Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
གཉིས་པ། ལུས་ཀྱིས་རེག་པའི་དགེ་འདུན་ལྷག་མ་བཤད་པ།
   
   
   
   
   
   
   
   


 
previousགཉིས་པ། ལུས་ཀྱིས་རེག་པའི་དགེ་འདུན་ལྷག་མ་བཤད་པ།next

གཉིས་པ། ལུས་ཀྱིས་རེག་པའི་དགེ་འདུན་ལྷག་མ་བཤད་པ།


DKG005_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་དག་གི་ཀུན་ཏུ་སྤྱོད་པ་ནི་འདིར་བདག་ཅག་གིས་བྲམ་ཟེ་དང་། ཁྱིམ་བདག་འོངས་ཤིང་ལྷགས་པ་རྣམས་ལ་ཡང་ཆོས་བསྟན་པར་བྱ། རྒོལ་བ་དག་ཀྱང་ཚར་གཅད་པར་བྱ། རང་གི་གྲགས་པ་ཡང་བསྒྲག་པར་བྱའོ་སྙམ་པས་དྲུག་སྡེ་ལས་གང་ཡང་རུང་བས་རྒྱལ་བྱེད་ཀྱི་ཚལ་གྱི་སྒོ་སྟོང་པར་མི་འཇོག་པས། ཚེ་དང་ལྡན་པ་འཆར་ཀ་ནང་པར་སྔར་ལངས་ཏེ་སོ་ཤིང་པོར་ནས་སྣམ་སྦྱར་དམར་སེར་གྱོན་ཏེ་རྒྱལ་བྱེད་ཀྱི་ཚལ་གྱི་སྒོ་འཆག་ཅིང་འདུག་གོ་།མཉན་ཡོད་ན་གནས་པའི་བྲམ་ཟེ་དང་། ཁྱིམ་བདག་གི་ཆུང་མ་རྣམས་ཀྱི་ཀུན་ཏུ་སྤྱོད་པ་ནི་སྐྱེད་མོས་ཚལ་དུ་སོང་སྟེ་རྒྱལ་བྱེད་ཀྱི་ཚལ་དུ་འཇུག་པ་དང་། གཙུག་ལག་ཁང་བལྟ་བ་དང་། བཅོམ་ལྡན་འདས་དང་དགེ་སློང་གནས་བརྟན་གནས་བརྟན་རྣམས་ཀྱི་ཞབས་ལ་ཕྱག་འཚལ་ཏུ་འགྲོ་བས། བྲམ་ཟེ་དང་ཁྱིམ་བདག་དག་གི་ཆུང་མ་རབ་ཏུ་མང་པོ་དག་སྐྱེད་མོས་ཚལ་དུ་བྱུང་སྟེ་གཙུག་ལག་ཁང་བལྟ་བར་འདོད་པས་རྒྱལ་བྱེད་ཀྱི་ཚལ་ག་ལ་བ་དེར་དོང་ངོ་། །དྲུག་སྡེ་དག་གིས་གྲོང་ཁྱེར་ཆེན་པོ་དྲུག་པོ་དག་ན་འཁོད་པའི་མི་རྣམས་འདི་ལྟ་སྟེ། རིགས་ལས་སམ། རུས་ལས་སམ། རྒྱུད་ལས་སམ། མིང་ལས་སམ། གཟུགས་ལས་སམ། བཟོ་ལས་སམ། འཚོ་བ་ལས་མི་ཤེས་པའམ་མ་མཐོང་བའམ། མ་ཐོས་པའམ་མ་རིག་པའམ། རྣམ་པར་མི་ཤེས་པ་འགའ་ཡང་མེད་པས། ཚེ་དང་ལྡན་པ་འཆར་ཀས་བྲམ་ཟེ་དང་། ཁྱིམ་བདག་གི་ཆུང་མ་རབ་ཏུ་མང་པོ་དེ་དག་ཐག་རིང་པོ་ཁོ་ན་ནས་མཐོང་སྟེ། མཐོང་ནས་ཀྱང་འདི་སྐད་ཅེས་སྨྲས་སོ། །ཆེ་གེ་མོའི་མ། ཆེ་གེ་མོའི་ཆུང་མ། ཆེ་གེ་མོའི་མནའམ། ཆེ་གེ་མོའི་བུ་མོ། ཆེ་གེ་མོའི་སྲིང་མོ་འོངས་པ་ལེགས་སོ། །འོངས་པ་ལེགས་སོ། །ཁྱེད་ཅག་ཅིའི་ཕྱིར་ཡུན་རིང་མོ་རིང་མོ་ནས་ཟླ་བ་ལྟར་རྒྱུ་བར་བྱེད། དེ་དག་གིས་སྨྲས་པ། བཙུན་པ་འཆར་ཀ་བཅོམ་ལྡན་འདས་ཀྱིས་མི་ཁོམ་པ་བརྒྱད་ནི་གང་ཟག་གི་ཚངས་པར་སྤྱད་པའི་དུས་མ་ལགས་སོ་ཞེས་ལེགས་པར་གསུངས་ན། བདག་ཅག་ནི་འདི་ལྟ་སྟེ། ཁྱིམ་གྱི་འདུ་འཛི་དང་ལྡན་པས་མི་ཁོམ་པ་དགུ་པ་ལགས་སོ། །འཆར་ཀས་སྨྲས་པ། སྲིང་མོ་དག་ཁྱེད་ཀྱིས་འགའ་ཞིག་གིས་


DKG005_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

འདི་སྐད་ཅེས། དུག་ཅན་ལ་སོགས་རྒྱལ་པོ་ཡིས། །བྱ་བ་དག་ནི་མ་བྱས་པར། །དེ་དག་ཉིད་དང་བྱ་བ་རྣམས། །ཞིག་པ་ཉིད་དུ་གྱུར་པ་ཡིན། །བྱ་བ་དེ་དག་ཉིད་ཀྱང་ནི། །ཡོངས་སུ་རྫོགས་པར་མ་གྱུར་པར། །འཇིག་རྟེན་དགྲ་བོ་འཆི་བདག་དེ། །འོང་བ་ཉིད་དུ་འགྱུར་བ་ཡིན། །ཞེས་སྨྲས་པ་མ་ཐོས་སམ། དེ་དག་གིས་སྨྲས་པ། བཙུན་པ་འཆར་ཀ་དེའི་སླད་དུ་བདག་ཅག་སྐྱེད་མོས་ཚལ་དུ་མཆིས་ཏེ་རྒྱལ་བྱེད་ཀྱི་ཚལ་དུ་འཇུག་པ་དང་། གཙུག་ལག་ཁང་བལྟ་བ་དང་། བཅོམ་ལྡན་འདས་དང་། དགེ་སློང་གནས་བརྟན་གནས་བརྟན་རྣམས་ཀྱི་ཞབས་ལ་ཕྱག་འཚལ་བའི་སླད་དུ་མཆིས་པ་ལགས་སོ། །འཆར་ཀས་སྨྲས་པ། སྲིང་མོ་དག་གལ་ཏེ་ཁྱེད་ཅག་དེའི་ཕྱིར་འོངས་ན། བཅོམ་ལྡན་འདས་ཀྱིས་ཀྱང་སྙིང་པོ་མེད་པའི་ལུས་ལས་སྙིང་པོ་བླང་བར་བྱའོ་ཞེས་གསུངས་པས་ལེགས་སོ་ལེགས་སོ། །སྲིང་མོ་དག་དེ་ནི་མངལ་གྱིས་འདི་ལྟར་ལྟད་མོ་ཇི་ལྟར་བལྟ་བ་དྲི་བར་བྱའོ། །སྲིང་མོ་དག་ཁྱེད་ཅག་གང་དུ་འཇུག་པར་བྱེད། བཙུན་པ་འཆར་ཀ་བདག་ཅག་ཀུན་དགའ་ར་བར་འཇུག་ཅིང་གཙུག་ལག་ཁང་ལྟ་བར་འཚལ་ལོ། །སྲིང་མོ་དག་བཅོམ་ལྡན་འདས་ཀྱིས། མཁས་པ་གང་ཞིག་རབ་ཏུ་སེམས་དང་བས། །སངས་རྒྱས་མཆོད་རྟེན་དག་ལ་གོམ་འདོར་ན། །འཛམ་བུ་ཆུ་བོ་གསེར་གྱི་སྲང་ཚད་ནི། །སྟོང་ཕྲག་བརྒྱ་ཡང་དེ་དང་མཉམ་པ་ཡིན། །ཞེས་གསུངས་པས་དེ་ཡང་ལེགས་སོ། །སྲིང་མོ་དག་ཁྱེད་ཀྱིས་གང་ཁྱེད་ཅག་གཙུག་ལག་ཁང་སྟོན་པར་བྱེད་པའི་དགེ་སློང་འགའ་ཞིག་བཙལ་ཏམ། འཕགས་པ་ཅི་བདག་ཅག་སྒྲོན་མ་སུག་པ་ན་ཐོགས་བཞིན་དུ་ཞུགས་བཞིན་དུ་ཚོལ་ལམ། བཙུན་པ་འཆར་ཀ་སྤངས་ཏེ་དགེ་སློང་གཞན་ག་ལ་ཚོལ། ཁྱོད་པས་གཞན་ཁྱད་པར་དུ་འཕགས་པ་སུ་ཞིག་མཆིས་ཀྱིས། ཁྱོད་ཉིད་ཀྱིས་བསྟན་ཏུ་གསོལ། དེ་ནས་ཚེ་དང་ལྡན་པར་འཆར་ཀ་འདི་སྙམ་དུ་སེམས་ཏེ། གལ་ཏེ་འདི་དག་ལ་གཙུག་ལག་ཁང་བསྟན་པར་བྱ་ན་ནི་བདག་གི་དགེ་བའི་ཕྱོགས་ཡོངས་སུ་ཉམས་པར་ཡང་འགྱུར། གལ་ཏེ་བསྟན་པར་མི་བྱ་ན་ནི་ཚིག་པའི་བསོད་སྙོམས་ཀྱང་སྟེར་བར་མི་འགྱུར་ལ། བཅོམ་ལྡན་འདས་ཀྱིས་ཀྱང་མ་དད་པ་རྣམས་དད་པ་ཕུན་སུམ་ཚོགས་པ་ཡང་དག་པར་


