Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་དྲུག་པ།


   
   
   
   
   
མ་ངེས་པའི་ཆོས་བཤད་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམ་ངེས་པའི་ཆོས་བཤད་པ། next

མ་ངེས་པའི་ཆོས་བཤད་པ།


DKG006_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེ་ནས་ཚེ་དང་ལྡན་པ་འཆར་ཀ་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་ནས་མཐར་གྱིས་མཉན་ཡོད་དུ་བསོད་སྙོམས་ལ་རྒྱུ་བ་ན། ཁྱིམ་བདག་གི་ཆུང་མ་སྦེད་མའི་ཁྱིམ་ག་ལ་བ་དེར་སོང་ངོ་། །ཁྱིམ་བདག་གི་ཆུང་མ་སྦེད་མས་ཚེ་དང་ལྡན་པ་འཆར་ཀ་ཐག་རིང་པོ་ཁོ་ན་ནས་མཐོང་སྟེ། མཐོང་ནས་ཀྱང་ཚེ་དང་ལྡན་པ་འཆར་ཀའི་ཕྱིར་སྟན་


DKG006_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

ཤོམ་པར་བྱེད་ཅིང་འདི་སྐད་ཅེས་ཀྱང་སྨྲས་སོ། །བཙུན་པ་འཆར་ཀ་ཚུར་སྤྱོན། བཙུན་པ་འཆར་ཀ་བྱིན་པ་ལེགས་སོ། །བཙུན་པ་འཆར་ཀ་གདན་བཤམས་བ་ཉིད་ལ་བཞུགས་ཤིག །ཚེ་དང་ལྡན་པ་འཆར་ཀ་སྟན་བཤམས་པ་དེ་ལ་འདུག་གོ །དེ་ནས་ཁྱིམ་བདག་གི་ཆུང་མ་སྦེད་མས། ཚེ་དང་ལྡན་པ་འཆར་ཀའི་རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་པུས་མོ་གཉིས་ལ་པུས་མོ་གཉིས་གཏད་དེ་ཆོས་ཉན་པའི་ཕྱིར་འདུག་གོ །ཚེ་དང་ལྡན་པ་འཆར་ཀས་དེ་ལ་ཆོས་སྙན་པ་དག་བསྟན་པར་བརྩམས་སོ། །དེའི་ཚེ་ན་རི་དགའ་འཛིན་གྱི་མ་ས་ག་ཁྱིམ་དེའི་ཉེན་ཀོར་ན་འགྲོ་བས་རི་དགས་འཛིན་གྱི་མ་ས་གས་ཁྱིམ་བདག་གི་ཆུང་མ་སྦེད་མའི་ཁྱིམ་ན། ཚེ་དང་ལྡན་པ་འཆར་ཀའི་སྐད་ཀྱི་གདངས་གྲགས་པ་ཐོས་སོ། །ཐོས་ནས་ཀྱང་དེ་འདི་སྙམ་དུ་སེམས་ཏེ། ཀྱེ་མ་འཕགས་པ་འཆར་ཀ་སྐད་ཀྱི་གདངས་ཀྱིས་ཁྱིམ་བདག་གི་ཆུང་མ་སྦེད་མ་ལ་སྦྲང་བུ་སྦྲང་རྩི་འབྱིན་པ་དང་འདྲ་བར་ཆོས་སྙན་པ་སྙན་པ་དག་སྟོན་པར་བྱེད་ཀྱིས་བདག་ཀྱང་གཞན་ལ་བརྩམས་པའི་ཆོས་མཉན་པའི་ཕྱིར་འགྲོའོ་སྙམ་མོ། །དེ་ནས་རི་དགས་འཛིན་གྱི་མ་ས་ག་ཁྱིམ་བདག་གི་ཆུང་མ་སྦེད་མའི་ཁྱིམ་ག་ལ་བ་དེར་སོང་བ་དང་། རི་དགས་འཛིན་གྱི་མ་ས་གས་ཁྱིམ་བདག་གི་ཆུང་མ་སྦེད་མ་ཚེ་དང་ལྡན་པ་འཆར་ཀའི་པུས་མོ་གཉིས་ལ་པུས་མོ་གཉིས་གཏད་དེ་ཆོས་མཉན་པའི་ཕྱིར་འདུག་པ་མཐོང་ངོ་། །མཐོང་ནས་ཀྱང་དེ་འདི་སྙམ་དུ་སེམས་ཏེ། གལ་ཏེ་ཁྱིམ་བདག་གམ། ཁྱིམ་བདག་གི་ཆུང་མ་འམ། ཁྱིམ་བདག་གི་བུ་མ་དད་པ་འགའ་ཞིག་གིས་འདི་མཐང་བར་གྱུར་ན། འཕགས་པ་འཆར་ཀ་འདིས་ཁྱིམ་བདག་གི་ཆུང་མ་སྦེད་མ་དང་ལྷན་ཅིག་དབེན་པ་སྐྱབས་ཡོད་པར་དགེ་སྦྱོང་གི་ཚུལ་མ་ཡིན་པ་སྡིག་པའི་ལས་ཅུང་ཞིག་བྱས་སམ་བྱེད་པར་སེམས་སོ་སྙམ་དུ་གདོན་མི་ཟ་བར་མཐར་ཐུག་པར་འགྲོ་བར་འགྱུར་བས་དེའི་ཕྱིར་འདི་ནི་བདག་གི་བྱ་བ་ཡིན་ནོ་སྙམ་ནས། དེ་ནས་རི་དགས་འཛིན་གྱི་མ་ས་ག་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། མཐའ་གཅིག་


