Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
བཞི་པ། བསྙེན་བཀུར་བསྔགས་པའི་དགེ་འདུན་ལྷག་མ་བཤད་པ།
   
   
   
   
   
   


 
previousབཞི་པ། བསྙེན་བཀུར་བསྔགས་པའི་དགེ་འདུན་ལྷག་མ་བཤད་པ། next

བཞི་པ། བསྙེན་བཀུར་བསྔགས་པའི་དགེ་འདུན་ལྷག་མ་བཤད་པ།


DKG005_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་དགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་དག་གི་ཀུན་ཏུ་སྤྱོད་པ་ནི་འདིར་བདག་ཅག་གིས་བྲམ་ཟེ་དང་། ཁྱིམ་བདག་འོངས་ཤིང་ལྷགས་པ་རྣམས་ལ་ཡང་ཆོས་བསྟན་པར་བྱ། རྒོལ་བ་དག་ཀྱང་ཚར་གཅད་པར་བྱ། རང་གི་གྲགས་པ་ཡང་བསྒྲག་པར་བྱའོ་སྙམ་པས་དྲུག་སྡེ་ལས་གང་ཡང་རུང་བར་རྒྱལ་བྱེད་ཀྱི་ཚལ་གྱི་སྒོ་སྟོང་པར་མི་འཇོག་པས། ཚེ་དང་ལྡན་པ་འཆར་ཀ་ནང་པར་སྔར་ལངས་ཏེ་སོ་ཤིང་པོར་ནས་སྣམ་སྦྱར་དམར་སེར་གྱོན་ཏེ་རྒྱལ་བྱེད་ཀྱི་ཚལ་གྱི་སྒོ་ན་འཆག་ཅིང་འདུག་གོ་།མཉན་ཡོད་ན་གནས་པའི་བྲམ་ཟེ་དང་ཁྱིམ་བདག་གི་ཆུང་མ་རྣམས་ཀྱི་ཀུན་ཏུ་སྤྱོད་པ་ནི་སྐྱེད་མོས་ཚལ་དུ་སོང་སྟེ་རྒྱལ་བྱེད་ཀྱི་ཚལ་དུ་འཇུག་པ་དང་། གཙུག་ལག་ཁང་བལྟ་བ་དང་། བཅོམ་ལྡན་འདས་དང་། དགེ་སློང་གནས་བརྟན་གནས་བརྟན་རྣམས་ཀྱི་ཞབས་ལ་ཕྱག་འཚལ་དུ་འགྲོ་བས། བྲམ་ཟེ་དང་ཁྱིམ་བདག་གི་ཆུང་མར་རབ་ཏུ་མང་པོ་དག་སྐྱེད་མོས་ཚལ་དུ་བྱུང་སྟེ། གཙུག་ལག་ཁང་ལྟ་འདོད་པས་རྒྱལ་བྱེད་ཀྱི་ཚལ་ག་ལ་བ་དེར་དོང་ངོ་། །ཞེས་བྱ་བ་ནས་དེས་དེ་དག་ལ་ཆོས་བསྟན་པར་བརྩམས་སོ་ཞེས་བྱ་བའི་བར་དུ་དགེ་འདུན་ལྷག་མ་གཉིས་པའི་སྐབས་སུ་བསྟན་པ་བཞིན་ནོ། །ཇི་ལྟ་ཇི་ལྟར་ཆོས་སྟོན་པ་དེ་ལྟ་དེ་ལྟར་ཀུན་ཏུ་ཆགས་སོ། །ཇི་ལྟ་ཇི་ལྟར་ཀུན་ཏུ་ཆགས་པ་དེ་ལྟ་དེ་ལྟར་དྲལ་ཏོ། །ཇི་ལྟ་ཇི་ལྟར་དྲལ་བ་དེ་ལྟ་དེ་ལྟར་དེ་དག་གི་མདུན་དུ་བདག་ཉིད་ཀྱི་ལུས་ཀྱི་བསྙེན་བཀུར་གྱི་ཕྱིར་འདི་ལྟ་སྟེ། ང་ལྟ་བུ་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་དགེ་བའི་ཆོས་ཅན་ཚངས་པར་སྤྱོད་པ་ལ་འདི་ལྟར་འཁྲིག་པ་དང་ལྡན་པའི་ཆོས་འདིས་བསྙེན་བཀུར་བྱས་ན་སྲུ་འདི་ནི་བསྙེན་བཀུར་རྣམས་ཀྱི་མཆོག་ཡིན་ནོ་ཞེས་བསྔགས་པ་རྗོད་པར་བརྩམས་སོ། །འདི་ལྟ་སྟེ་དཔེར་ན་མི་གསང་སྔགས་ཉིད་རྗོད་པར་བྱེད་པ་འབྱུང་པོའམ། ཤ་ཟས་ཐལ་ལྕག་གི་སྣུན་པས་སྣུན་པར་གྱུར་པ་དེ་བཞིན་དུ་དེ་ཡང་དེ་དག་ལ་ཇི་ལྟ་ཇི་


DKG005_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ཆོས་སྟོན་པར་བྱེད་པ་དེ་ལྟ་དེ་ལྟར་ཀུན་ཏུ་ཆགས་སོ། །ཇི་ལྟ་ཇི་ལྟར་ཀུན་ཏུ་ཆགས་པ་དེ་ལྟ་དེ་ལྟར་དྲལ་ཏོ། །ཇི་ལྟ་ཇི་ལྟར་དྲལ་བ་དེ་ལྟ་དེ་ལྟར་དེ་དག་གི་མདུན་དུ་བདག་ཉིད་ཀྱི་ལུས་ཀྱི་བསྙེན་བཀུར་གྱི་ཕྱིར་འདི་ལྟ་སྟེ། ད་ལྟ་བུ་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་དགེ་བའི་ཆོས་ཅན་ཚངས་པར་སྤྱོད་པ་ལ་འདི་ལྟར་འཁྲིག་པ་དང་ལྡན་པའི་ཆོས་འདིས་བསྙེན་བཀུར་བྱས་ན་སྲུ་འདི་ནི་བསྙེན་བཀུར་རྣམས་ཀྱི་མཆོག་ཡིན་ནོ་ཞེས་བསྔགས་པ་རྗོད་པར་བརྩམས་སོ། །དེ་ན་གང་དག་བདག་གིར་བྱེད་པ་དེ་དག་ནི་དེ་དང་ལྷན་ཅིག་གཞོག་སྟེགས་དང་། ཕྱར་གཡེང་དང་མཐོ་འཚམ་པ་དང་། ཀུན་ཏུ་རྩེ་བ་དང་ཀུན་ཏུ་ཅ་ཅོ་འདོན་པ་དང་། རྒོད་པ་དང་དྲེགས་པ་དང་ལུས་སྒྱུར་བར་བྱེད་དོ། །གང་དག་བདག་གིར་མི་བྱེད་པ་དེ་དག་ནི་དེ་ནས་ཕྱིར་བྱུང་སྟེ། འཆགས་དང་། དང་ར་དང་སྒོ་ཁང་དག་ན། གང་ལས་ཆུ་འབྱུང་དེ་ལས་འབར། །གང་ལས་སྐྱོབ་པ་དེ་ལས་འཇིགས། །འཇིགས་པ་མེད་ལས་འཇིགས་པ་སྐྱེས། །སྐྱབས་ལས་འཇིགས་པ་སྐྱེས་པར་གྱུར། །བདག་ཅག་གིས་ཕྱོགས་གཅིག་ཏུ་བདེ་བཞི་བ་དེ་ལེགས་སུ་འགྱུར་བ་གང་ཡིན་པ་དེ་ལས་འཇིགས་པ་དང་ཡམས་དང་གནོད་པ་དང་འགོ་བའི་ནད་དང་འཁྲུག་པ་བྱུང་བར་གྱུར་ཏོ་ཞེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་དོ། །དེ་དག་སྨོད་ཅིང་འདོང་བ་ན། དགེ་སློང་དག་གིས་མངོན་སུམ་དུ་གྱུར་ནས། དེ་དག་གིས་དེ་དག་སྨོད་པ་ཐོས་པ་དང་། དེ་དག་གིས་སྨྲས་པ་སྲིང་མོ་དག་ཁྱེད་ཅག་སུ་ལ་སྨོད། འཕགས་པ་དག་ཁྱེད་ཅག་ལའོ། །ངེད་ཀྱིས་ཅི་བྱས། འཕགས་པ་དག་བདག་ཅག་གིས་རང་གི་ཁྱིམ་ཐབ་ལས་ཀྱང་ཚིག་གང་སྔོན་མ་ཐོས་པ་དེ་དག་འཕགས་པ་འཆར་ཀ་ལས་ཐོས་སོ། །གལ་ཏེ་བདག་ཅག་གིས་ཕ་མའམ་་ནུ་མོ་དག་གིས་ཐོས་པར་གྱུར་ན། རྒྱལ་བྱེད་ཀྱི་ཚལ་ག་ལ་བ་དེར་ལྟར་ཡང་མི་སྟེར་ན་མཆི་བར་ལྟ་སྨོས་ཀྱང་ཅི་འཚལ། སྲིང་མོ་དག་ཁ་རོག་ཅིག །དགེ་སློང་དེ་ནི་འདུན་ན་འདོན་གྱི་བུ་ལས་རབ་ཏུ་བྱུང་བ་ཚུལ་ཁྲིམས་དང་ལྡན་པ་ཡིན་མོད་ཀྱི། འོན་ཀྱང་འདོད་ཆགས་ཤས་ཆེ་བ་ཡིན་པས་རྩོམ་པ་དེས་ཉོན་མོངས་པ་སེལ་བར་བྱེད་དོ། །འཕགས་པ་དག་ཅི་ལགས།


