ཆོས་སྒྲོག་པ་རྣམས་ཀྱི། འདུལ་བ་འཛིན་པ་རྣམས་དང་སྤོང་བ་པ་རྣམས་ཀྱི་གནས་མལ་ལྷན་ཅིག་འབོག་པར་བྱེད། མ་མོ་འཛིན་པ་རྣམས་དང་མདོ་སྡེ་འཛིན་པ་རྣམས་ཀྱི། མ་མོ་འཛིན་པ་རྣམས་དང་འདུལ་བ་འཛིན་པ་རྣམས་ཀྱི། མ་མོ་འཛིན་པ་རྣམས་དང་ཆོས་སྒྲོག་པ་རྣམས་ཀྱི། མ་མོ་འཛིན་པ་རྣམས་དང་སྤོང་བ་པ་རྣམས་ཀྱི་གནས་མལ་ལྷན་ཅིག་ཏུ་འབོག་པར་བྱེད། ཆོས་སྒྲོག་པ་རྣམས་དང་མདོ་སྡེ་འཛིན་པ་རྣམས་ཀྱི། ཆོས་སྒྲོག་པ་རྣམས་དང་འདུལ་བ་འཛིན་པ་རྣམས་ཀྱི། ཆོས་སྒྲོག་པ་རྣམས་དང་མ་མོ་འཛིན་པ་རྣམས་ཀྱི། ཆོས་སྒྲོག་པ་རྣམས་དང་སྤོང་བ་པ་རྣམས་ཀྱི་གནས་མལ་ལྷན་ཅིག་ཏུ་འབོག་པར་བྱེད། སྤོང་བ་པ་རྣམས་དང་མདོ་སྡེ་འཛིན་


DKG005_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་ཀྱི། སྤོང་བ་པ་རྣམས་དང་འདུལ་བ་འཛིན་པ་རྣམས་ཀྱི། སྤོང་བ་པ་རྣམས་དང་མ་མོ་འཛིན་པ་རྣམས་ཀྱི། སྤོང་བ་པ་རྣམས་དང་ཆོས་སྒྲོག་པ་རྣམས་ཀྱི་གནས་མལ་ལྷན་ཅིག་ཏུ་འབོག་པར་བྱེད་དོ། །གནས་མལ་མི་མཐུན་པར་འབོག་པ་ན་དགེ་སློང་དག་ཕན་ཚུན་སེམས་སྲུང་བས། དགེ་བའི་ཕྱོགས་དག་མི་བྱེད་ཅིང་། དེ་དག་དགེ་བའི་ཆོས་རྣམས་ཀྱིས་མི་འཕེལ་ཏེ། དཔེར་ན་ཆུ་མེད་པ་ན་ཨུཏྤལ་བཞིན་ནོ། །བཅོམ་ལྡན་འདས་ཀྱིས་དགོངས་པ་གྱད་བུ་ནོར་འདིས་སྔོན་གྱི་སངས་རྒྱས་རྣམས་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་སྤྱན་སྔར་ཀྱེ་མ་བདག་སྐྱེ་དགུའི་ཚེ་ལོ་བརྒྱ་པ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་ལ་རབ་ཏུ་བྱུང་ནས། གནས་མལ་འབོག་པ་རྣམས་ཀྱི་མཆོག་ཏུ་གྱུར་ཅིག་ཅེས་སྨོན་ལམ་བཏབ་པས། འདི་དགེ་སློང་རྣམས་ཀྱི་གནས་མལ་འབོག་པར་སྐོར་གཞུག་གོ་སྙམ་དུ་དགོངས་ནས། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཀྱིས་དགེ་སློང་གྱད་བུ་ནོར་རམ། གཞན་ཡང་དེ་ལྟ་བུ་གང་ཡིན་པ་གནས་མལ་འབོག་པར་བསྐོ་བར་བྱའོ། །གནས་མལ་འབོག་པ་ཆོས་ལྔ་དང་ལྡན་པ་ནི། མ་བསྐོས་པ་ཡང་བསྐོ་བར་མི་བྱ་ལ། བསྐོས་པ་ཡང་དབྱུང་བར་བྱ་སྟེ། ལྔ་གང་ཞེ་ན་འདུན་པས་འགྲོ་བ་དང་། ཞེ་སྡང་གིས་འགྲོ་བ་དང་། གཏི་མུག་གིས་འགྲོ་བ་དང་། འཇིགས་པས་འགྲོ་བ་དང་། གནས་མལ་ཕོག་པ་དང་མ་ཕོག་པ་མི་ཤེས་པའོ། །གནས་མལ་འབོག་པ་ཆོས་ལྔ་དང་ལྡན་པ་ནི། མ་བསྐོས་པ་ཡང་བསྐོ་བར་བྱ། བསྐོས་པ་ཡང་དབྱུང་བར་མི་བྱ་སྟེ། ལྔ་གང་ཞེ་ན། འདུན་པས་མི་འགྲོ་བ་དང་། ཞེ་སྡང་གིས་མི་འགྲོ་བ་དང་། གཏི་མུག་གིས་མི་འགྲོ་བ་དང་། འཇིགས་པས་མི་འགྲོ་


DKG005_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་། གནས་མལ་ཕོག་པ་དང་མ་ཕོག་པ་ཤེས་པའོ། །འདི་ལྟར་བསྐོ་བར་བྱ་སྟེ། གནས་མལ་བཤམ་པར་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་བསྐུལ་ནས་དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ་ཇེ་དང་པོར་སྤྲོ་བར་བྱ་སྟེ། མིང་འདི་ཞེས་བྱ་བ་ཁྱོད་དགེ་འདུན་ལ་གནས་མལ་འབོག་པར་སྤྲོའམ། གལ་ཏེ་སྤྲོ་ན་དེས་སྤྲོའོ་ཞེས་བརྗོད་པར་བྱའོ། །དེའི་འོག་ཏུ་དགེ་སློང་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ལ་གནས་མལ་འབོག་པར་སྤྲོ་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ལ་གནས་མལ་འབོག་པར་བསྐོ་བར་བགྱི་སྟེ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ལ་གནས་མལ་འབོག་གོ། འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ལ་གནས་མལ་འབོག་པར་སྤྲོ་སྟེ། དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་དགེ་འདུན་ལ་གནས་མལ་འབོག་པར་བསྐོ་ན། ཚེ་དང་ལྡན་པ་གང་དག་དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ལ་གནས་མལ་འབོག་པར་བསྐོ་བར་བཟོད་པ་དེ་དག་ནི་ཅང་མ་གསུངས་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ལ་གནས་མལ་འབོག་པར་བསྐོས་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །གང་གི་ཚེ་ཚེ་དང་ལྡན་པ་གྱད་བུ་ནོར་གནས་མལ་འབོག་པར་བསྐོས་པ་དེའི་ཚེ་ན་དེས་གནས་མལ་དེ་དག་མཐུན་


DKG005_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྣམ་པར་བཞག་སྟེ། མདོ་སྡེ་འཛིན་པ་རྣམས་ཀྱང་མདོ་སྡེ་འཛིན་པ་རྣམས་དང་ལྷན་ཅིག་རྣམ་པར་བཞག །འདུལ་བ་འཛིན་པ་རྣམས་ཀྱང་འདུལ་བ་འཛིན་པ་རྣམས་དང་། མ་མོ་འཛིན་པ་རྣམས་ཀྱང་མ་མོ་འཛིན་པ་རྣམས་དང་། ཆོས་སྒྲོག་པ་རྣམས་ཀྱང་ཆོས་སྒྲོག་པ་རྣམས་དང་། སྤོང་བ་པ་རྣམས་ཀྱང་སྤོང་བ་པ་རྣམས་དང་ལྷན་ཅིག་རྣམ་པར་བཞག་གོ། །དེ་དག་གནས་མལ་མཐུན་པར་ཕོག་པས་ཕན་ཚུན་གཏམ་དང་། འབེལ་བའི་གཏམ་གྱིས་རྣམ་པར་གཏན་ལ་འབེབས་པས་དགེ་བའི་ཆོས་རྣམས་ཀྱིས་རྣམ་པར་འཕེལ་ཏེ། དཔེར་ན་ཆུ་ནས་ཨུཏྤ་ལ་བཞིན་ནོ། །དེ་ན་གང་དག་མཚན་མོ་འོང་བ་དེ་དག་ལ་ནི་ཚེ་དང་ལྡན་པ་གྱད་བུ་ནོར་གྱིས་རྫུ་འཕྲུལ་གྱིས་སོར་མོ་གཅིག་ལས་འོད་སྤར་ཏེ་གནས་མལ་འབོག་པར་བྱེད་དོ། །དེ་ན་གང་དག་མཚན་མོ་ཆེས་འཕྱི་བ་ན་འོང་བ་དེ་དག་ལ་ནི་ཚེ་དང་ལྡན་པ་གྱད་བུ་ནོར་གྱིས་རྫུ་འཕྲུལ་གྱིས་སོར་མོ་གཉིས་ལས་འོད་སྤར་ཏེ་གནས་མལ་འབོག་པར་བྱེད་དེ་དེ་ན་དགེ་སློང་གང་དག་ཚེ་དང་ལྡན་པ་གྱད་བུ་ནོར་གྱིས་མིའི་ཆོས་བླ་མ་རྫུ་འཕྲུལ་གྱི་ཆོ་འཕྲུལ་ལྟ་བར་འདོད་པ་དེ་དག་ནི་ཆེད་དུ་བསམས་ཏེ། མཚན་མོ་འོང་བར་བྱེད་པས། དེ་དག་ལ་ཚེ་དང་ལྡན་པ་གྱད་བུ་ནོར་གྱིས་རྫུ་འཕྲུལ་གྱིས་སོར་མོ་ལྔ་ཆར་ལས་འོད་སྤར་ཏེ། གནས་མལ་འབོག་པར་བྱེད་དོ། །དེ་དག་འདི་སྙམ་དུ་སེམས་ཏེ། བདག་ཅག་གིས་སྟོན་པ་དང་འདྲ་བའི་ཉན་ཐོས་ཆེན་པོ་འདི་ལྟ་བུས་གནས་མལ་ཕོག་པ་ལ་གློས་ཕབ་སྟེ། གཉིད་ལོག་པར་བྱེད་པ་ནི་བདག་ཅག་གི་ཚུལ་དང་མཐུན་པ་མ་ཡིན་གྱིས། བདག་ཅག་གིས་ནམ་གྱི་ཆ་སྟོད་དང་ནམ་གྱི་ཆ་སྨད་ལ་མི་ཉལ་བར་སྦྱོར་བའི་རྗེས་སུ་བརྩོན་པར་གནས་པར་བྱའོ་སྙམ་ནས། དེ་དག་ནམ་གྱི་ཆ་སྟོད་དང་ནམ་གྱི་ཆ་སྨད་ལ་མི་ཉལ་བར་སྦྱོར་བའི་རྗེས་སུ་བརྩོན་པར་གནས་པས་མ་ཐོབ་པ་ནི་ཐོབ་པར་གྱུར་ཅིང་། ཐོབ་པ་ལས་ནི་ཡོངས་སུ་


DKG005_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཉམས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ངའི་ཉན་ཐོས་ཀྱི་དགེ་སློང་གནས་མལ་འབོག་པ་རྣམས་ཀྱི་ནང་ན་འདི་ལྟ་སྟེ་ངའི་གྱད་བུ་ནོར་འདི་མཆོག་ཡིན་ནོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་བསྟན་པ་རྒྱས་པར་གྱུར་པ་དེའི་ཚེ་བྲམ་ཟེ་དང་ཁྱིམ་བདག་དད་པ་རྣམས་ཀྱིས་ཁྱིམ་དག་ཏུ་དགེ་འདུན་གྱི་ཟས་དག་བཤམས་པ་ན། དྲུག་སྡེ་དག་གང་ན་ཟས་དག་བསོད་པ་དེར་དོང་སྟེ། ཡོངས་སུ་ལོངས་སྤྱོད་པར་བྱེད་ནས་བྲམ་ཟེ་དང་། ཁྱིམ་བདག་དད་པ་དེ་དག་གིས་སྨྲས་པ། འཕགས་པ་དག་ཁྱེད་ཅག་འབའ་ཞིག་གདུགས་གཅིག་བཞིན་དུ་བྱོན་ན་ཅིའི་སླད་དུ་དགེ་སློང་གནས་བརྟན་གནས་བརྟན་དེ་དག་མ་བྱོན། དྲུག་སྡེ་དག་གིས་སྨྲས་པ། དེ་དག་ཟས་འདི་ལྟ་བུ་དག་ལ་ཡོངས་སུ་ལོངས་སྤྱོད་པར་མི་བྱེད་དོ། །འོ་ན་ཇི་ལྟ་བུ་དག་ལ་ཡོངས་སུ་ལོངས་སྤྱོད་པར་མཛད། བསོད་པ་དག་ལའོ། །འཕགས་པ་དག་བཅོམ་ལྡན་འདས་ཀྱིས་བདག་ཅག་བསོད་པ་སྦྱིན་པར་བྱེད་པ་རྣམས་ཀྱིས་མཆོག་ཏུ་བསྟན་ན། ཁྱེད་ཅག་ཅིའི་སླད་དུ་དེ་སྐད་ཅེས་དེ་དག་ཟས་འདི་ལྟ་བུ་དག་ལ་ཡོངས་སུ་ལོངས་སྤྱོད་པར་མི་བྱེད་དོ་ཞེས་གསུངས། བཅོམ་ལྡན་འདས་ཀྱིས་འཕགས་པའི་རིགས་ཀྱི་མདོ་ལས་ཆོས་གོས་གང་ཡང་རུང་བས་ཆོག་ཤེས་པ་འཕགས་པའི་རིགས་དང་། བསོད་སྙོམས་གང་ཡང་རུང་བས་ཆོག་ཤེས་པ་འཕགས་པའི་རིགས་དང་། གནས་མལ་གང་ཡང་རུང་བས་ཆོག་ཤེས་པ་འཕགས་པའི་རིགས་དང་། སྤོང་བ་ལ་མངོན་པར་དགའ་བ་དང་། སྒོམ་པ་ལ་མངོན་པར་དགའ་བ་འཕགས་པའི་རིགས་ཞེས་གསུངས་ན། ཁྱེད་ཅག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ནས་ཅིའི་སླད་དུ་བྱུང་རྒྱལ་དུ་སྨྲ་བར་མཛད། བཞུད་ལ་སླན་ཆད་འདིར་མ་བྱོན་ཅིག །


