Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་དྲུག་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཉི་ཤུ་ལྔ་པ། འཕྲོག་པའི་སྤང་བ་བསྟན་པ།
   
   
   
   
   
   
   


 
previousཉི་ཤུ་ལྔ་པ། འཕྲོག་པའི་སྤང་བ་བསྟན་པ།next

ཉི་ཤུ་ལྔ་པ། འཕྲོག་པའི་སྤང་བ་བསྟན་པ།


DKG006_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དགའ་པོ་ལ་ལྷན་ཅིག་གནས་པ་ཆོས་ཞེས་བྱ་བ་ངོ་ཚ་ཤེས་པ་འགྱོད་པ་དང་ལྡན་པ་བསྡམས་པ། བསླབ་པ་འདོད་པ་ཞིག་ཡོད་པ་དེས་ཇི་སྲིད་དུ་དེ་གནས་ངན་ལེན་ཀུན་ཏུ་སྤྱོད་པར་མི་ཤེས་པ་དེ་སྲིད་དུ་དེ་དང་ལྷན་ཅིག་གནས་སོ། །གང་གི་ཚེ་དེས་དེ་གནས་ངན་ལེན་ཀུན་ཏུ་སྤྱོད་པར་ཤེས་པ་དེའི་ཚེ་ན་དེ་རང་བཞིན་དུ་གནས་པའི་དགེ་སློང་རྣམས་དང་ལྷན་ཅིག་གནས་པར་བརྩམས་ཏེ། བཅོམ་ལྡན་འདས་ཀྱི་བཀའ་ལུང་གིས་དུས་གསུམ་དུ་རྐང་པ་ལ་ཕྱག་འཚལ་དུ་འགྲོ་བ་འབའ་ཞིག་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་སོང་ལ་དགེ་སློང་རྣམས་ལ་དེ་བཞིན་གཤེགས་པ་ཀོ་ས་ལ་དག་ཏུ་ལྗོངས་རྒྱུར་གཤེགས་ཀྱིས་ཁྱེད་ཅག་ལས་གང་དེ་བཞིན་གཤེགས་པ་དང་ཐབས་ཅིག་ཀོ་ས་ལ་དག་ཏུ་ལྗོངས་རྒྱུར་འགྲོ་བར་སྤྲོ་བ་དེས་ཆོས་གོས་ཀྱི་ལས་གྱིས་ཤིག་ཅེས་བསྒོ་ཤིག །ཚེ་དང་ལྡན་པ་ཀུན་དགའ་བོས་བཙུན་པ་བཀའ་བཞིན་འཚལ་ཞེས་བཅོམ་ལྡན་འདས་ལས་མཉན་ནས་དགེ་སློང་རྣམས་སྨྲས་པ། ཚེ་དང་ལྡན་པ་དག་བཅོམ་ལྡན་འདས་ཀོ་ས་ལ་དག་ཏུ་ལྗོངས་རྒྱུར་གཤེགས་ཀྱིས་ཁྱེད་ཅག་ལས་གང་བཅོམ་ལྡན་འདས་དང་ཐབས་ཅིག་ཀོ་ས་ལ་དག་ཏུ་ལྗོངས་རྒྱུར་འགྲོ་བར་སྤྲོ་བ་དེས་ཆོས་གོས་ཀྱི་ལས་གྱིས་ཤིག །དགའ་བོས་ཐོས་ཏེ། ཐོས་ནས་ཀྱང་ཉེ་དགའ་ལ་སྨས་པ། ཚེ་དང་ལྡན་པ་ཉེ་དགའ་ཤེས་པར་གྱིས་ཤིག །ཚེ་དང་ལྡན་པ་ཀུན་དགའ་བོས་དགེ་སློང་རྣམས་ལ་ཚེ་དང་ལྡན་པ་དག་ཤེས་པར་གྱིས་ཤིག །བཅོམ་ལྡན་འདས་ཀོ་ས་ལ་དག་ཏུ་ལྗོངས་རྒྱུར་གཤེགས་ཀྱིས། ཁྱེད་ཅག་ལས་གང་བཅོམ་ལྡན་འདས་