DKG005_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

གླང་བུ་གང་ལ་རྭ་རྣོན་པོ་གཉིས་མཆིས་པ་དེས་བདག་ཉིད་ཀྱི་དཀུ་འདྲལ་བར་བགྱིད་དམ་དེ་ནི་མི་རིགས་སོ། །སྲིང་མོ་དག་ཁ་རོག་ཅིག་དང་། བཟློག་པར་བྱའོ། །འཕགས་པ་དག་གལ་ཏེ་བཟློག་ན་དེ་ལྟ་ན་ལེགས། གལ་ཏེ་ཟློག་པར་མི་མཛད་ན་བདག་ཅག་སླན་ཆང་རྒྱལ་བྱེད་ཀྱི་ཚལ་དུ་མི་མཆིའོ། །སྲིང་མོ་དག་ཁ་རོག་ཅིག་དང་། ཅི་ནས་ཀྱང་ཕྱིན་ཆད་དེ་ལྟར་བྱེད་པར་མི་འགྱུར་བར་བཟློག་པར་བྱའོ། །དགེ་སློང་རྣམས་ཀྱིས་དེ་དག་ལ་བསྒོ་སྟེ་དོང་བ་དང་། ལྷག་མ་རྣམས་ཀྱང་གཙུག་ལག་ཁང་ནས་བྱུང་སྟེ་དོང་ངོ་། །དེ་ནས་ཚེ་དང་ལྡན་པ་འཆར་ཀ་ཡང་དགོད་བཞིན་དུ་གཙུག་ལག་ཁང་ནས་བྱུང་བ་དང་། དགེ་སློང་རྣམས་ཀྱིས་དེ་མཐོང་ནས་སྨྲས་པ། ཚེ་དང་ལྡན་པ་འཆར་ཀ་ཁྱོད་མི་མཛེས་པ་དེ་ལྟ་བུ་དེ་བྱས་ནས་ད་ཅི་དགོད། འཆར་ཀས་སྨྲས་པ། ཁོ་བོས་ཆང་འཐུངས་སམ། ཀུན་དོང་ཟོས་སམ་ཅི། ཚེ་དང་ལྡན་པ་ཅི་དེ་ཡང་བྱས་སམ། གཞན་ཅི་ཞིག་བྱས། བྲམ་ཟེ་དང་ཁྱིམ་བདག་གི་ཆུང་མ་རབ་ཏུ་མང་པོ་དེ་དག་འཕྱ་ཞིང་དོང་ངོ་། །འཆར་ཀས་སྨྲས་པ། ཚེ་དང་ལྡན་པ་དག་ལྷུང་བཟེད་ནག་པོ་ཅན་རྣམས་ཀྱི་རང་བཞིན་ནི་སེར་སྣས་གང་ལ་ཡང་ཚིག་བཞི་པའི་ཚིགས་སུ་བཅང་པ་གཅིག་ཙམ་ཡང་མི་སྟོན་ལ་དེ་དག་ནི་གང་གཞན་ལ་སྟོན་པ་དེ་ལ་འཕྱ་བར་བྱེད་དོ། །དེ་དག་གིས་སྨྲས་པ། ཅི་ཁྱོད་ཀྱིས་དེ་དག་བདེན་པ་དག་ལ་བཀོད་དམ། དེས་སྨྲས་པ། ཇེ་དེ་དག་གི་དབང་པོ་ཡོངས་སུ་སྨིན་པར་བྱ་བ་བརྩམས་ནས་མཐར་གྱིས་བདེན་པ་ཡང་མཐོང་བར་འགྱུར་རོ། །དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་ཡན་ལག་གང་གིས་ངོ་ཚ་བར་བྱ་བའི་ཡན་ལག་དེ་ཉིད་ཀྱིས་ཁེངས་པར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་འཆར་ཀ་ལ་རྨས་པ། འཆར་ཀ་ཁྱོད་ཀྱིས་མི་མཛེས་པ་དེ་ལྟ་བུ་བྱས་པར་གྱུར་པ་བདེན་ནམ། བཙུན་པ་མང་ངོ་། །སངས་རྒྱས་བཅོམ་ལྡན་


DKG005_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་ཡིན་པ་རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ་ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་པར་སྨད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་བར་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་དྲལ་ཅིང་གྱུར་པའི་སེམས་ཀྱིས་བུད་མེད་ཀྱི་ཡུལ་གྱི་མདུན་དུ་བདག་ཉིད་ལུས་ཀྱི་བསྙེན་བཀུར་གྱི་ཕྱིར་འདི་ལྟ་སྟེ། ང་ལྟ་བུ་དགེ་སྦྱོང་ཚུལ་ཁྲིམས་དང་ལྡན་པ་དགེ་བའི་ཆོས་ཅན་ཚངས་པར་སྤྱོད་པ་ལ་འདི་ལྟར་འཁྲིག་པ་དང་ལྡན་པའི་ཆོས་འདིས་བསྙེན་བཀུར་བྱས་ན་སྲུ་འདི་ནི་བསྙེན་བཀུར་རྣམས་ཀྱི་མཆོག་ཡིན་ནོ་ཞེས་བསྔགས་པར་བརྗོད་ན། དགེ་འདུན་ལྷག་མའོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་འཆར་ཀའམ། གཞན་ཡང་དེ་འདྲ་བ་གང་ཡིན་པའོ། །དྲལ་ཅིང་གྱུར་པའི་སེམས་ཀྱིས་ཞེས་བྱ་བ་ནི། སེམས་དྲལ་ཅིང་མ་གྱུར་པ་ཡང་ཡོད། གྱུར་ཅིང་མ་དྲལ་བ་ཡང་ཡོད། དྲལ་ཅིང་གྱུར་བ་ཡང་ཡོད། མ་དྲལ་ཅིང་མ་གྱུར་པ་ཡང་ཡོད། དེ་ལ་རེ་ཞིག་དྲལ་ཅིང་མ་གྱུར་པ་ནི། སེམས་ཆགས་པ་དང་ཀུན་ཏུ་ཆགས་པ་དང་། ཀུན་ནས་དཀྲིས་པ་གང་ཡིན་པའོ། །གྱུར་ཅིང་མ་དྲལ་བ་ནི་སེམས་ལྟོས་པ་དང་ལྡན་ཞིང་སེམས་འབྲལ་བ་གང་ཡིན་པའོ། །དྲལ་ཅིང་མ་གྱུར་པ་ནི་ཆགས་པ་དང་ཀུན་ཏུ་ཆགས་པ་དང་། ཀུན་ནས་དཀྲིས་པའི་སེམས་དང་། སེམས་ལྟོས་པ་དང་བཅས་ཤིང་འབྲེལ་བ་གང་ཡིན་པའོ། །མ་དྲལ་ཅིང་མ་གྱུར་པ་ནི་རྣམ་པ་དེ་དག་མ་གཏོགས་པའོ། །བུད་མེད་ཀྱི་ཡུལ་གྱི་ཞེས་བྱ་བ་ནི་བུད་མེད་དམ་གཞོན་ནུ་མ་ལེགས་པར་སྨྲས་པ་དང་། ཉེས་པར་སྨྲས་པའི་ཆོས་རྣམས་ཀྱི་དོན་ཀུན་ཤེས་པར་ནུས་པའི་འོ། །མདུན་དུ་ཞེས་བྱ་བ་ནི་མངོན་དུའོ། །བདག་ཉིད་ཀྱི་ལུས་བསྙེན་བཀུར་གྱི་ཕྱིར་ཞེས་བྱ་བ་ནི་བདག་ཉིད་ཀྱི་ལུས་ཀྱི་ཀུན་ཏུ་སྤྱད་པའི་ཕྱིར་རོ། །འདི་ལྟ་སྟེ། ང་ལྟ་བུ་ཞེས་བྱ་བ་དེ་ནི་ཉེ་བར་བསྟན་