DKG005_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་སྡེ་དག་སྤོབས་པ་མེད་པར་གྱུར་ནས་ཅང་མི་སྨྲ་བར་དོང་དོ། །ཐོས་པ་གཅིག་ནས་གཅིག་ཏུ་བརྒྱུད་པས་དགེ་སློང་དག་གིས་ཐོས་ནས་དགེ་སློང་དག་གིས་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཀྱིས་དགེ་སློང་གྱད་བུ་ནོར་རམ། གཞན་ཡང་དེ་ལྟ་བུ་གང་ཡིན་པ་ཟས་ལས་སྐོ་བར་བསྒོ་བར་བྱའོ། །ཟས་ལ་སྐོ་བ་ཆོས་ལྔ་དང་ལྡན་པ་ནི་མ་བསྐོས་པ་ཡང་བསྐོ་བར་མི་བྱ་ལ། བསྐོས་པ་ཡང་དབྱུང་བར་བྱ་སྟེ། ལྔ་གང་ཞེ་ན། འདུན་པས་འགྲོ་བ་དང་། ཞེ་སྡང་གིས་འགྲོ་བ་དང་། གཏི་མུག་གིས་འགྲོ་བ་དང་། འཇིགས་པས་འགྲོ་བ་དང་། ཟས་ལ་བསྐོས་པ་དང་མ་བསྐོས་པ་མི་ཤེས་པའོ། །ཟས་ལ་སྐོ་བ་ཆོས་ལྔ་དང་ལྡན་པ་ནི་མ་བསྐོས་པ་ཡང་བསྐོ་བར་བྱ་ལ། བསྐོས་པ་ཡང་དབྱུང་བར་མི་བྱ་སྟེ། ལྔ་གང་ཞེ་ན། འདུན་པས་མི་འགྲོ་བ་དང་། ཞེ་སྡང་གིས་མི་འགྲོ་བ་དང་། གཏི་མུག་གིས་མི་འགྲོ་བ་དང་། འཇིགས་པས་མི་འགྲོ་བ་དང་། ཟས་ལ་བསྐོས་པ་དང་མ་བསྐོས་པ་ཤེས་པའོ། །འདི་ལྟར་བསྐོ་བར་བྱ་སྟེ། གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་བསྐུལ་ནས། དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ་ཇེ་དང་པོར་སྤྲོ་བར་བྱ་སྟེ། མིང་འདི་ཞེས་བྱ་བ་ཁྱོད་དགེ་སློང་རྣམས་ལ་ཟས་ལ་བསྐོ་བར་སྤྲོའམ། གལ་ཏེ་སྤྲོ་ན་དེས་སྤྲོའོ་ཞེས་བརྗོད་པར་བྱའོ། །དེའི་འོག་ཏུ་དགེ་སློང་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་སློང་རྣམས་ལ་ཟས་ལ་སྐོ་བར་སྤྲོ་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱས་དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་སློང་རྣམས་ལ་ཟས་ལ་སྐོ་བར་བསྐོ་བར་བགྱི་སྟེ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་སློང་རྣམས་ལ་ཟས་ལ་བསྐོའོ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་


DKG005_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

མིང་འདི་ཞེས་བགྱི་བ་འདི་དགེ་སློང་རྣམས་ལ་ཟས་ལ་བསྐོ་བར་སྤྲོ་སྟེ། དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་དགེ་སློང་རྣམས་ལ་ཟས་ལ་བསྐོ་བར་བསྐོ་ན། ཚེ་དང་ལྡན་པ་གང་དག་དགེ་སློང་མིང་འདི་ཞེས་བགྱི་བ་དགེ་སློང་རྣམས་ལ་ཟས་ལ་སྐོ་བར་བསྐོ་བར་བཟོད་པ་དེ་དག་ནི་ཅང་མ་གསུངས་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་དགེ་སློང་རྣམས་ལ་ཟས་ལ་སྐོ་བར་བསྐོས་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །གང་གི་ཚེ་ཚེ་དང་ལྡན་པ་གྱད་བུ་ནོར་ཟས་ལ་སྐོ་བར་བསྐོས་པ་དེའི་ཚེ་ན་དེས་དགེ་འདུན་ལ་ཟས་རྣམ་པ་གསུམ་བཤམས་ཏེ། བསོད་པ་དག་དང་། འབྲིང་དག་དང་། ངན་པ་དག་གོ་།དགེ་སློང་གང་དག་གློ་བུར་དུ་ལྷགས་པ་དེ་དག་ལ་ནི་ཉི་མ་དང་པོ་ལ་ནི་ཟས་བསོད་པ་དག་ཏུ་སྐོ་བར་བྱེད། ཉི་མ་གཉིས་པ་ནི་འབྲིང་དུ། གསུམ་པ་ལ་ནི་ངན་པར་སྐོ་བར་བྱེད་དོ། །ཉི་མ་བཞི་པ་ལ་ནི་དེ་དག་རང་གི་སྤྱོད་ཡུལ་ཤེས་པས་བསོད་སྙོམས་ལ་འཇུག་པར་བྱེད་དོ། །དེའི་ཚེ་ན་ཚེ་དང་ལྡན་པ་གྱད་བུ་ནོར་རྒྱལ་པོའི་ཁབ་ན་གནས་པ་དང་། གཉུག་མར་གནས་པ་དང་། གསོལ་བ་བྱེད་པ་དང་། གཏམས་པ་འཛིན་པ་དང་། གནས་མལ་འབོག་པ་དང་། ཟས་ལ་སྐོ་བར་བྱེད་པས་དེ་དགེ་འདུན་ལ་ལུགས་ཇི་ལྟ་བ་བཞིན་དང་། རྒན་རིམས་ཇི་ལྟ་བ་བཞིན་དང་། གོ་རིམས་ཇི་ལྟ་བ་བཞིན་དང་། ཐོད་རྒལ་མེད་པར་ཟས་ལ་སྐོ་བར་བྱེད་དོ། །ཚེ་དང་ལྡན་པ་གྱད་བུ་ནོར་དང་། དགེ་སློང་མཛའ་བོ་དང་ས་ལས་སྐྱེས་གཉིས་ཚེ་རབས་ཚེ་རབས་སུ་འཁོན་ཡོད་པས་དེ་གཉིས་ལྷའི་རི་བོ་དག་ཏུ་ལྗོངས་རྒྱུ་ཞིང་འདོང་བ་ན་རྒྱལ་པོའི་ཁབ་ཏུ་ཕྱིན་ནས་དེ་གཉིས་ཀྱིས་དགེ་སློང་ཞིག་ལ་དྲིས་པ། ཚེ་དང་ལྡན་པ་དགེ་འདུན་གྱིས་གནས་མལ་འབོག་པར་བསྐོས་པས་ཡིན། དེས་སྨྲས་པ་ཚེ་དང་ལྡན་པ་གྱད་བུ་ནོར་རོ། །དེ་ནས་དེ་གཉིས་ཚེ་དང་ལྡན་པ་གྱད་བུ་ནོར་ག་ལ་བ་དེར་དོང་སྟེ་ཕྱིན་ནས། ཚེ་དང་ལྡན་པ་གྱད་བུ་ནོར་ལ་འདི་ཅེས་སྨྲས་སོ། །ཁོ་བོ་ཅག་གཉིས་ཀྱི་གནས་མལ་ཕོག་ཅིག །དེའི་ཚེ་ན་


DKG005_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

མལ་ཆ་བཟང་པོ་གང་དག་ཡིན་པ་དེ་དག་ནི་གནས་བརྟན་གནས་བརྟན་རྣམས་ལ་བོག་་ཟིན་པས་ལྷག་མ་ངན་པ་དག་ལུས་སོ། །གཙུག་ལག་ཁང་ཡང་ཉེན་ཀོར་གྱི་གང་དག་ཡིན་པ་དེ་དག་ནི་གནས་བརྟན་གནས་བརྟན་རྣམས་ཀྱིས་བསྐོས་ཟིན་པས་མཐའི་གཙུག་ལག་ཁང་དག་འབའ་ཞིག་ལུས་ནས། ཚེ་དང་ལྡན་པ་གྱད་བུ་ནོར་གྱིས་དེ་གཉིས་ལ་མལ་ཆ་ངན་པ་དག་ཕོག་ཅིང་། གཙུག་ལག་ཁང་ཡང་མཐའ་དག་ཏུ་བསྐོས་སོ། །དེ་གཉིས་ཀྱིས་སྨྲས་པ། དགེ་འདུན་གྱི་ཟས་ལ་སྐོ་བ་སུ་ཡིན། ཚེ་དང་ལྡན་པ་གྱད་བུ་ནོར་གྱིས་སྨྲས་པ། བདག་སྟེ་གྱད་བུ་ནོར་རོ། །ཁོ་བོ་ཅག་གཉིས་ཀྱི་ཟས་སྐོས་ཤིག །ཚེ་དང་ལྡན་པ་གྱད་བུ་ནོར་གྱིས་ཉི་མ་དང་པོ་ལ་དེ་གཉིས་ཟས་བསོད་པ་དག་ཏུ་བསྐོས་པ་དང་། བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་དྲིས་པ། སང་བདག་ཅག་གི་འདིར་མགྲོན་སུ་འོང་བར་འགྱུར། གཞན་དག་གིས་སྨྲས་པ། མཛའ་བོ་དང་ས་ལས་སྐྱེས་གཉིས་སོ། །དེ་དག་གིས་བསམས་པ། དེ་གཉིས་ནི་གནས་ངན་ལེན་ཀུན་ཏུ་སྤྱོད་པ་ཡིན་པས་སུ་ཞིག་དེ་གཉིས་ཀྱི་ཕྱིར་གུས་པར་བྱེད་པར་འགྱུར་ཏེ། ཅི་ཡང་རུང་བ་ཟོས་ཤིང་འགྲོ་བར་གྱུར་ཅིག་སྙམ་ནས་དེ་དག་གིས་དེ་གཉིས་ལ་གུས་པ་མ་བྱས་པར་ཟས་ངན་པ་བྱིན་ནོ། །ཚེ་དང་ལྡན་པ་གྱད་བུ་ནོར་གྱིས་ཉི་མ་གཉིས་པ་ལ་དེ་གཉིས་ཟས་འབྲིང་དུ་བསྐོས་པ་དང་། དེ་བཞིན་དུ་བྲམ་ཟེ་དང་ཁྱིམ་བདག་དད་པ་དག་གིས་དྲིས་པ། སང་བདག་ཅག་གི་འདིར་སུ་མགྲོན་དུ་འོང་བར་འགྱུར། གཞན་དག་གིས་སྨྲས་པ། མཛའ་བོ་དང་ས་ལས་སྐྱེས་གཉིས་སོ། །དེ་དག་གིས་བསམས་པ། དེ་གཉིས་ནི་གནས་ངན་ལེན་ཀུན་ཏུ་སྤྱོད་པ་ཡིན་པས་སུ་ཞིག །དེ་གཉིས་ཀྱི་ཕྱིར་གུས་པར་བྱེད་པར་འགྱུར་ཏེ། ཅི་ཡང་རུང་བ་ཟོས་ཤིང་འགྲོ་བར་གྱུར་ཅིག་སྙམ་ནས། དེ་དག་གིས་དེ་གཉིས་ལ་གུས་པ་མ་བྱས་པར་ཟས་ངན་པ་དག་བྱིན་ནོ། །ཚེ་དང་ལྡན་པ་གྱད་བུ་ནོར་གྱིས་ཉི་མ་གསུམ་པ་ལ་ནི་དེ་གཉིས་རང་བཞིན་གྱིས་ཟས་ངན་པ་དག་ཏུ་བསྐོས་སོ། །དེ་ནས་མཛའ་བོ་དང་ས་ལས་སྐྱེས་གཉིས་འདི་སྙམ་དུ་སེམས་ཏེ། ཀྱེ་མའོ་སྡུག་བསྔལ་ལོ། །ཀྱེ་མའོ་མི་བཟད་དོ། །


DKG005_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་དང་ལྡན་པ་གྱད་བུ་ནོར་གྱིས་བསམས་བཞིན་དུ་བདག་ཅག་གཉིས་ལན་གསུམ་གྱི་བར་དུ་གང་དག་ཟོས་ན་རྗུད་པར་འགྱུར་བའི་ཟས་ངན་པ་ཤིན་ཏུ་ཡིད་དུ་མི་འོང་བ་དག་གིས་མཐོ་བཙམས་གྱིས་བདག་ཅག་གཉིས་ཀྱིས་འདི་ལ་གནོད་པ་ཇི་ལྟ་བུ་ཞིག་བྱ་སྙམ་མོ། །དེའི་ཚེ་ན་དགེ་སློང་མཛའ་བོ་དང་ས་ལས་སྐྱེས་གཉིས་ཀྱི་སྲིང་མོ་དགེ་སློང་མ་མཛའ་མོ་ཞེས་བྱ་བ་རྒྱལ་པོའི་ཁབ་ན། དགེ་སློང་མའི་དབྱར་ཁང་རྒྱལ་པོའི་ཀུན་དགའ་ར་བ་ན་འདུག་གོ་།དེ་ནས་དགེ་སློང་མ་མཛའ་མོ་དགེ་སློང་མཛའ་བོ་དང་ས་ལས་སྐྱེས་གཉིས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། དགེ་སློང་མཛའ་བོ་དང་ས་ལས་སྐྱེས་གཉིས་ཀྱི་རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། མཐའ་གཅིག་ཏུ་འདུག་གོ་།མཐའ་གཅིག་ཏུ་འདུག་ནས། དགེ་སློང་མཛའ་བོ་དང་ས་ལས་སྐྱེས་གཉིས་དགེ་སློང་མ་མཛའ་མོ་ལ་གཏམ་འདྲེ་བར་མི་བྱེད། ཕེབས་པར་སྨྲ་བར་མི་བྱེད། ཅུང་ཟད་ལྟ་བར་མི་བྱེད། རྣམ་པར་ལྟ་བར་མི་བྱེད་དོ། །དེ་ནས་དགེ་སློང་མ་མཛའ་མོས་དགེ་སློང་མཛའ་བོ་དང་ས་ལས་སྐྱེས་གཉིས་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་པ་གཉིས་ཅིའི་སླད་དུ་ཁྱེད་གཉིས་བདག་ལ་གཏམ་འདྲེ་པར་མི་མཛད། ཕེབས་པར་སྨྲ་བར་མི་མཛད། ཅུང་ཟད་ལྟ་བར་མི་མཛད། རྣམ་པར་ལྟ་བར་མི་མཛད། སྲིང་མོ། ཁོ་བོ་ཅག་གཉིས་ཚེ་དང་ལྡན་པ་གྱད་བུ་ནོར་གྱིས་བསམ་བཞིན་དུ་ལན་གསུམ་གྱི་བར་དུ་གང་དག་ཟོས་ན་རྗུད་པར་འགྱུར་བའི་ཟས་ངན་པ་ཤིན་ཏུ་ཡིད་དུ་མི་འོང་བ་དག་གིས་མཐོ་བཙམས་ན་དེ་ཁྱོད་ཀྱིས་ཡལ་བར་དོར་རམ། འཕགས་པ་གཉིས་འོ་ན་བདག་གིས་ཅི་ཞིག་བགྱི། སྲིང་མོ་ཚུར་ཤོག །བཅོམ་ལྡན་འདས་ག་ལ་བ་དེར་སོང་ལ་ཕྱིན་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་བཙུན་པ་འདི་ལྟར་འཕགས་པ་གྱད་བུ་ནོར་བདག་དང་ལྷན་ཅིག་མི་ཚངས་པར་སྤྱད་དེ་ཕམ་པར་གྱུར་པ་དེ་ནི་མི་མཛེས་ཤིང་ཚུལ་དང་མཐུན་པ་མ་ལགས་སོ་ཞེས་སྨྲོས་ཤིག་དང་། ཁོ་བོ་ཅག་གཉིས་ཀྱིས་ཀྱང་འདི་སྐད་ཅེས་བཅོམ་ལྡན་འདས་དེ་དེ་བཞིན་ནོ། །བདེ་བར་གཤེགས་པ་དེ་དེ་བཞིན་ཏེ། བདག་ཅག་གཉིས་ཀྱི་སྲིང་མོས་ཇི་སྐད་གསོལ་བ་དེ་ཁོ་ན་བཞིན་དུ་བདག་