DKG005_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་དུ་གཞུག་པར་བྱ། གདུལ་བར་བྱ། གཟུད་པར་བྱ། རབ་ཏུ་དགོད་པར་བྱའོ་ཞེས་གསུངས་པས་དེའི་ཕྱིར་འདི་དག་དགེ་བ་ལ་ངེས་པར་སྦྱར་བར་བྱ། རྣམ་པ་ཐམས་ཅད་དུ་བསྟན་པར་བྱའོ་སྙམ་དུ་རིག་ནས། དེས་མེ་ཏོག་དང་བདུག་སྤོས་ལ་སོགས་པ་མཆོད་པ་སྣ་ཚོགས་ཐོགས་ཏེ་པོག་ཕོར་ལག་ཏུ་བླངས་ནས་གོ་རིམ་ཇི་ལྟ་བ་བཞིན་དུ་བསྟན་པར་བརྩམས་ཏེ། སྲིང་མོ་དག་འདི་ནི་བཅོམ་ལྡན་འདས་ཀྱི་དྲི་གཙང་ཁང་སྟེ། གང་དུ་བཅོམ་ལྡན་འདས་ཉིན་ལན་གསུམ། མཚན་ལན་གསུམ་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ནས། གང་ནི་ཉམས་པར་འགྱུར། གང་ནི་འཕེལ་བར་འགྱུར། གང་ནི་གནོད་པར་འགྱུར། གང་ནི་ཉམ་ང་བར་གྱུར། གང་ནི་མི་བདེ་བར་གྱུར། །གང་ནི་གནོད་པ་དང་ཉམ་ང་བ་དང་མི་བདེ་བར་གྱུར། གང་ནི་ངན་སོང་ལ་གཞོལ། གང་ནི་ངན་སོང་ལ་འབབ། གང་ནི་ངན་སོང་ལ་བབ། ངས་གང་ནི་ངན་སོང་གི་ལམ་ནས་བསླངས་ཏེ། མཐོ་རིས་དང་ཐར་པ་དང་འབྲས་བུ་ལ་གཞག་པར་བྱ། འདོད་པའི་འདམ་དུ་བྱིང་བ་གང་གི་ལག་ནས་ནི་དྲང་བར་བྱ། འཕགས་པའི་ནོར་གྱི་དབྱིག་དང་བྲལ་བ་གང་ནི་འཕགས་པའི་ནོར་གྱི་དབང་ཕྱུག་ལ་གཞག་པར་བྱ། གང་གི་སངས་རྒྱས་འབྱུང་བས་བརྒྱན་པའི་འཇིག་རྟེན་ནི་འབྲས་བུ་དང་བཅས་པར་བྱ། གང་གི་དགེ་བའི་རྩ་བ་དག་མ་སྐྱེས་པ་ནི་བསྐྱེད་པར་བྱ། དགེ་བའི་རྩ་བ་དག་བསྐྱེད་པ་གང་ནི་ཡོངས་སུ་སྨིན་པར་བྱ། ཡོངས་སུ་སྨིན་པ་གང་ནི་རྣམ་པར་གྲོལ་བར་བྱ་ཞེས་མཁྱེན་པ་དང་གཟིགས་པ་འཇུག་ཅིང་། འདི་ལྟར། ཆུ་སྲིན་གནས་ཀྱི་དུག་ཅན་པ། །དུས་ལས་འདའ་བར་འགྱུར་སྲིད་ཀྱི། །སངས་རྒྱས་གདུལ་ལ་བྱམས་པ་ནི། །དུས་ལས་འདའ་བར་མི་འགྱུར་རོ། །ཇི་ལྟར་མ་ནི་བུ་སྡུག་གཅིག་པུ་ལ། །རྟོག་ཅིང་དེ་སྲོག་སྲུང་བར་བྱེད་པ་ལྟར། །དེ་བཞིན་གཤེགས་པའང་གདུལ་བའི་སྐྱེ་བོ་ལ། །རྟོག་པར་མཛད་ཅིང་དེ་སྲོག་སྲུང་བར་མཛད། །ཀུན་མཁྱེན་རྒྱུད་ལ་མངའ་བའི་ཐུགས་རྗེ་ཡིས། །བཞོན་མ་གདུལ་བའི་བེའུ་ཚོལ་མི་སྐྱོ་སྟེ། །སྲིད་དང་ངན་འགྲོས་ཉམས་ལ་བྱམས་པ་ནི། །རབ་ཉམས་བེའུ་ལ་བྱམས་པའི་བ་བཞིན་ནོ། །ཞེས་བྱ་བ་འཇུག་


DKG005_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་སངས་རྒྱས་སྟོབས་བཅུའི་སྟོབས་དང་ལྡན་པ། མི་འཇིགས་པ་བཞིས་བསྙེངས་པ་མི་མངའ་བ། ཁྱུ་མཆོག་རླབས་པོ་ཆེའི་གནས་སུ་དམ་བཅའ་བ། འཁོར་གྱི་ནང་དུ་སེང་གེའི་སྒྲ་ཡང་དག་པར་སྒྲོག་པ་གང་ཡིན་པ་དེའི་ཡིན་གྱིས་འདིར་ཞབས་ལ་ཕྱག་དག་འཚོལ་ཅིག །འདི་ནི་ཚེ་དང་ལྡན་པ་ཀུན་ཤེས་ཀོའུ་ཌི་ནྱའི་གཙུག་ལག་ཁང་སྟེ། བཅོམ་ལྡན་འདས་ཀྱི་འཇིག་རྟེན་མི་ཤེས་པའི་མུན་པ་དང་། འདྲེན་པ་མེད་པ་དང་། ཡོངས་སུ་འདྲེན་པ་མེད་པ་ན་དེའི་དང་པོར་ཡེ་ཤེས་ཀྱི་མིག་སྨན་གྱི་ཐུར་མས་གང་གི་ཆོས་ཀྱི་མིག་རྣམ་པར་སྦྱངས་པ། བཅོམ་ལྡན་འདས་ཀྱིས་གནས་བརྟན་རྣམས་དང་། རྒྱལ་ཚབ་ལྟ་བུ་རྣམས་དང་ཡུན་རིང་པོ་ནས་རབ་ཏུ་བྱུང་བ་རྣམས་དང་། ཚངས་པར་སྤྱོད་པ་མངོན་པར་སྤྱད་པ་རྣམས་དང་། སྣམ་དསྦྱར་གྱི་རྒྱལ་མཚན་ཐོགས་པ་རྣམས་ཀྱིས་མཆོག་ཏུ་ལུང་བསྟན་པ་གང་ཡིན་པ། གང་གི་རྒྱུད་ལ་དེའི་དང་པོར་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་དུ་དགེ་སྦྱོང་ངམ། བྲམ་ཟེའམ་ལྷའམ་བདུད་དམ་ཚངས་པའམ་། སུས་ཀྱང་ཆོས་དང་མཐུན་པར་བསྐོར་མི་ནུས་པ་ཆེས་དང་ལྡན་པའི་ཆོས་ཀྱི་འཁོར་ལོ་སྐྱེ་བོ་མང་པོའི་དོན་དང་། སྐྱེ་བོ་མང་པོ་ལ་ཕན་པ་དང་། བདེ་བ་དང་། འཇིག་རྟེན་ལ་རྗེས་སུ་ཐུགས་བརྩེ་བ་དང་། ལྷ་དང་མི་རྣམས་ཀྱི་དོན་དང་ཕན་པ་དང་བདེ་བའི་ཕྱིར་ལན་གསུམ་དུ་བཟླས་ཏེ་རྣམ་པ་བཅུ་གཉིས་སུ་བསྐོར་བ་དེའི་ཡིན་གྱིས། འདིར་ཡང་ཞབས་ལ་ཕྱག་དག་ཚོལ་ཅིག །འདི་ནི་ཚེ་དང་ལྡན་པ་འོད་སྲུང་ཆེན་པོའི་གཙུག་ལག་ཁང་སྟེ། བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་རྨོན་པ་དོར་སྟོང་དུ་གཅིག་གིས་མཆོག་པ་སྤངས་ཏེ་རབ་ཏུ་བྱུང་བ། དབྱིག་བྱེ་བ་ཕྲག་དྲུག་ཅུ་དང་ལྡན་པ། གསེར་གྱི་ནས་བང་ཆུང་བརྒྱད་ཅུ་བདོག་པ། བྲན་གྱི་གྲོང་བཅོ་བརྒྱད་བདོག་པ་།སྦྱོར་བའི་གྲོང་བཅུ་དྲུག་པ་བདོག་པ། སེར་སྐྱ་བཟང་མོ་ལུས་གསེར་བས་ལྷག་པ་དང་ལྡན་པ། མཆིལ་མའི་ཐལ་བ་སྨིན་པ་ལྟར་སྤངས་ཏེ། མཚན་མོའི་ཐུན་ཐ་མ་ལ་རས་སྦྱར་མའི་སྣམ་སྦྱར་རིན་ཐང་འབུམ་རི་བ་ཐོགས་ཏེ། འཇིག་རྟེན་ན་དགྲ་བཅོམ་པ་གང་