DKG005_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་ཀུན་ཏུ་བསྟན་པའི་ཚིག་བླ་དྭགས་ཡིན་ནོ། །དགེ་སློང་ཞེས་བྱ་བ་ནི་དགེ་སློང་གི་དངོས་པོ་ཇི་སྐད་བསྟན་པ་དང་ལྡན་པའོ། །ཚུལ་ཁྲིམས་དང་ལྡན་པ་ཞེས་བྱ་བ་ནི་ཚུལ་ཁྲིམས་ཀྱི་ཕུང་པོ་ཇི་སྐད་བསྟན་པ་དང་ལྡན་པའོ། །དགེ་བའི་ཆོས་ཅན་ཞེས་བྱ་བ་ནི་ཏིང་ངེ་འཛིན་གྱི་ཕུང་པོ་ཇི་སྐད་བསྟན་པ་དང་ལྡན་པའོ། །ཚངས་པར་སྤྱོད་པ་ལ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕུང་པོ་ཇི་སྐད་བསྟན་པ་དང་ལྡན་པའོ། །འདི་འཁྲིག་པ་དང་ལྡན་པའི་ཞེས་བྱ་བ་ནི་མི་ཚངས་པར་སྤྱོད་པ་དང་ལྡན་པའིའོ། །ཆོས་འདིས་ཞེས་བྱ་བ་ནི་ཆོས་མ་ཡིན་པ་ཆོས་ཀྱི་སྒྲས་བསྟན་པ་འདིས་ཡིན་གྱིས་གཞན་གྱིས་ནི་མ་ཡིན་པའོ། །བསྙེན་བཀུར་བྱས་ན་ཞེས་བྱ་བ་ནི་ཀུན་ཏུ་སྤྱད་པ་བྱས་ནའོ། །སྲུ་ཞེས་བྱ་བ་ནི་དགའ་བའི་ཚིག་བླ་དྭགས་སོ། །འདི་ནི་བསྙེན་བཀུར་རྣམས་ཀྱི་མཆོག་ཡིན་ནོ། །ཞེས་བྱ་བ་ལ་མཆོག་ཡིན་ནོ་ཞེས་བྱ་བ་ནི་གཙོ་བོ་ཡིན་ནོ། །བསྔགས་པ་བརྗོད་ན་ཞེས་བྱ་བ་ནི་བསྟོད་པ་བྱས་ནའོ། །དགེ་འདུན་ལྷག་མའོ་ཞེས་བྱ་བ་ནི་ལྟུང་བ་དེ་དགེ་འདུན་ལ་རག་ལས་པ་དང་ཞེས་བྱ་བ་ནས་དེ་ནི་དགེ་འདུན་ལྷག་མའོ་ཞེས་གསུངས་སོ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་ནོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། གཞི་བཅོ་བརྒྱད་ཀྱིས་ཏེ། མཆོག་དང་། ཕུལ་དང་། ཁྱད་པར་དུ་འཕགས་པ་དང་། བཟང་བ་དང་། མཛེས་པ་དང་། དགེ་བ་དང་། མཆོད་པར་འོས་པ་དང་། བསྟོད་པར་འོས་པ་དང་། རྒྱ་ཆེ་བ་དང་། ཆེས་མཆོག་དང་། ཆེས་ཕུལ་དང་། ཆེས་ཁྱད་པར་དུ་འཕགས་པ་དང་། ཆེས་བཟང་བ་དང་། ཆེས་མཛེས་པ་དང་། ཆེས་དགེ་བ་དང་། ཆེས་མཆོད་པར་འོས་པ་དང་། ཆེས་བསྟོད་པར་འོས་པ་དང་། ཆེས་རྒྱ་ཆེ་བས་སོ། །དེ་ལ་ཇི་ལྟར་མཆོག་གིས་ཤེ་ན། དགེ་སློང་གིས་དྲལ་ཅིང་གྱུར་པའི་སེམས་ཀྱིས་བུད་མེད་དམ་གཞོན་ནུ་མ་ལེགས་པར་སྨྲས་པ་དང་། ཉེས་པར་སྨྲས་པའི་ཆོས་རྣམས་ཀྱི་དོན་ཀུན་ཤེས་པར་ནུས་པ་གང་ཡིན་པ་དེའི་གན་དུ་སོང་སྟེ། འདི་སྐད་ཅེས་འདི་ལྟ་སྟེ། ང་ལྟ་བུ་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་ལ་འདི་ལྟར་འཁྲིག་པ་དང་ལྡན་པའི་ཆོས་འདིས་བསྙེན་བཀུར་བྱས་ན་སྲུ་འདི་ནི་ཀུན་ཏུ་སྤྱད་པ་རྣམས་ཀྱི་མཆོག་ཡིན་ནོ་ཞེས་བརྗོད་ན་དགེ་འདུན་ལྷག་མར་འགྱུར་རོ། །དགེ་སློང་གིས་དྲལ་ཅིང་གྱུར་པའི་སེམས་ཀྱིས་


DKG005_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

བུད་མེད་དམ་གཞོན་ནུ་མ་ལེགས་པར་སྨྲས་པ་དང་། ཉེས་པར་སྨྲས་པའི་ཆོས་རྣམས་ཀྱི་དོན་ཀུན་ཤེས་པར་ནུས་པ་གང་ཡིན་པ་དེའི་གན་དུ་སོང་སྟེ། འདི་སྐད་ཅེས་འདི་ལྟ་སྟེ། ང་ལྟ་བུ་དགེ་སློང་དགེ་བའི་ཆོས་ཅན་ལ་འདི་ལྟར་འཁྲིག་པ་དང་ལྡན་པའི་ཆོས་འདིས་བསྙེན་བཀུར་བྱས་ན་སྲུ་འདི་ནི་བསྙེན་བཀུར་རྣམས་ཀྱི་མཆོག་ཡིན་ནོ་ཞེས་བརྗོད་ན་དགེ་འདུན་ལྷག་མར་འགྱུར་རོ། །དགེ་སློང་གིས་དྲལ་ཅིང་གྱུར་པའི་སེམས་ཀྱིས་བུད་མེད་དམ་གཞོན་ནུ་མ་ལེགས་པར་སྨྲས་པ་དང་། ཉེས་པར་སྨྲས་པའི་ཆོས་རྣམས་ཀྱི་དོན་ཀུན་ཤེས་པར་ནུས་པ་གང་ཡིན་པ་དེའི་གན་དུ་སོང་སྟེ། འདི་སྐད་ཅེས་འདི་ལྟ་སྟེ། ང་ལྟ་བུ་དགེ་སློང་ཚངས་པར་སྤྱོད་པ་ལ་འདི་ལྟར་འཁྲིག་པ་དང་ལྡན་པའི་ཆོས་འདིས་བསྙེན་བཀུར་བྱས་ན་སྲུ་འདི་ནི་བསྙེན་བཀུར་རྣམས་ཀྱི་མཆོག་ཡིན་ནོ་ཞེས་བརྗོད་ན་དགེ་འདུན་ལྷག་མར་འགྱུར་རོ། །དགེ་སློང་གིས་དྲལ་ཅིང་གྱུར་པའི་སེམས་ཀྱིས་བུད་མེད་དམ་གཞོན་ནུ་མ་ལེགས་པར་སྨྲས་པ་དང་། ཉེས་པར་སྨྲས་པའི་ཆོས་རྣམས་ཀྱི་དོན་ཀུན་ཤེས་པར་ནུས་པ་གང་ཡིན་པ་དེའི་གན་དུ་སོང་སྟེ། འདི་སྐད་ཅེས་འདི་ལྟ་སྟེ། ང་ལྟ་བུ་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་དགེ་བའི་ཆོས་ཅན་ལ་འདི་ལྟར་འཁྲིག་པ་དང་ལྡན་པའི་ཆོས་འདིས་བསྙེན་བཀུར་བྱས་ན། སྲུ་འདི་ནི་བསྙེན་བཀུར་རྣམས་ཀྱི་མཆོག་ཡིན་ནོ་ཞེས་བརྗོད་ན་དགེ་འདུན་ལྷག་མར་འགྱུར་རོ། །དགེ་སློང་གིས་དྲལ་ཅིང་གྱུར་པའི་སེམས་ཀྱིས་བུད་མེད་དམ་གཞོན་ནུ་མ་ལེགས་པར་སྨྲས་པ་དང་། ཉེས་པར་སྨྲས་པའི་ཆོས་རྣམས་ཀྱི་དོན་ཀུན་ཤེས་པར་ནུས་པ་གང་ཡིན་པ་དེའི་གན་དུ་སོང་སྟེ། འདི་སྐད་ཅེས་འདི་ལྟ་སྟེ། ང་ལྟ་བུ་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་ཚངས་པར་སྤྱོད་པ་ལ་འདི་ལྟར་འཁྲིག་པ་དང་ལྡན་པའི་ཆོས་འདིས་