DKG005_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

ཅག་གཉིས་ཀྱིས་ཀྱང་འཚལ་ཏོ་ཞེས་སྨྲ་བར་བྱའོ། །འཕགས་པ་གཉིས་ཇི་ལྟར་བདག་གིས་དགེ་སློང་དག་པ་ལྟུང་བ་མ་མཆིས་པ་ལ་གཞི་མ་མཆིས་པར་ཕམ་པར་འགྱུར་བའི་ཆོས་ཀྱིས་སྐུར་པ་གདབ་པར་བགྱི། སྲིང་མོ་ཁྱོད་ཇི་སྲིད་དུ་དེ་སྐད་མི་ཟེར་བ་དེ་སྲིད་དུ་ཁོ་བོ་ཅག་གཉིས་ཁྱོད་ལ་གཏམ་འདྲེ་བར་མི་བྱེད། ཕེབས་པར་སྨྲ་བར་མི་བྱེད། ཅུང་ཟད་ལྟ་བར་མི་བྱེད། རྣམ་པར་ལྟ་བར་མི་བྱེད་དོ། །དེ་ནས་དགེ་སློང་མ་མཛའ་མོ་ཡུད་ཙམ་ཞིག་ཅང་མི་སྨྲ་བར་འདུག་ནས། དགེ་སློང་མཛའ་བོ་དང་ས་ལས་སྐྱེས་གཉིས་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་པ་གཉིས་དེ་ལྟ་ན་བདག་གིས་དེ་སྐད་བགྱིའོ། །སྲིང་མོ་དེའི་ཕྱིར་ཁྱོད་ཇི་སྲིད་དུ་ཁོ་བོ་ཅག་གཉིས་བཅོམ་ལྡན་འདས་ག་ལ་བ་དེར་མ་སོན་པ་དེ་སྲིད་དུ་རེ་ཞིག་ཏུ་སྡོད་ལ། གང་གི་ཚེ་ཁོ་བོ་ཅག་གཉིས་བཅོམ་ལྡན་འདས་ཀྱི་དྲུང་དུ་སོན་པ་དེའི་ཚེ་ན་ཁྱོད་ཕྱི་བཞིན་ཤོག་ཅིག །དེ་ནས་དགེ་སློང་མཛའ་བོ་དང་ས་ལས་སྐྱེས་གཉིས་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ་།དེ་ནས་དགེ་སློང་མ་མཛའ་མོས་དགེ་སློང་མཛའ་བོ་དང་ས་ལས་སྐྱེས་གཉིས་དོང་ནས་རིང་པོ་མ་ལོན་པར་རིག་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ་།མཐའ་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་དགེ་སློང་མ་མཛའ་མོས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་འདི་ལྟར་འཕགས་པ་གྱད་བུ་ནོར་བདག་དང་ལྷན་ཅིག་མི་ཚངས་པར་སྤྱད་དེ་ཕམ་པར་གྱུར་པ་དེ་ནི་མི་མཛེས་ཤིང་ཚུལ་དང་མཐུན་པ་མ་ལགས་སོ། །དགེ་སློང་མཛའ་བོ་དང་ས་ལས་སྐྱེས་གཉིས་ཀྱིས་ཀྱང་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་དེ་བཞིན་ནོ། །བདེ་བར་གཤེགས་པ་དེ་དེ་བཞིན་ཏེ། བདག་ཅག་གཉིས་ཀྱི་སྲིང་མོས་ཇི་སྐད་གསོལ་པ་དེ་ཁོ་ན་བཞིན་དུ་བདག་ཅག་གཉིས་ཀྱིས་ཀྱང་འཚལ་ཏོ། །དེའི་ཚེ་ན་ཚེ་དང་ལྡན་པ་གྱད་བུ་ནོར་འཁོར་དེ་ཉིད་ན་འདུག་ཅིང་མཐུན་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་གྱད་བུ་ནོར་ལ་བཀའ་སྩལ་པ། གྱད་བུ་ནོར་ཁྱོད་ཀྱིས་ཐོས་སམ། བཅོམ་ལྡན་འདས་བདག་གིས་ཐོས་སོ། །གྱད་བུ་ནོར་ཁྱོད་ཀྱིས་ཐོས་


DKG005_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

སམ། བདེ་བར་གཤེགས་པ་བདག་གིས་ཐོས་སོ། །གྱད་བུ་ནོར་ཁྱོད་དེ་ལ་ཇི་སྙམ་དུ་སེམས། བཅོམ་ལྡན་འདས་ཀྱིས་བདག་ལ་ཇི་ལྟར་མཁྱེན་པ་ལགས་སོ། །བདེ་བར་གཤེགས་པས་བདག་ལ་ཇི་ལྟར་མཁྱེན་པ་ལགས་སོ། །གྱད་བུ་ནོར་ ཁྱོད་དེ་སྐད་ཅེས་བཅོམ་ལྡན་འདས་ཀྱིས་བདག་ལ་ཇི་ལྟར་མཁྱེན་པ་ལགས་སོ། །བདེ་བར་གཤེགས་པས་བདག་ལ་ཇི་ལྟར་མཁྱེན་པར་ལགས་སོ་ཞེས་ཟེར་བ་དེ་ནི་དུས་མ་ཡིན། འདི་ནི་སྐབས་མ་ཡིན་ཏེ། འདི་ལྟར་དྲན་ན་ཡང་དྲན་ཞེས་བརྗོད་པར་བྱའོ། །མི་དྲན་ན་ཡང་མི་དྲན་ཞེས་བརྗོད་པར་བྱའོ། །བཅོམ་ལྡན་འདས་མི་དྲན་ནོ། །བདེ་བར་གཤེགས་པ་མི་དྲན་ནོ། །དེའི་ཚེ་ན་ཚེ་དང་ལྡན་པ་སྒྲ་གཅན་ཟིན་བཅོམ་ལྡན་འདས་ཀྱི་སྣམ་ལོགས་ན་འདུག་པར་གྱུར་ཅིང་རྡུལ་ཡབ་་ཐོགས་ཏེ་བཅོམ་ལྡན་འདས་ལ་གཡོབ་པར་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་སྒྲ་གཅན་ཟིན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་འདི་ལྟར་དགེ་སློང་མ་མཛའ་མོ་བཅོམ་ལྡན་འདས་ག་ལ་བ་དེར་མཆིས་ཏེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། མཐའ་གཅིག་ཏུ་མཆིས་ཤིང་། མཐའ་གཅིག་ཏུ་མཆིས་ནས་བཅོམ་ལྡན་འདས་ལ་དགེ་སློང་མ་མཛའ་མོས་འདི་སྐད་ཅེས། བཙུན་པ་འདི་ལྟར་འཕགས་པ་གྱད་བུ་ནོར་བདག་དང་ལྷན་ཅིག་མི་ཚངས་པར་སྤྱད་དེ་ཕམ་པར་གྱུར་པ་དེ་ནི་མི་མཛེས་ཤིང་ཚུལ་དང་མཐུན་པ་མ་ལགས་སོ་ཞེས་གསོལ་ནས། དགེ་སློང་མཛའ་བོ་དང་ས་ལས་སྐྱེས་གཉིས་ཀྱིས་ཀྱང་འདི་སྐད་ཅེས་བཅོམ་ལྡན་འདས་ད་དེ་བཞིན་ནོ། །བདེ་བར་གཤེགས་པ་དེ་དེ་བཞིན་ཏེ། བདག་ཅག་གཉིས་ཀྱི་སྲིང་མོས་འདི་སྐད་ཅེས་གསོལ་པ་དེ་ཁོ་ན་བཞིན་དུ་བདག་ཅག་གཉིས་ཀྱིས་ཀྱང་འཚལ་ཏོ་ཞེས་གསོལ་ན། བཙུན་པ་དེའི་སླད་དུ་ཚེ་དང་ལྡན་པ་གྱད་བུ་ནོར་ལ་རྨ་ཅི་འཚལ། སྒྲ་གཅན་ཟིན་དེའི་ཕྱིར་དེ་ཁྱོད་ཉིད་ལ་དྲིའི་ཁྱོད་ཀྱིས་ཇི་ལྟར་བཟོད་པ་དེ་ཁོ་ན་བཞིན་དུ་ལན་ཐོབ་ཅིག །སྒྲ་གཅན་ཟིན་གལ་ཏེ་དགེ་སློང་མ་མཛའ་མོ་དེ་ག་ལ་བ་དེར་འོངས་ཏེ་ཕྱིན་ནས། ངའི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་


DKG005_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཏུ་འདུག་ཅིང་། མཐའ་གཅིག་ཏུ་འདུག་ནས་ང་ལ་དགེ་སློང་མ་མཛའ་མོས་འདི་སྐད་ཅེས་བཙུན་པ་འདི་ལྟར་འཕགས་པ་སྒྲ་གཅན་ཟིན་བདག་དང་ལྷན་ཅིག་མི་ཚངས་པར་སྤྱད་དེ་ཕམ་པར་གྱུར་པ་དེ་ནི་མི་མཛེས་ཤིང་ཚུལ་དང་མཐུན་པ་མ་ལགས་སོ། །ཞེས་གསོལ་ནས། དགེ་སློང་མཛའ་བོ་དང་ས་ལས་སྐྱེས་གཉིས་ཀྱིས་ཀྱང་འདི་སྐད་ཅེས་བཅོམ་ལྡན་འདས་དེ་དེ་བཞིན་ནོ། །བདེ་བར་གཤེགས་པ་དེ་དེ་བཞིན་ཏེ། བདག་ཅག་གཉིས་ཀྱི་སྲིང་མོས་ཇི་སྐད་གསོལ་པ་དེ་ཁོ་ན་བཞིན་དུ་བདག་ཅག་གཉིས་ཀྱིས་ཀྱང་འཚལ་ཏོ་ཞེས་གསོལ་ནས། ངས་ཁྱོད་ལ་སྒྲ་གཅན་ཟིན་དེ་ལ་ཁྱོད་ཇི་སྙམ་དུ་སེམས་ཤེས་རྨས་ན། ཁྱོད་ཇི་སྐད་ལན་འདེབས་པར་བྱེད། བཙུན་པ་བདག་འདི་སྐད་ཅེས་དྲན་ན་ཡང་དྲན་ཞེས་གསོལ་ལོ། །མི་དྲན་ན་ཡང་མི་དྲན་ཞེས་གསོལ་ལོ། །མི་གཏི་མུག་ཅན་འོ་ན་ཁྱོད་ཀྱིས་དོན་དེ་འཐོབ་ན་དགེ་སློང་གྱད་བུ་ནོར་དག་པ་ལྟུང་བ་མེད་པས་ཅིའི་ཕྱིར་མི་འཐོབ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཁྱོད་ཀྱིས་དགེ་སློང་གྱད་བུ་ནོར་ནི་དྲན་པ་དང་ལྡན་པར་ཟུང་ཞིག །དགེ་སློང་མ་མཛའ་མོ་ནི་རང་གིས་ཁས་བླངས་པས་བསྙིལ་པར་བྱའོ། །དགེ་སློང་མཛའ་བོ་དང་ས་ལས་སྐྱེས་གཉིས་ལ་ནི་ཅི་ཞིག་མཐོང་། ཇི་ལྟར་མཐོང་། གང་དུ་མཐོང་། ཁྱེད་གཉིས་དོན་ཅི་ལ་དེར་སོན་པས་དེར་མཐོང་ཞེས་ལེགས་པར་རབ་ཏུ་གླེང་བར་གྱིས་ཤིང་། བརྟག་པར་གྱིས་ཤིག་ཅེས་བཀའ་སྩལ་ནས། བཅོམ་ལྡན་འདས་གདན་ལས་བཞེངས་ཏེ་ནང་དུ་ཡང་དག་འཇོག་གི་སླད་དུ་གཙུག་ལག་ཁང་དུ་གཤེགས་སོ། །དེ་ནས་དགེ་སློང་རབ་ཏུ་མང་པོ་དག་གིས་བཅོམ་ལྡན་འདས་ནང་དུ་ཡང་དག་འཇོག་ལ་ཞུགས་ནས་རིང་པོ་མ་ལོན་པར་རིག་ནས། ཚེ་དང་ལྡན་པ་གྱད་བུ་ནོར་ནི་དྲན་པ་དང་ལྡན་པར་བཟུང་། དགེ་སློང་མ་མཛའ་མོ་ནི་རང་གིས་ཁས་བླངས་པས་བསྙིལ། དགེ་སློང་མཛའ་བོ་དང་ས་ལས་སྐྱེས་གཉིས་ལ་ནི་ཅི་ཞིག་མཐོང་། ཇི་ལྟར་མཐོང་། གང་དུ་མཐོང་། ཁྱེད་གཉིས་ཅིའི་ཕྱིར་དེར་སོན་པས་དེར་མཐོང་ཞེས་ལེགས་པར་རབ་ཏུ་གླེངས་ཤིང་


