Nitartha Digital Library
Tibetan
 
previousབཅུ་ཚན་བཞི་པ། ཡང་ཡང་ཟ་བ་ལ་སོགས་པའི་སྡེ་ཚན། next

བཅུ་ཚན་བཞི་པ། ཡང་ཡང་ཟ་བ་ལ་སོགས་པའི་སྡེ་ཚན།


DKG007_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

སྡོམ་ལ། ཡང་ཡང་དང་ནི་འདུག་གནས་གཅིག །ཕྱེ་དང་བཅའ་དང་སྟོབས་པ་དང་། །འདུས་དང་དུས་མིན་སོགས་འཇོག་དང་། །ཁ་ནས་མིད་དང་བསོད་པ་ཉིད། །སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་འོད་མའི་ཚལ་ཀ་ལན་ད་ཀའི་གནས་ན་བཞུགས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་ཆེན་པོ་གཉིས་ཀྱི་ཀུན་དུ་སྤྱོད་པ་ནི་དུས་དང་དུས་སུ་སེམས་ཅན་དམྱལ་བ་རྒྱུ་བ་དང་། དུད་འགྲོ་རྒྱུ་བ་དང་། ཡི་དགས་རྒྱུ་བ་དང་། ལྷ་རྒྱུ་བ་དང་། མི་རྒྱུར་འགྲོ་བ་ཡིན་པས་དེ་གཉིས་ཀྱིས་དེ་དག་ཏུ་བརྒྱུས་ནས་འཛམ་བུའི་གླིང་དུ་འོངས་ཏེ་འཁོར་བཞི་པོ་དག་ལ་སེམས་ཅན་དམྱལ་བ་པའི་སེམས་ཅན་རྣམས་ཀྱི་དབྱུང་བ་དང་། གཏུབ་པ་དང་། གཅད་པ་དང་། གཤེག་པ་ལ་སོགས་པའི་སྡུག་བསྔལ་དང་། དུད་འགྲོ་རྣམས་གཅིག་ལ་གཅིག་ཟ་བ་ལ་སོགས་པའི་སྡུག་བསྔལ་དང་། ཡི་དགས་རྣམས་ཀྱི་བཀྲེས་པ་དང་། སྐོམ་པ་ལ་སོགས་པའི་སྡུག་བསྔལ་དང་། ལྷ་རྣམས་ཀྱི་འཆི་འཕོ་དང་། ལྟུང་བ་དང་། རྣམ་པར་འཐོར་བ་དང་། རྣམ་པར་འཇིག་པ་ལ་སོགས་པའི་སྡུག་བསྔལ་དང་། མི་རྣམས་ཀྱི་ཚོལ་བ་དང་། ཆགས་པ་ལ་སོགས་པའི་སྡུག་བསྔལ་གང་དག་ཡིན་པ་དེ་དག་རྗོད་པར་བྱེད་པས་གང་ལ་ལའི་ལྷན་ཅིག་གནས་པ་དང་། ཉེ་གནས་ཚངས་པར་སྤྱོད་པ་ལ་མངོན་པར་མི་དགའ་བ་དེ་དག་དེས་ཁྲིད་དེ་ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་ཆེན་པོ་གཉིས་ག་ལ་བ་དེར་སོང་སྟེ། ཕྱིན་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་ཆེན་པོ་གཉིས་ལ་ཡང་དག་