DKG005_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེན་བཀུར་བྱས་ན། སྲུ་འདི་ནི་བསྙེན་བཀུར་རྣམས་ཀྱི་མཆོག་ཡིན་ནོ་ཞེས་བརྗོད་ན་དགེ་འདུན་ལྷག་མར་འགྱུར་རོ། །དགེ་སློང་གིས་དྲལ་ཅིང་གྱུར་པའི་སེམས་ཀྱིས་བུད་མེད་དམ་གཞོན་ནུ་མ་ལེགས་པར་སྨྲས་པ་དང་། ཉེས་པར་སྨྲས་པའི་ཆོས་རྣམས་ཀྱི་དོན་ཀུན་ཤེས་པར་ནུས་པ་གང་ཡིན་པ་དེའི་གན་དུ་སོང་སྟེ། འདི་སྐད་ཅེས་འདི་ལྟ་སྟེ། ང་ལྟ་བུ་དགེ་སློང་དགེ་བའི་ཆོས་ཅན་ཚུལ་ཁྲིམས་དང་ལྡན་པ་ལ་འདི་ལྟར་འཁྲིག་པ་དང་ལྡན་པའི་ཆོས་འདིས་བསྙེན་བཀུར་བྱས་ན་སྲུ་འདི་ནི་བསྙེན་བཀུར་རྣམས་ཀྱི་མཆོག་ཡིན་ནོ་ཞེས་བརྗོད་ན་དགེ་འདུན་ལྷག་མར་འགྱུར་རོ། །དགེ་སློང་གིས་དྲལ་ཅིང་གྱུར་བའི་སེམས་ཀྱིས་བུད་མེད་དམ་གཞོན་ནུ་མ་ལེགས་པར་སྨྲས་པ་དང་། ཉེས་པར་སྨྲས་པའི་ཆོས་རྣམས་ཀྱི་དོན་ཀུན་ཤེས་པར་ནུས་པ་གང་ཡིན་པ་དེའི་གན་དུ་སོང་སྟེ། འདི་སྐད་ཅེས་འདི་ལྟ་སྟེ། ང་ལྟ་བུ་དགེ་སློང་དགེ་བའི་ཆོས་ཅན་ཚངས་པར་སྤྱོད་པ་ལ་འདི་ལྟར་འཁྲིག་པ་དང་ལྡན་པའི་ཆོས་འདིས་བསྙེན་བཀུར་བྱས་ན། སྲུ་འདི་ནི་བསྙེན་བཀུར་རྣམས་ཀྱི་མཆོག་ཡིན་ནོ་ཞེས་བརྗོད་ན་དགེ་འདུན་ལྷག་མར་འགྱུར་རོ། །དགེ་སློང་གིས་དྲལ་ཅིང་གྱུར་པའི་སེམས་ཀྱིས་བུད་མེད་དམ་གཞོན་ནུ་མ་ལེགས་པར་སྨྲས་པ་དང་། ཉེས་པར་སྨྲས་པའི་ཆོས་རྣམས་ཀྱི་དོན་ཀུན་ཤེས་པར་ནུས་པ་གང་ཡིན་པ་དེའི་གན་དུ་སོང་སྟེ། འདི་སྐད་ཅེས་འདི་ལྟ་སྟེ། ང་ལྟ་བུ་དགེ་སློང་ཚངས་པར་སྤྱོད་པ་ཚུལ་ཁྲིམས་དང་ལྡན་པ་ལ་འདི་ལྟར་འཁྲིག་པ་དང་ལྡན་པའི་ཆོས་འདིས་བསྙེན་བཀུར་བྱས་ན། སྲུ་འདི་ནི་བསྙེན་བཀུར་རྣམས་ཀྱི་མཆོག་ཡིན་ནོ་ཞེས་བརྗོད་ན་དགེ་འདུན་ལྷག་མར་འགྱུར་རོ། །དགེ་སློང་གིས་དྲལ་ཅིང་གྱུར་པའི་སེམས་ཀྱིས་བུད་མེད་དམ་གཞོན་ནུ་མ་ལེགས་པར་སྨྲས་པ་དང་། ཉེས་པར་སྨྲས་པའི་ཆོས་རྣམས་ཀྱི་དོན་ཀུན་ཤེས་པར་ནུས་པ་གང་ཡིན་པ་དེའི་གན་དུ་སོང་སྟེ། འདི་སྐད་ཅེས་འདི་ལྟ་སྟེ། ང་ལྟ་བུ་དགེ་སློང་ཚངས་པར་སྤྱོད་པ་དགེ་བའི་ཆོས་ཅན་ལ་འདི་ལྟར་འཁྲིག་པ་དང་ལྡན་པའི་ཆོས་འདིས་བསྙེན་བཀུར་བྱས་ན། སྲུ་འདི་ནི་བསྙེན་བཀུར་རྣམས་ཀྱི་མཆོག་ཡིན་ནོ་ཞེས་བརྗོད་ན་དགེ་འདུན་ལྷག་མར་འགྱུར་རོ། །དགེ་སློང་གིས་དྲལ་ཅིང་གྱུར་པའི་སེམས་ཀྱིས་བུད་མེད་དམ་གཞོན་ནུ་མ་ལེགས་པར་སྨྲས་པ་དང་། ཉེས་པར་སྨྲས་པའི་ཆོས་རྣམས་ཀྱི་དོན་ཀུན་ཤེས་པར་ནུས་པ་གང་ཡིན་པ་དེའི་གན་དུ་སོང་སྟེ། འདི་སྐད་ཅེས་འདི་ལྟ་སྟེ། ང་ལྟ་བུ་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་དགེ་བའི་ཆོས་ཅན་ཚངས་པར་སྤྱོད་པ་ལ་འདི་ལྟར་འཁྲིག་པ་དང་ལྡན་པའི་ཆོས་འདིས་བསྙེན་བཀུར་བྱས་ན་སྲུ་འདི་ནི་བསྙེན་བཀུར་རྣམས་ཀྱི་མཆོག་ཡིན་ནོ་ཞེས་བརྗོད་ན་དགེ་འདུན་ལྷག་མར་འགྱུར་རོ། །མཆོག་ཇི་ལྟ་བ་བཞིན་དུ་ཕུལ་དང་། ཁྱད་པར་དུ་འཕགས་པ་དང་། བཟང་


DKG005_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་། མཛེས་པ་དང་། དགེ་བ་དང་། མཆོད་པར་འོས་པ་དང་། བསྟོད་པར་འོས་པ་དང་། རྒྱ་ཆེ་བ་དང་། ཆེས་མཆོག་དང་། ཆེས་ཕུལ་དང་། ཆེས་ཁྱད་པར་དུ་འཕགས་པ་དང་། ཆེས་བཟང་བ་དང་། ཆེས་མཛེས་པ་དང་། ཆེས་དགེ་བ་དང་། ཆེས་མཆོད་པར་འོས་པ་དང་། ཆེས་བསྟོད་པར་འོས་པ་དང་། ཆེས་རྒྱ་ཆེ་བར་ཡང་དེ་བཞིན་ནོ། །དགེ་སློང་གིས་དྲལ་ཅིང་གྱུར་པའི་སེམས་ཀྱིས་བུད་མེད་དམ་གཞོན་ནུ་མ་ལེགས་པར་སྨྲས་པ་དང་། ཉེས་པར་སྨྲས་པའི་ཆོས་རྣམས་ཀྱི་དོན་ཀུན་ཤེས་པར་ནུས་པ་གང་ཡིན་པ་དེའི་གན་དུ་སོང་སྟེ། འདི་སྐད་ཅེས་འདི་ལྟ་སྟེ། ང་ལྟ་བུ་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་ལ་འདི་ལྟར་ཆོས་འདིས་བསྙེན་བཀུར་བྱས་ན། སྲུ་འདི་ནི་བསྙེན་བཀུར་རྣམས་ཀྱི་མཆོག་ཡིན་ནོ་ཞེས་ཟེར་ཞིང་། འདི་སྐད་ཅེས་འཁྲིག་པ་དང་ལྡན་པ་ཞེས་ནི་མི་ཟེར་ན་ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་གིས་དྲལ་ཅིང་གྱུར་པའི་སེམས་ཀྱིས་བུད་མེད་དམ་གཞོན་ནུ་མ་ལེགས་པར་སྨྲས་པ་དང་། ཉེས་པར་སྨྲས་པའི་ཆོས་རྣམས་ཀྱི་དོན་ཀུན་ཤེས་པར་ནུས་པ་གང་ཡིན་པ་དེའི་གན་དུ་སོང་སྟེ། འདི་སྐད་ཅེས་འདི་ལྟ་སྟེ། ང་ལྟ་བུ་དགེ་སློང་དགེ་བའི་ཆོས་ཅན་ལ་འདི་ལྟར་ཆོས་འདིས་བསྙེན་བཀུར་བྱས་ན། སྲུ་འདི་ནི་བསྙེན་བཀུར་རྣམས་ཀྱི་མཆོག་ཡིན་ནོ་ཞེས་ཟེར་ཞིང་འདི་སྐད་ཅེས་འཁྲིག་པ་དང་ལྡན་པ་ཞེས་ནི་མི་ཟེར་ན་ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་གིས་དྲལ་ཅིང་གྱུར་པའི་སེམས་ཀྱིས་བུད་མེད་དམ་གཞོན་ནུ་མ་ལེགས་པར་སྨྲས་པ་དང་། ཉེས་པར་སྨྲས་པའི་ཆོས་རྣམས་ཀྱི་དོན་ཀུན་ཤེས་པར་ནུས་པ་གང་ཡིན་པ་དེའི་གན་དུ་སོང་སྟེ། འདི་སྐད་ཅེས་འདི་ལྟ་སྟེ། ང་ལྟ་བུ་དགེ་སློང་ཚངས་པར་སྤྱོད་པ་ལ་འདི་ལྟར་ཆོས་འདིས་བསྙེན་བཀུར་བྱས་ན། སྲུ་འདི་ནི་བསྙེན་བཀུར་རྣམས་ཀྱི་མཆོག་ཡིན་ནོ་ཞེས་ཟེར་ཞིང་འདི་སྐད་ཅེས་འཁྲིག་པ་དང་ལྡན་པ་ཞེས་ནི་མི་ཟེར་ན་ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་གིས་དྲལ་ཅིང་གྱུར་པའི་སེམས་ཀྱིས་བུད་མེད་དམ་གཞོན་ནུ་མ་ལེགས་པར་སྨྲས་པ་དང་། ཉེས་པར་སྨྲས་པའི་ཆོས་རྣམས་ཀྱི་དོན་ཀུན་ཤེས་པར་ནུས་པ་གང་ཡིན་པ་དེའི་གན་དུ་སོང་སྟེ། འདི་སྐད་ཅེས་འདི་ལྟ་སྟེ། ང་ལྟ་བུ་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་དགེ་བའི་ཆོས་ཅན་ལ་འདི་ལྟར་ཆོས་འདིས་བསྙེན་བཀུར་བྱས་ན་སྲུ་