DKG005_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

དག་བཞུགས་པ་དེ་དག་གི་ཕྱིར་རབ་ཏུ་བྱུང་བ། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པར་བསྐྱེད་པའི་ཕྱིར་ནགས་ན་བརྟེན་པ་གང་ཡིན་པ། གང་མཐོང་ན་སྤོས་ཀྱི་གླང་པོ་ཆེ་དག་ཀྱང་རྒྱགས་པ་དང་བྲལ་བར་འགྱུར་བ། གང་གིས་བུ་མངས་ཀྱི་མཆོད་རྟེན་དུ་སྟོན་པར་ཁས་བླངས་ནས་དགེ་སློང་གི་སྡོམ་པ་ཐོབ་པ། བཅོམ་ལྡན་འདས་ཀྱིས་ཀྱང་དགེ་སློང་དག་ངའི་ཉན་ཐོས་ཀྱི་དགེ་སློང་འདོད་པ་ཆུང་བ་ཆོག་ཤེས་པ། སྦྱངས་པའི་ཡོན་ཏན་སྨྲ་བ་རྣམས་ཀྱི་ནང་ན་མཆོག་ནི་འདི་ཡིན་ཏེ། འདི་ལྟ་སྟེ་དགེ་སློང་འོད་སྲུང་ཆེན་པོའོ་ཞེས་གསུངས་ཤིང་། བཅོམ་ལྡན་འདས་ཀྱིས་རྗེས་སུ་བསྔགས་པ་གང་ཡིན་པ་དེའི་ཡིན་གྱིས། འདིར་ཡང་ཞབས་ལ་ཕྱག་དག་ཚོལ་ཅིག །འདི་ནི་ཚེ་དང་ལྡན་པ་ཤཱ་རིའི་བུའི་གཙུག་ལག་ཁང་སྟེ། མཆོག་ཐོབ་པའི་བུ་གང་ཡིན་པ་གང་གིས་ལོ་བརྒྱད་གཉིས་སུ་དབང་པོའི་བརྡ་སྤྲོད་པ་བཀླགས་པ་རྒོལ་བ་ཐམས་ཅད་ཚར་གཅད་པ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས། བཅོམ་ལྡན་འདས་ཀྱིས་ཤེས་རབ་ཆེན་པོ་རྣམས་དང་། སྤོབས་པ་ཆེན་པོ་རྣམས་ཀྱི་མཆོག་ཏུ་བསྟན་པ་གང་ཡིན་པ། བཅོམ་ལྡན་འདས་ཀྱིས་འཇིག་རྟེན་ཐམས་ཅད་གང་གི་ཆ་བཅུ་དྲུག་པར་གཞག་ཅིང་། བཅོམ་ལྡན་འདས་ཀྱིས། དེ་བཞིན་གཤེགས་པ་མ་གཏོགས་པར། འཇིག་རྟེན་ཀུན་གྱི་ཤེས་རབ་གང་། ཤཱ་རིའི་བུ་ཡི་ཤེས་རབ་ཀྱི། བཅུ་དྲུག་ཆར་ཡང་མི་ཆོག་གོ་།གལ་ཏེ་ལྷར་བཅས་འཇིག་རྟེན་འདི། ཤཱ་རིའི་བུ་དང་མཉམ་གྱུར་པས། །དེ་བཞིན་གཤེགས་པའི་ཤེས་རབ་ཀྱི། བཅུ་དྲུག་ཆར་ཡང་མི་ཆོག་གོ་།ཞེས་གསུངས་པ་གང་ཡིན་པ་དེའི་ཡིན་གྱིས། འདིར་ཡང་ཞབས་ལ་ཕྱག་དག་ཚོལ་ཅིག །འདི་ནི་ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོའི་གཙུག་ལག་ཁང་སྟེ། མདུན་ན་འདོན་གྱི་བུ་ཅོད་པན་མེད་པའི་རྒྱལ་སྲིད་སྤངས་ཏེ་རབ་ཏུ་བྱུང་བ་གང་ཡིན་པ། གང་གིས་ལྷའི་དབང་པོ་བརྒྱ་བྱིན་གྱི་ཁང་བཟང་རྣམ་པར་རྒྱལ་བྱེད་རྐང་པ་གཡས་པའི་མཐེ་བོས་ལན་གསུམ་དུ་བསྒུལ། ཀུན་ཏུ་བསྒུལ། ཀུན་ཏུ་རབ་ཏུ་བསྒུལ་བ་གང་གི་རྫུ་འཕྲུལ་གྱིས་བཅོམ་ལྡན་འདས་འཇིག་རྟེན་གྱི་ཁམས་འོད་


DKG005_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་ཅན་དུ་ཉིན་མཚན་བདུན་གྱིས་གཤེགས་པ། བཅོམ་ལྡན་འདས་ཀྱིས་རྫུ་འཕྲུལ་ཆེན་པོ་རྣམས་དང་མཐུ་ཆེན་པོ་རྣམས་ཀྱི་མཆོག་ཏུ་བསྟན་པ་གང་ཡིན་པ་དེའི་ཡིན་གྱིས། འདིར་ཡང་ཞབས་ལ་ཕྱག་དག་ཚོལ་ཅིག །འདི་ནི་ཚེ་དང་ལྡན་པ་མ་འགགས་པའི་གཙུག་ལག་ཁང་སྟེ། མི་བསྐལ་པ་བཟང་པོ་ལས་རབ་ཏུ་བྱུང་བ་གང་ཡིན་པ། བཅོམ་ལྡན་འདས་ཀྱི་ཡབ་ཀྱི་མཆེད་ཀྱི་སྲས་གང་གི་མིང་ཡང་དག་པར་བསྒྲགས་པས་ཚོང་པ་དག་རྒྱ་མཚོ་ཆེན་པོ་ནས་བཞོན་པའི་སྣོད་ལེགས་པར་གྲུབ་ཅིང་འོང་བར་འགྱུར་བ། བཅོམ་ལྡན་འདས་ཀྱིས་ལྷའི་མིག་ཅན་རྣམས་ཀྱི་མཆོག་ཏུ་བསྟན་པ་ཡིན་པ་དེའི་ཡིན་གྱིས་འདིར་ཡང་ཞབས་ལ་ཕྱག་དག་འཚོལ་ཅིག །འདི་ནི་ཚེ་དང་ལྡན་པ་ཀུན་དགའ་བོའི་གཙུག་ལག་ཁང་སྟེ། ཡུན་རིང་པོ་ནས་བཅོམ་ལྡན་འདས་ཀྱིས་བསྙེན་བཀུར་བ་གང་ཡིན་པ། བཅོམ་ལྡན་འདས་ཀྱི་ཞམ་འབྲིང་ན་ཉེ་བར་སྤྱོད་པ། སྟོན་པས་ཡང་དག་པར་བསྔགས་པ། ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་རྣམས་ཀྱིས་ཡང་དག་པར་བཀུར་བ་གང་ཡིན་པ། བཅོམ་ལྡན་འདས་ཀྱི་ཡབ་ཀྱི་མཆེད་ཀྱི་སྲས་ལས་རབ་ཏུ་བྱུང་བ། བཅོམ་ལྡན་འདས་ཀྱིས་མང་དུ་ཐོས་པ་རྣམས་དང་ཐོས་པ་འཛིན་པ་རྣམས་དང་། ཐོས་པ་བསགས་པ་རྣམས་ཀྱི་མཆོག་ཏུ་བསྟན་པ་གང་ཡིན་པ་དེའི་ཡིན་གྱིས། འདིར་ཡང་ཞབས་ལ་ཕྱག་དག་འཚོལ་ཅིག །འདི་ནི་ཚེ་དང་ལྡན་པ་མཛེས་དགའི་གཙུག་ལག་ཁང་སྟེ། བཅོམ་ལྡན་འདས་ཀྱི་གཅུང་པོ་སྲུའི་སྲས་ལས་རབ་ཏུ་བྱུང་བ། གལ་ཏེ་རབ་ཏུ་མ་བྱུང་ན་སྟོབས་ཀྱིས་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་བ། བཅོམ་ལྡན་འདས་ཀྱིས་དབང་པོ་དག་གི་སྒོ་བསྡམས་པ་རྣམས་ཀྱི་མཆོག་ཏུ་བསྟན་པ་གང་ཡིན་པ་དེའི་ཡིན་གྱིས་འདིར་ཡང་ཞབས་ལ་ཕྱག་དག་འཚོལ་ཅིག །འདི་ནི་ཚེ་དང་ལྡན་པ་སྒྲ་གཅན་ཟིན་གྱི་གཙུག་ལག་ཁང་སྟེ། བཅོམ་ལྡན་འདས་ཀྱིས་སྲས་ལས་རབ་ཏུ་བྱུང་བ། གལ་ཏེ་རབ་ཏུ་མ་བྱུང་ན་མཐུ་དང་ལྡན་པའི་རྒྱལ་པོར་འགྱུར་བ་གང་ཡིན་པ། གང་རབ་ཏུ་བྱུང་ན་རྒྱལ་པོ་མང་པོས་བཀུར་གྱི་རྒྱུད་གཅིག་ནས་གཅིག་ཏུ་བརྒྱུད་པ་ཡང་དག་པར་རྒྱུན་ཆད་པ་བཅོམ་ལྡན་འདས་ཀྱིས་བསླབ་པ་འདོད་པ་རྣམས་དང་། བསླབ་པ་ལ་གུས་པ་


DKG005_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་དང་། བསླབ་པ་ལ་ཡོ་བྱད་བསྙུངས་པ་ཐོབ་པ་རྣམས་ཀྱི་མཆོག་ཏུ་བསྟན་པ་གང་ཡིན་པ་དེའི་ཡིན་གྱིས། འདིར་ཡང་ཞབས་ལ་ཕྱག་དག་འཚོལ་ཅིག །འདི་ནི་ཚེ་དང་ལྡན་པ་དགའ་བོའི་གཙུག་ལག་ཁང་ངོ་། །འདི་ནི་ཉེ་དགའིའོ། །འདི་ནི་འདུན་པའི་འོ། །འདི་ནི་འགྲོ་མགྱོགས་ཀྱིའོ། །འདི་ནི་ནབ་སོའི་འོ། །འདི་ནི་ཁོ་བོའི་གཙུག་ལག་ཁང་ངོ་། །ཅི་འདི་ཡང་ལྟ་བར་བྱེད་དམ། འཕགས་པ་ཅི་བདག་ཅག་གིས་གཙུག་ལག་ཁང་ཐམས་ཅད་བལྟས་ནས། གདོད་འཕགས་པ་འཆར་ཀའི་གཙུག་ལག་ཁང་བལྟ་བར་མི་བགྱིའམ། བདག་ཅག་གིས་འཕགས་པ་འཆར་ཀའི་གཙུག་ལག་ཁང་འདི་ད་ཤིན་ཏུ་བལྟ་བར་བགྱིའོ། །སྲིང་མོ་དག་དེ་བཞིན་གྱིས། ཚེ་དང་ལྡན་པ་འཆར་ཀ་དེ་འདོང་ཆགས་སྤྱོད་པ་ཡིན་པས་དེའི་གཙུག་ལག་ཁང་ན་ས་གཞི་མོན་སྲན་གྲེའུའི་ཕྱེ་མས་བསྐུས་པ་དང་། རྩིག་པ་བཀྲ་ཤིང་ཉེ་བར་བཀྲ་བ་དང་། མལ་སྟན་བེའུ་ཕྲུག་གི་སྙིང་པོ་ཅན་བཤམས་པ་དང་། བུམ་པ་བཏུང་བས་བཀང་བ་བཅུ་སྣོད་དང་བཅས་པ་བཞག་པ་དང་། སྐོན་པའི་ནང་ན་བཅའ་བ་སྣ་ཚོགས་ཀྱིས་གང་བ་དག་ཡོད་དོ། །ཚེ་དང་ལྡན་པ་འཆར་ཀས་བྲམ་ཟེ་དང་། ཁྱིམ་བདག་གི་ཆུང་མ་རབ་ཏུ་མང་པོ་རང་གི་གཙུག་ལག་ཁང་དུ་འོངས་པ་རྣམས་ལ་སྨྲས་པ། སྲིང་མོ་དག་ཅི་ཇེ་ཁྱེའུ་སུས་བྱའམ་འོན་ཏེ་བཏུང་བ་འཐུང་། འཕགས་པ་ཅི་ཆུ་ཀླུང་བཟློག་ཕྱོགས་སུ་འབབ་བམ། བདག་ཅག་གིས་འཕགས་པ་ལ་གསོལ་བར་བགྱི་བ་གང་ལགས་པ་དེ་ཉིད་འཕགས་པས་བདག་ཅག་ལ་གསོལ་ཏམ། འདི་ལྟར་བདག་ཅག་ལ་གང་དཀོན་པ་དེ་སྩོལ་ཅིག །སྲིང་མོ་དག་ཁྱེད་ཅག་ལ་ཅི་ཞིག་དཀོན། འཕགས་པ་ཆོས་མཉན་པའོ། །སྲིང་མོ་དག་བཅོམ་ལྡན་འདས་ཀྱིས་གནས་དྲུག་པོ་དག་འཇིག་རྟེན་དུ་བྱུང་བ་ནི་ངོ་མཚར་རྨད་དུ་བྱུང་བ་ཡིན་ཏེ། དྲུག་པོ་དེ་དག་གང་ཞེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དང་། དེ་བཞིན་གཤེགས་པས་གསུངས་པའི་ཆོས་འདུལ་བ་དང་། མི་ཉིད་དང་། དབུས་པའི་གནས་སུ་སྐྱེ་བ་དང་། དབང་པོ་མ་ཚང་བ་མེད་པ་དང་། དགེ་བའི་ཆོས་ལ་འདུན་པའོ་ཞེས་ལེགས་པར་གསུངས་པས་དེའི་ཕྱིར་