DKG007_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

པར་འདོམས་སུ་འཆོལ་བར་བྱེད། ཡང་དག་པར་རྗེས་སུ་སྟོན་དུ་འཆོལ་བར་བྱེད་ཅིང་། ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་ཆེན་པོ་གཉིས་ཀྱང་དེ་ལ་ཡང་དག་པར་འདོམས་པར་བྱེད། ཡང་དག་པར་རྗེས་སུ་སྟོན་པར་བྱེད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་ཆེན་པོ་གཉིས་ཀྱིས་ཡང་དག་པར་གཏམས་ཤིང་། ཡང་དག་པར་རྗེས་སུ་བསྟན་པ་ན་དེ་དག་ཚངས་པར་སྤྱོད་པ་ལ་མངོན་པར་དགའ་ཞིང་གོང་དུ་ཁྱད་པར་ཡང་རྟོག་པར་བྱེད་དོ། །དེའི་ཚེ་ན་ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་ཆེན་པོ་གཉིས་འཁོར་བཞི་པོ་དག་གིས་ཀུན་དུ་བསྐོར་ཅིང་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་གང་གིས་དགེ་སློང་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་གཉིས་འཁོར་བཞི་པོ་དག་གིས་ཀུན་དུ་བསྐོར་ཅིང་འཁོད་པའི་རྒྱུ་ནི་གང་ཡིན། རྐྱེན་ནི་གང་ཡིན། བཙུན་པ་ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་ཆེན་པོ་གཉིས་ཀྱི་ཀུན་དུ་སྤྱོད་པ་ནི་དུས་དང་དུས་སུ་སེམས་ཅན་དམྱལ་བ་རྒྱུ་བ་དང་། དུད་འགྲོ་རྒྱུ་བ་དང་། ཡི་དགས་རྒྱུ་བ་དང་། ལྷ་རྒྱུ་བ་དང་། མི་རྒྱུར་མཆི་བ་ལགས་པས། དེ་གཉིས་ཀྱིས་དེ་དག་ཏུ་བརྒྱུས་ནས་འཛམ་བུའི་གླིང་དུ་མཆིས་ཏེ་འཁོར་བཞི་པོ་དག་ལ་སེམས་ཅན་དམྱལ་བ་པའི་སེམས་ཅན་རྣམས་ཀྱི་དབྱུང་བ་དང་། གཏུབ་པ་དང་། གཅད་པ་དང་། གཤེག་པ་ལ་སོགས་པའི་སྡུག་བསྔལ་དང་། དུད་འགྲོ་རྣམས་ཀྱི་གཅིག་ལ་གཅིག་འཚལ་བ་ལ་སོགས་པའི་སྡུག་བསྔལ་དང་། ཡི་དགས་རྣམས་ཀྱི་བཀྲེས་པ་དང་། སྐོམ་པ་ལ་སོགས་པའི་སྡུག་བསྔལ་དང་། ལྷ་རྣམས་ཀྱི་འཆི་འཕོ་དང་། ལྟུང་བ་དང་། རྣམ་པར་འཐོར་བ་དང་། རྣམ་པར་འཇིག་པ་ལ་སོགས་པའི་སྡུག་བསྔལ་དང་། མི་རྣམས་ཀྱི་ཚོལ་བ་དང་། ཆགས་པ་ལ་སོགས་པའི་སྡུག་བསྔལ་གང་དག་ལགས་པ་དེ་དག་རྗོད་པར་བགྱིད་པས་གང་ལ་ལའི་ལྷན་ཅིག་གནས་པ་དང་། ཉེ་གནས་ཚངས་པར་སྤྱོད་པ་ལ་མངོན་པར་མི་དགའ་བ་དེ་དག་དེས་ཁྲིད་དེ་