DKG006_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཐབས་ཅིག་ཀོ་ས་ལ་དག་ཏུ་ལྗོངས་རྒྱུར་འགྲོ་བར་སྤྲོ་བ་དེས་ཆོས་གོས་ཀྱི་ལས་གྱིས་ཤིག་ཅེས་བསྒོ་ན། གལ་ཏེ་བདག་ཅག་འདི་ཉིད་དུ་འདུག་ན་ནི་སྒོ་འཕར་བརྒྱ་དག་འདས་ཏེ་ཅི་ནས་ཀྱང་ལྟོ་དགང་བ་བསྒྲུབ་པར་བྱ་དགོས་སོ། །ཇི་སྟེ་བཅོམ་ལྡན་འདས་དང་ཐབས་ཅིག་འགྲོ་ན་ནི་བཅོམ་ལྡན་འདས་ཀྱིས་སངས་རྒྱས་གཤེགས་པ་ལ་ཕན་ཡོན་བཅྭ་བརྒྱད་ཡོད་པར་གསུངས་པས་སྲོག་ཆགས་བརྒྱ་སྟོང་ཕྲག་དུ་མ་དག་ཀྱང་བཅོམ་ལྡན་འདས་དང་ཐབས་ཅིག་འགྲོ་བར་འགྱུར་བས། གལ་ཏེ་བཅོམ་ལྡན་འདས་དང་ཐབས་ཅིག་འགྲོ་ན་རེ་ཞིག་ཆུ་ཡང་རྙོག་པ་ཅན་དག་བཏུག་དགོས་པར་འགྱུར་ལ། ཤིང་ལྗོན་པའི་དྲུང་དུ་ཡང་གོ་ཐོབ་པར་མི་འགྱུར་གྱིས་བདག་ཅག་དགེ་སློང་རབ་ཏུ་བཤེས་པ་འགའ་ཞིག་ཁྲིད་དེ། སངས་རྒྱས་དང་། ཆོས་དང་། དགེ་འདུན་གྱི་བསྔགས་པ་བརྗོད་ཅིང་མདུན་དུ་དོང་ན་དེ་ལྟ་ན་བདག་ཅག་བདེ་བར་རྒྱུ་བར་འགྱུར་ཞིང་རྙེད་པ་མང་པོ་ཡང་འགྲུབ་པར་འགྱུར་རོ། །ཉེ་དགས་སྨྲས་པ། སློབ་དཔོན་རེ་ཞིག་གསེར་གྱི་སྣོད་སྤངས་ཏེ་སའི་སྣོད་ཀྱིས་བསོད་སྙོམས་རྒྱུ་བར་བྱེད་དམ། ཁྱོད་ཀྱི་ལྷན་ཅིག་གནས་བ་ཆོས་ལྟ་བུ་ངོ་ཚ་ཤེས་པ། འགྱོད་པ་དང་ལྡན་པ། བསྡམས་པ། བསླབ་པ་འདོད་པ་སུ་ལ་ཡོད། དེས་ཁོ་བོ་མཐོང་བར་ཡང་མི་འདོད་དོ། །སློབ་དཔོན་བཅོམ་ལྡན་འདས་ཀྱིས་བསྡུབའི་དངོས་པོ་བཞི་པོ་སྦྱིན་པ་དང་། སྙན་པར་སྨྲ་བ་དང་། དོན་སྤྱོད་པ་དང་། དོན་མཐུན་པ་གང་དག་བཀའ་སྩལ་པ་དེ་དག་ལས་སློབ་དཔོན་གྱིས་འགའ་ཞིག་ཡང་དག་པར་བླངས་ཏེ་འཇུད་པར་བྱས་པ་ཡོད་དམ། དེནི་ཐམས་ཅད་ཀྱི་ཐམས་


DKG006_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་དུ་མེད་དོ། །དེའི་ཕྱིར་ཁྱོད་ཀྱི་གནས་སྐབས་དེ་ལྟ་བུ་དེར་གྱུར་ཏོ། །ཚེ་དང་ལྡན་པ་ཆོས་ཀྱི་སྣམ་སྦྱར་རྙིངས་ནས་དེས་རས་ཡུག་ཆེན་ཞིག་རྙེད་ནས་བསམས་པ། བདག་སོང་ལ་མཁན་པོ་ལ་ཞུས་ཏེ་སྣམ་སྦྱར་བཙེམ་པར་བྱའོ་སྙམ་ནས། དེས་དེ་ཁྱེར་ཏེ་དགའ་བོའ་གན་དུ་འཕགས་པ་དང་། དེ་འགྲོ་བ་ན་བསོད་སྙོམས་པ་ཞིག་གིས་མཐོང་ནས་དེས་སྨྲས་པ། ཚེ་དང་ལྡན་པ་ཆོས་གར་འགྲོ། དེས་སྨྲས་པ། ཁོ་བོའ་སྣམ་སྦྱར་རྙིངས་ཏེ་ཁོ་བོའ་རས་ཡུག་ཆེན་འདི་རྙེད་པས་བདག་སོང་སྟེ་མཁན་པོ་ལ་ཞུས་ལ་སྣམ་སྦྱར་བཙེམ་པར་བྱའོ། །བསོད་སྙོམས་པས་སྨྲས་པ། གལ་ཏེ་ཁྱོད་སྣམ་སྦྱར་སར་པ་གཞན་འཚེམ་ན་སྣམ་སྦྱར་རྙིང་པ་འདི་ཁོ་བོ་ལ་བྱིན་ཅིག །དེ་བཞིན་བྱའོ། །དེ་དགའ་བོའ་གན་དུ་སོང་སྟེ་སྨྲས་པ། མཁན་པོ་བདག་གི་སྣམ་སྦྱར་རྙིངས་ཏེ་བདག་གིས་རས་ཡུག་ཆེན་འདི་རྙེད་པས་སྣམ་སྦྱར་བཙེམ་པར་ཞུའོ། །ཉེ་དགས་སྨྲས་པ་སློབ་དཔོན་འདི་ནིདེའི་དུས་ལགས་སོ། །དགའ་བོས་སྨྲས་པ། ཚེ་དང་ལྡན་པ་ཆོས་ཁོ་བོ་ཉིད་ལ་སྣམ་སྦྱར་ཞིག་ཡོད་པ་དེ་ཁོ་བོས་ཁྱོད་ལ་སྦྱིན་ནོ། །མཁན་པོ་མི་འཚལ་ཏེ་བདག་གིས་རས་ཡུག་ཆེན་འདི་ལས་སྣམ་སྦྱར་དྲུབས་ཏེ་བཅང་བར་བགྱིའོ། །ཉེ་དགས་སྨྲས་པ། ཚེ་དང་ལྡན་པ་ཆོས་ཁོ་བོས་ཀོ་གཞན་ཐོས་ལ་གཞན་མཐོང་སྟེ། ཁོ་བོས་ཁྱོད་ངོ་ཚ་ཤེས་པ། འགྱོད་པ་དང་ལྡན་པ། བསྔམས་པ། བསླབ་པ་འདོད་པ་ཡིན་པར་ཤེས་ཀྱི། ཁོ་བོས་ཁྱོད་འདི་ལྟར་མཁན་པོའ་ཆོས་དང་ལྡན་པའི་ཚིག་གཅོག་པར་མི་ཤེས་སོ། །ཅི་ཁྱོད་མཁན་པོ་དང་མི་མཐུན་པའི་དོན་ཡང་དག་པར་ལེན་པར་བྱེད་དམ། དེ་དགེ་སློང་དབང་ཆེན་པོས་སྨད་པས་ཅང་མི་སྨྲ་བར་འདུག་པ་དང་། དགའ་བོས་ཀྱང་དེ་ལ་སྣམ་སྦྱར་བྱིན་ནོ། །དེས་དེ་བླངས་ནས་སྨྲས་པ། མཁན་པོ་ཁྱོད་རས་ཡུག་ཆེན་འདི་བཞེས་ཤིག །ཚེ་དང་ལྡན་པ་ཆོས་ཅི་ཁོ་བོས་ཁྱོད་ལ་བརྗེ་བའི་ཕྱིར་སྣམ་སྦྱར་བྱིན་ནས་རས་ཡུག་ཆེན་ཡང་ཁྱོད་ཉིད་ཁྱེར་ཅིག །དེས་བསམས་པ། བདག་ལ་ཡོ་བྱད་དོན་མེད་པ་འདིས་ཅི་བྱ། བདག་