DKG005_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

བརྟགས་སོ། །དགེ་སློང་རབ་ཏུ་མང་པོ་དག་གིས་ལེགས་པར་རབ་ཏུ་གླེངས་ཤིང་བརྟགས་པ་ན་དེ་གཉིས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་དག །ཚེ་དང་ལྡན་པ་གྱད་བུ་ནོར་ལ་མི་ཚངས་པར་སྤྱོད་པའི་ཕམ་པར་གྱུར་པ་མ་བྱུང་སྟེ། འདི་ལྟར་ཚེ་དང་ལྡན་པ་གྱད་བུ་ནོར་གྱིས་བདག་ཅག་གཉིས་གང་དག་ཟོས་ན་རྗུད་པར་འགྱུར་བ་ཤིན་ཏུ་ཡིད་དུ་མི་འོང་བའི་ཟས་ངན་པ་དག་གིས་ལན་གསུམ་གྱི་བར་དུ་མཐོ་བཙམས་པས་བདག་ཅག་གཉིས་ཀྱིས་ཚེ་དང་ལྡན་པ་གྱད་བུ་ནོར་ལ་འདུན་པས་སྨྲས། ཞེ་སྡང་དང་གཏི་མུག་དང་འཇིགས་པས་སྨྲས་པར་ཟད་ཀྱིས། ཚེ་དང་ལྡན་པ་གྱད་བུ་ནོར་ལ་མི་ཚངས་པར་སྤྱོད་པའི་ཕམ་པར་འགྱུར་བ་མ་བྱུང་སྟེ། འདི་ལྟར་དགེ་སློང་དག་པ་ལྟུང་བ་མེད་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཕྱེ་མ་བྲེད་ནང་དུ་ཡང་དག་འཇོག་ལས་བཞེངས་ནས། དགེ་སློང་གི་དགེ་འདུན་གྱི་གུང་དུ་གདན་བཤམས་པ་ཉིད་ལ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ལ་དགེ་སློང་རབ་ཏུ་མང་པོ་དག་གིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་འདི་ན་བདག་ཅག་དགེ་སློང་རབ་ཏུ་མང་པོ་དག་གིས་བཅོམ་ལྡན་འདས་ནང་དུ་འཇོག་ལ་ཞུགས་ནས་རིང་པོ་མ་ལགས་པར་རིག་ནས། ཚེ་དང་ལྡན་པ་གྱད་བུ་ནོར་ནི་དྲན་པ་དང་ལྡན་པར་བཟུང་། དགེ་སློང་མ་མཛའ་མོ་ནི་རང་གི་མཆིད་ཀྱིས་འཚལ་བས་བསྙིལ། དགེ་སློང་མཛའ་བོ་དང་ས་ལས་སྐྱེས་གཉིས་ལ་ནི་ཅི་ཞིག་མཐོང་། ཇི་ལྟར་མཐོང་གང་དུ་མཐོང་། ཁྱེད་གཉིས་ཅིའི་ཕྱིར་དེར་སོན་པས་དེར་མཐོང་ཞེས་ལེགས་པར་རབ་ཏུ་གླེངས་ཤིང་བརྟགས་ཏེ། བདག་ཅག་དགེ་སློང་རབ་ཏུ་མང་པོ་དག་གིས་ལེགས་པར་རབ་ཏུ་གླེངས་ཤིང་བརྟགས་པ་ན། དེ་གཉིས་ཀྱིས་མཆིད་ནས་ཚེ་དང་ལྡན་པ་དག །ཚེ་དང་ལྡན་པ་གྱད་བུ་ནོར་ལ་མི་ཆངས་པར་སྤྱོད་པའི་ཕམ་པར་འགྱུར་བ་མ་བྱུང་སྟེ། འདི་ལྟར་ཚེ་དང་ལྡན་པ་གྱད་བུ་ནོར་གྱིས་བདག་ཅག་གཉིས་གང་དག་ཟོས་ན་རྗུད་པར་འགྱུར་བ་ཤིན་ཏུ་ཡིད་དུ་མི་འོང་བའི་ཟས་ངན་པ་དག་གིས་ལན་གསུམ་གྱི་བར་དུ་མཐོ་བཙམས་པས་བདག་ཅག་གཉིས་ཀྱིས་ཚེ་དང་ལྡན་པ་གྱད་བུ་ནོར་ལ་འདུན་པས་སྨྲས། ཞེ་སྡང་དང་། གཏི་མུག་དང་། འཇིགས་


DKG005_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

པས་སྨྲས་པར་ཟད་ཀྱིས། ཚེ་དང་ལྡན་པ་གྱད་བུ་ནོར་ལ་མི་ཚངས་པར་སྤྱོད་པའི་ཕམ་པར་འགྱུར་བ་མ་བྱུང་སྟེ། འདི་ལྟར་དགེ་སློང་དག་པ་ལྟུང་བ་མེད་པ་ཡིན་ནོ་ཞེས་མཆིའོ། །དགེ་སློང་དག་མི་གཏི་མུག་ཅན་དེ་གཉིས་ཀྱིས་ཅིའི་ཕྱིར་ཟང་ཟིང་ཅུང་ཟད་ཙམ་གྱི་ཕྱིར་ཤེས་བཞིན་དུ་རྫུན་གྱི་ཚིག་སྨྲས་པར་གྱུར། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་གཉིས་བཀའ་སྩལ་པ། ལུས་ཅན་བརྫུན་དུ་སྨྲས་པ་ཡིས། །ཆོས་གཅིག་ལས་ནི་འདས་གྱུར་ཅིང་། །འཇིག་རྟེན་ཕ་རོལ་དྲལ་བ་ཡིས། །འདི་ལ་སྡིག་པ་མི་བྱ་མེད། །ལྕགས་གོང་མེ་ལྕེ་འདྲ་བ་དག །ཟོས་པ་གྱུར་པ་མཆོག་ཡིན་གྱི། ཚུལ་འཚལ་ཡང་དག་མི་སྡོམ་པས། །ཡུལ་འཁོར་བསོད་སྙོམས་ཟ་བ་མིན། །དེའི་སྐབས་སུ་ནམ་མཁའི་དཀྱིལ་ན་གནས་པའི་ལྷ་རྣམས་ཀྱིས་ངན་ཞེས་བྱ་བ་བརྗོད་དེ་ཁམ་གྱི་ཟས་ནི་ངན་ཏོ། །མི་བཟོད་དོ། །མཆོག་ཏུ་མི་བཟོད་དོ། །འདི་ལྟར་དགེ་སློང་སྨས་པ་དག་ཟང་ཟིང་ཅུང་ཟད་ཙམ་གྱི་ཕྱིར་དགེ་སློང་དག་པ་ལྟུང་བ་མེད་པ་ལ་གཞི་མེད་པར་ཕམ་པར་འགྱུར་བའི་ཆོས་ཀྱིས་སྐུར་བ་འདེབས་པར་བྱེད་དོ། །ཡང་སྨྲས་པ། འཇིག་རྟེན་དག་ན་འཁོར་བ་ལ། །བློ་ལྡན་སུ་ཞིག་དགའ་བར་བྱེད། །སྲིད་གསུམ་གྲོལ་བའི་ནོར་གྱིས་ཀྱང་། །སྐུར་པ་ཐོབ་པར་གྱུར་ཕྱིར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་གླེང་གཞི་འདི་དང་སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སློང་མཛའ་བོ་དང་ས་ལས་སྐྱེས་གཉིས་ལ་རྨས་པ། མི་གཏི་མུག་ཅན་ཁྱོད་གཉིས་ཀྱིས་དགེ་སློང་དག་པ་ལྟུང་བ་མེད་པ་ལ་གཞི་མེད་པར་ཕམ་པར་འགྱུར་བའི་ཆོས་ཀྱིས་སྐུར་པ་བཏབ་པ་བདེན་ནམ། བཙུན་པ་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་ཡིན་པ་རྗེས་སུ་མཐུན་པ་མ་ཡིན་པ་རུང་བ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པས་རྣམ་པར་སྨད་པར་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་


DKG005_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

དག་གང་ཟག་གསུམ་པོ་འདི་དག་ནི་མ་སྤངས་ན་ངན་སོང་དུ་འགྲོ་བ་དང་སེམས་ཅན་དམྱལ་བར་འགྲོ་བ་དག་ཡིན་ཏེ། གསུམ་པོ་གང་ཞེ་ན། འདི་ལ་གང་ཟག་འདོད་པ་དག་ཀྱང་སྟེན་པར་བྱེད་ལ་སྡིག་པའི་ལས་ཀྱང་བྱེད་པ་འདི་ནི། གང་ཟག་དེ་མ་སྤངས་ན་ངན་སོང་དུ་འགྲོ་བ་སེམས་ཅན་དམྱལ་བར་འགྲོ་བ་དང་པོ་ཡིན་ནོ། །གཞན་ཡང་གང་ཟག་བདག་ཉིད་ཚུལ་ཁྲིམས་འཆལ་ཅིང་གཞན་ལ་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ཏེ་སྨྲ་བ་འདི་ནི་གང་ཟག་དེ་མ་སྤངས་ན་ངན་སོང་དུ་འགྲོ་བ་སེམས་ཅན་དམྱལ་བར་འགྲོ་བ་གཉིས་པ་ཡིན་ནོ། །གཞན་གང་ཟག་བདག་ཉིད་མི་ཚངས་པར་སྤྱོད་ཅིང་གཞན་ལ་གཞི་མེད་པར་མི་ཚངས་པར་སྤྱོད་པ་ཕམ་པར་འགྱུར་བའི་ཆོས་ཀྱིས་སྐུར་བ་འདེབས་པར་བྱེད་པ་འདི་ནི་གང་ཟག་དེ་མ་སྤངས་ན་ངན་སོང་དུ་འགྲོ་བ་སེམས་ཅན་དམྱལ་བར་འགྲོ་བ་གསུམ་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ། བདེ་བར་གཤེགས་པས་དེ་སྐད་གསུངས་ནས། སྟོན་པས་གཞན་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། །ཚིག་གི་ཉེས་སྨྲས་རྗོད་བྱེད་ན། །སྐྱེས་བུ་སྐྱེས་པའི་ཁ་ནས་ནི། །སྟ་རེ་སྐྱེ་ཞིང་དེ་ཡིས་ནི། །བདག་ཉིད་ལ་ཡང་གཅོད་པར་འགྱུར། །གང་ཞིག་སྨད་བྱ་བསྟོད་བྱེད་ཅིང་། །བསྟོད་བྱ་རྣམ་པར་སྨོད་བྱེད་པ། །དེ་ཡི་ཁ་ནས་འཐབ་ཀྲོལ་སྐྱེད། །འཐབ་གྲོལ་ཅན་གྱིས་བདེ་མི་མྱོང་། །གང་འདིར་ཆོ་ལོས་རང་ནོར་ཕམ་བྱེད་པ། །འཐབ་ཀྲོལ་དེ་ནི་ཅུང་ཟད་ཙམ་དུ་ཟད། །གང་ཞིག་བདེ་གཤེགས་ཡིད་རབ་ཁྲོ་བྱེད་པ། །དེ་འདིར་འཐབ་ཀྲོལ་ཤིན་ཏུ་ཆེན་པོ་ཡིན། །འཕགས་པས་སྨད་པའི་ངག་ཡིད་སྡིག་བརྟེན་ན། །བྱེ་བ་བརྒྱ་སྟོང་དང་ནི་དུང་ཕྱུར་ཕྲག །སུམ་ཅུ་དྲུག་དང་ལྔ་པོ་ཇི་སྙེད་པར། །སེམས་ཅན་དམྱལ་བ་རྣམས་སུ་འགྲོ་བར་འགྱུར། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྡེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་


DKG005_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

སློང་གང་ཁྲོས་ཤིང་ཞེ་སྡང་བར་གྱུར་ནས། ཅི་ནས་ཀྱང་འདི་ཚངས་པར་སྤྱོད་པ་དང་དབྲལ་ལོ་སྙམ་ནས་དགེ་སློང་དག་པ་ལྟུང་བ་མེད་པ་ལ་གཞི་མེད་པར་ཕམ་པར་འགྱུར་བའི་ཆོས་ཀྱིས་སྐུར་པ་ལས་དེ་དུས་གཞན་ཞིག་ན་དྲིས་ཀྱང་རུང་མ་དྲིས་ཀྱང་རུང་རྩོད་པ་དེ་ཡང་གཞི་མེད་པ་ཡིན་ལ་དགེ་སློང་ཡང་ཞེ་སྡང་ལ་གནས་པས་ཞེ་སྡང་གིས་སྨྲས་སོ་ཞེ་ན་དགེ་འདུན་ལྷག་མའོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་མཛའ་བོ་དང་ས་ལས་སྐྱེས་སམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །ཁྲོས་ཤིང་ཞེས་བྱ་བ་ནི་འཁྲུགས་ཤིང་ངོ་། །ཞེ་སྡང་བར་གྱུར་ནས་ཞེས་བྱ་བ་ནི་ཡིད་མི་དགའ་བར་གྱུར་ནས་ཏེ། འཁྲུགས་པ་མ་བསལ་བར་རོ། །ཅི་ནས་ཀྱང་འདི་ཚངས་པར་སྤྱོད་པ་དང་དབྲལ་ལོ་སྙམ་ནས་ཞེས་བྱ་བ་ནི་ཅི་ནས་ཀྱང་འདི་དགེ་སློང་གི་ཚུལ་དང་དབྲལ་ལོ་སྙམ་ནས་སོ། །དགེ་སློང་དག་པ་ཞེས་བྱ་བ་ནི་གྱད་བུ་ནོར་རམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །ལྟུང་བ་མེད་པ་ལ་ཞེས་བྱ་བ་ནི་གཞི་དེའི་ལྟུང་བ་མེད་པ་ལའོ། །གཞི་མེད་པར་ཞེས་བྱ་བ་ནི། གཞི་གསུམ་པོ་མཐོང་བའི་གཞི་དང་། ཐོས་པའི་གཞི་དང་། དོགས་པའི་གཞི་མེད་པར་རོ། །ཕམ་པར་འགྱུར་བའི་ཆོས་ཀྱིས་ཞེས་བྱ་བ་ནི་ཆོས་བཞི་པོ་གང་ཡང་རུང་བས་ཏེ། དེ་ནི་ཆོས་མ་ཡིན་པ་ཆོས་ཀྱི་སྒྲར་གསུངས་པ་ཡིན་ནོ། །སྐུར་པ་ལས་ཞེས་བྱ་བ་ནི་སྐུར་པ་བཏབ་པ་ལས་སོ། །དེ་དུས་གཞན་ཞིག་ན་ཞེས་བྱ་བ་ནི་དེ་དུས་གཞན་ནའོ། །དྲིས་ཀྱང་རུང་ཞེས་བྱ་བ་ནི་གཞན་དག་གིས་སོ། །མ་དྲིས་ཀྱང་རུང་ཞེས་བྱ་བ་ནི་དེ་རང་ཉིད་འགྱོད་པ་དང་། ཅུང་ཟད་འགྱོད་པ་དང་། རྣམ་པར་འགྱོད་པ་དང་རབ་ཏུ་འགྱོད་པར་གྱུར་ནས་སོ། །རྩོད་པ་དེ་ཡང་ཞེས་བྱ་བ་ནི་རྩོད་པ་བཞི་པོ་འགྱེད་པའི་ཕྱིར་རྩོད་པ་དང་། མི་གདམས་པའི་ཕྱིར་རྩོད་པ་དང་། ལྟུང་བའི་ཕྱིར་རྩོད་པ་དང་། བྱ་བའི་ཕྱིར་རྩོད་པའོ། །གཞི་མེད་པ་ཡིན་ལ་ཞེས་བྱ་བ་ནི་གཞི་གསུམ་པོ་དག་མེད་པ་ཡིན་པའོ། །དགེ་སློང་ཡང་ཞེ་སྡང་ལ་གནས་པས་ཞེས་བྱ་བ་ནི། སྐུར་བ་འདེབས་པར་འདོད་པས་སོ། །ཞེ་སྡང་གིས་སྨྲས་སོ་ཞེ་ན་ཞེས་བྱ་བ་ནི། སྐུར་པ་བཏབ་པར་གྱུར་ཏོ་ཞེས་ཟེར་ནའོ། །དགེ་འདུན་ལྷག་མའོ་ཞེས་བྱ་བ་ནི་སྔ་མ་བཞིན་ཏེ། དེས་ན་དགེ་འདུན་ལྷག་མའོ་ཞེས་གསུངས་སོ། །དེ་ལ་ལྟུང་བ་ཇི་ལྟར་