DKG005_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནི་བསྙེན་བཀུར་རྣམས་ཀྱི་མཆོག་ཡིན་ནོ་ཞེས་ཟེར་ཞིང་འདི་སྐད་ཅེས་འཁྲིག་པ་དང་ལྡན་པ་ཞེས་ནི་མི་ཟེར་ན་ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་གིས་དྲལ་ཅིང་གྱུར་པའི་སེམས་ཀྱིས་བུད་མེད་དམ་གཞོན་ནུ་མ་ལེགས་པར་སྨྲས་པ་དང་། ཉེས་པར་སྨྲས་པའི་ཆོས་རྣམས་ཀྱི་དོན་ཀུན་ཤེས་པར་ནུས་པ་གང་མིན་པ་དེའི་གན་དུ་སོང་སྟེ། འདི་སྐད་ཅེས་འདི་ལྟ་སྟེ། ང་ལྟ་བུ་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་ཚངས་པར་སྤྱོད་པ་ལ་འདི་ལྟར་ཆོས་འདིས་བསྙེན་བཀུར་བྱས་ན། སྲུ་འདི་ནི་བསྙེན་བཀུར་རྣམས་ཀྱི་མཆོག་ཡིན་ནོ་ཞེས་ཟེར་ཞིང་འདི་སྐད་ཅེས་འཁྲིག་པ་དང་ལྡན་པ་ཞེས་ནི་མི་ཟེར་ན་ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་གིས་དྲལ་ཅིང་གྱུར་པའི་སེམས་ཀྱིས་བུད་མེད་དམ་གཞོན་ནུ་མ་ལེགས་པར་སྨྲས་པ་དང་། ཉེས་པར་སྨྲས་པའི་ཆོས་རྣམས་ཀྱི་དོན་ཀུན་ཤེས་པར་ནུས་པ་གང་ཡིན་པ་དེའི་གན་དུ་སོང་སྟེ། འདི་སྐད་ཅེས་འདི་ལྟ་སྟེ། ང་ལྟ་བུ་དགེ་སློང་དགེ་བའི་ཆོས་ཅན་ཚུལ་ཁྲིམས་དང་ལྡན་པ་ལ་འདི་ལྟར་ཆོས་འདིས་བསྙེན་བཀུར་བྱས་ན། སྲུ་འདི་ནི་བསྙེན་བཀུར་རྣམས་ཀྱི་མཆོག་ཡིན་ནོ་ཞེས་ཟེར་ཞིང་འདི་སྐད་ཅེས་འཁྲིག་པ་དང་ལྡན་པ་ཞེས་ནི་མི་ཟེར་ན་ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་གིས་དྲལ་ཅིང་གྱུར་པའི་སེམས་ཀྱིས་བུད་མེད་དམ་གཞོན་ནུ་མ་ལེགས་པར་སྨྲས་པ་དང་། ཉེས་པར་སྨྲས་པའི་ཆོས་རྣམས་ཀྱི་དོན་ཀུན་ཤེས་པར་ནུས་པ་གང་ཡིན་པ་དེའི་གན་དུ་སོང་སྟེ། འདི་སྐད་ཅེས་འདི་ལྟ་སྟེ། ང་ལྟ་བུ་དགེ་སློང་དགེ་བའི་ཆོས་ཅན་ཚངས་པར་སྤྱོད་པ་ལ་འདི་ལྟར་ཆོས་འདིས་བསྙེན་བཀུར་བྱས་ན། སྲུ་འདི་ནི་བསྙེན་བཀུར་རྣམས་ཀྱི་མཆོག་ཡིན་ནོ་ཞེས་ཟེར་ཞིང་འདི་སྐད་ཅེས་འཁྲིག་པ་དང་ལྡན་པ་ཞེས་ནི་མི་ཟེར་ན་ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་གིས་དྲལ་ཅིང་གྱུར་པའི་སེམས་ཀྱིས་བུད་མེད་དམ་གཞོན་ནུ་མ་ལེགས་པར་སྨྲས་པ་དང་། ཉེས་པར་སྨྲས་པའི་ཆོས་རྣམས་ཀྱི་དོན་ཀུན་ཤེས་པར་ནུས་པ་གང་ཡིན་པ་དེའི་གན་དུ་སོང་སྟེ། འདི་སྐད་ཅེས་འདི་ལྟ་སྟེ། ང་ལྟ་བུ་དགེ་སློང་ཚངས་པར་སྤྱོད་བ་ཚུལ་ཁྲིམས་དང་ལྡན་པ་ལ་འདི་ལྟར་ཆོས་འདིས་བསྙེན་བཀུར་བྱས་ན། སྲུ་འདི་ནི་བསྙེན་བཀུར་རྣམས་ཀྱི་མཆོག་ཡིན་ནོ་ཞེས་ཟེར་ཞིང་འདི་སྐད་ཅེས་འཁྲིག་


DKG005_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་ལྡན་པ་ཞེས་ནི་མི་ཟེར་ན་ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་གིས་དྲལ་ཅིང་གྱུར་པའི་སེམས་ཀྱིས་བུད་མེད་དམ་གཞོན་ནུ་མ་ལེགས་པར་སྨྲས་པ་དང་། ཉེས་པར་སྨྲས་པའི་ཆོས་རྣམས་ཀྱི་དོན་ཀུན་ཤེས་པར་ནུས་པ་གང་ཡིན་པ་དེའི་གན་དུ་སོང་སྟེ། འདི་སྐད་ཅེས་འདི་ལྟ་སྟེ། ང་ལྟ་བུ་དགེ་སློང་ཚངས་པར་སྤྱོད་པ་དགེ་བའི་ཆོས་ཅན་ལ་འདི་ལྟར་ཆོས་འདིས་བསྙེན་བཀུར་བྱས་ན། སྲུ་འདི་ནི་བསྙེན་བཀུར་རྣམས་ཀྱི་མཆོག་ཡིན་ནོ་ཞེས་ཟེར་ཞིང་འདི་སྐད་ཅེས་འཁྲིག་པ་དང་ལྡན་པ་ཞེས་ནི་མི་ཟེར་ན་ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་གིས་དྲལ་ཅིང་གྱུར་པའི་སེམས་ཀྱིས་བུད་མེད་དམ་གཞོན་ནུ་མ་ལེགས་པར་སྨྲས་པ་དང་། ཉེས་པར་སྨྲས་པའི་ཆོས་རྣམས་ཀྱི་དོན་ཀུན་ཤེས་པར་ནུས་པ་གང་ཡིན་པ་དེའི་གན་དུ་སོང་སྟེ། འདི་སྐད་ཅེས་འདི་ལྟ་སྟེ། ང་ལྟ་བུ་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་དགེ་བའི་ཆོས་ཅན་ཚངས་པར་སྤྱོད་པ་ལ་འདི་ལྟར་ཆོས་འདིས་བསྙེན་བཀུར་བྱས་ན། སྲུ་འདི་ནི་བསྙེན་བཀུར་རྣམས་ཀྱི་མཆོག་ཡིན་ནོ་ཞེས་ཟེར་ཞིང་འདི་སྐད་ཅེས་འཁྲིག་པ་དང་ལྡན་པ་ཞེས་ནི་མི་ཟེར་ན་ཉེས་པ་སྦོམ་པོར་འགྱུར་རོ། །མཆོག་ཇི་ལྟ་བ་བཞིན་དུ་ཕུལ་དང་། ཁྱད་པར་དུ་འཕགས་པ་དང་། བཟང་བ་དང་། མཛེས་པ་དང་། དགེ་བ་དང་། མཆོད་པར་འོས་པ་དང་། བསྟོད་པར་འོས་པ་དང་། རྒྱ་ཆེ་བ་དང་། ཆེས་མཆོག་དང་། ཆེས་ཕུལ་དང་། ཆེས་ཁྱད་པར་དུ་འཕགས་པ་དང་། ཆེས་བཟང་བ་དང་། ཆེས་མཛེས་པ་དང་། ཆེས་དགེ་བ་དང་། ཆེས་མཆོད་པར་འོས་པ་དང་། ཆེས་བསྟོད་པར་འོས་པ་དང་། ཆེས་རྒྱ་ཆེ་བ་ཡང་དེ་བཞིན་ནོ། །དགེ་སློང་གིས་དྲལ་ཅིང་གྱུར་པའི་སེམས་ཀྱིས་བུད་མེད་དམ་གཞོན་ནུ་མ་ལེགས་པར་སྨྲས་པ་དང་། ཉེས་པར་སྨྲས་པའི་ཆོས་རྣམས་ཀྱི་དོན་ཀུན་ཤེས་པར་ནུས་པ་གང་ཡིན་པ་དེའི་གན་དུ་སོང་སྟེ། འདི་སྐད་ཅེས་འདི་ལྟ་སྟེ། དགེ་སློང་ཚུལ་ཁྲིམས་དང་ལྡན་པ་ལ་འདི་ལྟར་འཁྲིག་པ་དང་ལྡན་པའི་ཆོས་འདིས་བསྙེན་བཀུར་བྱས་ན། སྲུ་འདི་ནི་བསྙེན་བཀུར་རྣམས་ཀྱི་མཆོག་ཡིན་ནོ་ཞེས་ཟེར་ཞིང་འདི་སྐད་ཅེས་ང་ལྟ་བུ་ཞེས་ནི་མི་ཟེར་ན་ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་གིས་དྲལ་ཅིང་གྱུར་པའི་སེམས་ཀྱིས་བུད་མེད་དམ་གཞོན་ནུ་མ་ལེགས་པར་སྨྲས་པ་དང་། ཉེས་པར་སྨྲས་པའི་ཆོས་རྣམས་ཀྱི་