DKG006_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

གིས་རས་ཡུག་ཆེན་འདི་དགེ་འདུན་ལ་དབུལ་བར་བྱ་ཞིང་སྣམ་སྦྱར་རྙིང་པ་འདི་ཡང་བསོད་སྙོམས་པ་དེ་ལ་སྦྱིན་པ་མཁན་པོ་ལ་ཞུའོ་སྙམ་ནས་སྨྲས་པ། མཁན་པོ་བདག་གིས་རས་ཡུག་ཆེན་འདི་དགེ་འདུན་ལ་དབུལ་བར་བགྱི་ཞིང་སྣམ་སྦྱར་རྙིང་པ་འདི་ཡང་བསོད་སྙོམས་པ་ཞིག་གིས་བསླངས་བས་དེ་ལ་སྩལ་བར་བགྱི་བ་མཁན་པོ་ལ་ཞུའོ། །དེ་བཞིན་གྱིས་ཤིག །དེས་རས་ཡུག་ཆེན་དེ་དགེ་འདུན་ལ་ཕུལ་ཞིང་སྣམ་སྦྱར་རྙིང་པ་དེ་ཡང་བསོད་སྙོམས་པ་དེ་ལ་བྱིན་ནོ། །ཕྱི་དེ་ཉིན་པར་དེ་སྣམ་སྦྱར་དེ་གྱོན་ཏེ་མཁན་པོའ་རྐང་པ་ལ་ཕྱག་འཚལ་དུ་འོངས་པ་དང་། དགའ་བོས་སྨྲས་པ། ཚེ་དང་ལྡན་པ་ཆོས་ཤེས་པར་གྱིས་ཤིག །ཚེ་དང་ལྡན་པ་ཀུན་དགའ་བོས་དགེ་སློང་རྣམས་ལ་ཚེ་དང་ལྡན་པ་དག་ཤེས་པར་གྱིས་ཤིག །བཅོམ་ལྡན་འདས་ཀོ་ས་ལ་དག་ཏུ་ལྗོངས་རྒྱུར་གཤེགས་ཀྱིས་། ཁྱེད་ཅག་ལས་གང་བཅོམ་ལྡན་འདས་དང་ཐབས་ཅིག་ཀོ་ས་ལ་དག་ཏུ་ལྗོངས་རྒྱུར་འགྲོ་བར་སྤྲོ་བ་དེས་ཆོས་གོས་ཀྱི་ལས་གྱིས་ཤིག་ཅེས་བསྒོ་ན། གལ་ཏེ་བདག་ཅག་འདི་ཉིད་དུ་འདུག་ན་ནི་སྒོ་འཕང་བརྒྱ་དག་འདས་ཏེ་ཅི་ནས་ཀྱང་ལྟོ་གང་བ་བསྒྲུབ་པར་བྱ་དགོས་སོ། །ཇི་སྟེ་བཅོམ་ལྡན་འདས་དང་ཐབས་ཅིག་འགྲོ་ན་ནི་བཅོམ་ལྡན་འདས་ཀྱིས་སངས་རྒྱས་གཤེགས་པ་ལ་ཕན་ཡོན་བཅྭ་བརྒྱད་ཡོད་པར་གསུངས་པས་སྲོག་ཆགས་བརྒྱ་སྟོང་ཕྲག་དུ་མ་དག་ཀྱང་བཅོམ་ལྡན་འདས་དང་ཐབས་ཅིག་འགྲོ་བར་འགྱུར་བས་གལ་ཏེ་བཅོམ་ལྡན་འདས་དང་ཐབས་ཅིག་འགྲོ་བ་ན་རེ་ཞིག་ཆུ་ཡང་རྙོག་པ་ཅན་དག་བཏུང་དགོས་པར་འགྱུར་ལ། ཤིང་ལྗོན་པའི་དྲུང་དུ་ཡང་གོ་ཐོབ་པར་མི་འགྱུར་གྱིས། བདག་ཅག་སངས་རྒྱས་དང་། ཆོས་དང་། དགེ་འདུན་གྱི་བསྔགས་པ་བརྗོད་ཅིང་མདུན་དུ་དོང་ན་དེ་ལྟན་བདག་ཅག་བདེ་བར་རྒྱུ་བར་འགྱུར་ཞིང་། རྙེད་པ་མང་པོ་ཡང་འགྲུབ་པར་འགྱུར་རོ། །མཁན་པོ་བཅོམ་ལྡན་འདས་ཀྱིས་སངས་རྒྱས་གཤེགས་བ་ལ་ཕན་ཡོན་བཅྭ་བརྒྱད་མཆིས་པར་བཀའ་སྩལ་པ་གང་དག་ལགས་པ་དེ་དག་མཁན་པོ་ལ་ཉེས་དམིགས་ཁོ་ནར་གྱུར་ཏེ་