DKG007_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་ཆེན་པོ་གཉིས་ག་ལ་བ་དེར་མཆིས་ཏེ། མཆིས་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་ཆེན་པོ་གཉིས་ལ་ཡང་དག་པར་འདོམས་སུ་འཆོལ་བར་བགྱིད། ཡང་དག་པར་རྗེས་སུ་སྟོན་དུ་འཆོལ་བར་བགྱིད་ཅིང་ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་ཆེན་པོ་གཉིས་ཀྱང་དེ་དག་ལ་ཡང་དག་པར་འདོམས་པར་བགྱིད་ཡང་དག་པར་རྗེས་སུ་སྟོན་པར་བགྱིད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་ཆེན་པོ་གཉིས་ཀྱིས་ཡང་དག་པར་གཏམས་ཤིང་། ཡང་དག་པར་རྗེས་སུ་བསྟན་པ་ན་དེ་དག་ཚངས་པར་སྤྱོད་པ་ལ་མངོན་པར་དགའ་ཞིང་གོང་དུ་ཁྱད་པར་ཡང་རྟོག་པར་བགྱིད་དེ། བཙུན་པ་ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་ཆེན་པོ་གཉིས་འཁོར་བཞི་པོ་དག་གིས་ཀུན་དུ་བསྐོར་ཅིང་། མཆིས་པའི་རྒྱུ་ནི་དེ་ལགས། རྐྱེན་ནི་དེ་ལགས་སོ། །ཀུན་དགའ་བོ་ཐམས་ཅད་དུ་དགེ་སློང་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་ཆེན་པོ་གཉིས་དང་། ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་ཆེན་པོ་གཉིས་ལྟ་བུ་དག་མི་འབྱུང་བས་དེའི་ཕྱིར་སྒོ་ཁང་དུ་ཆ་ལྔ་པའི་འཁོར་ལོ་བྲི་བར་རྗེས་སུ་གནང་ངོ་། །བཅོམ་ལྡན་འདས་ཀྱིས་སྒོ་ཁང་དུ་ཆ་ལྔ་པའི་འཁོར་ལོ་བྲི་བར་བྱའོ། །ཞེས་བཀའ་སྩལ་ནས། དགེ་སློང་རྣམས་ཀྱིས་ཇི་ལྟར་བྲི་བ་མི་ཤེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འགྲོ་བ་ལྔ་པོ་སེམས་ཅན་དམྱལ་བའི་འགྲོ་བ་དང་། དུད་འགྲོའི་འགྲོ་བ་དང་། ཡི་དགས་ཀྱི་འགྲོ་བ་དང་། ལྷའི་འགྲོ་བ་དང་། མིའི་འགྲོ་བ་བྲི་བར་བྱའོ། །དགེ་སློང་རྣམས་ཀྱིས་གང་དུ་གང་བྲི་བར་བྱ་བ་མི་ཤེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཐར་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་ཀྱི་འགྲོ་བ་བྲི་བར་བྱའོ། །ཤར་གྱི་ལུས་འཕགས་དང་། ནུབ་ཀྱི་བ་ལང་སྤྱོད་དང་། བྱང་གི་སྒྲ་མི་སྙན་དང་། འཛམ་བུའི་གླིང་ཡང་བྲི་བར་བྱའོ། །དབུས་སུ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དག་བྲི་བར་བྱའོ། །སངས་རྒྱས་ཀྱི་