DKG005_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེད་ཅག་དགེ་བའི་ཕྱོགས་ལ་འདུན་པ་སྐྱེས་པ་འདི་ནི་སངས་རྒྱས་འབྱུང་བ་དང་འདྲ་སྟེ་ལེགས་སོ་ལེགས་སོ། །སྲིང་མོ་དག་འཁོད་ཅིག་དང་། ཁོ་བོས་ཁྱེད་ལ་ཆོས་བསྟན་པར་བྱའོ། །དེ་དག་གིས་དེའི་རྐང་པ་གཉིས་ལ་ཕྱག་འཚལ་ཏེ། ཆོས་མཉན་པའི་ཕྱིར་མདུན་དུ་འཁོད་པ་དང་། དེས་དེ་དག་ལ་ཆོས་བསྟན་པར་བརྩམས་སོ། །ཇི་ལྟ་ཇི་ལྟར་ཆོས་སྟོན་པ་དེ་ལྟ་དེ་ལྟར་ཀུན་ཏུ་ཆགས་སོ། །ཇི་ལྟ་ཇི་ལྟར་ཀུན་ཏུ་ཆགས་པ་དེ་ལྟ་དེ་ལྟར་དྲལ་ཏོ། །ཇི་ལྟ་ཇི་ལྟར་དྲལ་བ་དེ་ལྟ་དེ་ལྟར་དེ་དག་གི་ཡན་ལག་དང་ཉིང་ལག་དག་ལ་ཉུག་པར་བརྩམས་སོ། །འདི་ལྟ་སྟེ་དཔེར་ན། མི་གསང་སྔགས་ཉིད་རྗོད་པར་བྱེད་པ་འབྱུང་པོའམ་ཤ་ཟས་ཐ་ལྕག་གིས་སྣུན་པས་སྣུན་པར་གྱུར་པ་དེ་བཞིན་དུ་དེ་ཡང་དེ་དག་ལ་ཇི་ལྟ་ཇི་ལྟར་ཆོས་སྟོན་པར་བྱེད་པ་དེ་ལྟ་དེ་ལྟར་ཀུན་ཏུ་ཆགས་སོ། །ཇི་ལྟ་ཇི་ལྟར་ཀུན་ཏུ་ཆགས་པ་དེ་ལྟ་དེ་ལྟར་དྲལ་ཏོ། །ཇི་ལྟ་ཇི་ལྟར་དྲལ་བ་དེ་ལྟ་དེ་ལྟར་དེ་དག་གི་ཡན་ལག་དང་ཉིང་ལག་དག་ལ་ཉུག་པར་བརྩམས་སོ། །དེ་ན་གང་དག་བདག་གིར་བྱེད་པ་དེ་དག་ནི་དེ་དང་ལྷན་ཅིག་གཞོག་སྟེགས་དང་ཕྱག་གཡེང་དང་མཐོ་འཚམ་པ་དང་ཀུན་ཏུ་རྩེ་བ་དང་། ཀུན་ཏུ་ཅ་ཅོ་འདོན་པ་དང་། རྒོད་པ་དང་དྲེགས་པ་དང་ལུས་སྒྱུར་བར་བྱེད་དོ། །གང་དག་བདག་གིར་མི་བྱེད་པ་དེ་དག་ནི་དེ་ནས་ཕྱིར་བྱུང་སྟེ་འཆག་ས་དང་། དང་ར་དང་། སྒོ་ཁང་དག་ན། གང་ལས་ཆུ་འབྱུང་དེ་ལས་འབར། གང་ལས་སྐྱོབ་པ་དེ་ལས་འཇིགས། །འཇིགས་པ་མེད་ལས་འཇིགས་པ་སྐྱེས། །སྐྱབས་ལས་འཇིགས་པ་སྐྱེས་པར་གྱུར། །བདག་ཅག་གི་ཕྱོགས་གཅིག་ཏུ་བདེ་བ་ཞི་བ། བདེ་ལེགས་བརྗོད་པ། བདེ་ལེགས་སུ་འགྱུར་བ་གང་ཡིན་པ་དེ་ལས་འཇིགས་པ་དང་ཡམས་དང་གནོད་པ་དང་། འགོ་བའི་ནད་འཁྲུག་པ་བྱུང་བར་གྱུར་ཏོ་ཞེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་དོ། །དེ་དག་སྨོད་ཅིང་འདོད་པ་ན། དགེ་སློང་དག་གི་མངོན་སུམ་དུ་གྱུར་ན་དེ་དག་གིས་དེ་དག་སྨོད་པ་ཐོས་པ་དང་དེ་དག་གིས་སྨྲས་པ། སྲིང་མོ་དག་ཁྱེད་ཅག་སུ་ལ་སྨོད། འཕགས་པ་དག་ཁྱེད་ཅག་ལའོ། །ངེད་ཀྱིས་ཅི་བྱས། འཕགས་པ་དག་བདག་


DKG005_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

ཅག་གི་ཡན་ལག་དང་ཉིང་ལག་ཁྱིམ་ཐབ་ཀྱིས་ཀྱང་དེ་བྱུགས་པ་གང་དག་ལགས་པ་དེ་དག་འཕགས་པ་འཆར་ཀས་བྱུགས་སོ། །གལ་ཏེ་བདག་ཅག་གི་ཕ་མའམ། ཕུ་ནུ་མོ་དག་གིས་ཐོས་པར་གྱུར་ན་རྒྱལ་བྱེད་ཀྱི་ཚལ་ག་ལ་བ་དེར་ལྟར་ཡང་མི་སྟེར་ན་མཆི་བར་ལྟ་སྨོས་ཀྱང་ཅི་འཚལ། སྲིང་མོ་དག་ཁ་རོ་ག་ཅིག །དགེ་སློང་དེ་ནི་མདུན་ན་འདོན་གྱི་བུ་ལས་རབ་ཏུ་བྱུང་བ་ཚུལ་ཁྲིམས་དང་ལྡན་པ་ཡིན་མོད་ཀྱི། འོན་ཀྱང་འདོད་ཆགས་ཤས་ཆེ་བ་ཡིན་པས་རྩོམ་པ་དེས་ཉོན་མོངས་པ་སེལ་བར་བྱེད་དོ། །འཕགས་པ་དག་ཅི་ལགས་།གླང་བུ་གང་ལ་རྭ་རྣོན་པོ་གཉིས་མཆིས་པ་དེས་བདག་ཉིད་ཀྱི་དགུ་འདྲལ་བར་བགྱིད་དམ། དེ་ནི་མི་རིགས་སོ། །སྲིང་མོ་དག་ཁ་རོག་ཅིག་དང་བཟློག་པར་བྱའོ། །འཕགས་པ་དག་གལ་ཏེ་བཟློག་ན་དེ་ལྟ་ན་ལེགས། གལ་ཏེ་ཟློག་པར་མི་མཛད་ན་བདག་ཅག་སླན་ཆད་རྒྱལ་བྱེད་ཀྱི་ཚལ་དུ་མི་མཆིའོ། །སྲིང་མོ་དག་ཁ་རོག་ཅིག་དང་། ཅི་ནས་ཀྱང་ཕྱིན་ཆད་དེ་ལྟ་བྱེད་པར་མི་འགྱུར་བར་བཟློག་པར་བྱའོ། །དགེ་སློང་རྣམས་ཀྱིས་དེ་དག་ལ་བསྒོ་སྟེ་དོང་པ་དང་ལྷག་མ་རྣམས་ཀྱང་གཙུག་ལག་ཁང་ནས་བྱུང་སྟེ་དོང་ངོ་། །དེ་ནས་ཚེ་དང་ལྡན་པ་འཆར་ཀ་ཡང་དགོད་བཞིན་དུ་གཙུག་ལག་ཁང་ནས་བྱུང་བ་དང་། དགེ་སློང་རྣམས་ཀྱིས་དེ་མཐོང་ནས་སྨྲས་པ། ཚེ་དང་ལྡན་པ་འཆར་ཀ་ཁྱོད་མི་མཛེས་པ་དེ་ལྟ་བུ་དེ་བྱས་ནས་ད་ཅི་དགོད། འཆར་ཀས་སྨྲས་པ། ཁོ་བོས་ཆང་འཐུངས་སམ། ཀུན་དོང་ཟོས་སམ་ཅི། ཚེ་དང་ལྡན་པ་ཅི་དེ་ཡང་བྱས་སམ། གཞན་ཅི་ཞིག་བྱས། བྲམ་ཟེ་དང་ཁྱིམ་བདག་གི་ཆུང་མ་རབ་ཏུ་མང་པོ་དེ་དག་འཕྱ་ཞིང་དོང་ངོ་། །འཆར་ཀས་སྨྲས་པ། ཚེ་དང་ལྡན་པ་དག་ལྷུང་བཟེད་ནག་པོ་ཅན་རྣམས་ཀྱི་རང་བཞིན་ནི་སེར་སྣས་གང་ལ་ཡང་ཚིག་བཞི་པའི་ཚིགས་སུ་བཅད་པ་གཅིག་ཙམ་ཡང་མི་སྟོན་ལ་དེ་དག་ནི་གང་གཞན་ལ་སྟོན་པ་དེ་ལ་འཕྱ་བར་བྱེད་དོ། །དེ་དག་གིས་སྨྲས་པ། ཅི་ཁྱོད་ཀྱིས་དེ་དག་བདེན་པ་དག་ལ་བཀོད་དམ། དེས་སྨྲས། ཇེ་དེ་དག་གི་དབང་པོ་ཡོངས་སུ་སྨིན་པར་བྱ་བར་བརྩམས་ན། མཐར་གྱིས་བདེན་པ་ཡང་མཐོང་བར་འགྱུར་རོ། །དགེ་སློང་དོན་ཉུང་ངུ་