DKG006_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ནི་རེ་ཞིག་བཅོམ་ལྡན་འདས་ཉིད་དང་ཐབས་ཅིག་མཆིའོ། །དགའ་བོས་སྨྲས་པ། ཁོ་བོ་དང་ལྷན་ཅིག་འདོང་ངོ་། །དེས་སྨྲས་པ། བཅོམ་ལྡན་འདས་ཉིད་དང་ལྷན་ཅིག་མཆིའོ། །དགའ་བོས་སྦྱོང་ཏེ་སྨྲས་པ། ངན་པ་ཅི་ཁོ་བོས་ཁྱོད་ལ་ཆོས་ལ་ཆོས་ཉིད་བཟང་པོས་སྣམ་སྦྱར་བྱིན་སྙམ་མམ། ཁྱོད་ཁོ་བོ་དང་ལྷནཅིག་འགྲོ་བའི་ཕྱིར་བྱིན་བ་ཡིན་ན་གལ་ཏེ་ཁོ་བོ་དང་ལྷན་ཅིག་མི་འགྲོ་ན་སྣམ་སྦྱར་འོན་ཅིག་ཁྱོད་ལ་མི་སྦྱིན་ནོ། །ཚེ་དང་ལྡན་པ་ཆོས་ཀྱིས་བསམས་པ། བདག་ལ་ཆོས་གོས་ཕྲོགས་པ་ནི་བླའི་བདག་གནས་ངན་ལེན་ཀུན་ཏུ་སྤྱོད་པ་དག་དང་ལྷན་ཅིག་ལྗོངས་རྒྱུར་འགྲོ་བ་ནི་མི་རུང་གོ་སྙམ་ནས་དེས་དེ་ལ་སྣམ་སྦྱར་ཕྱིར་བྱིན་ནོ། །དེ་ནས་བཅོམ་ལྡན་འདས་དུལ་བ་འཁོར་དུལ་བ་དང་ལྡན་པ། ཞི་བ་འཁོར་ཞི་བ་དང་ལྡན་པ། གྲོལ་བ་འཁོར་གྲོལ་བ་དང་ལྡན་པ། དབུགས་ཕྱིན་པ་འཁོར་དབུགས་ཕྱིན་བ་དང་ལྡན་པ། ཐུལ་བ་འཁོར་ཐུལ་བ་དང་ལྡན་པ། དགྲ་བཅོམ་པ་འཁོར་དགྲ་བཅོམ་པ་དང་ལྡན་པ། འདོད་ཆགས་དང་བྲལ་བ་འཁོར་འདོད་ཆགས་དང་བྲལ་བ་དང་ལྡན་པ། མཛེས་པ་འཁོར་མཛེས་པ་དང་ལྡན་པ། ཁྱུ་མཆོག་ལྟར་བ་ལང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། གླང་པོ་ཆེ་ལྟར་གླང་པོ་ཆེའི་ཕྲུ་གུའི་ཚོགས་ཀྱིས་ཡོགས་སུ་བསྐོར་བ། སེང་གེ་ལྟར་མཆེ་བ་ཅན་གྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ངང་པའི་རྒྱལ་པོ་ལྟར་ངང་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ནམ་མཁའ་སྡིང་ལྟར་བྱའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། བྲམ་ཟེ་ལྟར་སློབ་མའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། སྨན་པ་མཁས་པ་ལྟར་ནད་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། དཔའ་བོ་ལྟར་རུ་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ས་མཁན་ལྟར་ལམ་དུ་ཞུགས་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། དེད་དཔོན་ལྟར་ཚོང་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ཚོང་དཔོན་ལྟར་འཁོར་གྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། མཁར་གྱི་རྒྱལ་པོ་ལྟར་བློན་བོའ་ཚོགས་ཀྱིས་ཡོངས་སུ་བསྐོར་བ། འཁོར་ལོས་སྒྱུར་བ་ལྟར་བུ་སྟོང་གི་ཚོགས་ཀྱིས་ཡོངས་