DKG006_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་འདུག་གོ །མཐའ་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་རི་དགས་འཛིན་གྱི་མ་ས་གས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་གིས་ཁྱིམ་བདག་གི་མཆིས་བྲང་སྦེད་མའི་སྡུམ་པ་ན། ཚེ་དང་ལྡན་པ་འཆར་ཀའི་སྐད་ཀྱི་གདངས་གྲགས་པ་ཐོས་ཏེ། ཐོས་ནས་བདག་འདི་སྙམ་བགྱིད་དེ། ཀྱེ་མ་འཕགས་པ་འཆར་ཀ་ཁྱིམ་བདག་གི་མཆིས་བྲང་སྦེད་མ་ལ་སྦྲང་བུ་སྦྲང་རྩི་འབྱིན་པ་དང་འདྲ་བར་ཆོས་སྙན་པ་སྙན་པ་དག་སྟོན་པར་བགྱིད་ཀྱིས། བདག་ཀྱང་གཞན་ལ་བརྩམས་པའི་ཆོས་མཉན་པའི་སླད་དུ་མཆིའོ་སྙམ་ནས། བདག་ཁྱིམ་བདག་གི་མཆིས་བྲང་སྦེད་མའི་སྡུམ་པ་ག་ལ་བ་དེར་མཆིས་པ་དང་། བདག་གིས་ཁྱིམ་བདག་གི་མཆིས་བྲང་སྦེད་མ་ཆེ་དང་ལྡན་པ་འཆར་ཀའི་བུས་མོ་གཉིས་ལ་བུས་མོ་གཉིས་གཏད་དེ་མཆིས་པ་མཐོང་ངོ་། །མཐོང་ནས་ཀྱང་བདག་འདི་སྙམ་བགྱིད་དེ། །གལ་ཏེ་ད་ཁྱིམ་བདག་གམ། ཁྱིམ་བདག་གི་མཆིས་བྲང་ངམ། ཁྱིམ་བདག་གི་བུ་མ་དད་པ་འགའ་ཞིག་གིས་འདི་མཐོང་བར་གྱུར་ན། འཕགས་པ་འཆར་ཀ་འདིས་ཁྱིམ་བདག་གི་མཆིས་བྲང་སྦེད་མ་དང་ལྷན་ཅིག་དབེན་པ་སྐྱབས་མཆིས་པར་དགེ་སྦྱོང་གི་ཚུལ་མ་ལགས་པ་སྡིག་པའི་ལས་ཅུང་ཞིག་བགྱིས་སམ་བགྱིད་པར་སེམས་སོ་སྙམ་དུ་གདོན་མི་འཚལ་བར་མཐར་ཐུག་པར་མཆི་བར་འགྱུར་བས་དེའི་སླད་དུ་འདི་ནི་བདག་གི་བགྱི་བ་ལགས་སོ་སྙམ་བགྱིད་ན། བཙུན་བ་དེའི་སླང་དུ་བཅོམ་ལྡན་འདས་ཀྱིས་ཐུགས་བརྩེ་བའི་སླད་དུ། གང་གིས་འཕགས་པ་དག་བུད་མེད་ཀྱི་ཡུལ་དང་ལྷན་ཅིག་གཅིག་པུ་གཅིག་དང་དབེན་པ་སྐྱབས་མཆིས་པ་ན་སྟན་ལ་མཆིས་པར་མི་འགྱུར་བར་འཕགས་པ་རྣམས་ལ་དྲན་པ་བགྱི་བ་ཅུང་ཞིག་བཅའ་བ་མཛད་ན་ལགས་སོ་ལེགས་སོ། །བཅོམལྡན་འདས་ཀྱིས་རི་དགས་འཛིན་གྱི་མ་ས་ག་ཅང་མི་གསུང་བས་གནང་ངོ་། །དེ་ནས་རི་དགས་འཛིན་གྱི་མ་ས་གས་བཅོམ་ལྡན་འདས་ཀིས་ཅང་མི་གསུང་བས་གནང་བར་རིག་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་སྣན་ལས་ལངས་ནས་སོང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་དང་། སྐབས་འདི་ལ་དགེ་སློང་གི་དགེ་


DKG006_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

འདུན་བསྡུ་བ་མཛད་དོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་འཆར་ཀལ་རྨས་པ། འཆར་ཀ་ཁྱོད་ཀྱིས་མི་མཛེས་པ་དེ་ཏ་བུ་དེ་བྱས་པར་གྱུར་པ་བདེན་ནམ བཙུན་པ་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་ཡིན་པ། །རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་ཁྱ་བ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པས་རྣམ་པར་སྨད་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་སུ་མས་རྣམ་པར་སྨད་ནས། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་བ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་བུད་མེད་ཀྱི་ཡུལ་དང་ལྷན་ཅིག་གཅིག་པུ་གཅིག་དང་དབེན་པ་སྐྱབས་ཡོད་པ་ན་འདོད་པ་བྱར་རུང་བར་སྟན་ལ་འདུག་བར་བྱེད་ཅིང་། དེ་ལ་གལ་ཏེ་དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པ་ཆོས་གསུམ་པོ་ཕམ་པར་འགྱུར་བའམ། དགེ་འདུན་ལྷག་མའམ། ལྟུང་བྱེད་ལས་ཆོས་གང་ཡང་རུང་བས་སྨྲས་པར་གྱུར་ལ་དགེ་སློང་གིས་འདུག་བར་ཁས་བླངས་ན་ཆོས་གསུམ་པོ་ཕམ་པར་འགྱུར་བའམ། དགེ་འདུན་ལྷག་མའམ། ལྟུང་བྱེད་ལས་ཆོས་གང་ཡང་རུང་བས་བྱེད་དུ་གཞུག་ཅིང་། དགེ་སློང་དེ་ལ་དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པས་ཆོས་གང་དང་གང་གིས་སྨྲས་པར་གྱུར་བའི་ཆོས་དེ་དང་དེས་སློང་དེ་བྱེད་དུ་གཞག་སྟེ་དེ་ནི་མ་ངེས་པའི་ཆོས་སོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་འཆར་ཀའམ་གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །བུད་མེད་ཀྱི་ཡུལ་དང་ཞེས་བྱ་བ་ནི་བུད་མེད་དམ་གཞོན་ནུ་མ་མི་ཚངས་པར་སྤྱད་པ་ལས་བྱུང་བའི་ཆོས་སྟེན་ནུས་པ་དང་ངོ་། །ལྷན་ཅིག་ཅེས་བྱ་བ་ནི་དེ་དང་ལྷན་ཅིག་གོ །གཅིག་པུ་གཅིག་དང་ཞེས་བྱ་བ་ནི་དེ་དེ་དང་ངོ་། །