DKG005_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

དག་ཅིའི་ཕྱིར་དགེ་སློང་དག་ཡན་ལག་གང་གིས་ངོ་ཚ་བར་བྱ་བའི་ཡན་ལག་དེ་དག་ཉིད་ཀྱིས་ཁེངས་པར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་གླེང་གཞི་འདི་དང་སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་འཆར་ཀ་ལ་རྨས་པ། འཆར་ཀ་ཁྱོད་ཀྱིས་མི་མཛེས་པ་དེ་ལྟ་བུ་དེ་བྱས་པར་གྱུར་པ་བདེན་ནམ། བཙུན་པ་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་ཡིན་པ་རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི། རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་པར་སྨད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ན་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་དྲལ་ཅིང་གྱུར་པའི་སེམས་ཀྱིས་བུད་མེད་ཀྱི་ཡུལ་དང་ལྷན་ཅིག་ལུས་ལ་རེག་པར་བྱེད་དམ། ལག་པ་ནས་བཟུང་ངམ། དཔུང་པ་ནས་བཟུང་ངམ། ལན་བུ་ནས་བཟུང་ངམ། ཡན་ལག་དང་ཉིང་ལག་གང་ཡང་རུང་བ་ལ་ནོམ་པ་དང་ཉུག་པ་བདག་གིར་བྱེད་ན་དགེ་འདུན་ལྷག་མའོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་འཆར་ཀའམ། གཞན་ཡང་དེ་དང་འདྲ་བ་གང་ཡིན་པའོ། །དྲལ་ཅིང་གྱུར་པའི་སེམས་ཀྱི་ཞེས་བྱ་བ་ལ་སེམས་དྲལ་ཅིང་མ་གྱུར་པ་ཡང་ཡོད། གྱུར་ཅིང་མ་དྲལ་བ་ཡང་ཡོད་དོ། །དྲལ་ཅིང་གྱུར་བ་ཡང་ཡོད། མ་དྲལ་ཅིང་མ་གྱུར་བ་ཡང་ཡོད་དོ། །དེ་ལ་རེ་ཞིག་དྲལ་ཅིང་མ་གྱུར་པ་ནི་སེམས་ཆགས་པ་དང་། ཀུན་ཏུ་ཆགས་པ་དང་། ཀུན་ནས་དཀྲིས་པ་གང་ཡིན་པའོ། །གྱུར་ཅིང་མ་དྲལ་བ་ནི་སེམས་ལྟོས་པ་དང་ལྡན་ཞིང་སེམས་འབྲེལ་བ་གང་ཡིན་པའོ། །དྲལ་ཅིང་གྱུར་པ་ནི་སེམས་ཆགས་པ་དང་།


DKG005_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཏུ་ཆགས་པ་དང་ཀུན་ནས་དཀྲིས་ཤིང་སེམས་ལྟོས་པ་དང་ལྡན་པ་དང་འབྲེལ་བ་གང་ཡིན་པའོ། །མ་དྲལ་ཅིང་མ་གྱུར་པ་ནི་རྣམ་པ་དེ་དག་མ་གཏོགས་པའོ། །བུད་མེད་ཀྱི་ཡུལ་དང་ལྷན་ཅིག་ཅེས་བྱ་བ་ནི་བུད་མེད་དམ་གཞོན་ནུ་མ་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་སྟེན་ནུས་པ་གང་ཡིན་པ་དང་ངོ་། །ལུས་རེག་པར་ཞེས་བྱ་བ་ནི་ལུས་ལ་ལུས་གཞལ་བར་རོ། །བྱེད་དམ་ཞེས་བྱ་བ་ནི་བྱེད་པར་གྱུར་ཏམ་མོ། །ལག་པ་ནས་བཟུང་ངམ་ཞེས་བྱ་བ་ནི། མཁྲིག་མ་མན་ཆད་ཀྱི་ལག་པ་ནས་སོ། །དཔུང་པ་ནས་བཟུང་ངམ་ཞེས་བྱ་བ་ནས། མཁྲིག་མ་ཡན་ཆད་ནས་སོ། །ལན་བུ་ནས་བཟུང་ངམ་ཞེས་བྱ་བ་ལ་ལན་བུ་ཞེས་བྱ་བ་ནི། སྐྲ་དག་དང་། དེ་དང་འབྲེལ་བའི་གོས་སོ། །ཡན་ལག་དང་ཉིང་ལག་གང་ཡང་རུང་བ་ཞེས་བྱ་བ་ནི། ལག་པ་ནས་བཟུང་བ་དང་དཔུང་པ་ནས་བཟུང་བ་མ་གཏོགས་པ་དེ་ལས་གཞན་པའི་ཡན་ལག་གི་རྣམ་པ་གང་གི་རྣམ་པ་གང་ཡིན་པ་ལའོ། །ནོམ་པ་དང་ཉུག་པ་བདག་གིར་བྱེད་ན་ཞེས་བྱ་བ་ནི། རོ་མྱོང་བར་བྱེད་ནའོ། །དགེ་འདུན་ལྷག་མའོ་ཞེས་བྱ་བ་ནི། ལྟུང་བ་དེ་དགེ་འདུན་ལ་རག་ལས་པ་སྟེ། དེས་ན་དགེ་འདུན་ལྷག་མའོ་ཞེས་གསུངས་སོ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་ནོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། གཞི་དགུས་ཏེ། ནོམ་པར་བྱེད་པ་དང་། ཉུག་པར་བྱེད་པ་དང་། སྤྲོད་པར་བྱེད་པ་དང་། འཛིན་པར་བྱེད་པ་དང་། འདྲེན་པར་བྱེད་པ་དང་། ཡོངས་སུ་འདྲེན་པར་བྱེད་པ་དང་། འོག་ནས་འཁྱུད་པར་བྱེད་པ་དང་། སྟེང་ནས་འཁྱུད་པར་བྱེད་པ་དང་། དམ་དུ་སྦྱོར་བར་བྱེད་པས་སོ། །ཇི་ལྟར་ནོམ་པར་བྱེད་པས་ཤེ་ན། དགེ་སློང་གིས་དྲལ་ཅིང་གྱུར་པའི་སེམས་ཀྱིས་བུད་མེད་དང་། གཞོན་ནུ་མ་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་སྟེན་ནུས་པ་གང་ཡིན་པ་དེའི་སྤྱི་བོ་ལ་ནོམ་པར་བྱེད་ན། གོས་ཀྱིས་བར་དུ་མ་ཆོད་པ་ལ་ནོམ་ན་དགེ་འདུན་ལྷག་མར་འགྱུར་རོ། །གོས་ཀྱིས་བར་དུ་ཆོད་པ་དང་བཅས་པ་ལ་ནོམ་ན་ཉེས་པ་སྦོམ་པོར་འགྱུར་རོ། །སྤྱི་བོ་ལ་ཇི་ལྟ་བ་དེ་བཞིན་དུ་དཔྲལ་བ་དང་མཁུར་བ་དང་། མཆུ་དང་ཀོ་སྐོ་དང་། མགྲིན་པ་དང་། རྣ་བ་དང་། སྣ་དང་། ཟ་འགྲམ་དང་།


DKG005_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲག་པ་དང་མཆན་ཁུང་དང་ཐལ་གོང་དང་གློ་དང་རྒྱབ་དང་། བྲང་དང་རྐེད་པ་དང་པུས་མོ་དང་། བརླ་དང་རྗེ་ངར་དང་རྐང་པའི་རྩེ་མོ་དང་། ཐ་ན་རྐང་པའི་མཐེ་བོ་ལ་ནོམ་པར་བྱེད་ན་གོས་ཀྱིས་བར་དུ་མ་ཆོད་པ་ལ་ནོམ་ན་དགེ་འདུན་ལྷག་མར་འགྱུར་རོ། །གོས་ཀྱིས་བར་དུ་ཆོད་པ་དང་བཅས་པ་ལ་ནོམ་ན་ཉེས་པ་སྦོམ་པོར་འགྱུར་རོ། །ནོམ་པར་བྱེད་པ་ལ་ཇི་ལྟ་བ་བཞིན་དུ་ཉུག་པར་བྱེད་པ་དང་། སྤྲོད་པ་བྱེད་པ་དང་། འཛིན་པར་བྱེད་པ་ལ་ཡང་དེ་བཞིན་ནོ། །ཇི་ལྟར་འདྲེན་པར་བྱེད་པས་ཤེ་ན། དགེ་སློང་གིས་དྲལ་ཅིང་མ་གྱུར་པའི་སེམས་ཀྱིས་བུད་མེད་དམ་གཞོན་ནུ་མ་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་སྟེན་ནུས་པ་གང་ཡིན་པ་དེ་ཐག་རིང་པོ་ནས་དྲུང་དུ་འདྲེན་པར་བྱེད་དམ། དྲུང་ནས་ཐག་རིང་པོར་འདྲེན་པར་བྱེད་ན་གོས་ཀྱིས་བར་དུ་ཆོད་པ་མེད་པ་ལ་འདྲེན་ན་དགེ་འདུན་ལྷག་མར་འགྱུར་རོ། །གོས་ཀྱིས་བར་དུ་ཆོད་པ་དང་བཅས་པ་ལ་འདྲེན་ན་ཉེས་པ་སྦོམ་པོར་འགྱུར་ཏེ། དེ་ལྟར་འདྲེན་པར་བྱེད་པས་སོ། །ཇི་ལྟར་ཡོངས་སུ་འདྲེན་པར་བྱེད་པས་ཤེ་ན། དགེ་སློང་གིས་དྲལ་ཅིང་གྱུར་པའི་སེམས་ཀྱིས་བུད་མེད་དམ་གཞོན་ནུ་མ་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་སྟོན་ནུས་པ་གང་ཡིན་པ་དེ་རྐང་པའི་མཐའ་ནས་མགོའི་མཐར་རམ། མགོའི་མཐའ་ནས་རྐང་པའི་མཐར་ཡོངས་སུ་འདྲེན་པར་བྱེད་དམ། གློ་གཡོན་པ་ནས་གློ་གཡས་པར་རམ། གློ་གཡས་པ་ནས་གློ་གཡོན་པར་ཡོངས་སུ་འདྲེན་པར་བྱེད་ན་གོས་ཀྱིས་བར་དུ་ཆོད་པ་མེད་པ་ཡོངས་སུ་འདྲེན་ན་དགེ་འདུན་ལྷག་མར་འགྱུར་རོ། །གོས་ཀྱིས་བར་དུ་ཆོད་པ་དང་བཅས་པ་ཡོངས་སུ་འདྲེན་ན་ཉེས་པ་སྦོམ་པོར་འགྱུར་ཏེ། དེ་ལྟར་ཡོངས་སུ་འདྲེན་པར་བྱེད་པས་སོ། །ཇི་ལྟར་འོག་ནས་འཁྱུད་པར་བྱེད་པས་ཤེ་ན། དགེ་སློང་གིས་དྲལ་ཅིང་གྱུར་པའི་སེམས་ཀྱིས་བུད་མེད་དམ། གཞོན་ནུ་མ་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་སྟེན་ནུས་པ་གང་ཡིན་པ་དེས་ནས་རྐང་པའི་རྩེ་མོར་འོག་ནས་འཁྱུད་པར་བྱེད་ན་གོས་ཀྱིས་བར་དུ་ཆོད་པ་མེད་པར་འོག་ནས་འཁྱུད་ན་དགེ་འདུན་ལྷག་མར་འགྱུར་རོ། །གོས་ཀྱིས་བར་དུ་ཆོད་པ་དང་བཅས་པར་འོག་ནས་འཁྱུད་ན་ཉེས་པ་སྦོམ་པོར་འགྱུར་རོ། །ས་ནས་རྐང་པའི་