DKG005_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ཞེ་ན། གང་ཟག་དག་པ་ལ་སྐུར་པ་འདེབས་པ་ལ་བཞི་བཅུས་ནི་ལྟུང་བར་འགྱུར་ལ། གཞི་ལྔས་ནི་ལྟུང་བར་མི་འགྱུར་རོ། །ཇི་ལྟར་གཞི་བཅུས་ལྟུང་བར་འགྱུར་ཞེ་ན། དེ་མ་མཐོང་བ་དང་། མ་ཐོས་པ་དང་། མི་དོགས་པར་འདུ་ཤེས་བསྒྱུར་ཅིང་བཟོད་པ་དང་། འདོད་པ་དང་བློ་གྲོས་དང་རྟོག་པ་དང་། ལྟ་བ་བསྒྱུར་ཏེ་འདི་སྐད་ཅེས་བདག་གིས་མཐོང་ངོ་། །བདག་གིས་ཐོས་སོ། །བདག་དོགས་སོ་ཞེས་ཟེར་ན་བརྗོད་དོ་ཅོག་དགེ་འདུན་ལྷག་མར་འགྱུར་རོ། །དེས་ཐོས་ལ་དེ་ཡང་བརྗེད་པ་དང་། དེ་དོགས་ལ་དེ་ཡང་བརྗེད་བཞིན་དུ་དེས་འདུ་ཤེས་བསྒྱུར་ཅིང་བཟོད་པ་དང་འདོད་པ་དང་བློ་གྲོས་དང་རྟོག་པ་དང་ལྟ་བ་བསྒྱུར་ཏེ་འདི་སྐད་ཅེས་བདག་གིས་ཐོས་ཏེ་དེ་ཡང་མ་བརྗེད་དོ། །བདག་དོགས་ཏེ་དེ་ཡང་མ་བརྗེད་དོ་ཞེས་ཟེར་ན་བརྗོད་དོ་ཅོག་དགེ་འདུན་ལྷག་མར་འགྱུར་རོ། །ཐོས་པ་ལ་ཡིད་ཆེས་ནས་བདག་གིས་མཐོང་ངོ་ཞེས་ཟེར་བ་དང་། ཐོས་པ་ལ་ཡིད་མ་ཆེས་པར་བདག་གིས་མཐོང་ངོ་ཞེས་ཟེར་བ་དང་། ཐོས་པ་ལ་དོགས་པ་ན་བདག་གིས་མཐོང་ངོ་ཞེས་ཟེར་བ་དང་། ཐོས་པ་ལ་མི་དོགས་པ་ན་བདག་གིས་མཐོང་ཞེས་ཟེར་བ་དང་། དོགས་པ་ལ་དོགས་པ་ན་བདག་གིས་མཐོང་ངོ་ཞེས་ཟེར་ན་བརྗོད་དོ་ཅོག་དགེ་འདུན་ལྷག་མར་འགྱུར་ཏེ། དེ་ལྟར་གཞི་བཅུས་ལྟུང་བར་འགྱུར་རོ། །ཇི་ལྟར་གཞི་ལྔས་ལྟུང་བར་མི་འགྱུར་ཞེ་ན། དེས་མ་མཐོང་བ་དང་། མ་ཐོས་པ་དང་། མ་དོགས་པ་ལ་དེས་འདུ་ཤེས་མ་བསྒྱུར་ཅིང་བཟོད་པ་དང་འདོད་པ་དང་བློ་གྲོས་དང་རྟོག་པ་དང་ལྟ་བ་མ་བསྒྱུར་བར་འདི་སྐད་ཅེས་བདག་གིས་མཐོང་ངོ་། །ཐོས་སོ། །དོགས་སོ་ཞེས་ཟེར་ན་ལྟུང་བར་མི་འགྱུར་རོ། །དེས་ཐོས་ལ་དེ་ཡང་བརྗེད་པ་དང་། དེ་དོགས་ལ་དེ་ཡང་བརྗེད་པ་ལ་དེས་འདུ་ཤེས་མ་བསྒྱུར་ཅིང་བཟོད་པ་དང་འདོད་པ་དང་བློ་གྲོས་དང་རྟོག་པ་དང་ལྟ་བ་མ་བསྒྱུར་བར་འདི་སྐད་ཅེས་བདག་གིས་ཐོས་སོ། །དེ་ཡང་མ་བརྗེད་དོ། །བདག་དོགས་ཏེ་དེ་ཡང་མ་བརྗེད་དོ་ཞེས་ཟེར་ན་ལྟུང་བར་མི་འགྱུར་ཏེ། དེ་ལྟར་གཞི་ལྔས་ལྟུང་བར་མི་འགྱུར་རོ། །ཇི་ལྟར་གང་ཟག་དག་པ་ལ་སྐུར་པ་འདེབས་པ་ལ་གཞི་བཅུས་ལྟུང་བར་འགྱུར་ལ། གཞི་


DKG005_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

ལྔས་ལྟུང་བར་མི་འགྱུར་བ་དེ་བཞིན་དུ་གང་ཟག་དག་པ་མ་དག་པ་ལྟར་བཅོས་ལ་སྐུར་པ་འདེབས་པ་ལ་ཡང་གཞི་བཅུས་ལྟུང་བར་འགྱུར་ལ། གཞི་ལྔས་ལྟུང་བར་མི་འགྱུར་རོ། །གང་ཟག་མ་དག་པ་ལ་སྐུར་པ་འདེབས་པ་ལ་ནི་གཞི་བཅུ་གཅིག་གིས་ལྟུང་བར་འགྱུར་ལ། གཞི་དྲུག་གིས་ལྟུང་བར་མི་འགྱུར་རོ། །ཇི་ལྟར་གཞི་བཅུ་གཅིག་གིས་ལྟུང་བར་འགྱུར་ཞེ་ན། དེ་མ་མཐོང་བ་དང་། མ་ཐོས་པ་དང་། མི་དོགས་པ་ལ་དེས་འདུ་ཤེས་བསྒྱུར་ཅིང་བཟོད་པ་དང་འདོད་པ་དང་བློ་གྲོས་དང་རྟོག་པ་དང་། ལྟ་བ་བསྒྱུར་ཅིང་འདི་སྐད་ཅེས་བདག་གིས་མཐོང་ངོ་། །བདག་གིས་ཐོས་སོ། །བདག་དོགས་སོ་ཞེས་ཟེར་ན་བརྗོད་དོ་ཅོག་དགེ་འདུན་ལྷག་མར་འགྱུར་རོ། །དེས་མཐོང་ལ་དེ་ཡང་བརྗོད་པ་དང་། དེས་ཐོས་ལ་དེ་ཡང་བརྗེད་པ་དང་། དེ་དོགས་ལ་དེ་ཡང་བརྗེད་པ་ལ་དེས་འདུ་ཤེས་བསྒྱུར་ཅིང་བཟོད་པ་དང་འདོད་པ་དང་བློ་གྲོས་དང་རྟོག་པ་དང་ལྟ་བ་བསྒྱུར་ཏེ་འདི་སྐད་ཅེས་བདག་གིས་མཐོང་སྟེ་དེ་ཡང་མ་བརྗེད་དོ། །བདག་གིས་ཐོས་ཏེ་དེ་ཡང་མ་བརྗེད་དོ། །བདག་དོགས་ཏེ་དེ་ཡང་མ་བརྗེད་དོ་ཞེས་ཟེར་ན་བརྗོད་དོ་ཅོག་དགེ་འདུན་ལྷག་མར་འགྱུར་རོ། །ཐོས་པ་ལ་ཡིད་ཆེས་ནས་བདག་གིས་མཐོང་ངོ་ཞེས་ཟེར་བ་དང་། ཐོས་པ་ལ་ཡིད་མ་ཆེས་པར་བདག་གིས་མཐོང་ངོ་ཞེས་ཟེར་བ་དང་། ཐོས་པ་ལ་དོགས་པ་ན་བདག་གིས་མཐོང་ངོ་ཞེས་ཟེར་བ་དང་། ཐོས་པ་ལ་མི་དོགས་པ་ན་བདག་གིས་མཐོང་ངོ་ཞེས་ཟེར་བ་དང་། དོགས་པ་ལ་དོགས་པ་ན་བདག་གིས་མཐོང་ངོ་ཞེས་ཟེར་ན། བརྗོད་དོ་ཅོག་དགེ་འདུན་ལྷག་མར་འགྱུར་ཏེ། དེ་ལྟར་གཞི་བཅུ་གཅིག་གིས་ལྟུང་བར་འགྱུར་རོ། །ཇི་ལྟར་གཞི་དྲུག་གིས་ལྟུང་བ་མེད་པར་འགྱུར་ཞེ་ན། དེས་མ་མཐོང་བ་དང་། མ་ཐོས་པ་དང་། མི་དོགས་པ་ལ་དེས་འདུ་ཤེས་མ་བསྒྱུར་ཅིང་བཟོད་པ་དང་འདོད་པ་དང་བློ་གྲོས་དང་རྟོག་པ་དང་ལྟ་བ་མ་བསྒྱུར་བར་འདི་སྐད་ཅེས་བདག་གིས་མཐོང་ངོ་ཐོས་སོ་དོགས་སོ་ཞེས་ཟེར་ན་ལྟུང་བར་མི་འགྱུར་རོ། །དེས་མཐོང་ལ་དེ་ཡང་མ་བརྗེད་པ་དང་། དེས་ཐོས་ལ་དེ་ཡང་མ་བརྗེད་པ་དང་། དེ་དོགས་ལ་དེ་ཡང་མ་བརྗེད་པ་ལ་དེས་


DKG005_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

འདུ་ཤེས་མ་བསྒྱུར་ཅིང་བཟོད་པ་དང་འདོད་པ་དང་བློ་གྲོས་དང་རྟོག་པ་དང་བལྟ་བ་བསྒྱུར་བར་འདི་སྐད་ཅེས་བདག་གིས་མཐོང་སྟེ་དེ་ཡང་མ་བརྗེད་དོ། །བདག་གིས་ཐོས་ཏེ་དེ་ཡང་མ་བརྗེད་དོ། བདག་དོགས་ཏེ་དེ་ཡང་མ་བརྗེད་དོ་ཞེས་ཟེར་ན་ལྟུང་བར་མི་འགྱུར་ཏེ་དེ་ལྟར་གཞི་དྲུག་གིས་ལྟུང་བར་མི་འགྱུར་རོ། །ཇི་ལྟར་གང་ཟག་མ་དག་པ་སྐུར་པ་འདེབས་པ་ལ་གཞི་བཅུ་གཅིག་གིས་ལྟུང་བར་འགྱུར་ལ། གཞི་དྲུག་གིས་ལྟུང་བར་མི་འགྱུར་བ་དེ་བཞིན་དུ། གང་ཟག་མ་དག་པ་དག་པ་ལྟར་བཅོས་པ་ལ་སྐུར་པ་འདེབས་པ་ལ་ཡང་གཞི་བཅུ་གཅིག་གིས་ལྟུང་བར་འགྱུར་ལ། གཞི་དྲུག་གིས་ལྟུང་བར་མི་འགྱུར་རོ། །དྲིལ་བསྒྲགས་པ་ལ་ནི་ལྟུང་བ་མེད་དོ། །ངོས་ལ་རི་མོ་བྲིས་པ་ཕན་ཆད་ལ་ཡང་ལྟུང་བ་མེད་དེ། ཇི་ལྟར་བདག་གིས་ཤེས་པ་དེ་བཞིན་དུ་འཇིག་རྟེན་ཐམས་ཅད་ཀྱིས་ཀྱང་ཤེས་སོ་སྙམ་ནའོ། །ལས་དང་པོ་པ་དང་། སྨྱོས་པ་དང་སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ཚེ་དང་ལྡན་པ་གྱད་བུ་ནོར་གྱིས་ལས་ཅི་ཞིག་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་ཕྱུག་པ་ནོར་མང་བ་ལོངས་སྤྱོད་ཆེ་བའི་ཁྱིམ་དུ་སྐྱེས། ལས་ཅི་ཞིག་བགྱིས་ན། དེས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་པས་དགྲ་བཅོམ་པ་ཉིད་མངོན་དུ་བགྱིས། ལས་ཅི་ཞིག་བགྱིས་ན། དེས་དགྲ་བཅོམ་པ་ཉིད་ཐོབ་ཀྱང་ཡང་དག་པ་མ་ལགས་པས་སྐུར་བར་གྱུར། ལས་ཅི་ཞིག་བགྱིས་ན། དེ་གནས་མལ་འབོག་པ་རྣམས་ཀྱི་མཆོག་ཏུ་བསྟན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་རིགས་ཀྱི་བུ་གྱད་བུ་ནོར་ཉིད་ཀྱིས་ལས་ཚོགས་རྙེད་པ་རྐྱེན་ཡོངས་སུ་བསྒྱུར་བ། འོད་པ་བཞིན་དུ་ཉེ་བར་གནས་པ། གདོན་མི་ཟ་བར་འབྱུང་བར་འགྱུར་བ་དག་བྱས་ཤིང་བསགས་པས་གྱད་བུ་ནོར་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དག་གཞན་སུ་ཞིག་གིས་སོ་སོར་མྱོང་བར་འགྱུར། དགེ་སློང་