DKG007_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་གཟུགས་མྱ་ངན་ལས་འདས་པའི་དཀྱིལ་འཁོར་དཀར་པོ་སྟོན་པར་བྲི་བར་བྱའོ། །རྫུས་ཏེ་སྐྱེས་པའི་སེམས་ཅན་ཟོ་ཆུན་རྒྱུད་མའི་ཚུལ་གྱིས་འཆི་འཕོ་བ་དང་སྐྱེ་བ་དག་ཀྱང་བྲི་བར་བྱའོ། །ཁོ་ར་ཁོར་ཡུག་ཏུ་རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་ལུགས་སུ་འབྱུང་བ་དང་ལུགས་ལས་བཟློག་པ་དག་བྲི་བར་བྱ་ཞིང་ཐམས་ཅད་མི་རྟག་པས་བཟུང་བར་བྲི་བར་བྱའོ། །ཚིགས་སུ་བཅད་པ་གཉིས་པོ། བརྩམ་པར་བྱ་ཞིང་དབྱུང་བར་བྱ། །སངས་རྒྱས་བསྟན་ལ་འཇུག་པར་བྱ། །འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན། །འཆི་བདག་སྡེ་ནི་གཞོམ་པར་བྱ། །གང་ཞིག་རབ་ཏུ་བག་ཡོད་པར། །ཆོས་འདུལ་འདི་ལ་སྤྱོད་འགྱུར་བ། །སྐྱེ་བའི་འཁོར་བ་རབ་སྤངས་ནས། །སྡུག་བསྔལ་ཐ་མར་བྱེད་པར་འགྱུར། །ཞེས་བྱ་བ་ཡང་བྲི་བར་བྱའོ། །བཅོམ་ལྡན་འདས་ཀྱིས་སྒོ་ཁང་དུ་ཆ་ལྔ་པའི་འཁོར་ལོ་བྲི་བར་བྱའོ། །ཞེས་བཀའ་སྩལ་ནས། དགེ་སློང་རྣམས་ཀྱིས་སྒོ་ཁང་དུ་ཆ་ལྔ་པའི་འཁོར་ལོ་འདྲིར་བཅུག་པ་དང་། བྲམ་ཟེ་དང་། ཁྱིམ་བདག་དག་ལྷགས་ནས་འཕགས་པ་དག་བྲིས་པ་འདི་ཅི་ལགས་ཞེས་འདྲི་བ་ན། དེ་དག་གིས་ཁོ་བོ་ཅག་གིས་ཀྱང་མི་ཤེས་སོ་ཞེས་སྨྲས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེར་བྲམ་ཟེ་དང་། ཁྱིམ་བདག་འོངས་ཤིང་ལྷགས་པ་རྣམས་ལ་དེ་སྟོན་པར་འགྱུར་བའི་དགེ་སློང་བསྐོ་བར་བྱའོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་བསྐོ་བར་བྱའོ་ཞེས་བཀའ་སྩལ་ནས། དེ་དག་བྱེ་བྲག་མེད་པར་བྱིས་པ་ཡང་རུང་། རྨོངས་པ་ཡང་རུང་། མི་གསལ་བ་ཡང་རུང་། མི་མཁས་པ་ཡང་རུང་བ་ལས་བསྐོ་བར་བྱེད་ནས་དེ་དག་བདག་ཉིད་ཀྱིས་ཀྱང་མི་ཤེས་ན་བྲམ་ཟེ་དང་ཁྱིམ་བདག་འོངས་ཤིང་ལྷགས་པ་རྣམས་ལ་སྟོན་པར་འགྱུར་བ་ལྟ་ག་ལ་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནུས་པ་ལས་བསྐོ་བར་བྱའོ། །རྒྱལ་པོའི་ཁབ་ན་ཁྱིམ་བདག་ཅིག་འདུག་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་