DKG005_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ཀུན་ཤེས་པར་ནུས་པ་གང་ཡིན་པ་དེའི་གན་དུ་སོང་སྟེ། འདི་སྐད་ཅེས་འདི་ལྟ་སྟེ། དགེ་སློང་དགེ་བའི་ཆོས་ཅན་ལ་འདི་ལྟར་འཁྲིག་པ་དང་ལྡན་པའི་ཆོས་འདིས་བསྙེན་བཀུར་བྱས་ན། སྲུ་འདི་ནི་བསྙེན་བཀུར་རྣམས་ཀྱི་མཆོག་ཡིན་ནོ་ཞེས་ཟེར་ཞིང་འདི་སྐད་ཅེས་ང་ལྟ་བུ་ཞེས་ནི་མི་ཟེར་ན་ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་གིས་དྲལ་ཅིང་གྱུར་པའི་སེམས་ཀྱིས་བུད་མེད་དམ་གཞོན་ནུ་མ་ལེགས་པར་སྨྲས་པ་དང་། ཉེས་པར་སྨྲས་པའི་ཆོས་རྣམས་ཀྱི་དོན་ཀུན་ཤེས་པར་ནུས་པ་གང་ཡིན་པ་དེའི་གན་དུ་སོང་སྟེ། འདི་སྐད་ཅེས་འདི་ལྟ་སྟེ། དགེ་སློང་ཚངས་པར་སྤྱོད་པ་ལ་འདི་ལྟར་འཁྲིག་པ་དང་ལྡན་པའི་ཆོས་འདིས་བསྙེན་བཀུར་བྱས་ན། སྲུ་འདི་ནི་བསྙེན་བཀུར་རྣམས་ཀྱི་མཆོག་ཡིན་ནོ་ཞེས་ཟེར་ཞིང་འདི་སྐད་ཅེས་ང་ལྟ་བུ་ཞེས་ནི་མི་ཟེར་ན་ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་གིས་དྲལ་ཅིང་གྱུར་པའི་སེམས་ཀྱིས་བུད་མེད་དམ་གཞོན་ནུ་མ་ལེགས་པར་སྨྲས་པ་དང་། ཉེས་པར་སྨྲས་པའི་ཆོས་རྣམས་ཀྱི་དོན་ཀུན་ཤེས་པར་ནུས་པ་གང་ཡིན་པ་དེའི་གན་དུ་སོང་སྟེ། འདི་སྐད་ཅེས་འདི་ལྟ་སྟེ། དགེ་སློང་ཚུལ་ཁྲིམས་དང་ལྡན་པ་དགེ་བའི་ཆོས་ཅན་ལ་འདི་ལྟར་འཁྲིག་པ་དང་ལྡན་པའི་ཆོས་འདིས་བསྙེན་བཀུར་བྱས་ན། སྲུ་འདི་ནི་བསྙེན་བཀུར་རྣམས་ཀྱི་མཆོག་ཡིན་ནོ་ཞེས་ཟེར་ཞིང་འདི་སྐད་ཅེས་ང་ལྟ་བུ་ཞེས་ནི་མི་ཟེར་ན་ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་གིས་དྲལ་ཅིང་གྱུར་པའི་སེམས་ཀྱིས་བུད་མེད་དམ་གཞོན་ནུ་མ་ལེགས་པར་སྨྲས་པ་དང་། ཉེས་པར་སྨྲས་པའི་ཆོས་རྣམས་ཀྱི་དོན་ཀུན་ཤེས་པར་ནུས་པ་གང་ཡིན་པ་དེའི་གན་དུ་སོང་སྟེ། འདི་སྐད་ཅེས་འདི་ལྟ་སྟེ། དགེ་སློང་ཚུལ་ཁྲིམས་དང་ལྡན་པ་ཚངས་པར་སྤྱོད་པ་ལ་འདི་ལྟར་འཁྲིག་པ་དང་ལྡན་པའི་ཆོས་འདིས་བསྙེན་བཀུར་བྱས་ན། སྲུ་འདི་ནི་བསྙེན་བཀུར་རྣམས་ཀྱི་མཆོག་ཡིན་ནོ་ཞེས་ཟེར་ཞིང་འདི་སྐད་ཅེས་ང་ལྟ་བུ་ཞེས་ནི་མི་ཟེར་ན་ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་གིས་དྲལ་ཅིང་གྱུར་པའི་སེམས་ཀྱིས་བུད་མེད་དམ་གཞོན་ནུ་མ་ལེགས་པར་སྨྲས་པ་དང་། ཉེས་པར་སྨྲས་པའི་ཆོས་རྣམས་ཀྱི་དོན་ཀུན་ཤེས་པར་ནུས་པ་གང་ཡིན་པ་དེའི་གན་དུ་སོང་སྟེ། འདི་སྐད་ཅེས་འདི་ལྟ་སྟེ། དགེ་སློང་དགེ་བའི་ཆོས་ཅན་ཚུལ་ཁྲིམས་དང་ལྡན་པ་ལ་འདི་ལྟར་


DKG005_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲིག་པ་དང་ལྡན་པའི་ཆོས་འདིས་བསྙེན་བཀུར་བྱས་ན། སྲུ་འདི་ནི་བསྙེན་བཀུར་རྣམས་ཀྱི་མཆོག་ཡིན་ནོ་ཞེས་ཟེར་ཞིང་འདི་སྐད་ཅེས་ང་ལྟ་བུ་ཞེས་ནི་མི་ཟེར་ན་ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་གིས་དྲལ་ཅིང་གྱུར་པའི་སེམས་ཀྱིས་བུད་མེད་དམ་གཞོན་ནུ་མ་ལེགས་པར་སྨྲས་པ་དང་། ཉེས་པར་སྨྲས་པའི་ཆོས་རྣམས་ཀྱི་དོན་ཀུན་ཤེས་པར་ནུས་པ་གང་ཡིན་པ་དེའི་གན་དུ་སོང་སྟེ། འདི་སྐད་ཅེས་འདི་ལྟ་སྟེ། དགེ་སློང་དགེ་བའི་ཆོས་ཅན་ཚངས་པར་སྤྱོད་པ་ལ་འདི་ལྟར་འཁྲིག་པ་དང་ལྡན་པའི་ཆོས་འདིས་བསྙེན་བཀུར་བྱས་ན། སྲུ་འདི་ནི་བསྙེན་བཀུར་རྣམས་ཀྱི་མཆོག་ཡིན་ནོ་ཞེས་ཟེར་ཞིང་འདི་སྐད་ཅེས་ང་ལྟ་བུ་ཞེས་ནི་མི་ཟེར་ན་ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་གིས་དྲལ་ཅིང་གྱུར་པའི་སེམས་ཀྱིས་བུད་མེད་དམ་གཞོན་ནུ་མ་ལེགས་པར་སྨྲས་པ་དང་། ཉེས་པར་སྨྲས་པའི་ཆོས་རྣམས་ཀྱི་དོན་ཀུན་ཤེས་པར་ནུས་པ་གང་ཡིན་པ་དེའི་གན་དུ་སོང་སྟེ། འདི་སྐད་ཅེས་འདི་ལྟ་སྟེ། དགེ་སློང་ཚངས་པར་སྤྱོད་པ་ཚུལ་ཁྲིམས་དང་ལྡན་པ་ལ་འདི་ལྟར་འཁྲིག་པ་དང་ལྡན་པའི་ཆོས་འདིས་བསྙེན་བཀུར་བྱས་ན། སྲུ་འདི་ནི་བསྙེན་བཀུར་རྣམས་ཀྱི་མཆོག་ཡིན་ནོ་ཞེས་ཟེར་ཞིང་འདི་སྐད་ཅེས་ང་ལྟ་བུ་ཞེས་ནི་མི་ཟེར་ན་ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་གིས་དྲལ་ཅིང་གྱུར་པའི་སེམས་ཀྱིས་བུད་མེད་དམ་གཞོན་ནུ་མ་ལེགས་པར་སྨྲས་པ་དང་། ཉེས་པར་སྨྲས་པའི་ཆོས་རྣམས་ཀྱི་དོན་ཀུན་ཤེས་པར་ནུས་པ་གང་ཡིན་པ་དེའི་གན་དུ་སོང་སྟེ། འདི་སྐད་ཅེས་འདི་ལྟ་སྟེ། དགེ་སློང་ཚངས་པར་སྤྱོད་པ་དགེ་བའི་ཆོས་ཅན་ལ་འདི་ལྟར་འཁྲིག་པ་དང་ལྡན་པའི་ཆོས་འདིས་བསྙེན་བཀུར་བྱས་ན། སྲུ་འདི་ནི་བསྙེན་བཀུར་རྣམས་ཀྱི་མཆོག་ཡིན་ནོ་ཞེས་ཟེར་ཞིང་འདི་སྐད་ཅེས་ང་ལྟ་བུ་ཞེས་ནི་མི་ཟེར་ན་ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་གིས་དྲལ་ཅིང་གྱུར་པའི་སེམས་ཀྱིས་བུད་མེད་དམ་གཞོན་ནུ་མ་ལེགས་པར་སྨྲས་པ་དང་། ཉེས་པར་སྨྲས་པའི་ཆོས་རྣམས་ཀྱི་དོན་ཀུན་ཤེས་པར་ནུས་པ་གང་ཡིན་པ་དེའི་གན་དུ་སོང་སྟེ། འདི་སྐད་ཅེས་འདི་ལྟ་སྟེ། དགེ་སློང་ཚུལ་ཁྲིམས་དང་ལྡན་པ་དགེ་བའི་ཆོས་ཅན་ཚངས་པར་སྤྱོད་པ་ལ་འདི་ལྟར་འཁྲིག་པ་དང་ལྡན་པའི་ཆོས་འདིས་བསྙེན་བཀུར་བྱས་ན། སྲུ་འདི་ནི་བསྙེན་བཀུར་རྣམས་ཀྱི་མཆོག་ཡིན་ནོ་ཞེས་ཟེར་