DKG006_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

དབེན་པ་ཞེས་བྱ་བ་ནི་གང་ན་བུད་མེད་དང་སྐྱེས་པ་དང་མ་ནིང་གཞན་འགའ་ཡང་མེད་པའོ། །སྐྱབས་ཡོད་པ་ན་ཞེས་བྱ་བ་ནི་ལྔས་བསྐྱབས་པ་སྟེ། རྩིག་བས་བསྐྱབས་པ་དང་། རིབ་མས་བསྐྱབས་པ་དང་། ཡོལ་བས་བསྐྱབས་པ་དང་། ཐིབས་པོས་བསྐྱབས་བ་དང་། མཚན་མོས་བསྐྱབས་པ་ནའོ། །འདོད་པ་བྱར་རུང་བར་ཞེས་བྱ་བ་ནི་མི་ཚངས་པར་སྤྱོད་པ་བྱར་རུང་བར་རོ། །སྟན་ལ་ཞེས་བྱ་བ་ནི་གཞི་ལའོ། །འདུག་པར་བྱེད་ཅིང་ཞེས་བྱ་བ་ནི་འདོམ་གང་གི་ནང་དུརྐུབ་ཚོས་འཇོག་པར་བྱེད་ཅིང་ངོ་། །དེ་ལ་གལ་ཏེ་དགེ་བསྙེན་མ་ཡིན་ཆེས་པའི་ཚིག་དང་ལྡན་པས་ཞེས་བྱ་བ་ལ་ཡིད་ཆེས་པ་ཞེས་བྱ་བ་ནི་སངས་རྒྱས་ལ་མངོན་པར་དད་པ་དང་། ཆོས་དང་དགེ་འདུན་ལ་མངོན་པར་དད་པ་དང་། སངས་རྒྱས་ལ་སྐྱབས་སུ་སོང་བ་དང་། ཆོས་དང་དགེ་འདུན་ལ་སྐྱབས་སུ་སོང་བ་དང་། སངས་རྒྱས་ལ་གཅིག་ཏུ་གྱུར་པ་དང་། ཆོས་དང་དགེ་འདུན་ལ་གཅིག་ཏུ་གྱུར་པ་དང་། སངས་རྒྱས་ལ་ནེམ་ནུར་མེད་ཅིང་ཐེ་ཚོམ་མེད་པ་དང་། ཆོས་དང་དགེ་འདུན་དང་། སྡུག་བསྔལ་དང་། ཀུན་འབྱུང་དང་། འགོག་པ་དང་། ལམ་ལ་ནེམ་ནུར་མེད་ཅིང་ཐེ་ཚོམ་མེད་པ་དང་། བདེན་པ་མཐོང་བ་དང་། འབྲས་བུ་ཐོབ་པ་དང་། མངོན་པར་རྟོགས་པ་དང་ལྡན་པ་དང་། གང་གི་རང་གི་སྲོག་གི་ཕྱིར་ཡང་ཤེས་བཞིན་དུ་བརྫུན་གྱི་ཚིག་སྨྲ་བར་མི་ནུས་པའོ། །ཆོས་གསུམ་པོ་ཞེས་བྱ་བ་ལ། གསུམ་བོ་ཞེས་བྱ་བ་ནི་གྲངས་བསྟན་པའོ། །ཕམ་བར་འགྱུར་བའམ། དགེ་འདུན་ལྷག་མ་འམ། ལྟུང་བྱེད་ལས་ཆོས་གང་ཡང་རུང་བས་ཞེས་བྱ་བ་ལ། ཕམ་པར་འགྱུར་བ་ཞེས་བྱ་བ་ནི་བཞི་པོ་དག་ལས་གང་ཡང་རུང་བས་སོ། །དགེ་འདུན་ལྷག་མ་ཞེས་བྱ་བ་ནི་བཅུ་གསུམ་པོ་དག་ལས་གང་ཡང་རུང་བས་སོ། །ལྟུང་བྱེད་ཅེས་བྱ་བ་ནི་དགུ་བཅུ་པོ་དག་ལས་གང་ཡང་རུང་བས་སོ། །འདི་ལྟར་དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པ་ནི་ལྟུང་བ་ལ་མི་མཁས་པ་དང་། ལྟུང་བའི་གླེང་གཞི་ལ་མི་མཁས་པ་དང་། ལྟུང་བ་ཀུན་ནས་སློང་བ་ལ་མི་མཁས་པ་ཡིན་པས། འདི་ལྟར་དེས་དགེ་སློང་མིའི་ཆོས་བླ་མ་སྨྲ་བའམ། བུད་མེད་ཀྱི་