DKG006_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བསྐོར་བ། ཟླ་བ་ལྟར་རྒྱུ་སྐར་གྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ཉི་མ་ལྟར་འོད་ཟེར་སྟོང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ཡུལ་འཁོར་སྲུང་ལྟར་དྲི་ཟའི་ཚོགས་ཀྱིས་ཡོངས་སུ་བ་སྐོར་བ། འཕགས་སྐྱེས་པོ་ལྟར་གྲུལ་བུམ་གྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། མིག་མི་བཟང་ལྟར་ཀླུའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ནོར་སྦྱིན་ལྟར་གནོད་སྦྱིན་གྱི་ཚོགས་ཀྱིས་ཡོངས་བསྐོར་བ། ཐགས་ཟངས་རིས་ལྟར་ལྷ་མ་ཡིན་གྱི་ཚོགས་ཀྱིས་ཡོགས་སུ་བསྐོར་བ། བརྒྱ་བྱིན་ལྟར་སུམ་བཅུ་རྩ་གསུམ་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ཚངས་པ་ལྟར་ཚངས་རིས་ཀྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། དབང་པོ་རྣམས་ཀྱིས་ཤིན་ཏུ་དུལ་བ། སྤྱོད་ལམ་དང་། སྤྱོད་པ་མ་འཁྲུགས་པ། ཆུ་གཏེར་ལྟར་ཏིང་ངེ་བམ། སྤྲིན་ལྟར་ཆུ་དང་བཅས་པ། གླང་པོ་ཆེའི་རྒྱལ་པོ་ལྟར་དྲེགས་པ་དང་བྲལ་བ། སྐྱེས་བུ་ཆེན་པོའ་མཚན་སུམ་བཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ། དཔེ་བྱད་བཟད་པོ་བརྒྱད་བཅུས་སྐུ་རྣམ་པར་མཛེས་པ། འོད་འདོམ་གང་གིས་གཟུགས་ཅན་བརྒྱན་པ། ཉི་མ་སྟོང་བས་ལྷག་པའི་འོད་དང་ལྡན་པ། རིན་པོ་ཆེའི་རི་པོ་འགྲོ་བ་ལྟར་ཀུན་ཏུ་བཟང་བ། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་མ་འདྲེས་པའི་ལྡན་པ་ཉེ་བར་གཞག་པ་གསུམ་དང་། ཐུགས་རྗེ་ཆེན་པོ་དང་ལྡན་པ། འཇིག་རྟེན་ལ་ཕན་པར་ཞུགས་སོ། སྲུང་བ་གཅིག་པུ་པ། ཉག་གཅིག་དཔའ་བ། གཉིས་པ་མེད་པ། གཉིས་སུ་མི་གསུང་བ། ཞི་གནས་དང་། ལྷག་མཐོང་གིས་བཞུགས་པ་རིག་པ་གསུམ་གསལ་བར་མཛད་པ། བསླབ་པ་གསུམ་ལ་ལེགས་པར་བསླབས་པ། དུལ་བའི་གནས་གསུམ་གྱི་གཞི་ལ་མཁས་པ། ཆུ་བོ་བཞི་ལས་རྒལ་བ། རྫུ་འཕྲུལ་གྱི་རྐང་པ་བཞིས་སྤྱོད་པའི་གཞིལ་ལེགས་པར་གནས་པ། བསྡུ་བའི་དངོས་པོ་བཞི་ལ་ཡུན་རིང་པོ་ནས་ཡོངས་སུ་སྦྱང་བ་མཛད་པ། མི་འཇིག་པ་བཞིས་བསྙེངས་པ་མི་མངའ་བ། ཡན་ལག་ལྔ་སྤངས་པ། འགྲོ་བ་ལྔ་ལས་ཡང་དག་པར་འདས་པ་། ཡན་


DKG006_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

ལག་དྲུག་དང་ལྡན་པ། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པ། རྟག་ཏུ་གནས་པ་དྲུག་གིས་གནས་པ། བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་མེ་ཏོག་གིས་ཕྱུག་པ། ལམ་གྱི་ཡན་ལག་བརྒྱད་སྟོན་པ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་མཁས་པ། སྟོབས་བཅུའི་སྟོབས་དང་ལྡན་པ། ཕྱོགས་བཅུར་སྙན་པས་ཡང་དག་པར་རྒྱས་པ། བརྒྱ་ཕྲག་བཅུར་དབང་སྒྱུར་བ་ལས་ཁྱད་པར་དུ་འཕགས་པ། འཁོར་ཉན་ཐོས་ཆེན་པོ་ཚེ་དང་ལྡན་པ་ལྟེང་རྒྱས་འོད་སྲུང་དང་། ག་ཡ་འོད་སྲུང་དང་། ཆུ་ལྐུང་འོད་སྲུང་ལ་སོགས་པ་སྔོན་གྱི་རལ་པ་ཅན་སྟོང་དང་། ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་ཆེན་པོ་ལ་སོགས་པ་དགེ་སློང་གི་དགེ་འདུན་མང་པོས་མདུན་དུ་བདར་ཏེ་ཀོ་ས་ལ་དག་ཏུ་ལྗོངས་རྒྱུར་གཤེགས་སོ། །སངས་རྒྱས་བཅོམ་ལྡན་འདས་ལྗོངས་རྒྱུར་གཤེགས་པ་རྣམས་ནི་ཆོས་ཉིད་ཀྱིས་སྐུ་ཐམས་ཅད་ཀྱིས་གཡས་ཕྱོགས་སུ་གླང་པོ་ཆེའི་ལྟ་སྟངས་ཀྱིས་ལ་ལས་ལེགས་པར་མ་བགོས་པ་དང་། ལེགས་པར་མ་བཅངས་པར་མ་གྱུར་ཏམ་སྙམ་དུ་རྣམ་པར་གཟིགས་པར་མཛད་པས་བཅོམ་ལྡན་འདས་ཀྱིས་སྐུ་ཐམས་ཅད་ཀྱིས་གཡས་ཕྱོགས་སུ་གླང་པོ་ཆེའི་ལྟ་སྟངས་ཀྱིས་རྣམ་པར་གཟིགས་པ་ན་ཚེ་དང་ལྡན་པ་ཆོས་ཆོས་གོས་སྟོད་གཡོགས་སྨང་གཡོགས་དང་བཅས་པས་ལྗོངས་རྒྱུར་འགྲོ་བ་གཟིགས་སོ། །གཟིགས་ནས་ཀྱང་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་དགེ་སློང་དབྱར་གནས་པ་རྣམས་ཀྱིས་ཆོས་གོས་ཀྱི་རྙེད་པ་མ་གྲུབ་བམ། བཅོམ་ལྡན་འདས་གྲུབ་བོ། །འོ་ན་ཅིའི་ཕྱིར་དགེ་སློང་ཆོས་ཆོས་གོས་སྟོད་གཡོགས་སྨད་གཡོགས་དང་བཅས་པས་ལྗོངས་རྒྱུར་འགྲོ། །དེས་སྐབས་དེ་བཅོམ་ལྡན་འདས་ལ་རྒྱས་པར་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དགེ་སློང་དག་དགེ་སློང་ལ་གོས་བྱིན་ནས་འཕྲོག་པར་བྱེད་དམ། བཙུན་པ་འཕྲོག་པར་བགྱིད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ་ཞེས་བྱ་བ་