DKG005_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་འདི་སྐད་ཅེས་ང་ལྟ་བུ་ཞེས་ནི་མི་ཟེར་ན་ཉེས་པ་སྦོམ་པོར་འགྱུར་རོ། །མཆོག་ཇི་ལྟ་བུ་བཞིན་དུ་ཕུལ་དང་། ཁྱད་པར་དུ་འཕགས་པ་དང་། བཟང་པོ་དང་། མཛེས་པ་དང་། དགེ་བ་དང་། མཆོད་པར་འོས་པ་དང་། བསྟོད་པར་འོས་པ་དང་། རྒྱ་ཆེ་བ་དང་། ཆེས་མཆོག་དང་། ཆེས་ཕུལ་དང་། ཆེས་ཁྱད་པར་དུ་འཕགས་པ་དང་། ཆེས་བཟང་བ་དང་། ཆེས་མཛེས་པ་དང་། ཆེས་དགེ་བ་དང་། ཆེས་མཆོད་པར་འོས་པ་དང་། ཆེས་བསྟོད་པར་འོས་པ་དང་། ཆེས་རྒྱ་ཆེ་བར་འོས་པ་ཡང་དེ་བཞིན་ནོ།། །།འདུལ་བ་རྣམ་པར་འབྱེད་པ། བམ་པོ་བཅུ་བདུན་པ། དགེ་སློང་གིས་དྲལ་ཅིང་གྱུར་པའི་སེམས་ཀྱིས་བུད་མེད་དམ་གཞོན་ནུ་མ་ལེགས་པར་སྨྲས་པ་དང་། ཉེས་པར་སྨྲས་པའི་ཆོས་རྣམས་ཀྱི་དོན་ཀུན་ཤེས་པར་ནུས་པ་གང་ཡིན་པ་དེའི་གན་དུ་སོང་སྟེ། འདི་སྐད་ཅེས་འདི་ལྟ་སྟེ། དགེ་སློང་ཚུལ་ཁྲིམས་དང་ལྡན་པ་ལ་འདི་ལྟར་ཆོས་འདིས་བསྙེན་བཀུར་བྱས་ན། སྲུ་འདི་ནི་བསྙེན་བཀུར་རྣམས་ཀྱི་མཆོག་ཡིན་ནོ་ཞེས་ཟེར་ཞིང་འདི་སྐད་ཅེས་འཁྲིག་པ་དང་ལྡན་པ་ཞེས་ཀྱང་མི་ཟེར་ལ་ང་ལྟ་བུ་ཞེས་ཀྱང་མི་ཟེར་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་དྲལ་ཅིང་གྱུར་པའི་སེམས་ཀྱིས་བུད་མེད་དམ་གཞོན་ནུ་མ་ལེགས་པར་སྨྲས་པ་དང་། ཉེས་པར་སྨྲས་པའི་ཆོས་རྣམས་ཀྱི་དོན་ཀུན་ཤེས་པར་ནུས་པ་གང་ཡིན་པ་དེའི་གན་དུ་སོང་སྟེ། འདི་སྐད་ཅེས་འདི་ལྟ་སྟེ། དགེ་སློང་དགེ་བའི་ཆོས་ཅན་ལ་འདི་ལྟར་ཆོས་འདིས་བསྙེན་བཀུར་བྱས་ན། སྲུ་འདི་ནི་བསྙེན་བཀུར་རྣམས་ཀྱི་མཆོག་ཡིན་ནོ་ཞེས་ཟེར་ཞིང་འདི་སྐད་ཅེས་འཁྲིག་པ་དང་ལྡན་པ་ཞེས་ཀྱང་མི་ཟེར་ལ། ང་ལྟ་བུ་ཞེས་ཀྱང་མི་ཟེར་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་དྲལ་ཅིང་གྱུར་པའི་སེམས་ཀྱིས་བུད་མེད་དམ་གཞོན་ནུ་མ་ལེགས་པར་སྨྲས་པ་དང་། ཉེས་པར་སྨྲས་པའི་ཆོས་རྣམས་ཀྱི་དོན་ཀུན་ཤེས་པར་ནུས་པ་གང་ཡིན་པ་དེའི་གན་དུ་སོང་སྟེ། འདི་སྐད་ཅེས་འདི་ལྟ་སྟེ། དགེ་སློང་ཚངས་པར་སྤྱོད་པ་ལ་འདི་ལྟར་ཆོས་འདིས་བསྙེན་བཀུར་བྱས་ན། སྲུ་འདི་ནི་བསྙེན་བཀུར་རྣམས་ཀྱི་མཆོག་ཡིན་ནོ་ཞེས་ཟེར་ཞིང་འདི་སྐད་ཅེས་འཁྲིག་པ་དང་ལྡན་པ་ཞེས་ཀྱང་མི་ཟེར་ལ། ང་ལྟ་བུ་ཞེས་ཀྱང་མི་ཟེར་