DKG005_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

དག་ལས་བྱས་ཤིང་བསགས་པ་དག་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་ལ་མི་འགྱུར། མེའི་ཁམས་ལ་མི་འགྱུར། རླུང་གི་ཁམས་ལ་མི་འགྱུར་གྱི་འདི་ལྟར་ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་དག་ནི་ཟིན་པའི་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་དག་ལ་རྣམ་པར་སྨིན་པར་འགྱུར་ཏེ། ལས་རྣམས་བསྐལ་བ་བརྒྱར་ཡང་ནི། །ཆུད་མི་ཟ་བའང་ཚོགས་དང་དུས། །རྙེད་ན་ལུས་ཅན་རྣམས་ལ་ནི། །འབྲས་བུ་དག་ཏུ་འགྱུར་བ་ཉིད། །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་རི་བྲགས་ཤིག་ན། དེད་དཔོན་རྒྱལ་ཆེན་ཅན་ཞེས་བྱ་བ་ཞིག་འདུག་སྟེ། དེ་རྒྱ་མཚོ་ཆེན་པོར་འགྲོ་བའི་ཟོང་ཐོགས་ཏེ། དོན་མཐུན་དང་ལྷན་ཅིག་རྒྱ་མཚོ་ཆེན་པོར་འཕགས་སོ། །སངས་རྒྱས་རྣམས་འབྱུང་བ་མེད་པའི་ཚེ། རང་སངས་རྒྱས་དམན་པ་དང་བཀྲེན་པ་ལ་རྗེས་སུ་སྙིང་བརྩེ་བ་བས་མཐའི་གནས་མལ་ལ་དགའ་བ། བསེ་རུ་ལྟ་བུ་གཅིག་པུ་འཇིག་རྟེན་གྱི་ཡོན་གནས་སུ་གྱུར་པ་དག་འཇིག་རྟེན་དུ་བྱུང་ངོ་། །དེ་ནས་རང་སངས་རྒྱས་ཤིག་དེད་དཔོན་དེ་ཉིད་དང་ལྷན་ཅིག་ལྗོངས་རྒྱུར་འཕགས་ནས་དེའི་མཚན་མོ་མེའི་ཁམས་ལ་སྙོམས་པར་ཞུགས་སོ། །མི་གཙོ་བོ་དག་གི་ཀུན་ཏུ་སྤྱོད་པ་ནི་མི་མེལ་ཚེ་བྱེད་པ་མཚན་མོ་རེས་ཀྱིས་རེས་ཀྱིས་མེལ་ཚེ་བྱེད་པས་ཇི་ཙམ་ན་མི་ཞིག་ལ་རེས་བབ་སྟེ་མེལ་ཚེ་བྱེད་པས་དེས་དེ་མེའི་ཕུང་པོ་བཞིན་དུ་འབར་བ་མཐོང་ནས། དེས་ཡ་མཚན་གྱིས་བསྡུས་པའི་ཡིད་ཀྱིས་མཚན་མོ་ནམ་ནངས་པ་དང་། དེད་དཔོན་རྒྱལ་ཆེན་ཅན་ལ་སྨྲས་པ། དད་དཔོན་རབ་ཏུ་བྱུང་བ་དེད་དཔོན་དང་ཐབས་ཅིག་འཕགས་པ་འདི་ནི་བརྟུལ་ཞུགས་གྲུབ་པ་བདག་ཉིད་ཆེན་པོ་གཅིག་ལགས་ཏེ། བདག་གིས་མཚན་མོ་ཞུགས་ཀྱི་ཕུང་པོ་ལྟར་འབར་བ་མཐོང་ངོ་། །དེད་དཔོན་གྱིས་སྨྲས་པ། ཀྱེ་ནང་རྗེ་དེ་ཕྱོགས་གང་ན་འདུག །དེད་དཔོན་ག་གེ་མོ་ཞིག་ནའོ། །དེད་དཔོན་དེ་དགའ་བ་སྐྱེས་ནས་དེའི་གན་དུ་སོང་སྟེ་རྐང་པ་གཉིས་ལ་ཕྱག་འཚལ་ནས་སྨྲས་པ། འཕགས་པ་ཁྱོད་ནི་བསོད་སྙོམས་བཞེད་པ་ལགས་ལ། བདག་ཀྱང་བསོད་ནམས་འཚལ་བ་ལགས་པས་བདག་གི་བསོད་སྙོམས་གསོལ་


DKG005_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་གཤེགས་སུ་གསོལ། དེས་དེ་དང་དུ་བླངས་ནས་ཇི་ཙམ་ན་དེད་དཔོན་རྒྱལ་ཆེན་ཅན་གྲོང་དང་གྲོང་རྡལ་དང་ཡུལ་འཁོར་དང་རྒྱལ་པོའི་ཕོ་བྲང་དང་། ཚོང་རྡལ་དག་ཏུ་མཐར་གྱིས་རྣམ་པར་རྒྱུ་བ་ན་རྒྱ་མཚོ་ཆེན་པོའི་འགྲམ་དུ་ཕྱིན་ནས། དེས་ལམ་གྱིས་དུབ་པ་བསལ་ཏེ་རྙིང་པ་ལྔ་བརྒྱས་གྲུ་སྦྱར་ནས་ཞོ་ཤས་འཚོ་བ་ལྔ་པོ་སྟོབས་པར་བྱེད་པ་དང་། སེལ་བར་བྱེད་པ་དང་། རྒྱལ་ཆེན་དང་། གྲུ་དང་། རླུང་ཡོར་ཐོགས་པ་དག་ཁྲིད་དེ། རང་སངས་རྒྱས་ག་ལ་བ་དེར་སོང་ནས་ཕྱིན་པ་དང་། རྗེས་དང་བཅས་པས་རྐང་པ་གཉིས་ལ་ཕྱག་འཚལ་ཏེ། རང་སངས་རྒྱས་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་པ་བདག་ནི་རྒྱ་མཚོ་ཆེན་པོར་འཇུག་ན་ཅི་འཕགས་པ་འཇུག་གམ། དེས་སྨྲས་པ། བཞིན་བཟང་ཁྱོད་ནི་རེ་ཞིག་ཕ་མ་དང་། བུ་དང་ཆུང་མ་དང་བྲན་དང་བྲན་མོ་དང་། ལས་བྱེད་པ་དང་ཞོ་ཤས་འཚོ་བ་དང་། དགེ་སྦྱོང་དང་བྲམ་ཟེ་རྣམས་དང་། བཀྲེན་པ་དང་སྡུག་ཕོངས་པའི་སྐྱེ་བོ་རྣམས་ཀྱི་དོན་དུ་རྒྱ་མཚོ་ཆེན་པོར་འཇུག་པ་ཡིན་གྱི། ཁོ་བོ་ནི་ཁྱིམ་གྱི་ལས་ཀྱི་མཐའ་སྤངས་པ། སྲིད་པ་དང་ལོངས་སྤྱོད་ལ་མི་ཕྱོགས་པ། གཅིག་པུ་གཉིས་པ་མེད་པ་ཡིན་པས་གང་གི་དོན་དུ་རྒྱ་མཚོ་ཆེན་པོར་འཇུག །དེད་དཔོན་རྒྱལ་ཆེན་ཅན་གྱིས་བསམས་པ། བདག་གིས་འཕགས་པ་འདི་ལ་བསོད་སྙོམས་ནི་ཕུལ་ན་གོས་མ་བསྐོན་གྱིས་བདག་གིས་ད་འདི་ཟན་བྱིན་ལ་ཆེན་པོ་ལ་འོས་པའི་རས་ཡུག་ཆེན་པོ་བསྐོན་པར་བྱའོ་སྙམ་ནས། དེད་དཔོན་དེས་དེ་ཟས་བསོད་པས་ཚིམ་པར་བྱས་ནས་ཆེན་པོ་ལ་འོས་པའི་རས་ཡུག་ཆེན་བསྐོན་ནོ། །དེ་ནས་རང་སངས་རྒྱས་ཀྱིས་ཟས་ཀྱི་བྱ་བ་བྱས་ནས། དེ་ལ་སྙིང་བརྩེ་བའི་ཕྱིར་ངང་པའི་རྒྱལ་པོ་འདབ་མ་བརྐྱང་པ་ལྟར་སྟེང་གི་ནམ་མཁའ་ལ་མངོན་པར་འཕགས་ནས་འབར་བ་དང་གསལ་བ་དང་ཆར་འབེབས་པ་དང་། གློག་འབྱིན་པའི་ཆོ་འཕྲུལ་དག་བྱ་བར་བརྩམས་སོ། །སོ་སོའི་སྐྱེ་བོ་ནི་རྫུ་འཕྲུལ་ལ་མྱུར་དུ་སེམས་གཏོད་པར་བྱེད་པ་ཡིན་པས། དེད་དཔོན་དེ་ཤིང་ལྗོན་པ་རྩ་བ་ནས་བཅད་པ་བཞིན་དུ་རང་སངས་རྒྱས་དེའི་རྐང་པ་གཉིས་ཀྱི་དྲུང་


DKG005_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འགྱེལ་ནས་སྨོན་ལམ་གདབ་པར་བརྩམས་པ། བདག་གིས་ཡོན་གནས་ཡང་དག་པར་གྱུར་པ་འདི་ལྟ་བུ་ལ་མཆོད་པ་བྱས་པ་གང་ཡིན་པའི་དགེ་བའི་རྩ་བ་འདིས་བདག་ཕྱུག་པ་ནོར་མང་བ་ལོངས་སྤྱོད་ཆེ་བའི་ཁྱིམ་དུ་སྐྱེ་བར་གྱུར་ཅིག །འདི་བས་ཆེས་ཁྱད་པར་དུ་འཕགས་པའི་སྟོན་པ་མཉེས་པར་བྱེད་ཅིང་ཐུགས་བྱུང་བར་མི་བྱེད་པའི་ཡོན་ཏན་གྱི་རྣམ་པ་དེ་ལྟ་བུ་དག་ཀྱང་ཐོབ་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ། །དགེ་སློང་དག་དེའི་ཚེ་དེའི་དུས་ན་དེད་དཔོན་རྒྱལ་ཆེན་གང་ཡིན་པ་དེ་ནི་གྱད་བུ་ནོར་འདི་ཡིན་ཏེ། དེས་རང་སངས་རྒྱས་ལ་མཆོད་པ་བྱས་ནས་བདག་གིས་ཡོན་གནས་ཡང་དག་པར་གྱུར་པ་འདི་ལྟ་བུ་ལ་མཆོད་པ་བྱས་པ་གང་ཡིན་པའི་དགེ་བའི་རྩ་བ་འདིས་བདག་ཕྱུག་པ་ནོར་མང་བ་ལོངས་སྤྱོད་ཆེ་བའི་ཁྱིམ་དུ་སྐྱེ་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པ་དེས་ནི། ཕྱུག་པ་ནོར་མང་བ་ལོངས་སྤྱོད་ཆེ་བའི་ཁྱིམ་དུ་སྐྱེས་སོ། །འདི་བས་ཆེས་ཁྱད་པར་དུ་འཕགས་པའི་སྟོན་པ་མཉེས་པར་བྱེད་ཅིང་ཐུགས་བྱུང་བར་མི་བྱེད་པའི་ཡོན་ཏན་གྱི་རྣམ་པ་དེ་ལྟ་བུ་དག་ཀྱང་ཐོབ་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པ་དེས་ནི་ངའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་པས་དགྲ་བཅོམ་པ་ཉིད་མངོན་དུ་བྱས་ཤིང་འདིས་རང་སངས་རྒྱས་བྱེ་བ་ཕྲག་འབུམ་པས་ཆེས་ཁྱད་པར་དུ་འཕགས་པའི་སྟོན་པ་ང་མཉེས་པར་བྱས་ཤིང་ཐུགས་བྱུང་བར་མ་བྱས་སོ། །དེས་དགྲ་བཅོམ་པ་ཉིད་ཐོབ་ཀྱང་ཡང་དག་པ་མ་ཡིན་པས་སྐུར་བར་གྱུར་པ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་རི་བྲགས་ཤིག་ན་ཁྱིམ་བདག་ཕྱུག་པ་ནོར་མང་བ་ལོངས་སྤྱོད་ཆེ་བ། ཡོངས་སུ་བཟུང་བ་ཡངས་ཤིང་རྒྱ་ཆེ་བ་རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུ་ལ་ནོར་གྱིས་འགྲན་པ་ཞིག་འདུག་སྟེ། དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །རྩེ་བར་བྱེད་དགའ་བར་བྱེད་དགའ་མགུར་སྤྱོད་པར་བྱེད་པ་དེ་ལ་བུ་ཡང་མེད་བུ་མོ་ཡང་མེད་ནས། དེ་འདི་སྙམ་དུ་བདག་གི་ཁྱིམ་ནོར་དུ་མ་དང་ལྡན་ན་བདག་ལ་བུ་ཡང་


DKG005_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

མེད། བུ་མོ་ཡང་མེད་པས། བདག་འདས་ནས་བུ་མེད་པའི་ཕྱིར་ནོར་ཐམས་ཅད་རྒྱལ་པོས་དབང་དུ་བྱས་པར་འགྱུར་རོ་སྙམ་ནས། ལག་པ་ལ་འགྲམ་པ་གཏད་དེ་སེམས་ཁོང་དུ་ཆུད་ཅིང་འདུག་གོ་།ཆུང་མས་དེ་མཐོང་ནས་སྨྲས་པ། རྗེའི་སྲས་ཁྱོད་ཅིའི་སླད་དུ་ལག་པ་ལ་འགྲམ་པ་གཏད་དེ་སེམས་ཁོང་དུ་ཆུད་ཅིང་བཞུགས། དེས་སྨྲས་པ། བཟང་མོ་བདག་གི་ཁྱིམ་ནོར་དུ་མ་དང་ལྡན་ན་བདག་ལ་བུ་ཡང་མེད་བུ་མོ་ཡང་མེད་པས་བདག་འདས་ནས་བུ་མེད་པའི་ཕྱིར་ནོར་ཐམས་ཅད་རྒྱལ་པོས་དབང་དུ་བྱས་པར་འགྱུར་རོ་སྙམ་ན། ཇི་ལྟར་སེམས་ཁོང་དུ་ཆུད་ཅིང་མི་འདུག་ཏུ་རུང་། ཆུང་མས་བསམས་པ། ཅི་འདི་ལ་སྐལ་བ་མེད་པས་བུ་ཡང་མེད་བུ་མོ་ཡང་མེད་དམ། འོན་ཏེ་བདག་ལ་སྐལ་པ་མེད་པས་བུ་ཡང་མེད་བུ་མོ་ཡང་མེད་པ་གང་ཡིན་པ་ནི་གཏོལ་མེད་ན་འདི་ནི་ངེས་པར་བདག་ལ་སྐྱོན་འདོགས་ཤིང་ཆུང་མ་གཞན་ལེན་པར་འདོད་པས་དེས་ནི་འདི་སྐད་ཅེས་བདག་གི་ཁྱིམ་ནོར་དུ་མ་དང་ལྡན་ན་བདག་ལ་བུ་ཡང་མེད་བུ་མོ་ཡང་མེད་པས། བདག་འདས་ནས་བུ་མེད་པའི་ཕྱིར་ནོར་ཐམས་ཅད་རྒྱལ་པོས་དབང་དུ་བྱས་པར་འགྱུར་རོ་ཞེས་ཟེར་ཞིང་བདག་གི་དྲུང་ན་ལག་པ་ལ་འགྲམ་པ་གཏད་དེ། སེམས་ཁོང་དུ་ཆུད་པ་ལྟར་བྱེད་ཅིང་འདུག་གིས། དེའི་ཕྱིར་རེ་ཞིག་བདག་ཉིད་ཐར་བར་བྱའོ་སྙམ་དུ་རིག་ནས་སྨྲས་པ། རྗེའི་སྲས་གལ་ཏེ་བདག་ལ་སྐལ་པ་མ་མཆིས་པས་ཁྱོད་ལ་སྲས་ཀྱང་མི་མངའ། སྲས་མོ་ཡང་མི་མངའ་བ་ལགས་ན། བཙུན་མོ་གཞན་བཞེས་ཤིག །དེའི་འོག་ཏུ་ཁྱོད་ལ་སྲས་ཀྱང་མངའ། སྲས་མོ་ཡང་མངའ་བར་འགྱུར་རོ། །དེས་སྨྲས་པ། བཟང་མོ་ཁྱོད་ཀྱིས་སྐྱེས་པ་གང་ལ་ཆུང་མ་གཉིས་ཡོད་པ་དེས་ལན་འགའ་ཡང་སྐྱོ་མ་གྲང་མོ་མི་འཐུངས་ལ་རྟག་ཏུ་དེའི་ཁྱིམ་ན་འཐབ་མོ་དང་མཚང་འདྲུ་བ་དང་རྩོད་པ་དང་འགྱེད་པས་ནང་མི་ཡོངས་སུ་འཁྲུག་པར་བྱེད་ཅིང་རང་གི་ལས་ཡོངས་སུ་བསྒྲུབ་པ་ལྷུར་ལེན་པར་ཡང་མི་འགྱུར་རོ་ཞེས་བྱ་བ་དེ་མ་ཐོས་སམ། ཆུང་མས་སྨྲས་པ། རྗེའི་སྲས་བཞེས་ཤིག་དང་གལ་ཏེ་རེ་ཞིག་ཕུ་ནུ་མོ་ལྟ་བུ་ཞིག་ལགས་ན་ནི་ཕུ་ནུ་མོའི་འདུ་ཤེས་ཀྱིས་བསྐྱང་བར་བགྱིའོ། །གལ་ཏེ་བུ་མོ་ལྟ་བུ་ཞིག་ལགས་ན་