DKG005_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

རྩེ་མོར་ཇི་ལྟ་བ་དེ་བཞིན་དུ་རྐང་པའི་རྩེ་མོ་ནས་རྗེ་ངར་དུ་དང་། རྗེ་ངར་ནས་བརླར་དང་། བརླ་ནས་རྐེད་པར་དང་། རྐེད་པ་ནས་བྲང་དུ་དང་། བྲང་ནས་གློར་དང་། གློ་ནས་རྒྱབ་ཏུ་དང་། རྒྱབ་ནས་ཕྲག་པར་དང་། ཕྲག་པ་ནས་མགྲིན་པར་དང་། མགྲིན་པ་ནས་ཀོ་སྐོར་དང་། ཀོ་སྐོ་ནས་ཟ་འགྲམ་དུ་དང་། ཟ་འགྲམ་ནས་མཁུར་བར་དང་། མཁུར་བ་ནས་དཔྲལ་བར་དང་། དཔྲལ་བ་ནས་སྤྱི་བོར་དང་། སྤྱི་བོ་ནས་ཁྲིའུར་དང་། ཁྲིའུ་ནས་ཁྲིར་དང་། ཁྲི་ནས་ཁྱོགས་སྤྱིལ་དུ་དང་། ཁྱོགས་སྤྱིལ་ནས་རྟའི་རྒྱབ་ཏུ་དང་། རྟའི་རྒྱབ་ནས་གླང་པོ་ཆེའི་རྒྱབ་ཏུ་དང་། གླང་པོ་ཆེའི་རྒྱབ་ནས་ཁང་བཟང་དུ་འོག་ནས་འཁྱུད་པར་བྱེད་ན་གོས་ཀྱིས་བར་དུ་ཆོད་པ་མེད་པར་འོག་ནས་འཁྱུད་ན་དགེ་འདུན་ལྷག་མར་འགྱུར་རོ། །གོས་ཀྱིས་བར་དུ་ཆོད་པ་དང་བཅས་པར་འོག་ནས་འཁྱུད་ན་ཉེས་པ་སྦོམ་པོར་འགྱུར་ཏེ། དེ་ལྟར་འོག་ནས་འཁྱུད་པར་བྱེད་པས་སོ། །ཇི་ལྟར་སྟེང་ནས་འཁྱུད་པར་བྱེད་པས་ཤེ་ན། དགེ་སློང་གིས་དྲལ་ཅིང་གྱུར་པའི་སེམས་ཀྱིས་བུད་མེད་དམ་གཞོན་ནུ་མ་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་སྟེན་ནུས་པ་གང་ཡིན་པ་དེ་ཁང་བཟང་ནས་གླང་པོ་ཆེའི་རྒྱབ་ཏུ་སྟེང་དུ་འཁྱུད་པར་བྱེད་ན། གོས་ཀྱིས་བར་དུ་ཆོད་པ་མེད་པར་སྟེང་ནས་འཁྱུད་པར་བྱེད་ན། དགེ་འདུན་ལྷག་མར་འགྱུར་རོ། །གོས་ཀྱིས་བར་དུ་ཆོད་པ་དང་བཅས་པར་སྟེང་ནས་འཁྱུད་ན་ཉེས་པ་སྦོམ་པོར་འགྱུར་རོ། །ཁང་བཟང་ནས་གླང་པོ་ཆེའི་རྒྱབ་ཏུ་ཇི་ལྟ་བ་དེ་བཞིན་དུ། གླང་པོ་ཆེའི་རྒྱབ་ནས་རྟའི་རྒྱབ་ཏུ་དང་། རྟའི་རྒྱབ་ནས་ཁྱོགས་སྤྱིལ་དུ་དང་། ཁྱོགས་སྤྱིལ་ནས་ཁྲིར་དང་། ཁྲི་ནས་ཁྲིའུར་དང་། ཁྲིའུ་ནས་སྤྱི་བོར་དང་། སྤྱི་བོ་ནས་དཔྲལ་བར་དང་། དཔྲལ་བ་ནས་མཁུར་བར་དང་། མཁུར་བ་ནས་ཟ་འགྲམ་དུ་དང་། ཟ་འགྲམ་ནས་ཀོ་སྐོར་དང་། ཀོ་སྐོ་ནས་མགྲིན་པར་དང་། མགྲིན་པ་ནས་ཕྲག་པར་དང་། ཕྲག་པ་ནས་རྒྱབ་ཏུ་དང་། རྒྱབ་ནས་གློར་དང་། གློ་ནས་བྲང་དུ་དང་། བྲང་ནས་རྐེད་པར་དང་། རྐེད་པ་ནས་བརླར་དང་། བརླ་ནས་རྗེ་ངར་དུ་དང་། རྗེ་ངར་ནས་རྐང་པའི་རྩེ་མོར་དང་། རྐང་པའི་རྩེ་མོ་ནས་ས་ལ་སྟེང་ནས་འཁྱུད་པར་བྱེད་ན། གོས་ཀྱིས་བར་དུ་ཆོད་པ་མེད་པར་སྟེང་ནས་འཁྱུད་ན་དགེ་


DKG005_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

འདུན་ལྷག་མར་འགྱུར་རོ། །གོས་ཀྱིས་བར་དུ་ཆོད་པ་དང་བཅས་པར་སྟེང་ནས་འཁྱུད་ན་ཉེས་པ་སྦོམ་པོར་འགྱུར་ཏེ། དེ་ལྟར་སྟེང་ནས་འཁྱུད་པར་བྱེད་པས་སོ། །ཇི་ལྟར་དམ་དུ་སྦྱོར་བར་བྱེད་པས་ཤེ་ན། དགེ་སློང་གིས་དྲལ་ཅིང་གྱུར་པའི་སེམས་ཀྱིས་བུད་མེད་དམ། གཞོན་ནུ་མི་མ་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་སྟེན་ནུས་པ་གང་ཡིན་པ་དེའི་སྤྱི་བོར་དམ་དུ་སྦྱོར་བར་བྱེད་ན། གོས་ཀྱིས་བར་དུ་ཆོད་པ་མེད་པར་དམ་དུ་སྦྱོར་ན་དགེ་འདུན་ལྷག་མར་འགྱུར་རོ། །གོས་ཀྱིས་བར་དུ་ཆོད་པ་དང་བཅས་པར་དམ་དུ་སྦྱོར་ན་ཉེས་པ་སྦོམ་པོར་འགྱུར་རོ། །སྤྱི་བོར་ཇི་ལྟ་བ་དེ་བཞིན་དུ་དཔྲལ་བ་དང་མཁུར་བ་དང་མཆུ་དང་ཀོ་སྐོ་དང་མགྲིན་པ་དང་། རྣ་བ་དང་སྣ་དང་ཟ་འགྲམ་དང་། ཕྲག་པ་དང་མཆན་ཁུང་དང་ཐལ་གོང་དང་གློ་དང་རྒྱབ་དང་བྲང་དང་རྐེད་པ་དང་པུས་མོ་དང་བརླ་དང་རྗེ་ངར་དང་རྐང་པའི་རྩེ་མོ་དང་། ཐ་ན་རྐང་པའི་མཐེ་བོར་དམ་དུ་སྦྱོར་བར་བྱེད་ན། གོས་ཀྱིས་བར་དུ་ཆོད་པ་མེད་པར་དམ་དུ་སྦྱོར་ན་དགེ་འདུན་ལྷག་མར་འགྱུར་རོ། །གོས་ཀྱིས་བར་དུ་ཆོད་པ་དང་བཅས་པར་དམ་དུ་སྦྱོར་ན་ཉེས་པ་སྦོམ་པོར་འགྱུར་ཏེ། དེ་ལྟར་དམ་དུ་སྦྱོར་བར་བྱེད་པས་སོ། །གཞན་ཡང་ཇི་ལྟར་ནོམ་པར་བྱེད་པས་ཤེ་ན། བུད་མེད་དམ་གཞོན་ནུ་མ་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་སྟེན་ནུས་པ་གང་ཡིན་པ་དེས་དགེ་སློང་གི་སྤྱི་བོ་ལ་ནོམ་པར་བྱེད་ན་གལ་ཏེ་དགེ་སློང་གིས་དྲལ་ཅིང་གྱུར་པའི་སེམས་ཀྱིས་དེའི་རོ་མྱང་བར་བྱེད། ངེས་པར་རྟོག་པར་བྱེད། ལྷག་པར་ཆགས་པར་བྱེད། ལྷག་པར་ཆགས་ཤིང་འདུག་པར་བྱེད་པ་དེ་ལྟ་དེ་ལྟར་ལུས་ཉེ་བར་གཞོལ་བར་བྱེད་ན། གོས་ཀྱིས་བར་དུ་ཆོད་པ་མེད་པ་ལ་ཉེ་བར་གཞོལ་ན་དགེ་སློང་ལ་དགེ་འདུན་ལྷག་མར་འགྱུར་རོ། །གོས་ཀྱིས་བར་དུ་ཆོད་པ་དང་བཅས་པ་ལ་ཉེ་བར་གཞོལ་ན་དགེ་སློང་ལ་ཉེས་པ་སྦོམ་པོར་འགྱུར་རོ། །སྤྱི་བོ་ལ་ཇི་ལྟ་བ་དེ་བཞིན་དུ་དཔྲལ་བ་དང་མཁུར་བ་དང་མཆུ་དང་ཀོ་སྐོ་དང་མགྲིན་པ་དང་རྣ་བ་དང་སྣ་དང་ཟ་འགྲམ་དང་ཕྲག་པ་དང་། མཆན་ཁུང་དང་ཐལ་གོང་དང་གློ་དང་རྒྱབ་དང་བྲང་དང་རྐེད་པ་དང་། པུས་མོ་དང་།