DKG005_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་དྲལ་ཅིང་གྱུར་པའི་སེམས་ཀྱིས་བུད་མེད་དམ་གཞོན་ནུ་མ་ལེགས་པར་སྨྲས་པ་དང་། ཉེས་པར་སྨྲས་པའི་ཆོས་རྣམས་ཀྱི་དོན་ཀུན་ཤེས་པར་ནུས་པ་གང་ཡིན་པ་དེའི་གན་དུ་སོང་སྟེ། འདི་སྐད་ཅེས་འདི་ལྟ་སྟེ། དགེ་སློང་ཚུལ་ཁྲིམས་དང་ལྡན་པ་དགེ་བའི་ཆོས་ཅན་ལ་འདི་ལྟར་ཆོས་འདི་བསྙེན་བཀུར་བྱས་ན། སྲུ་འདི་ནི་བསྙེན་བཀུར་རྣམས་ཀྱི་མཆོག་ཡིན་ནོ་ཞེས་ཟེར་ཞིང་འདི་སྐད་ཅེས་འཁྲིག་པ་དང་ལྡན་པ་ཞེས་ཀྱང་མི་ཟེར་ལ། ང་ལྟ་བུ་ཞེས་ཀྱང་མི་ཟེར་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་དྲལ་ཅིང་གྱུར་པའི་སེམས་ཀྱིས་བུད་མེད་དམ་གཞོན་ནུ་མ་ལེགས་པར་སྨྲས་པ་དང་། ཉེས་པར་སྨྲས་པའི་ཆོས་རྣམས་ཀྱི་དོན་ཀུན་ཤེས་པར་ནུས་པ་གང་ཡིན་པ་དེའི་གན་དུ་སོང་སྟེ། འདི་སྐད་ཅེས་འདི་ལྟ་སྟེ། དགེ་སློང་ཚུལ་ཁྲིམས་དང་ལྡན་པ་ཚངས་པར་སྤྱོད་པ་ལ་འདི་ལྟར་ཆོས་འདིས་བསྙེན་བཀུར་བྱས་ན། སྲུ་འདི་ནི་བསྙེན་བཀུར་རྣམས་ཀྱི་མཆོག་ཡིན་ནོ་ཞེས་ཟེར་ཞིང་འདི་སྐད་ཅེས་འཁྲིག་པ་དང་ལྡན་པ་ཞེས་ཀྱང་མི་ཟེར་ལ། ང་ལྟ་བུ་ཞེས་ཀྱང་མི་ཟེར་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་དྲལ་ཅིང་གྱུར་པའི་སེམས་ཀྱིས་བུད་མེད་དམ་གཞོན་ནུ་མ་ལེགས་པར་སྨྲས་པ་དང་། ཉེས་པར་སྨྲས་པའི་ཆོས་རྣམས་ཀྱི་དོན་ཀུན་ཤེས་པར་ནུས་པ་གང་ཡིན་པ་དེའི་གན་དུ་སོང་སྟེ། འདི་སྐད་ཅེས་འདི་ལྟ་སྟེ། དགེ་སློང་དགེ་བའི་ཆོས་ཅན་ཚུལ་ཁྲིམས་དང་ལྡན་པ་ལ་འདི་ལྟར་ཆོས་འདིས་བསྙེན་བཀུར་བྱས་ན། སྲུ་འདི་ནི་བསྙེན་བཀུར་རྣམས་ཀྱི་མཆོག་ཡིན་ནོ་ཞེས་ཟེར་ཞིང་འདི་སྐད་ཅེས་འཁྲིག་པ་དང་ལྡན་པ་ཞེས་ཀྱང་མི་ཟེར་ལ། ང་ལྟ་བུ་ཞེས་ཀྱང་མི་ཟེར་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་དྲལ་ཅིང་གྱུར་པའི་སེམས་ཀྱིས་བུད་མེད་དམ་གཞོན་ནུ་མ་ལེགས་པར་སྨྲས་པ་དང་། ཉེས་པར་སྨྲས་པའི་ཆོས་རྣམས་ཀྱི་དོན་ཀུན་ཤེས་པར་ནུས་པ་གང་ཡིན་པ་དེའི་གན་དུ་སོང་སྟེ། འདི་སྐད་ཅེས་འདི་ལྟ་སྟེ། དགེ་སློང་དགེ་བའི་ཆོས་ཅན་ཚངས་པར་སྤྱོད་པ་ལ་འདི་ལྟར་ཆོས་འདིས་བསྙེན་བཀུར་བྱས་ན། སྲུ་འདི་ནི་བསྙེན་བཀུར་རྣམས་ཀྱི་མཆོག་ཡིན་ནོ་ཞེས་ཟེར་ཞིང་འདི་སྐད་ཅེས་འཁྲིག་པ་དང་ལྡན་པ་ཞེས་ཀྱང་མི་ཟེར་ལ། ང་ལྟ་བུ་ཞེས་ཀྱང་མི་ཟེར་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་དྲལ་ཅིང་གྱུར་པའི་སེམས་ཀྱིས་བུད་


DKG005_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དམ་གཞོན་ནུ་མ་ལེགས་པར་སྨྲས་པ་དང་། ཉེས་པར་སྨྲས་པའི་ཆོས་རྣམས་ཀྱི་དོན་ཀུན་ཤེས་པར་ནུས་པ་གང་ཡིན་པ་དེའི་གན་དུ་སོང་སྟེ། འདི་སྐད་ཅེས་འདི་ལྟ་སྟེ། དགེ་སློང་ཚངས་པར་སྤྱོད་པ་ཚུལ་ཁྲིམས་དང་ལྡན་པ་ལ་འདི་ལྟར་ཆོས་འདིས་བསྙེན་བཀུར་བྱས་ན། སྲུ་འདི་ནི་བསྙེན་བཀུར་རྣམས་ཀྱི་མཆོག་ཡིན་ནོ་ཞེས་ཟེར་ཞིང་འདི་སྐད་ཅེས་འཁྲིག་པ་དང་ལྡན་པ་ཞེས་ཀྱང་མི་ཟེར་ལ། ང་ལྟ་བུ་ཞེས་ཀྱང་མི་ཟེར་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་དྲལ་ཅིང་གྱུར་པའི་སེམས་ཀྱིས་བུད་མེད་དམ། གཞོན་ནུ་མ་ལེགས་པར་སྨྲས་པ་དང་། ཉེས་པར་སྨྲས་པའི་ཆོས་རྣམས་ཀྱི་དོན་ཀུན་ཤེས་པར་ནུས་པ་གང་ཡིན་པ་དེའི་གན་དུ་སོང་སྟེ། འདི་སྐད་ཅེས་འདི་ལྟ་སྟེ། དགེ་སློང་ཚངས་པར་སྤྱོད་པ་དགེ་བའི་ཆོས་ཅན་ལ་འདི་ལྟར་ཆོས་འདིས་བསྙེན་བཀུར་བྱས་ན། སྲུ་འདི་ནི་བསྙེན་བཀུར་རྣམས་ཀྱི་མཆོག་ཡིན་ནོ་ཞེས་ཟེར་ཞིང་འདི་སྐད་ཅེས་འཁྲིག་པ་དང་ལྡན་པ་ཞེས་ཀྱང་མི་ཟེར་ལ། ང་ལྟ་བུ་ཞེས་ཀྱང་མི་ཟེར་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་དྲལ་ཅིང་གྱུར་པའི་སེམས་ཀྱིས་བུད་མེད་དམ་གཞོན་ནུ་མ་ལེགས་པར་སྨྲས་པ་དང་། ཉེས་པར་སྨྲས་པའི་ཆོས་རྣམས་ཀྱི་དོན་ཀུན་ཤེས་པར་ནུས་པ་གང་ཡིན་པ་དེའི་གན་དུ་སོང་སྟེ། འདི་སྐད་ཅེས་འདི་ལྟ་སྟེ། དགེ་སློང་ཚུལ་ཁྲིམས་དང་ལྡན་པ་དགེ་བའི་ཆོས་ཅན་ཚངས་པར་སྤྱོད་པ་ལ་འདི་ལྟར་ཆོས་འདིས་བསྙེན་བཀུར་བྱས་ན། སྲུ་འདི་ནི་བསྙེན་བཀུར་རྣམས་ཀྱི་མཆོག་ཡིན་ནོ་ཞེས་ཟེར་ཞིང་འདི་སྐད་ཅེས་འཁྲིག་པ་དང་ལྡན་པ་ཞེས་ཀྱང་མི་ཟེར་ལ། ང་ལྟ་བུ་ཞེས་ཀྱང་མི་ཟེར་ན་ཉེས་བྱས་སུ་འགྱུར་རོ། །མཆོག་ཇི་ལྟ་བ་བཞིན་དུ་ཕུལ་དང་། ཁྱད་པར་དུ་འཕགས་པ་དང་། བཟང་བ་དང་། མཛེས་པ་དང་། དགེ་བ་དང་། མཆོད་པར་འོས་པ་དང་། བསྟོད་པར་འོས་པ་དང་། རྒྱ་ཆེ་བ་དང་། ཆེས་མཆོག་དང་། ཆེས་ཕུལ་དང་། ཆེས་ཁྱད་པར་དུ་འཕགས་པ་དང་། ཆེས་བཟང་བ་དང་། ཆེས་མཛེས་པ་དང་། ཆེས་དགེ་བ་དང་། ཆོས་མཆོད་པར་འོས་པ་དང་། ཆེས་བསྟོད་པར་འོས་པ་དང་། ཆེས་རྒྱ་ཆེ་བ་ཡང་དེ་བཞིན་ནོ། །ནུས་པ་ལ་དགེ་འདུན་ལྷག་མ་གང་ཡིན་པ་དེ་མི་ནུས་པ་ལ་ཉེས་པ་སྦོམ་པོའོ། །སྐྱེས་པ་དང་ཟ་མ་དང་མ་ནིང་དང་མཚན་གཉིས་པ་ལ་ཡང་ཉེས་པ་སྦོམ་པོའོ། །ནུས་པ་ལ་ཉེས་པ་སྦོམ་པོ་གང་ཡིན་པ་དེ་མི་ནུས་པ་ལ་ཉེས་བྱས་སོ། །སྐྱེས་པ་དང་ཟ་མ་དང་མ་ནིང་དང་མཚན་གཉིས་


DKG005_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་ཡང་ཉེས་བྱས་སོ། །དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་ལ་ཡང་ཉེས་བྱས་སོ། །ནུས་པ་ལ་ཉེས་བྱས་གང་ཡིན་པ་དེ་མི་ནུས་པ་ལ་ཡང་ཉེས་བྱས་ཉིད་དོ། །སྐྱེས་པ་དང་ཟ་མ་དང་མ་ནིང་དང་མཚན་གཉིས་པ་ལ་ཡང་ཉེས་བྱས་ཉིད་དོ། །དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་ལ་ཡང་ཉེས་བྱས་ཉིད་དོ། །ལས་དང་པོ་པ་དང་། སྨྱོས་པ་དང་སེམས་འཁྲུགས་པ་དང་། ཚོར་བ་དག་གི་ཉེན་པ་ལ་ལྟུང་བ་མེད་དོ། །བསྙེན་བཀུར་བསྔགས་པའི་དགེ་འདུན་ལྷག་མ་སྟེ་བཞི་པ་རྫོགས་སོ།། །།


previousབཞི་པ། བསྙེན་བཀུར་བསྔགས་པའི་དགེ་འདུན་ལྷག་མ་བཤད་པ། next