DKG006_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་དང་ལྷན་ཅིག་སྟན་གཅིག་ལ་ལུས་ཀྱིས་རེག་པར་བྱེད་པའམ། སྣོང་གཅིག་ཏུ་ཟ་བར་བྱེད་པའམ། ཕོར་བུ་གཅིག་ཏུ་མྱོས་པར་འགྱུར་བའི་བཏུང་བ་སྣ་ཚོགས་འཐུང་བའམ། ས་རྐོ་བའམ། རྩྭ་སྔོན་པོ་གཅོད་པའམ། དུས་མ་ཡིན་པར་ཟ་བའམ། གཞན་ཡང་རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བ་དང་བཅས་བའི་ལས་གང་བྱེད་པར་མཐོང་བ་དེ་དག་ལས་གང་ཁས་བླངས་པ་དེ་བྱེད་དུ་གཞུག་པའོ། །བྱེད་དུ་གཞུག་ཅེས་བྱ་བ་ནི་འཆགས་སུ་གཞུག་པའོ། །དེ་ནི་མངེས་པའི་ཆོས་སོ་ཞེས་བྱ་བ་ནི་དེ་ནི་རྣམ་བར་མ་བཞག་པའི་ཆོས་ཡིན་པའོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་གིས་དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པའི་ཚིག་གིས་འགྲོ་བ་ཁས་ལེན་ཅིང་འགྲེང་བ་ཡང་མི་ལེན་འདུག་པ་ཡང་མི་ལེན་ཉལ་བ་ཡང་མི་ལེན་ན། གང་ཁས་ལེན་པ་དེ་བྱེད་དུ་གཞུག་གོ །དགེ་སློང་གིས་དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པའི་ཚིག་གིས་འགྲོ་བ་དང་། འགྲེད་བ་ཁས་ལེན་ཅིང་འདུག་པ་ཡང་མི་ལེན། ཉལ་བ་ཡང་མི་ལེན་ན་གང་ཁས་ལེན་བ་དེ་བྱེད་དུ་གཞུག་གོ །དགེ་སློང་གིས་དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པའི་ཚིག་གིས་འགྲོ་བ་དང་། འགྲེང་བ་དང་། འདུག་པས་ཁས་ལེན་ཅིང་ཉལ་བ་མི་ལེན་ན་གང་ཁས་ལེན་པ་དེ་བྱེད་དུ་གཞུག་གོ །དགེ་སློང་གིས་དགེ་བསྙེན་མ་ཡིད་ཆེས་བའི་ཚིག་དང་ལྡན་པའི་ཚིག་གིས་འགྲོ་བ་དང་། འགྲེང་བ་དང་། འདུག་པ་དང་། ཉལ་བ་ཁས་ལེན་ན་ཐམས་ཅད་བྱེད་དུ་གཞུག་གོ །གལ་ཏེ་དགེ་སློང་གིས་དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པའི་ཚིག་གིས་འགྲོ་བ་ཡང་ཁས་མི་ལེན་ཅིང་འགྲེང་བ་ཡང་མི་ལེན་འདུག་པ་ཡང་མི་ལེན། ཉལ་བ་ཡང་མི་ལེན་ན་དེ་ལ་ཆད་པའི་ལས་འོས་པ་ཡིན་པས་དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པའི་ཚིག་གིས་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པ་སྦྱིན་པར་བྱའོ། །འདི་ལྟར་སྦྱིན་པར་བྱ་སྟེ། གནས་མལ་བཤམ་བ་བྱས་ནས་གཎྜཱིབརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་འདུན་ཐམས་ཅད་ལ་ཡང་དག་པར་བསྒོ་ནས། དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ་དགེ་སློང་གཅིག་གིས་གསོལ་བ་བྱས་