DKG005_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

བརླ་དང་རྗེ་ངར་དང་། རྐང་པའི་རྩེ་མོ་དང་། ཐ་ན་རྐང་པའི་མཐེ་བོ་ལ་ནོམ་པར་བྱེད་པ་ན། གལ་ཏེ་དགེ་སློང་གིས་དྲལ་ཅིང་གྱུར་པའི་སེམས་ཀྱིས་དེའི་རོ་མྱང་བར་བྱེད། ངེས་པར་རྟོག་པར་བྱེད། ལྷག་པར་ཆགས་པར་བྱེད། ལྷག་པར་ཆགས་ཤིང་འདུག་པར་བྱེད་པ་དེ་ལྟ་དེ་ལྟར་ལུས་ཉེ་བར་གཞོལ་བར་བྱེད་ན་གོས་ཀྱིས་བར་དུ་ཆོད་པ་མེད་པ་ལ་ཉེ་བར་གཞོལ་ན་དགེ་སློང་ལ་དགེ་འདུན་ལྷག་མར་འགྱུར་རོ། །གོས་ཀྱིས་བར་དུ་ཆོད་པ་དང་བཅས་པ་ལ་ཉེ་བར་གཞོལ་ན་ཉེས་པ་སྦོམ་པོར་འགྱུར་རོ། །ནོམ་པར་བྱེད་པ་ལ་ཇི་ལྟ་བ་བཞིན་དུ་ཉུག་པར་བྱེད་པ་དང་། སྤྲོད་པར་བྱེད་པ་དང་། འཛིན་པར་བྱེད་པ་ཡང་དེ་བཞིན་ནོ། །ཇི་ལྟར་འདྲེན་པར་བྱེད་པས་ཤེ་ན། བུད་མེད་དམ་གཞོན་ནུ་མ་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་སྟེན་ནུས་པ་གང་ཡིན་པ་དེས་དགེ་སློང་ཐག་རིང་པོ་ནས་དྲུང་དུ་འདྲེན་པར་བྱེད་དམ་དྲུང་ནས་ཐག་རིང་པོར་འདྲེན་པར་བྱེད་པ་ན། གལ་ཏེ་དགེ་སློང་གིས་དྲལ་ཅིང་གྱུར་པའི་སེམས་ཀྱིས་དེའི་རོ་མྱང་བར་བྱེད། ངེས་པར་རྟོག་པར་བྱེད། ལྷག་པར་ཆགས་པར་བྱེད། ལྷག་པར་ཆགས་ཤིང་འདུག་པར་བྱེད་པ་དེ་ལྟ་དེ་ལྟར་ལུས་ཉེ་བར་གཞོལ་བར་བྱེད་ན། གོས་ཀྱིས་བར་དུ་ཆོད་པ་མེད་པ་ལ་ཉེ་བར་གཞོལ་ན་དགེ་སློང་ལ་དགེ་འདུན་ལྷག་མར་འགྱུར་རོ། །གོས་ཀྱིས་བར་དུ་ཆོད་པ་དང་བཅས་པ་ལ་ཉེ་བར་གཞོལ་ན་ཉེས་པ་སྦོམ་པོར་འགྱུར་ཏེ། དེ་ལྟར་འདྲེན་པར་བྱེད་པས་སོ། །ཇི་ལྟར་ཡོངས་སུ་འདྲེན་པར་བྱེད་པས་ཤེ་ན། བུད་མེད་དམ་གཞོན་ནུ་མ་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་སྟེན་ནུས་པ་གང་ཡིན་པ་དེས་དགེ་སློང་རྐང་པའི་མཐའ་ནས་མགོའི་མཐར་རམ། མགོའི་མཐའ་ནས་རྐང་པའི་མཐར་ཡོངས་སུ་འདྲེན་པར་བྱེད་དམ། གློ་གཡོན་པ་ནས་གློ་གཡས་པར་རམ། གློ་གཡས་པ་ནས་གློ་གཡོན་པར་ཡོངས་སུ་འདྲེན་པར་བྱེད་པ་ན། གལ་ཏེ་དགེ་སློང་གིས་དྲལ་ཅིང་གྱུར་པའི་སེམས་ཀྱིས་དེའི་རོ་མྱང་བར་བྱེད། ངེས་པར་རྟོག་པར་བྱེད། ལྷག་པར་ཆགས་པར་བྱེད། ལྷག་པར་ཆགས་ཤིང་འདུག་པར་བྱེད་པ་དེ་ལྟ་དེ་ལྟར་ལུས་ཉེ་བར་གཞོལ་བར་བྱེད་ན་གོས་ཀྱིས་བར་དུ་ཆོད་པ་མེད་པ་


DKG005_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཉེ་བར་གཞོལ་ན་དགེ་སློང་ལ་དགེ་འདུན་ལྷག་མར་འགྱུར་རོ། །གོས་ཀྱིས་བར་དུ་ཆོད་པ་དང་བཅས་པ་ལ་ཉེ་བར་གཞོལ་ན་དགེ་སློང་ལ་ཉེས་པ་སྦོམ་པོར་འགྱུར་ཏེ། དེ་ལྟར་ཡོངས་སུ་འདྲེན་པར་བྱེད་པས་སོ། །ཇི་ལྟར་འོག་ནས་འཁྱུད་པར་བྱེད་པས་ཤེ་ན། བུད་མེད་དམ་གཞོན་ནུ་མ་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་སྟེན་ནུས་པ་གང་ཡིན་པ་དེས་དགེ་སློང་ནས་རྐང་པའི་རྩེ་མོར་འོག་ནས་འཁྱུད་པར་བྱེད་པ་ན། གལ་ཏེ་དགེ་སློང་གིས་དྲལ་ཅིང་གྱུར་པའི་སེམས་ཀྱིས་དེའི་རོ་མྱང་བར་བྱེད། ངེས་པར་རྟོག་པར་བྱེད། ལྷག་པར་ཆགས་པར་བྱེད། ལྷག་པར་ཆགས་ཤིང་འདུག་པར་བྱེད་པ་དེ་ལྟ་དེ་ལྟར་ལུས་ཉེ་བར་གཞོལ་བར་བྱེད་ན། གོས་ཀྱིས་བར་དུ་ཆོད་པ་མེད་པ་ལ་ཉེ་བར་གཞོལ་ན་དགེ་སློང་ལ་དགེ་འདུན་ལྷག་མར་འགྱུར་རོ། །གོས་ཀྱིས་བར་དུ་ཆོད་པ་དང་བཅས་པ་ལ་ཉེ་བར་གཞོལ་ན་དགེ་སློང་ལ་ཉེས་པ་སྦོམ་པོར་འགྱུར་རོ། །ས་ནས་རྐང་པའི་རྩེ་མོར་ཇི་ལྟ་བ་དེ་བཞིན་དུ་རྐང་པའི་རྩེ་མོ་ནས་རྗེ་ངར་དུ་དང་། རྗེ་ངར་ནས་བརླར་དང་། བརླ་ནས་རྐེད་པར་དང་། རྐེད་པ་ནས་བྲང་དུ་དང་། བྲང་ནས་གློར་དང་། གློ་ནས་རྒྱབ་ཏུ་དང་། རྒྱབ་ནས་ཕྲག་པ་དང་། ཕྲག་པ་ནས་མགྲིན་པར་དང་། མགྲིན་པ་ནས་ཀོ་སྐོར་དང་། ཀོ་སྐོ་ནས་ཟ་འགྲམ་དུ་དང་། ཟ་འགྲམ་ནས་མཁུར་བར་དང་། མཁུར་བ་ནས་དཔྲལ་བར་དང་། དཔྲལ་བ་ནས་སྤྱི་བོར་དང་། སྤྱི་བོ་ནས་ཁྲིའུར་དང་། ཁྲིའུ་ནས་ཁྲིར་དང་། ཁྲི་ནས་ཁྱོགས་སྤྱིལ་དུ་དང་། ཁྱོགས་སྤྱིལ་ནས་རྟའི་རྒྱབ་ཏུ་དང་། རྟའི་རྒྱབ་ནས་གླང་པོ་ཆེའི་རྒྱབ་ཏུ་དང་། གླང་པོ་ཆེའི་རྒྱབ་ནས་ཁང་བཟང་དུ་འོག་ནས་འཁྱུད་པར་བྱེད་པ་ན། གལ་ཏེ་དགེ་སློང་གིས་དྲལ་ཅིང་གྱུར་པའི་སེམས་ཀྱིས་དེའི་རོ་མྱང་བར་བྱེད། ངེས་པར་རྟོག་པར་བྱེད། ལྷག་པར་ཆགས་པར་བྱེད། ལྷག་པར་ཆགས་ཤིང་འདུག་པར་བྱེད་པ་དེ་ལྟ་དེ་ལྟར་ལུས་ཉེ་བར་གཞོལ་བར་བྱེད་ན། གོས་ཀྱིས་བར་དུ་ཆོད་པ་མེད་པ་ལ་ཉེ་བར་གཞོལ་ན་དགེ་སློང་ལ་དགེ་འདུན་ལྷག་མར་འགྱུར་རོ། །གོས་ཀྱིས་བར་དུ་ཆོད་པ་དང་བཅས་པ་ལ་ཉེ་བར་གཞོལ་ན་དགེ་སློང་ལ་ཉེས་པ་སྦོམ་པོར་འགྱུར་ཏེ། དེ་ལྟར་འོག་ནས་འཁྱུད་པར་བྱེད་པས་སོ། །