DKG005_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

ནི་བུ་མོའི་འདུ་ཤེས་ཀྱིས་བསྐྱང་བར་བགྱིའོ། །ཁྱིམ་བདག་དེ་ཆུང་མ་དེས་གཡོའི་ཀུན་ཏུ་སྤྱོད་པ་སྨྲས་པ་ན་བུ་མོ་ཚོལ་བར་རྩོམ་མོ། །ཇི་ཙམ་ན་རི་བྲགས་ཤིག་ན་ཁྱིམ་བདག་ཅིག་འདུག་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །རྩེ་བར་བྱེད་དགའ་བར་བྱེད་དགའ་མགུར་སྤྱོད་པར་བྱེད་པ་དེ་ལ་བུ་གཉིས་དང་། བུ་མོ་གཅིག་བཙས་ནས་དེས་དེ་དག་བསྲིངས་ཤིང་བསྐྱེད་ནས་ཁྱིམ་བདག་དེ་དུས་ལ་བབ་བོ། །དེ་ནས་བུ་མོ་ཚོལ་བའི་ཁྱིམ་བདག་དེས་དེ་གཉིས་ལས་བུ་མོ་དེ་བླངས་ནས། དཔལ་དང་ལྡན་པའི་ཡོ་ལང་ཆེན་པོས་བག་མར་བླངས་སོ། །ཆོས་ཉིད་ཀྱིས་ན་སར་པ་ཐམས་ཅད་ཀྱིས་རྙིང་པ་ཟིལ་གྱིས་གནོན་པ་ཡིན་པས། ཁྱིམ་བདག་དེ་བག་མ་སར་པ་དེ་ལ་ཤིན་ཏུ་ལྟོས་པ་དང་ལྡན་ཞིང་སེམས་འབྲེལ་བར་གྱུར་ཏོ། །དེ་ནས་དེའི་ཆུང་མ་སྔ་མ་དེ་ཕྲག་དོག་གི་རང་བཞིན་གྱིས་མངལ་གྱི་གནས་རྣམ་པར་དག་ཅིང་དེའི་མངལ་དུ་སེམས་ཅན་ཞུགས་པར་གྱུར་ཏོ། །དེ་ནས་དེ་མཆོག་ཏུ་དགའ་བ་སྐྱེས་ནས་ཁྱིམ་ཐབ་ལ་སྨྲས་པ། རྗེའི་སྲས་བདག་ལ་སེམས་ཅན་ཞུགས་ཀྱིས་དགྱེས་པ་སྐྱེད་ཅིག །ཁྱིམ་བདག་གིས་སྨྲས་པ། བཟང་མོ་ལེགས་ཏེ། གལ་ཏེ་ཁྱེའུར་སྐྱེ་བར་འགྱུར་ན། ཁོ་བོ་འདས་ནས་ཁྱིམ་གྱི་བདག་པོར་འགྱུར་རོ། །ཆུང་མས་སྨྲས་པ། རྗེའི་སྲས་གལ་ཏེ་ཁྱོད་ཀྱི་བག་སར་གྱི་མངལ་ན་གནས་པ་རླུགས་པར་བགྱི་བའི་ཚུལ་གྱིས་རླུགས་པར་མ་བགྱིས་ན། ཁྱེའུ་འདི་ཁྱིམ་གྱི་བདག་པོར་འགྱུར་རོ། །ཁྱིམ་བདག་གིས་སྨྲས་པ། བཟང་མོ་ཁོ་བོས་དང་པོ་ཉིད་ནས་དོན་དེ་ཁྱོད་ལ་གོ་བར་མ་བྱས་སམ། ད་དུང་ཅིར་ཡང་མ་གྱུར་པ་ནས། ཁྱོད་ཀྱིས་བརྩམས་སོ། །ཆུང་མ་དེ་སྤོབས་པ་མེད་པར་གྱུར་ནས་ཅང་མི་སྨྲ་བར་འདུག་གོ་།དེ་ཟླ་བ་བརྒྱད་དམ་དགུ་འདས་ཏེ་བཙས་པ་ལས་ཁྱེའུ་ཞིག་བྱུང་ནས་དེ་བཙས་པའི་བཙས་སྟོན་བྱས་ཏེ། ཁྱིམ་དང་མཐུན་པའི་མིང་བཏགས་ནས། དེ་འོ་མ་དང་ཞོ་དང་མར་དང་ཞུན་མར་དང་། མར་གྱི་སྙིང་ཁུ་དང་གཞན་ཡང་ཡོ་བྱད་ཀྱི་བྱེ་བྲག་གཙོ་བོ་གཙོ་བོ་དག་གིས་སྲིང་བར་བྱེད་སྐྱེད་པར་བྱེད་ཅིང་། རྫིང་ན་གནས་པའི་པདྨ་བཞིན་དུ་མྱུར་


DKG005_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སྐྱེད་པར་བྱེད་དོ། །དེ་གང་གི་ཚེ་ཚིག་སྨྲ་ནུས་པར་གྱུར་པ་དེའི་ཚེ་ན། གང་ཅུང་ཟད་ཅིག་སྨྲ་བ་དེ་ཐམས་ཅད་བདེན་པར་སྨྲ་ཞིང་བརྫུན་དུ་མི་སྨྲ་བས་དེའི་མིང་ཁྱིམ་དང་མཐུན་པར་བཏགས་པ་གང་ཡིན་པ་དེ་ནུབ་ཅིང་བདེན་སྨྲ་ཞེས་བྱ་བའི་མིང་ཆགས་པར་གྱུར་ཏེ། ཁ་ནས་ཀྱང་ཨུཏྤལ་སྔོན་པོའི་དྲི་འབྱུང་ངོ་། །དེའི་མས་བསམས་པ། བདག་ལ་བུ་ཡོད་ཀྱང་སྔོན་སྐལ་བ་མེད་པ་བཞིན་དུ་ཁྱིམ་ཐབ་འདི་ད་དུང་ཡང་བག་སར་ལ་ལྟོས་པ་དང་ལྡན་ཞིང་སེམས་འབྲེལ་བར་བྱེད་ཀྱིས། དེའི་ཕྱིར་ཐབས་ཀྱི་རྣམ་པ་ཞིག་བྱའོ་སྙམ་ནས། དེ་ཕྲག་དོག་དང་སེར་སྣས་ཀུན་ནས་དཀྲིས་པའི་སེམས་ཀྱིས་ཤུགས་མི་བཟོད་པ་ན་ཁྱིམ་ཐབ་ཀྱི་གན་དུ་སོང་སྟེ་སྨྲས་པ། རྗེའི་སྲས་ཁྱོད་ཀྱི་བག་སར་འདི་ལ་ཁྱོད་འདི་ལྟར་ཧ་ཅང་ལྟོས་པ་དང་ལྡན་ཞིང་སེམས་འབྲེལ་བས་དགྱེས་པར་མ་མཛད་ཅིག །ཁྱིམ་བདག་གིས་སྨྲས་པ། བཟང་མོ་ཡང་ཁྱོད་ཀྱིས་བརྩམས་སོ། །དེས་སྤོབས་པ་མེད་པར་གྱུར་ནས། ཅང་མི་སྨྲ་བར་འདུག་གོ། །།འདུལ་བ་རྣམ་པར་འབྱེད་པ། བམ་པོ་ཉེར་གཅིག་པ། སྐྱེས་པའམ་བུད་མེད་འདོད་པ་དག་བསྟེན་པས་ནི་སྡིག་པའི་ལས་མི་བྱ་བ་ཅི་ཡང་མེད་པས། དེས་བུ་ལ་སྨྲས་པ། བུ་ཁྱོད་ཀྱིས་བུད་མེད་རྣམས་ལ་ཤིན་ཏུ་གནོད་པ་གང་ཡིན་ཤེས་སམ། བུས་སྨྲས་པ། ཡུམ་འཚལ་ཏེ། ཕྲག་དོག་དང་སེར་སྣའོ། །བུ་མ་ཉེས་ཏེ་ཁྱོད་ནི་ཤེས་རབ་ཀྱིས་རྟོགས་པ་དང་ལྡན་པས་དེ་དེ་བཞིན་ནོ། །ཁོ་མོ་ཁྱོད་ཀྱི་མ་ཡར་མོ་སུན་འབྱིན་པར་བྱེད་ཀྱིས་ཁྱོད་ཀྱིས་ཆེ་བཞི་ཕྱེ་ཤིག །ཡུམ་ཅི་ཡང་དག་པས་སམ། ཡང་དག་པ་མ་ལགས་པས། བུ་ཡང་དག་པ་མ་ཡིན་པས་སོ། །ཡུམ་བདག་འཇིག་རྟེན་ཐམས་ཅད་ལ་བདེན་སྨྲ་ཞེས་བགྱི་བར་གྲགས་ན། དེའི་སླད་དུ་ད་ཇི་ལྟར་བརྫུན་དུ་སྨྲ་བར་བགྱི། བུ་ཁྱོད་ཁོ་མོས་ཟླ་བ་དགུར་ལྟོ་ན་བསྲེལ་བསྲེལ་ན་རེ་ཞིག་དེ་ཙམ་ཡང་སྨྲ་བར་མི་ནུས་ཏེ། དེ་ལྟར་ན་ཁྱོད་ཚིག་ཏུ་མ་སྨྲ་བར་གང་གི་ཚེ་ཁྱོད་ལ་ཕས་དྲིས་པ་དེའི་ཚེ་ན་ཁྱོད་ཀྱིས་མགོ་ལྕོགས་ཤིག །བུས་བསམས་པ། མའི་ཚིག་ཚིག་མ་ཡིན་པར་བྱར་མི་རུང་ངོ་སྙམ་དུ་རིག་ནས་སྨྲས་པ། ཡུམ་གལ་ཏེ་


DKG005_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟ་ན་མ་ནོངས་ཀྱིས་མགོ་ལྕོག་པར་བགྱིའོ། །ཞེས་བུ་དེ་དམ་འཆར་བཅུག་ནས། ཁྱིམ་བདག་གི་གན་དུ་སོང་སྟེ། སྨྲས་པ། རྗེའི་སྲས་ཁྱོད་ཀྱི་བག་སར་གྱི་རྟུལ་བ་བདག་གིས་མཐོང་ངོ་། །ཅི་བྱས། སྐྱེས་པ་གཞན་དང་ལྷན་ཅིག་དགའ་མགུར་སྤྱོད་དོ། །ཁྱིམ་བདག་དེ་ཀུན་ནས་དཀྲིས་པས་སྨྲས་པ། སྡིག་ཅན་མ་ཡང་ཁྱོད་ཀྱིས་བརྩམས་སོ། །རྗེའི་སྲས་ཁྱོད་བདེན་སྨྲ་ལ་ཡང་ཐུགས་མི་ཆེས་སམ། ཡིད་ཆེས་ཏེ་དེ་འཇིག་རྟེན་ཐམས་ཅད་ལ་བདེན་པར་སྨྲ་བ་ཡིན་ན། ཁོ་བོ་ལ་ཇི་ལྟར་བརྫུན་དུ་སྨྲ་བར་འགྱུར། རྗེའི་སྲས་གལ་ཏེ་དེ་ལྟ་ན་དེ་རྩེ་ཞིང་མཆིས་ཀྱིས་བོས་ཤིག །ཁྱིམ་བདག་དེས་བུ་དེ་བོས་ནས་པང་པར་བཞག་སྟེ། སྨྲས་པ། བུ་ཁྱོད་ཀྱི་མ་ཡར་མོ་འདིས་སྐྱེས་པ་གཞན་དང་ལྷན་ཅིག་དགའ་མགུར་སྤྱོད་པ་བདེན་ནམ། བུད་མེད་ཀྱི་ཡུལ་ནི་མ་བསླབས་པར་མཁས་པ་ཡིན་པས། དེས་དེའི་ཁ་ལག་པས་བཀབ་ནས་སྨྲས་པ། བུ་དེ་ཁྱོད་ཀྱི་མ་དང་འདྲ་བ་ཡིན་གྱིས་ཚིག་ཏུ་མ་སྨྲ་ཞིག །གལ་ཏེ་བདེན་པ་ཡིན་ན་མགོ་ལྕོགས་ཤིག །ཁྱེའུ་དེས་མགོ་ལྕོགས་སོ། །ལས་ཤིན་ཏུ་རྔམས་ཆེ་ཞིང་ཡོངས་སུ་རྫོགས་པ་དག་ནི་ལུས་འཇིག་པ་ལ་མི་ལྟོས་པས་ཁྱེའུ་དེའི་ཁ་ནས་ཚེ་འདི་ཉིད་ལ་དྲི་ང་བ་བྱུང་བར་གྱུར་ཏོ། །ཀུན་ཏུ་ཡང་བདེན་སྨྲ་དེས་མ་ཡར་མོ་ལ་ཡང་དག་པ་མ་ཡིན་པས་སྐུར་པས་དེ་ནི་བདེན་སྨྲ་མ་ཡིན་གྱི་བརྫུན་དུ་སྨྲ་བ་ཡིན་ནོ་ཞེས་བྱ་བའི་སྒྲས་ཁྱབ་པར་གྱུར་ཏེ། དེའི་མིང་བདེན་སྨྲ་ཞེས་བྱ་བ་གང་ཡིན་པ་དེ་ནུབ་པར་གྱུར་ཅིང་། རྫུན་སྨྲ་ཞེས་བྱ་བའི་མིང་ཆགས་པར་གྱུར་ཏོ། །དེ་ནས་ཁྱིམ་བདག་དེས་ཆུང་མ་དེ་ལ་སྨྲས་པ། ཁྱོད་ཉེས་པར་སྤྱོད་པ་ཡིན་གྱིས། ཁྱོད་ཁོ་བོའི་ཁྱིམ་ན་མ་འདུག་ཅིག །ཆུང་མ་དེས་མ་ཉེས་སོ། །ཞེས་སྨྲ་མོད་ཀྱི་འོན་ཀྱང་འཇིག་རྟེན་དག་ཚིག་ངན་སྨྲ་བས་འཇིགས་ནས་ཁྱིམ་ནས་བསྐྲད་པ་དང་། དེ་མ་རངས་བཞིན་དུ་མིང་པོ་གཉིས་ཀྱི་ཁྱིམ་དུ་སོང་ངོ་། །མིང་པོ་གཉིས་ཀྱིས་དེ་ལ་སྨྲས་པ། སྲིང་མོ་ཁྱོད་ཅིའི་ཕྱིར་འདིར་འོངས། དེས་སྨྲས་པ། བདག་ཁྱིམ་ཐབ་ཀྱིས་རང་གི་ཁྱིམ་ནས་བསྐྲད་དོ། །ཅིའི་ཕྱིར་ཉེས་པར་སྤྱད་ཅེའོ། །གལ་ཏེ་དེ་ལྟ་ན་ཁྱོད་འདིར་ཡང་མ་