DKG006_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་རྨས་པ། དགའ་བོ་ཁྱོད་ཀྱིས་དགེ་སློང་ལ་གོས་བྱིན་ནས་ཡང་ཕྱིར་ཕྲོགས་པ་བདེན་ནམ། བཙུན་པ་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་ཡིན་པ། རུང་བ་མ་ཡིན་པ། རྗེས་སུ་མཐུན་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་པར་སྨད་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས། འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་དགེ་སློང་ལ་གོས་བྱིན་ནས་དེའི་འོག་ཏུ་ཁྲོས་འཁྲུགས་རྔམ་པར་གྱུར་ཏེ་ཡིད་མ་རངས་ནས་འཕྲོག་གམ་འཕྲོག་ཏུ་འཇུད་ཅིང་། དེ་ལ་འདི་སྐད་ཅེས་དགེ་སློང་ཁྱོད་ལ་གོས་མི་སྦྱིན་གྱིས་ཕྱིར་བྱིན་ཅིག་ཅེས་ཟེར་ན་དགེ་སློང་དེས་ལྷག་མ་ཡོད་པ་ཕྱིར་སྦྱིན་པར་བྱ་ཞིང་བཏང་ན་སྤང་བའི་ལྟུང་བྱེད་དོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་ཤཱཀྱའི་བུ་དགའ་བོའམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །དགེ་སློང་ལ་ཞེས་བྱ་བ་ནི་ཆོས་འདི་པའོ། །གོས་ཞེས་བྱ་བ་ནི་བདུན་པོ་བལ་གོས་དང་། ཤ་ནའི་གོས་དང་། ཟར་མའི་གོས་དང་། དུ་གུལའི་གོས་དང་། རས་བལ་གྱི་གོས་དང་། ཀོ་ཏམ་པའི་གོས་དང་། ཉི་འོག་གི་གོས་ལས་གང་ཡང་རུང་བའོ། །བྱིན་ནས་ཞེས་བྱ་བ་ནི་ཕྱིར་སྦྱིན་མི་དགོས་པར་རོ་དེའི་འོག་ཏུ་ཞེས་བྱ་བ་ནི་དུས་གཞན་ནའོ། །ཁྲོས་འཁྲུགས་རྔམ་པར་གྱུར་ཏེ་ཡིད་མ་རངས་ནས་ཞེས་བྱ་བ་ནི་ཁྲོ་བ་མ་སངས་པར་རོ། །འཕྲོག་གམ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སོ། །འཕྲོག་ཏུ་འཇུད་ཅིང་ཞེས་བྱ་བ་ནི་གཞན་ནོ། །


DKG006_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་སློང་དགེ་ཞེས་བྱ་བ་ནི་དགེ་སློང་གང་ཡིན་པ་དེས་སོ། །ལྷག་མ་ཡོད་པ་ཞེས་བྱ་བ་ནི་དེའི་ལྷག་མ་གང་ཡོད་པའོ། །ཕྱིར་སྦྱིན་པར་བྱ་ཞིང་ཞེས་བྱ་བ་ནི་གཏང་བར་བྱ་ཞིང་ངོ་། །བཏང་ན་ཞེས་བྱ་བ་ནི་ལུས་དང་བྲལ་བར་བྱས་ནའོ། །སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་དངོས་པོ་དེ་སྤངས་ནས་ལྟུང་བྱེད་ཀྱི་ལྟུང་བ་བཤགས་པར་བྱ་བ་སྟེ། དེས་ན་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། ལུས་གཡོ་བར་བྱེད་པ་དང་། ཚིག་རྗོད་པར་བྱེད་པ་དང་། དེ་གཉིས་ཀ་དང་ལྡན་པ་དང་། གཞན་དག་གིས་སོ། དེ་ལ་ཇི་ལྟར་ལུས་གཡོ་བར་བྱེད་པས་ཞེ་ན། །དགེ་སློང་གིས་དགེ་སློང་ལ་གོས་བྱིན་ནས་དེའི་འོག་ཏུ་ཁྲོས་འཁྲུགས་རྔམ་པར་གྱུར་ཏེ་ཡི་མ་རངས་ནས་ལུས་ཀྱིས་རྟུལ་བར་བྱེད་ཅིང་འདྲེན་པར་བྱེད་ཁྲིད་པར་བྱེད་ལ། ཚིག་གིས་དགེ་སློང་ཁྱོད་ལ་གོས་མི་སྦྱིན་གྱིས་ཕྱིར་བྱིན་ཅིག་ཅེས་ནི་མི་ཟེར་ན་ཇི་སྲིད་དུ་གོས་ཀྱི་གྲྭ་ལུས་ལས་བྲལ་བར་མི་བྱེད་པ་དེ་སྲིད་དུ་ཉེས་བྱས་སུ་འགྱུར་ལ། གོས་ཀྱི་གྲྭ་ལུས་ལ་བྲལ་བར་བྱེད་ན་སྤང་བའི་ལྟུང་བྱེད་དུ་འགྱུར་ཏེ། དེ་ལྟར་ལུས་གཡོ་བར་བྱེད་པས་སོ། །ཇི་ལྟར་ཚིག་རྗོད་པར་བྱེད་པས་ཞེ་ན། དགེ་སློང་གིས་དགེ་སློང་ལ་གོས་བྱིན་ནས་དེའི་འོག་ཏུ་ཁྲོས་འཁྲུགས་རྔམ་པར་གྱུར་ཏེ་ཡིད་མ་རངས་ནས་དགེ་སློང་ཁྱོད་ལ་གོས་མི་སྦྱིན་གྱིས་ཕྱིར་བྱིན་ཅིག་ཅེས་ཚིག་རྗོད་པར་བྱེད་ལ་ལུས་ཀྱིས་རྟུལ་བར་མི་བྱེད་ན་ཇི་སྲིད་དུ་གོས་ཀྱི་གྲྭ་ལུས་ལས་བྲལ་བར་མི་བྱེད་པ་དེ་སྲིད་དུ་ཉེས་བྱས་སུ་འགྱུར་ལ། གོས་ཀྱིས་གྲྭ་ལུས་ལས་བྲལ་བར་བྱེད་ན་སྤང་བའི་ལྟུང་བྱེད་དུ་འགྱུར་ཏེ། དེ་ལྟར་ཚིག་རྗོད་པར་བྱེད་པས་སོ། །ཇི་ལྟར་དེ་གཉིས་ཀ་དང་ལྡན་པས་ཞེས་དགེ་སློང་གིས་དགེ་སློང་ལ་གོས་བྱིན་ནས་དེའི་འོག་ཏུ་ཁྲོས་འཁྲུགས་རྔམ་པར་གྱུར་ཏེ་ཡིད་མ་རངས་ནས་ལུས་ཀྱིས་ཀྱང་རྟུལ་བར་བྱེད་ཅིང་ཚིག་གིས་ཀྱང་དགེ་སློང་ཁྱོད་ལ་གོས་མི་སྦྱིན་གྱིས་ཕྱིར་བྱིན་ཅིག་ཅེས་ཟེར་ན་ཇི་སྲིད་དུ་གོས་ཀྱི་གྲྭ་ལུས་ལས་བྲལ་བར་མི་བྱེད་པ་དེ་སྲིད་དུ་ཉེས་བྱས་སུ་འགྱུར་ལ། གོས་ཀྱི་གྲྭ་ལུས་ལས་བྲལ་བར་བྱེད་ན་སྤང་བའི་ལྟུང་བྱེད་དུ་འགྱུར་ཏེ། དེ་ལྟར་གཉིས་ཀ་དང་ལྡན་པས་སོ། །ཇི་ལྟར་གཞན་