DKG006_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་ལས་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། ཚེ་དང་ལྡན་པ་འཆར་ཀ་འདི་དགེ་བསྙེན་མ་ཡིད་ཆེས་བའི་ཚིག་དང་ལྡན་པའི་ཚིག་གིས་འགྲོ་བ་ཡང་མཆིད་ཀྱིས་མི་འཚལ། འགྲེང་བ་ཡང་མི་འཚལ། འདུག་པ་ཡང་མི་འཚལ། ཉལ་བ་ཡང་མི་འཚལ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་པར་མཛོད་ཅིག་དང་། དགེ་འདུན་གྱིས་ཚེ་དང་ལྡན་པ་འཆར་ཀ་ལ་དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པའི་ཚིག་གིས་དེའི་ངོ་བོ་ཉིད་ཚོལ་དུ་གཞུགས་པ་སྩོལ་ཏོ། །འདི་ནི་གསོལ་བའོ། །ལས་ནིའདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། ཚེ་དང་ལྡན་བ་འཆར་ཀ་འདི་དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པའི་ཚིག་གིས་འགྲོ་བ་ཡང་མཆིད་ཀྱིས་མི་འཚལ། འགྲེང་བ་ཡང་མི་འཚལ། འདུག་པ་ཡང་མི་འཚལ་། ཉལ་བ་ཡང་མི་འཚལ་ཏེ། དེའི་སླད་དུ་དགེ་འདུན་གྱིས་ཚེ་དང་ལྡན་པ་འཆར་ཀ་ལ་དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པའི་ཚིག་གིས་དེའི་ངོ་བོ་ཉིད་ཆོལ་དུ་གཞུག་པ་སྩོལ་ན། ཚེ་དང་ལྡན་པ་གང་དག་ཚེ་དང་ལྡན་པ་འཆར་ཀ་ལ་དགེ་བསྙེན་མ་ཡིན་ཆེས་པའི་ཚིག་དང་ལྡན་པའི་ཚིག་གིས་དེའི་ངོ་བོ་ཉིད་ཆོལ་དུ་གཞུག་པ་སྩལ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུང་ཤིག །འདི་ནི་ལས་བརྗོད་པ་དང་པོ་སྟེ། དེ་བཞིན་དུ་ལན་གཉིས་ལེན་གསུམ་དུ་བཟླས། དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་ཚེ་དང་ལྡན་པ་འཆར་ཀ་ལ་དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པའི་ཚིག་གིས་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་སྩལ་ལགས་ཏེ་འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དགེ་སློང་དག་ངས་དགེ་སློང་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པ་བྱིན་པའི་ཀུན་ཏུ་སྦྱོད་བའི་ཆོས་དག་བཅའ་བར་བྱ་སྟེ། དགེ་སློང་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པ་བྱིན་པས་རབ་ཏུ་དབྱུང་བར་མི་བྱ། བསྙེན་པར་རྫོགས་པར་མི་བྱ། གནས་སྦྱིན་པར་མི་བྱ། དགེ་ཚུལ་ཉེ་བར་གཞག་པར་མི་བྱའོ། །དེས་དགེ་སློང་ལ་ཚུལ་ཁྲིམས་ཉམས་བ་དང་། ལྟ་བ་ཉམས་པ་དང་། ཆོ་ག་ཉམས་པ་དང་། འཚོ་བ་ཉམས་པས་གླེང་བར་མི་བྱ། དྲན་


DKG006_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

པར་མི་བྱའོ། །དགེ་སློང་མ་ལ་སྟོན་པར་བསྐོ་བར་མི་བྱའོ། །སྔར་བསྐོས་ན་ཡང་དེས་དགེ་སློང་མ་ལ་བསྟན་པར་མི་བྱའོ། །དེས་གདམས་ངག་གཞག་པར་མི་བྱ། གསོ་སྦྱོང་གཞག་པར་མི་བྱ། དགག་དབྱེ་གཞག་པར་མི་བྱའོ། །དེས་གསོལ་བ་མི་བྱ་གསོལ་བ་དང་གཉིས་དང་། གསོལ་བ་དང་བཞིའི་ལས་མི་བྱའོ། །དེས་དགེ་འདུན་གྱི་ནང་དུ་གང་ཟག་འདུལ་བ་འཛིན་པ་གཞན་དག་ཡོད་ན་སོ་སོར་ཐར་པའི་མདོ་གདོན་པར་མི་བྱའོ། །དགེ་སློང་དེའི་ངོ་བོ་ཉིད་ཚོལ་དུ་གཞུགས་པ་ཕྱིན་པས་ཀུན་ཏུ་སྤྱད་པར་བྱ་བའི་ཆོས་ཇི་ལྟར་བཅས་པ་ཡང་དག་པར་བླངས་ཏེ་འཇུག་པར་མི་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །མ་ངེས་པའི་ཆོས་དང་པོ་རྫོགས་སྟེ། །སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའ་ཁབ་ན་འོད་མའི་ཚལ་ཀ་ལན་དཀའི་གནས་ན་བཞུགས་སྷོ། །དེ་ནས་དགེ་སློང་ཤི་རི་ཀ་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་རྒྱལ་བོའ་ཁབ་ཏུ་བསོད་སྙོམས་ལ་ཞུགས་ནས། མཐར་གྱིས་རྒྱལ་པོའ་ཁབ་ཏུ་བསོད་སྙོམས་རྒྱུ་བ་ན་ཁྱིམ་བདག་གི་ཆུང་མ་གསོ་སྦྱོང་འཕགས་ཀྱི་ཁྱིམ་ག་ལ་བ་དེར་སོང་ངོ་། །ཁྱིམ་བདག་གི་ཆུང་མ་གསོ་སྦྱོང་འཕགས་ཀྱིས་དགེ་སློང་ཤི་རི་ཀ་ཐག་རིང་པོ་ཁོ་ན་ནས་མཐོང་སྟེ། མཐོང་ནས་ཀྱང་དགེ་སློང་ཤི་རི་ཀའི་ཕྱིར་སྟན་ཤོམ་པར་བྱེད་ཅིང་འདི་སྐད་ཅེས་ཀྱང་སྨྲས་སོ། །བཙུན་པ་ཤི་རི་ཀ་ཚུར་སྤྱོན། བཙུན་པ་ཤི་རི་ཀ་བྱོན་པ་ལེགས་སོ། །བཙུན་པ་ཤི་རི་ཀ་གདན་བཤམས་པ་ཉིད་ལ་བཞུགས་ཤིག །དགེ་སློང་ཤི་རི་ཀ་སྟན་བཤམས་པ་དེ་ལ་འདུག་གོ། །དེ་ནས་ཁྱིམ་བདག་གི་ཆུང་མ་གསོ་སྦྱོང་འཕགས་ཀྱིས། དགེ་སློང་ཤི་རི་ཀའི་རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། པུས་མོ་གཉིས་ལ་པུས་མོ་གཉིས་མ་རེག་པར་ཆོས་མཉན་པའི་ཕྱིར་འདུག་གོ །དགེ་སློང་ཤི་རི་ཀས་དེ་ལ་ཆོས་སྙན་པ་སྙན་པ་དག་བསྟན་པར་བརྩམས་སོ། །དེའི་ཚེ་ན་དགེ་བསྙེན་མ་ལེགས་སྐྱེས་དེའི་ཉེན་ཀོར་ན་འགྲོ་བས་དགེ་བསྙེན་མ་ལེགས་སྐྱེས་ཀྱིས་ཁྱིམ་བདག་གི་ཆུང་མ་གསོ་སྦྱོང་འཕགས་ཀྱི་ཁྱིམ་ན་དགེ་སློང་ཤི་རི་ཀའི་སྐད་ཀྱི་གདངས་གྲགས་པ་ཐོས་སོ། །ཐོས་ནས་ཀྱང་དེ་འདི་སྙམ་དུ་སེམས་