DKG005_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

འདུག་ཅིག །དེས་སྨྲས་པ། བདག་གིས་ཉེས་པར་མ་སྤྱད་དེ། འདི་ལྟར་བདེན་སྨྲ་མས་བསླུས་པ་དེས། ཡང་དག་པ་མ་ཡིན་པར་བསྐུར་ཏེ། དེ་ནི་བདེན་སྨྲ་མ་ཡིན་གྱི་རྫུན་སྨྲ་ཡིན་ནོ། །དེ་ཇི་ལྟར་ཤེས། གལ་ཏེ་ཁྱེད་གཉིས་ཡིད་མི་ཆེས་ན་སྡུམ་མཚེས་ཀྱི་སྐྱེ་བོ་དག་ཁྱེད་གཉིས་ལ་སྨྲ་བར་འགྱུར་བས་དེ་དག་ཆེ་བཞི་ཡིན་ནོ། །དེ་གཉིས་འཇིག་རྟེན་དག་ཁ་ཟེར་བས་འཇིགས་པས་སོང་སྟེ། ཁྱིམ་བདག་དེའི་སྡུམ་མཚེས་ཀྱི་སྐྱེ་བོ་དག་ལ་དྲིས་པ་དང་། དེ་དག་ན་རེ། འདི་ནི་ཉེས་པར་སྤྱོད་པ་མ་ཡིན་གྱི་འདི་ལྟར་བདེན་སྨྲ་མས་སླུས་པ་དེ་ཡང་དག་པ་མ་ཡིན་པས་སྐུར་ཏེ། དེ་ནི་བདེན་སྨྲ་མ་ཡིན་གྱི་རྫུན་སྨྲ་ཡིན་ནོ་ཞེས་ཟེར་རོ། །དེ་ནས་དེ་གཉིས་བདེན་སྨྲ་ལ་ཁྲོ་བའི་ཀུན་ནས་དཀྲིས་པ་སྐྱེས་ནས་ཉེ་དུའི་ཚོགས་སྙིང་དུ་སྡུག་པ་དག་ལ་ཇི་ལྟར་གྱུར་པ་གོ་བར་བྱས་ནས། སྲིང་མོ་དེ་རང་གི་ཁྱིམ་ན་བསྲེལ་ཞིང་དེ་ལ་ཡང་ཀླན་ཀ་བཙལ་བ་ལྷུར་ལེན་ཅིང་འཁོད་དོ། །སངས་རྒྱས་རྣམས་འབྱུང་བ་མེད་པའི་ཚེ་རང་སངས་རྒྱས་དམན་པ་དང་། བཀྲེན་པ་ལ་རྗེས་སུ་སྙིང་བརྩེ་བ་བས་མཐའི་གནས་མལ་ལ་དགའ་བ་བསེ་རུ་ལྟ་བུ་གཅིག་པུ་འཇིག་རྟེན་གྱི་གནས་སུ་གྱུར་པ་དག་འཇིག་རྟེན་དུ་འབྱུང་ངོ་། །ཇི་ཙམ་ན་རང་སངས་རྒྱས་ཤིག་ལྗོངས་རྒྱུ་ཞིང་འགྲོ་བ་ན་རི་བྲགས་དེར་ཕྱིན་ནས། དེ་སྔ་དྲོ་ཤམ་ཐབས་བགོས། ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ། བསོད་སྙོམས་རྒྱུ་ཞིང་ཁྱིམ་རིམ་གྱིས་འགྲོ་བ་ན། ལྷ་དང་མིའི་ཡིད་སྡུད་པར་བྱེད་པའི་སྤྱོད་ལམ་ཞི་བས་ཁྱིམ་དེར་ཞུགས་པ་དེ་བདེན་སྨྲས་ཡང་དག་པ་མ་ཡིན་པས་སྐུར་བའི་ཆུང་མ་དེས་མཐོང་ནས། དེས་བསམས་པ། རབ་ཏུ་བྱུང་བ་འདིའི་སྤྱོད་ལམ་འདི་འདྲ་བ་ལས་ན་འདི་ནི་བརྟུལ་ཞུགས་གྲུབ་པ་བདག་ཉིད་ཆེན་པོ་ཡིན་ཏེ། གང་དག་གིས་འདི་ལ་མཆོད་པ་བྱས་ཤིང་སྨོན་ལམ་འདེབས་པར་བྱེད་པ་དེ་དག །གང་སེམས་པ་དང་གང་འདོད་པ་དེ་ནི་དེ་དག་ལས་ཐམས་ཅད་འགྲུབ་པར་འགྱུར་རོ་སྙམ་དུ་རིག་ནས། དེས་དེའི་རྐང་པ་གཉིས་ལ་ཕྱག་འཚལ་ཏེ། སྨྲས་པ། འཕགས་པ་ཁྱོད་ནི་བསོད་སྙོམས་བཞེད་པ་ལགས་ལ། བདག་ནི་བསོད་ནམས་འཚལ་བ་ལགས་ཀྱིས་འདི་ཉིད་དུ་གདུགས་


DKG005_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

ཚོད་གསོལ་ཅིག །བདག་ཉིད་ཆེན་པོ་དེ་དག་ནི་གཞན་གྱི་དོན་ལ་ཞུགས་པ་ཡིན་པས་དེས་དང་དུ་བླངས་སོ། །དེ་ནས་དེས་རང་སངས་རྒྱས་དེ་བསོད་པ་དང་བཅས་པའི་ཟས་ཀྱིས་ཚིམ་པར་བྱས་ནས་རྐང་པ་གཉིས་ལ་ཕྱག་འཚལ་ཏེ། སྨོན་ལམ་ལོག་པ་འདི་སྐད་ཅེས་པ་བདག་གིས་ཡོན་གནས་ཡང་དག་པར་གྱུར་པ་འདི་ལྟ་བུ་ལ་མཆོད་པ་དག་བྱས་པའི་དགེ་བའི་རྩ་བ་འདིས་ཇི་ལྟར་བདེན་སྨྲ་དེས་བདག་སུན་མ་ཕྱུང་པ་གནོད་པ་མེད་པ་ལ་ཡང་དག་པ་མ་ཡིན་པས་སྐུར་པ་དེ་ལྟར་བདག་གིས་ཀྱང་དེ་གང་དང་གང་དུ་སྐྱེས་པ་དེ་དང་དེར་དེས་དགྲ་བཅོམ་པ་ཉིད་ཐོབ་ཀྱི་བར་དུ་ཡང་ཡང་དག་པ་མ་ཡིན་པས་དེ་ལ་སྐུར་པ་འདེབས་པར་གྱུར་ཅིག་ཅེས་བཏབ་བོ། །མིང་པོ་གཉིས་ཀྱིས་དེ་ལ་དྲིས་པ། སྲིང་མོ་ཁྱོད་ཀྱིས་སྨོན་ལམ་ཅི་ཞིག་བཏབ། དེས་སྨྲས་པ། མིང་པོ་གཉིས་འདི་དང་འདི་ལྟ་བུ་ཞིག་གོ་།དེ་གཉིས་ཀྱིས་སྨྲས་པ། གལ་ཏེ་དེ་ལྟ་ན་ཁོ་བོ་ཅག་གཉིས་ཀྱང་ཁྱོད་ཀྱི་མིང་པོ་ཡིན་པས་ཆེ་བཞི་དབྱེ་བར་བྱའོ། །དགེ་སློང་དག་དེ་ལ་དེའི་ཚེ་དེའི་དུས་ན་ཁྱིམ་བདག་གི་བུ་བདེན་སྨྲ་གང་ཡིན་པ་དེ་ནི་གྱད་བུ་ནོར་འདི་ཡིན་ནོ། །དེའི་ཚེ་དེའི་དུས་ན་དེའི་མ་ཡར་མོ་གང་ཡིན་པ་དེ་ནི་དགེ་སློང་མ་མཛའ་མོ་འདི་ཡིན་ནོ། །དེའི་མིང་པོ་གཉིས་གང་དག་ཡིན་པ་དེ་གཉིས་ནི་དགེ་སློང་མཛའ་བོ་དང་། ས་ལས་སྐྱེས་གཉིས་ཡིན་ནོ། །དེས་མ་ཡར་མོ་ལ་ཡང་དག་པ་མ་ཡིན་པས་སྐུར་བ་གང་ཡིན་པའི་ལས་དེའི་རྣམ་པར་སྨིན་པས་ལོ་བརྒྱ་ཕྲག་མང་པོ་དང་། ལོ་སྟོང་ཕྲག་མང་པོ་དག་ཏུ་སེམས་ཅན་དམྱལ་བ་དག་ཏུ་གདུངས་ནས། ལས་དེ་ཉིད་ཀྱི་ལྷག་མས་ཚེ་རབས་ལྔ་བརྒྱར་དེ་ལ་འདིས་ཡང་དག་པ་མ་ཡིན་པས་སྐུར་ཅིང་དེ་གཉིས་ཀྱིས་ཀྱང་ཆེ་བཞི་ཕྱེའོ། །དེ་ནས་དེ་ལྟར་དགྲ་བཅོམ་པ་ཉིད་ཐོབ་ཀྱང་། དགེ་སློང་མ་མཛའ་མོས་ཡང་དག་པ་མ་ཡིན་པས་སྐུར་ཅིང་། མཛའ་བོ་དང་ས་ལས་སྐྱེས་གཉིས་ཀྱིས་ཆེ་བཞི་ཕྱེ་བར་གྱུར་ཏོ། །གནས་མལ་འབོག་པ་རྣམས་ཀྱི་མཆོག་ཏུ་བསྟན་པ་གང་ཡིན་པ་དེ་ནི་སྨོན་ལམ་གྱི་དབང་གིས་ཏེ། གང་དུ་སྨོན་ལམ་བཏབ་ཅེ་ན། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། བསྐལ་བ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་


DKG005_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་ལོ་ཉི་ཁྲི་ཐུབ་པ་ན། སྟོན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་། ཞབས་སུ་ལྡན་པ། བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་འཇིག་རྟེན་དུ་བྱུང་སྟེ། དེ་ཝཱ་ར་ཎཱ་སི་ན་དྲང་སྲོང་སྨྲ་བ་རི་དྭགས་ཀྱི་ནགས་ན་ཉེ་བར་བརྟེན་ཅིང་བཞུགས་སོ། །དེའི་བསྟན་པ་ལ་འདི་རབ་ཏུ་བྱུང་ནས། དགེ་སློང་གང་གིས་དེ་རབ་ཏུ་བྱུང་བའི་དགེ་སློང་དེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་གནས་མལ་འབོག་པ་རྣམས་ཀྱི་མཆོག་ཏུ་བསྟན་ཏོ། །དེ་ནས་འདིས་ཚེ་ཇི་སྲིད་པར་ཚངས་པར་སྤྱོད་པ་སྤྱད་ན་ཡོན་ཏན་གྱི་ཚོགས་འགའ་ཡང་མ་ཐོབ་ནས་དེའི་འོག་ཏུ་འཆི་བའི་ཚེ་སྨོན་ལམ་འདི་སྐད་ཅེས། བདག་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོན་གནས་བླ་ན་མེད་པ་འོད་སྲུང་ལ་ཚེ་ཇི་སྲིད་པར་ཚངས་པར་སྤྱོད་པ་སྤྱད་ན་ཡོན་ཏན་གྱི་ཚོགས་འགའ་ཡང་མ་ཐོབ་སྟེ། བདག་གིས་ཚེ་ཇི་སྲིད་པར་ཚངས་པར་སྤྱོད་པ་སྤྱད་པའི་དགེ་བའི་རྩ་བ་འདིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས། བྲམ་ཟེའི་ཁྱེའུ་བླ་མ་ལ་བྲམ་ཟེའི་ཁྱེའུ་ཁྱོད་མ་འོངས་པའི་དུས་ན་སྐྱེ་དགུའི་ཚེ་ལོ་བརྒྱ་ཐུབ་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་པ་དེའི་བསྟན་པ་ལ་བདག་རབ་ཏུ་བྱུང་ནས། ཉོན་མོངས་པ་ཐམས་ཅད་སྤངས་པས་དགྲ་བཅོམ་པ་ཉིད་མངོན་དུ་བྱེད་ཅིང་། ཇི་ལྟར་མཁན་པོ་འདི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་གནས་མལ་འབོག་པ་རྣམས་ཀྱི་མཆོག་ཏུ་བསྟན་པ་དེ་བཞིན་དུ་བདག་


DKG005_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཤཱཀྱ་སེང་གེ་ཤཱཀྱའི་རྒྱལ་པོའི་གཙོ་བོ་དེས་གནས་མལ་འབོག་པ་རྣམས་ཀྱི་མཆོག་ཏུ་བསྟན་པར་གྱུར་ཅིག་ཅེས་གདབ་པར་བརྩམས་པས། སྨོན་ལམ་དེའི་དབང་གིས་ད་ལྟར་དེ་བཞིན་གཤེགས་པས་གནས་མལ་འབོག་པ་རྣམས་ཀྱི་མཆོག་ཏུ་བསྟན་ཏོ། །དགེ་སློང་དག་དེ་ལྟར་ན་ལས་གཅིག་ཏུ་གནག་པ་རྣམས་ཀྱི་རྣམ་པར་སྨིན་པ་ནི་གཅིག་ཏུ་གནག་པ་ཡིན། ལས་གཅིག་ཏུ་དཀར་བ་རྣམས་ཀྱི་རྣམ་པར་སྨིན་པ་ཡང་གཅིག་ཏུ་དཀར་བ་ཡིན། ལས་འདྲེན་མ་རྣམས་ཀྱི་རྣམ་པར་སྨིན་པ་ཡང་འདྲེན་མ་ཡིན་ནོ། །དགེ་སློང་དག་དེ་ལྟ་བས་ན་ལས་གཅིག་ཏུ་གནག་པ་རྣམས་དང་། འདྲེན་མ་རྣམས་སྤངས་ཏེ། ལས་གཅིག་ཏུ་དཀར་བ་རྣམས་ལ་བརྩལ་བར་བྱ་སྟེ། དགེ་སློང་དག་ཁྱོད་ཀྱིས་དེ་ལྟར་བསླབ་པར་བྱའོ། །གཞི་མེད་པར་སྐུར་པ་འདེབས་པའི་དགེ་འདུན་ལྷག་མ་སྟེ་བརྒྱད་པ་རྫོགས་སོ།། །།


previousབརྒྱད་པ། གཞི་མེད་པར་སྐུར་བ་འདེབས་པའི་དགེ་འདུན་ལྷག་མ་བཤད་པ།next