DKG006_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

དག་གིས་ཞེ་ན་དགེ་སློང་གིས་དགེ་སློང་ལ་གོས་བྱིན་ནས་དེའི་འོག་ཏུ་ཁྲོས་འཁྲུགས་རྔམ་པར་གྱུར་ཏེ་ཡིད་མ་རངས་ནས་དགེ་སློང་འཕྲོག་ཏུ་འཇུད་ན་ཇི་སྲིད་དུ་གོས་ཀྱི་གྲྭ་ལུས་ལས་བྲལ་བར་མི་བྱེད་པ་དེ་སྲིད་དུ་གཉིས་ཀ་ལ་ཉེས་བྱས་རེ་རེར་འགྱུར་ལ། གོས་ཀྱི་གྲྭ་ལུས་ལས་བྲལ་བར་བྱེད་ན་གཉིས་ལ་སྤང་བའི་ལྟུང་བྱེད་རེ་རེར་འགྱུར་རོ། །དགེ་སློང་གིས་དགེ་སློང་ལ་གོས་བྱིན་ནས་དེའི་འོག་ཏུ་ཁྲོས་འཁྲུགས་རྔམ་བར་གྱུར་ཏེ་ཡིད་མ་རངས་ནས་དགེ་སློང་མ་འཕྲོག་ཏུ་འཇུད་ན་ཇི་སྲིད་དུ་གོས་ཀྱི་གྲྭ་ལུས་ལས་བྲལ་བར་མི་བྱེད་པ་དེ་སྲིད་དུ་གཉིས་ཀ་ལ་ཉེས་བྱས་རེ་རེར་འགྱུར་ལ། གོས་ཀྱི་གྲྭ་ལུས་ལས་བྲལ་བར་བྱེད་ན་དགེ་སློང་མ་ལ་ཉེས་བྱས་ཉིད་དུ་འགྱུར་ལ། དགེ་སློང་ལ་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་དགེ་སློང་ལ་གོས་བྱིན་ནས་དེའི་འོག་ཏུ་ཁྲོས་འཁྲུགས་རྔམ་པར་གྱུར་ཏེ་ཡིད་མ་རངས་ནས་དགེ་སློབ་མ་འཕྲོག་ཏུ་འཇུད་ན་ཇི་སྲིད་དུ་གོས་ཀྱི་གྲྭ་ལུས་ལས་བྲལ་བར་མི་བྱེད་པ་དེ་སྲིད་དུ་གཉིས་ཀ་ལ་ཉེས་བྱས་རེ་རེར་འགྱུར་ལ་གོས་ཀྱི་གྲྭ་ལུས་ལས་བྲལ་བར་བྱེད་ན་དགེ་སློང་མ་ལ་ཉེས་བྱས་ཉིད་དུ་འགྱུར་ལ། དགེ་དསློང་ལ་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་དགེ་སློང་ལ་གོས་བྱིན་ནས་དེའི་འོག་ཏུ་ཁྲོས་འཁྲུགས་རྔམ་པར་གྱུར་ཏེ་ཡིད་མ་རངས་ནས་དགེ་ཚུལ་འཕྲོག་ཏུ་འཇུན་ཇི་སྲིད་དུ་གོས་ཀྱི་གྲྭ་ལུས་ལས་བྲལ་བར་མི་བྱེད་ཕ་དེ་སྲིད་དུ་གཉིས་ཀ་ལ་ཉེས་བྱས་རེ་རེར་འགྱུར་རོ། །གོས་ཀྱི་གྲྭ་ལུས་ལས་བྲལ་བར་བྱེད་ན་དགེ་ཚུལ་ལ་ཉེས་བྱས་ཉིད་དུ་འགྱུར་ལ། །དགེ་སློང་ལ་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་དགེ་སློང་ལ་གོས་བྱིན་ནས་དེའི་འོག་ཏུ་ཁྲོས་འཁྲུགས་རྔམ་པར་གྱུར་ཏེ་ཡིད་མ་རངས་ནས་དགེ་ཚུལ་མ་འཕྲོག་ཏུ་འཇུད་ན་ཇི་སྲིད་དུ་གོས་ཀྱིས་གྲྭ་ལུས་ལས་བྲལ་བར་མི་བྱེད་པ་དེ་སྲིད་དུ་གཉིས་ཀ་ལ་ཉེས་བྱས་རེ་རེར་འགྱུར་ལ། གོས་ཀྱི་གྲྭ་ལུས་ལས་བྲལ་བར་བྱེད་ན་དགེ་ཚུལ་མ་ལ་ཉེས་བྱས་ཉིད་དུ་འགྱུར་ལ། དགེ་སློང་ལ་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་དགེ་སློང་ལ་གོས་བྱིན་ནས་དེའི་འོག་ཏུ་ཁྲོས་འཁྲུགས་རྔམ་པར་གྱུར་ཏེ་ཡིད་མ་རངས་ནས་ཁྱིམ་པ་འཕྲོག་ཏུ་འཇུད་ན་ཇི་སྲིད་དུ་གོས་ཀྱི་གྲྭ་ལུས་ལས་བྲལ་བར་མི་