DKG006_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། ཀྱེ་མ་འཕགས་པ་ཤི་རི་ཀའི་སྐད་ཀྱི་གདངས་ཀྱིས་ཁྱིམ་བདག་གི་ཆུང་མ་གསོ་སྦྱོང་འཕགས་ལ་སྦྲང་བུ་སྦྲང་རྩི་འབྱིན་པ་དང་འདྲ་བར་ཆོས་སྙན་པ་སྙན་པ་དག་སྟོན་པར་བྱེད་ཀྱིས། བདག་ཀྱང་གཞན་ལ་བརྩམས་པའི་ཆོས་མཉན་པའི་ཕྱིར་འགྲོའོ་སྙམ་མོ། །དེ་ནས་དགེ་བསྙེན་མ་ལེགས་སྐྱེས་ཁྱིམ་བདག་གི་ཆུང་མ་གསོ་སྦྱོང་འཕགས་ཀྱི་ཁྱིམ་ག་ལ་བ་དེར་སོང་བ་དང་། དགེ་བསྙེན་མ་ལེགས་སྐྱེས་ཀྱིས་ཁྱིམ་བདག་གི་ཆུང་མ་གསོ་སྦྱོང་འཕགས་དགེ་སློང་ཤི་རི་ཀའི་པུས་མོ་གཉིས་པུས་མོ་གཉིས་མ་རེག་པར་ཆོས་མཉན་པའི་ཕྱིར་འདུག་པ་མཐོང་ངོ་། །མཐོང་ནས་ཀྱང་དེ་དའི་སྙམ་དུ་སེམས་ཏེ། གལ་ཏེ་ཁྱིམ་བདག་གམ། ཁྱིམ་བདག་གི་ཆུང་མའམ། ཁྱིམ་བདག་གི་བུ་མ་དད་པ་འགའ་ཞིག་གིས་འདི་མཐོང་བར་གྱུར་ན་འཕགས་པ་ཤི་རི་ཀ་འདིས་ཁྱིམ་བདག་གི་ཆུང་མ་གསོ་སྦྱོང་འཕགས་དང་ལྷན་ཅིག་བདེན་བ་སྐྱབས་ཡོད་པར་དགེ་སྦྱོང་གི་ཚུལ་མ་ཡིན་པ་སྡིག་པའི་ལས་ཅུང་ཞིག་བྱས་སམ། བྱེད་པར་སེམས་སོ་སྙམ་དུ་གདོན་མི་ཟ་བར་མཐར་ཐུག་པར་འགྲོ་བར་འགྱུར་བས་དེའི་ཕྱིར་འདི་ནི་བདག་གིས་བྱ་བ་ཡིན་ནོ་སྙམ་ནས། དེ་ནས་དགེ་བསྙེན་མ་ལེགས་སྐྱེས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ །མཐའ་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་དགེ་བསྙེན་མ་ལེགས་སྐྱེས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་གིས་ཁྱིམ་བདག་གི་མཆིས་བྲང་གསོ་སྦྱོང་འཕགས་ཀྱི་སྡུམ་པ་ན་འཕགས་པ་ཤི་རི་ཀའི་སྐད་ཀྱི་གདངས་གྲགས་པ་ཐོས་ཏེ། ཐོས་ནས་ཀྱང་བདག་འདི་སྙམ་བགྱིད་དེ། ཀྱེ་མ་འཕགས་པ་ཤི་རི་ཀ་ཁྱིམ་བདག་གི་མཆིས་བྲང་གསོ་སྦྱོང་འཕགས་ལ་སྦྲང་བུ་སྦྲང་རྩི་འབྱིན་པ་དང་འདྲ་བར་ཆོས་སྙན་པ་སྙན་པ་དག་སྟོན་པར་བགྱིད་ཀྱིས། བདག་ཀྱང་གཞན་ལ་བརྩམས་པའི་ཆོས་མཉན་པའི་སླད་དུ་མཆིའོ་སྙམ་ནས་བདག་ཁྱིམ་བདག་གི་མཆིས་བྲང་གསོ་སྦྱོང་འཕགས་ཀྱི་སྡུམ་པ་ག་ལ་བ་དེར་མཆིས་པ་དང་། བདག་གིས་ཁྱིམ་བདག་གི་མཆིས་བྲང་གསོ་སྦྱོང་འཕགས་དགེ་སློང་ཤི་རི་ཀའི་པུས་མོ་གཉིས་ལ་པུས་མོ་གཉིས་མ་རེག་