DKG005_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟར་སྟེང་ནས་འཁྱུད་པར་བྱེད་པས་ཤེ་ན། བུད་མེད་དམ་གཞོན་ནུ་མ་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་སྟེན་ནུས་པ་གང་ཡིན་པ་དེས་དགེ་སློང་ཁང་བཟང་ནས་གླང་པོ་ཆེའི་རྒྱབ་ཏུ་སྟེང་ནས་འཁྱུད་པར་བྱེད་པ་ན། གལ་ཏེ་དགེ་སློང་གིས་དྲལ་ཅིང་གྱུར་པའི་སེམས་ཀྱིས་རོ་མྱང་བར་བྱེད། ངེས་པར་རྟོག་པར་བྱེད། ལྷག་པར་ཆགས་པར་བྱེད། ལྷག་པར་ཆགས་ཤིང་འདུག་པར་བྱེད་པ་དེ་ལྟ་དེ་ལྟར་ལུས་ཉེ་བར་གཞོལ་བར་བྱེད་ན། གོས་ཀྱིས་བར་དུ་ཆོད་པ་མེད་པ་ལ་ཉེ་བར་གཞོལ་ན་དགེ་སློང་ལ་དགེ་འདུན་ལྷག་མར་འགྱུར་རོ། །གོས་ཀྱིས་བར་དུ་ཆོད་པ་དང་བཅས་པ་ལ་ཉེ་བར་གཞོལ་ན་དགེ་སློང་ལ་ཉེས་པ་སྦོམ་པོར་འགྱུར་རོ། །ཁང་བཟང་ནས་གླང་པོ་ཆེའི་རྒྱབ་ཏུ་ཇི་ལྟ་བ་དེ་བཞིན་དུ་གླང་པོ་ཆེའི་རྒྱབ་ནས་རྟའི་རྒྱབ་ཏུ་དང་། རྟའི་རྒྱབ་ནས་ཁྱོགས་སྤྱིལ་དུ་དང་། ཁྱོགས་སྤྱིལ་ནས་ཁྲིར་དང་། ཁྲི་ནས་ཁྲིའུར་དང་། ཁྲིའུ་ནས་སྤྱི་བོར་དང་། སྤྱི་བོ་ནས་དཔྲལ་བར་དང་། དཔྲལ་བ་ནས་མཁུར་བར་དང་། མཁུར་བ་ནས་ཟ་འགྲམ་དུ་དང་། ཟ་འགྲམ་ནས་ཀོ་སྐོར་དང་། ཀོ་སྐོ་ནས་མགྲིན་པར་དང་། མགྲིན་པ་ནས་ཕྲག་པར་དང་། ཕྲག་པ་ནས་རྒྱབ་ཏུ་དང་། རྒྱབ་ནས་གློར་དང་། གློ་ནས་བྲང་དུ་དང་། བྲང་ནས་རྐེད་པར་དང་། རྐེད་པ་ནས་བརླར་དང་། བརླ་ནས་རྗེ་ངར་དུ་དང་། རྗེ་ངར་ནས་རྐང་པའི་རྩེ་མོར་དང་། རྐང་པའི་རྩེ་མོ་ནས་ས་ལ་སྟེང་ནས་འཁྱུད་པར་བྱེད་པ་ན། གལ་ཏེ་དགེ་སློང་གིས་དྲལ་ཅིང་གྱུར་པའི་སེམས་ཀྱིས་དེའི་རོ་མྱང་བར་བྱེད། ངེས་པར་རྟོག་པར་བྱེད། ལྷག་པར་ཆགས་པར་བྱེད། །ལྷག་པར་ཆགས་ཤིང་འདུག་པར་བྱེད་པ་དེ་ལྟ་དེ་ལྟར་ལུས་ཉེ་བར་གཞོལ་བར་བྱེད་ན། གོས་ཀྱིས་བར་དུ་ཆེད་པ་མེད་པ་ལ་ཉེ་བར་གཞོལ་ན་དགེ་སློང་ལ་དགེ་འདུན་ལྷག་མར་འགྱུར་རོ། །གོས་ཀྱིས་བར་དུ་ཆོད་པ་དང་བཅས་པ་ལ་ཉེ་བར་གཞོལ་ན་དགེ་སློང་ལ་ཉེས་པ་སྦོམ་པོར་འགྱུར་ཏེ། དེ་ལྟར་སྟེང་ནས་འཁྱུད་པར་བྱེད་པས་སོ། །ཇི་ལྟར་དམ་དུ་སྦྱོར་བར་བྱེད་པས་ཤེ་ན། བུད་མེད་དམ་གཞོན་ནུ་མ་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་སྟེན་ནུས་པ་གང་ཡིན་པ་དེས་དགེ་སློང་གི་སྤྱི་བོར་དམ་དུ་སྦྱོར་


DKG005_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱེད་པ་ན། གལ་ཏེ་དགེ་སློང་གིས་དྲལ་ཅིང་གྱུར་པའི་སེམས་ཀྱིས་དེའི་རོ་མྱང་བར་བྱེད། ངེས་པར་རྟོག་པར་བྱེད། ལྷག་པར་ཆགས་པར་བྱེད། ལྷག་པར་ཆགས་ཤིང་འདུག་པར་བྱེད་པ་དེ་ལྟ་དེ་ལྟར་ལུས་ཉེ་བར་གཞོལ་བར་བྱེད་ན། གོས་ཀྱིས་བར་དུ་ཆོད་པ་མེད་པ་ལ་ཉེ་བར་གཞོལ་ན་དགེ་སློང་ལ་དགེ་འདུན་ལྷག་མར་འགྱུར་རོ། །གོས་ཀྱིས་བར་དུ་ཆོད་པ་དང་བཅས་པ་ལ་ཉེ་བར་གཞོལ་བར་བྱེད་ན་དགེ་སློང་ལ་ཉེས་པ་སྦོམ་པོར་འགྱུར་རོ། །སྤྱི་བོ་ལ་ཇི་ལྟ་བ་དེ་བཞིན་དུ་དཔྲལ་བ་དང་། མཁུར་བ་དང་མཆུ་དང་ཀོ་སྐོ་དང་མགྲིན་པ་དང་། རྣ་བ་དང་སྣ་དང་ཟ་འགྲམ་དང་ཕྲག་པ་དང་མཆན་ཁུང་དང་ཐལ་གོང་དང་གློ་དང་རྒྱབ་དང་བྲང་དང་རྐང་པ་དང་པུས་མོ་དང་བརླ་དང་རྗེ་ངར་དང་རྐང་པའི་སེན་མོ་དང་། ཐ་ན་རྐང་པའི་མཐེ་བོང་ལ་དམ་དུ་སྦྱོར་བར་བྱེད་པ་ན། གལ་ཏེ་དགེ་སློང་གིས་དྲལ་ཅིང་གྱུར་པའི་སེམས་ཀྱིས་དེའི་རོ་མྱང་བར་བྱེད། ངེས་པར་རྟོག་པར་བྱེད། ལྷག་པར་ཆགས་པར་བྱེད། ལྷག་པར་ཆགས་ཤིང་འདུག་པར་བྱེད་པ་དེ་ལྟ་དེ་ལྟར་ལུས་ཉེ་བར་གཞོལ་བར་བྱེད་པ་ན། གོས་ཀྱིས་བར་དུ་ཆོད་པ་མེད་པ་ལ་ཉེ་བར་གཞོལ་ན་དགེ་སློང་ལ་དགེ་འདུན་ལྷག་མར་འགྱུར་རོ། །གོས་ཀྱིས་བར་དུ་ཆོད་པ་དང་བཅས་པ་ལ་ཉེ་བར་གཞོལ་ན་དགེ་སློང་ལ་ཉེས་པ་སྦོམ་པོར་འགྱུར་ཏེ། དེ་ལྟར་དམ་དུ་སྦྱོར་བར་བྱེད་པས་སོ། །ནུས་པ་ལ་དགེ་འདུན་ལྷག་མ་གང་ཡིན་པ་དེ་མི་ནུས་པ་ལ་ཉེས་པ་སྦོམ་པོའོ། །སྐྱེས་པ་དང་ཟ་མ་དང་མ་ནིང་དང་མཚན་གཉིས་པ་ལ་ཉེས་པ་སྦོམ་པོའོ། །ནུས་པ་ལ་ཉེས་པ་སྦོམ་པོ་གང་ཡིན་པ་དེ་མི་ནུས་པ་ལ་ཉེས་བྱས་སོ། །སྐྱེས་པ་དང་ཟ་མ་དང་མ་ནིང་དང་མཚན་གཉིས་པ་ལ་ཡང་ཉེས་བྱས་ཉིད་དོ། །དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་ལ་ཡང་ཉེས་བྱས་ཉིད་དོ། །ནུས་པ་ལ་ཉེས་བྱས་གང་ཡིན་པ་དེ་མི་ནུས་པ་ལ་ཡང་ཉེས་བྱས་ཉིད་དོ། །སྐྱེས་པ་དང་ཟ་མ་དང་མ་ནིང་དང་མཚན་གཉིས་པ་དང་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་ལ་ཡང་ཉེས་བྱས་ཉིད་དོ། །མ་ཡང་ཡིན་ལ་མར་འདུ་ཤེས་པ་ཡང་ཡོད་པ་དང་། སྲིང་མོ་ཡང་ཡིན་ལ་སྲིང་མོར་འདུ་ཤེས་པ་ཡང་ཡོད་


DKG005_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། བུ་མོ་ཡང་ཡིན་ལ་བུ་མོར་འདུ་ཤེས་པ་ཡང་ཡོད་པ་ལ་ལྟུང་བ་མེད་དོ། །མེར་མཆོང་བ་དང་ཆུས་ཁྱེར་བ་དང་། དུག་ཟ་བ་དང་མཚོན་འབྱིན་པ་དང་། གཡང་ས་ནས་འཆོང་བ་དང་། ཐག་པས་འཆིང་བ་དང་། འཆི་བ་ལ་མངོན་པར་ཕྱོགས་པ་འཆི་བ་ལས་ཐར་པར་བྱེད་པ་ལ་ལྟུང་བ་མེད་དོ། །ལས་དང་པོ་པ་དང་། སྨྱོས་པ་དང་སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །ལུས་ཀྱིས་རེག་པའི་དགེ་འདུན་ལྷག་མ་སྟེ་གཉིས་པ་རྫོགས་སོ།། །།


previousགཉིས་པ། ལུས་ཀྱིས་རེག་པའི་དགེ་འདུན་ལྷག་མ་བཤད་པ།next