DKG006_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་དེ་སྲིད་དུ་ཁྱིམ་པ་ལ་བསོད་ནམས་མ་ཡིན་པ་མང་པོ་སྐྱེ་བར་འགྱུར་ཞིང་། དགེ་སློང་ལ་ཉེས་བྱས་སུ་འགྱུར་ལ། གོས་ཀྱི་གྲྭ་ལུས་ལས་བྲལ་བར་བྱེད་ན་ཁྱིམ་པ་ལ་བསོད་ནམས་མ་ཡིན་པ་ཆེས་མང་དུ་སྐྱེ་བར་འགྱུར་ཞིང་། དགེ་སློང་ལ་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་དགེ་སློང་ལ་གོས་བྱིན་ནས་དེའི་འོག་ཏུ་ཁྲོས་འཁྲུགས་རྔམ་པར་གྱུར་ཏེ་ཡིད་མ་རངས་ནས་ཁྱིམ་པ་མོ་འཕྲོག་ཏུ་འཇུད་ན་ཇི་སྲིད་དུ་གོས་ཀྱི་གྲྭ་ལུས་ལས་བྲལ་བར་མི་བྱེད་པ་དེ་སྲིད་དུ་ཁྱིམ་པ་མོ་ལ་བསོད་ནམས་མ་ཡིན་པ་མང་དུ་སྐྱེ་བར་འགྱུར་ཞིང་། དགེ་སློང་ལ་ཉེས་བྱས་སུ་འགྱུར་ལ་། གོས་ཀྱི་གྲྭ་ལུས་ལས་བྲལ་བར་བྱེད་ན་ཁྱིམ་པ་མོ་ལ་བསོད་ནམས་མ་ཡིན་པ་ཆེས་མང་དུ་སྐྱེ་བར་འགྱུར་ཞིང་། དགེ་སློང་ལ་སྤང་བའི་ལྟུ་བྱེད་དུ་འགྱུར་ཏེ། དེ་ལྟར་གཞན་དག་གིས་སོ། །དོན་གཞན་དང་འདུལ་བའི་ཡོ་བྱད་ཀྱིས་ནི་ལྟུང་བ་མེད་དོ། །ཇི་ལྟར་དོན་གཞན་གྱིས་ཞེ་ན་། འདི་ལྟ་སྟེ། སློབ་དཔོན་དང་། མཁན་པོའ་ལྷན་ཅིག་གནས་པ་དང་། ཉེ་གནས་དག་འཇིགས་པ་དང་བཅས་པའི་ཕྱོགས་སུ་དུས་མ་ཡིན་པ་དང་། ཆུ་ཀླུང་གི་ཁའམ། ཡུར་པོ་ཆེའི་ཁར་འགྲོ་བ་དེ་དག་ལ་སློབ་དཔོན་དང་། མཁན་པོས་ཆོས་རྐུན་པ་དང་། གཡོན་ཅན་དག་གིས་གོས་དག་ཕྲོགས་པར་གྱུར་ན་མི་རུང་ངོ་སྙམ་པས་འཕྲོག་གམ། འཕྲོག་ཏུ་འཇུད་པ་སྟེ། དེ་ལྟར་དོན་གཞན་གྱིས་སོ། །ཇི་ལྟར་འདུལ་བའི་ཡོ་བྱད་ཀྱིས་ཞེ་ན། འདི་ལྟ་སྟེ། དགེ་སློང་རྣམས་ཀྱི་ལྷན་ཅིག་གནས་པ་དང་། ཉེ་གནས་དག་སྡིག་པའི་གྲོགས་པོ་དང་། སྡིག་པའི་ཟླ་བོ་དང་། སྡིག་པའི་སྟེན་གྲོགས་དག་དང་ལྷན་ཅིག་སྡིག་པ་སྟེན་ཅིང་ལམ་དུ་འགོར་བར་གྱུར་ན་དེ་དག་ལ་མཁན་པོ་དང་། སློབ་དཔོན་གྱིས་འདི་དག་སྡིག་པའི་གྲོགས་པོ་དང་། སྡིག་པའི་ཟླ་བོ་དང་། སྡིག་པའི་སྟེན་གྲོགས་ལ་སྟེན་པར་གྱུར་ན་མི་རུང་ངོ་སྙམ་པས་གོས་དག་འཕྲོག་གམ་འཕྲོག་ཏུ་འཇུད་པ་སྟེ། དེ་ལྟ་རའདུལ་བའི་ཡོ་བྱད་ཀྱིས་སོ། །ལས་དང་པོ་བ་དང་། སྨྱོས་བ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །འཕྲོག་པའི་སྤང་བ་སྟེ་ཉི་ཤུ་ལྔ་པ་རྫོགས་སོ།། །།


previousཉི་ཤུ་ལྔ་པ། འཕྲོག་པའི་སྤང་བ་བསྟན་པ།next