DKG006_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

པར་མཆིས་པ་མཐོང་ངོ་། །མཐོང་ནས་ཀྱང་བདག་འདི་སྙམ་བགྱིད་དེ། གལ་ཏེ་ཁྱིམ་བདག་གམ། ཁྱིམ་བདག་གི་མཆིས་བྲང་ངམ། ཁྱིམ་བདག་གི་བུ་མ་དད་པ་འགའ་ཞིག་གིས་འདི་མཐོང་བར་གྱུར་ན་འཕགས་པ་ཤི་རི་ཀ་འདིས་ཁྱིམ་བདག་གི་མཆིས་བྲང་གསོ་སྦྱོང་འཕགས་དང་ལྷན་ཅིག་དབེན་པ་སྐྱབས་མཆིས་པར་དགེ་སྦྱོང་གི་ཚུལ་མ་ལགས་པ་སྡིག་པའི་ལས་ཅུང་ཞིག་བགྱིས་སམ། བགྱིད་པར་སེམས་སོ་སྙམ་དུ་གདོན་མི་འཚལ་བར་མཐར་ཐུག་པར་མཆིས་པར་འགྱུར་བས་དེའི་སླད་དུ་འདི་ནི་བདག་གི་བགྱི་བ་ལགས་སོ་སྙམ་བགྱིད་ན། བཙུན་པ་དེའི་སླད་དུ་བཅོམ་ལྡན་འདས་ཀྱིས་ཐུགས་བརྩེ་བའི་སླད་དུ་གང་གིས་འཕགས་བ་དག་བུད་མེད་ཀྱི་ཡུལ་དང་ལྷན་ཅིག་གཅིག་པུ་གཅིག་དང་དབེན་བ་སྐྱབས་མཆིས་བ་ན་སྟན་ལ་མཆིས་པར་མི་འགྱུར་བར་འཕགས་པ་རྣམས་ལ་དྲན་པར་བགྱི་བ་ཅུང་ཞིག་བཅའ་བ་མཛད་ན་ལེགས་ལགས་སོ། །བཅོམ་ལྡན་འདས་ཀྱིས་དགེ་བསྙེན་མ་ལེགས་སྐྱེས་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་དགེ་བསྙེན་མ་ལེགས་སྐྱེས་ཀྱིས་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་བར་རིག་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་སྟན་ལས་ལངས་ནས་སོང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ། །ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྡེ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སློང་ཤི་རི་ཀ་ལ་རྨས་པ། ཤི་རི་ཀ་ཁྱོད་ཀྱིས་མི་མཛས་པ་དེ་ལྟ་བུ་དེ་བྱས་པར་གྱུར་པ་བདེན་ནམ། བཙུན་པ་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་བ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པས་རྣམ་པར་སྨད་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་སུ་མས་རྣམ་པར་སྨད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་


DKG006_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

བས་ན་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱིས་བསླབ་པའི་གཞི་བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་བར་བྱ་སྟེ། ཡང་དགེ་སློང་གང་བུད་མེད་ཀྱི་ཡུལ་དང་ལྷན་ཅིག་གཅིག་པུ་གཅིག་དང་དབེན་པ་སྐྱབས་ཡོད་པ་ན་འདོད་པ་བྱར་མི་རུང་བར་སྟན་ལ་འདུག་པར་བྱེད་ཅིང་དེ་ལ་གལ་ཏེ་དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པས་ཆོས་གཉིས་པོ་དགེ་འདུན་ལྷག་མའམ། ལྟུང་བྱེད་ལས་ཆོས་གང་ཡང་རུང་བས་སྨྲས་པར་གྱུར་ལ། དགེ་སློང་གིས་འདུག་པར་ཁས་བླངས་ན་ཆོས་གཉིས་པོ་དགེ་འདུན་ལྷག་མའམ། ལྟུང་བྱེད་ལས་ཆོས་གང་ཡང་རུང་བས་བྱེད་དུ་གཞུག་ཅིང་དགེ་སློང་དེ་ལ་དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པས་ཆོས་གང་དང་གང་གིས་སྨྲས་པར་གྱུར་པའི་ཆོས་དེ་དང་དེས་དགེ་སློང་དེ་བྱེད་དུ་གཞུག་སྟེ་དེ་ཡང་མ་ངེས་པའི་ཆོས་སོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་ཤི་རི་ཀའམ་གཞན་ཡང་དེ་ལྟ་བུ་གང་ཡིན་བའོ། །བུད་མེད་ཀྱི་ཡུལ་དང་ཞེས་བྱ་བ་ནི་བུད་མེད་དང་གཞོན་ནུ་མ་མི་ཚངས་བར་སྤྱོད་པ་ལས་བྱུང་བའི་ཆོས་སྟེན་ནུས་པ་དང་ངོ་། །ལྷན་ཅིག་ཅེས་བྱ་བ་ནི་དེ་དང་ལྷན་ཅིག་གོ །གཅིག་པུ་གཅིག་དང་ཞེས་བྱ་བ་ནི་དེ་དེ་དང་ངོ་། །དབེན་པ་ཞེས་བྱ་བ་ནི་གང་ན་བུད་མེད་དང་། སྐྱེས་པ་དང་། མ་ནིད་གཞན་འགའ་ཡང་མེད་པའོ། །སྐྱབས་ཡོད་པ་ན་ཞེས་བྱ་བ་ནི་ལྔས་བསྐྱབས་པ་སྟེ། རྩིག་པས་བསྐྱབས་པ་དང་། རིབ་མས་བསྐྱབས་པ་དང་། ཡོལ་བས་བསྐྱབས་པ་དང་། ཐིབས་པོས་བསྐྱབས་པ་དང་། མཚན་མོས་བསྐྱབས་པ་ནའོ། །འདོད་པ་བྱར་མི་རུང་བར་ཞེས་བྱ་བ་ནི་མི་ཚངས་པར་སྤྱོད་པ་བྱར་མི་རུང་བར་རོ། །སྟན་ལ་ཞེས་བྱ་བ་ནི་ཁྲི་དང་ཁྲིའུ་ལའོ། །འདུག་པར་བྱེད་ཅིང་ཞེས་བྱ་བ་ནི་འདོམ་གང་གི་ནང་མ་ཡིན་པར་རྐུབ་བཅོས་འཇོག་པར་བྱེད་ཅིང་ངོ་། །དེ་ལ་གལ་ཏེ་དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པས་ཞེས་བྱ་བ་ལ། ཡིད་ཆེས་པས་ཞེས་བྱ་བ་ནི་སངས་རྒྱས་ལ་མངོན་པར་དད་པ་དང་། ཆོས་དང་དགེ་འདུན་ལ་མངོན་པར་དད་པ་དང་། སངས་རྒྱས་ལ་སྐྱབས་སུ་


DKG006_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

སོང་བ་དང་། ཆོས་དང་དགེ་འདུན་ལ་སྐྱབས་སུ་སོང་བ་དང་། སངས་རྒྱས་ལ་གཅིག་ཏུ་གྱུར་པ་དང་། ཆོས་དང་དགེ་འདུན་ལ་གཅིག་ཏུ་གྱུར་པ་དང་། སངས་རྒྱས་ལ་ནེམ་ནུར་མེད་ཅི་ཐེ་ཚོམ་མོད་པ་དང་། ཆོས་དང་། དགེ་འདུན་དང་། སྡུག་བསྔལ་བ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་ལ་ནེམ་ནུར་མེད་ཅིང་ཐེ་ཚོམ་མེད་པ་དང་། བདེན་པ་མཐོང་བ་དང་། འབྲས་བུ་ཐོབ་པ་དང་། མངོན་པར་རྟོགས་པ་དང་ལྡན་པ་དང་། གང་གིས་རང་གི་སྲོག་གི་ཕྱིར་ཡང་ཤེས་བཞིན་དུ་བརྫུན་གྱི་ཚིག་སྨྲ་བར་མི་ནུས་པའོ། །ཆོས་གཉིས་པོ་ཞེས་བྱ་བ་ལ་གཉིས་པོ་ཞེས་བྱ་བ་ནི་གྲངས་བསྟན་པའོ། །དགེ་འདུན་ལྷག་མའམ། ལྟུང་བྱེད་ལས་ཆོས་གང་ཡང་རུང་བས་ཞེས་བྱ་བ་ལ། དགེ་འདུན་ལྷག་མ་ཞེས་བྱ་བ་ནི་བཅུ་གསུམ་པོ་དག་ལས་གང་ཡང་རུང་བས་སོ། །ལྟུང་བྱེད་ཅེས་བྱ་བ་ནི་དགུ་བཅུ་པོ་དག་ལས་གང་ཡང་རུང་བས་སོ། །འདི་ལྟར་དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པ་ནི་ལྟུང་བ་ལ་མི་མཁས་པ་དང་། ལྟུང་བའི་གླེང་གཞི་ལ་མི་མཁས་པ་དང་། ལྟུང་བ་ཀུན་ནས་སློང་བ་ལ་མི་མཁས་པ་ཡིན་པས་འདི་ལྟར་དེས་དགེ་སློང་མིའི་ཆོས་བླ་མ་སྨྲ་བའམ། བུད་མེད་ཀྱི་ཡུལ་དང་ལྷན་ཅིག་སྟན་གཅིག་ལ། ལུས་ཀྱིས་རེག་པར་བྱེད་པའམ། སྣོད་གཅིག་ཏུ་ཟ་བར་བྱེད་པའམ། ཕོར་བུ་གཅིག་ཏུ་མྱོང་པར་འགྱུར་བའི་བཏུང་བ་སྣ་ཚོགས་འཐུང་བའམ། ས་རྐོ་བའམ། རྩྭ་སྔོན་པོ་གཅོད་པའམ། དུས་མ་ཡིན་པར་ཟ་བ་དང་། གཞན་ཡང་རང་བཞིན་དང་བཅས་པའི་ཁ་ན་མ་ཐོབ་དང་བཅས་པའི་ལས་གང་བྱེད་པར་མཐོང་བ་དེ་དག་ལས་གང་ཁས་བླངས་པ་དེ་བྱེད་དུ་གཞུག་པའོ། །བྱེད་དུ་གཞུག་ཅེས་བྱ་བ་ནི་འཆགས་སུ་གཞུག་པའོ། །དེ་ཡང་མ་ངེས་པའི་ཆོས་སོ་ཞེས་བྱ་བ་ནི་དེ་ཡང་རྣམ་བར་མ་བཞག་པའི་ཆོས་ཡིན་པའོ། །ལྟུང་བ་རྣམ་པར་བཞག་པ་དང་། དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པའི་སྦྱིན་པ་དང་། དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པ་བྱིན་པའི་ཀུན་ཏུ་སྤྱོད་པའི་ཆོས་དག་ནི་སྔ་མ་བཞིན་དུ་ཤེས་པར་བྱའོ།། །།མ་ངེས་པའི་ཆོས་གཉིས་རྫོགས་སྷོ། །


previousམ་ངེས་པའི་ཆོས་བཤད་པ། next