DKG007_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་དེའི་བུ་བྱུང་ནས་དེས་ཆུང་མ་ལ་སྨྲས་པ། བཟང་མོ་བདག་ཅག་ནོར་འཕྲོག་པ། ལོངས་སྤྱོད་འཕྲོག་པ་བྱུང་གིས་ཁོ་བོ་ཟོང་ཐོགས་ཏེ་རྒྱ་མཚོ་ཆེན་པོར་འཇུག་གོ །རྗེའི་སྲས་དེ་ལྟར་མཛོད་ཅིག །དེ་ཟོང་ཐོགས་ཏེ་རྒྱ་མཚོ་ཆེན་པོར་ཞུགས་པ་དང་། དེ་དེ་ཉིད་དུ་ཚུལ་མ་ཡིན་པར་སྡུག་བསྔལ་བར་གྱུར་ཏོ། །ཆུང་མ་དེས་ཁྱེའུ་དེ་ཉེ་དུའི་སྟོབས་དང་། ལག་སྟོབས་ཀྱིས་བསྙོད་ཅིང་གསོས་ཏེ་བསྐྱེད་ནས་དེས་དེ་ཡི་གེ་དང་། ཡིག་འབྲུ་དག་སློབ་ཏུ་བཅུག་ནས་དེས་འཇིག་རྟེན་གྱི་གཏམ་རྒྱུད་ལ་ཤིན་ཏུ་མཁས་པར་གྱུར་ཏོ། །ཁྱེའུ་དེ་ནེའུ་ལྡངས་དང་ལྷན་ཅིག་འོད་མའི་ཚལ་དུ་སོང་སྟེ་གཙུག་ལག་ཁང་དུ་ཞུགས་པ་དང་། དེས་སྒོ་ཁང་ན་ཆ་ལྔ་པའི་འཁོར་ལོ་བྲིས་པ་མཐོང་ནས་དེས་དགེ་སློང་ལ་དྲིས་པ། འཕགས་པ་བྲིས་པ་འདི་ཅི་ལགས། དགེ་སློང་དེས་སྨྲས་པ། བཞིན་བཟངས་འདི་དག་ནི་འགྲོ་བ་ལྔ་སྟེ། སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་དང་། ལྷ་དང་། མི་དག་གོ །དེས་ཡང་དྲིས་པ། འཕགས་པ་འདི་དག་གིས་ལས་ཅི་བགྱིས་ན་ལས་དེའི་རྣམ་པར་སྨིན་པས་སེམས་ཅན་དམྱལ་བ་དག་ཏུ་སྐྱེས་ཤིང་དེས་ད་ལྟར་དབྱུང་བ་དང་། གཏུབ་པ་དང་། གཅད་པ་དང་། གཤེག་པ་ལ་སོགས་པའི་སྡུག་བསྔལ་ཉམས་སུ་མྱོང་བར་གྱུར། བཞིན་བཟངས་འདི་དག་གིས་མི་དགེ་བ་བཅུའི་ལས་ཀྱི་ལམ་དག་ཆེར་ཀུན་དུ་བསྟེན་ཅིང་གོམས་པར་བྱས་ལན་མང་དུ་བྱས་པས་ལས་དེའི་རྣམ་པར་སྨིན་པས་སེམས་ཅན་དམྱལ་བ་རྣམས་སུ་སྐྱེས་ཤིང་། དེ་ད་ལྟར་དབྱུང་བ་དང་། གཏུབ་པ་དང་། གཅད་པ་དང་། གཤེག་པ་ལ་སོགས་པའི་སྡུག་བསྔལ་དག་ཉམས་སུ་མྱོང་བར་གྱུར་ཏོ། །འཕགས་པ་འདི་དག་གིས་ཀྱང་ལས་ཅི་བགྱིས་ན་ལས་དེའི་རྣམ་པར་སྨིན་པས་དུད་འགྲོ་རྣམས་སུ་སྐྱེས་ཤིང་དེས་ད་ལྟར་གཅིག་ལ་གཅིག་འཚལ་བ་ལ་སོགས་པའི་སྡུག་བསྔལ་དག་ཉམས་སུ་མྱོང་བར་གྱུར། བཞིན་བཟངས་འདི་དག་གིས་ནི་མི་དགེ་བ་བཅུའི་ལས་ཀྱི་ལམ་དག་ཆེས་སྲབ་པ་དང་། ཆེས་ཆུང་བ་དག་ཀུན་དུ་བསྟེན་ཅིང་གོམས་པར་བྱས་ལན་མང་དུ་བྱས་པས་ལས་དེའི་རྣམ་པར་སྨིན་པས་དུད་འགྲོ་རྣམས་སུ་


DKG007_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་ཤིང་། དེ་ད་ལྟར་གཅིག་ལ་གཅིག་ཟ་བའི་སྡུག་བསྔལ་དག་ཉམས་སུ་མྱོང་བར་གྱུར་ཏོ། །འཕགས་པ་འདི་དག་གིས་ཀྱང་ལས་ཅི་བགྱིས་ན་ལས་དེའི་རྣམ་པར་སྨིན་པས་ཡི་དགས་རྣམས་སུ་སྐྱེས་ཤིང་དེས་ད་ལྟར་བཀྲེས་པ་དང་། སྐོམ་པ་ལ་སོགས་པའི་སྡུག་བསྔལ་དག་ཉམས་སུ་མྱོང་བར་གྱུར། བཞིན་བཟངས་འདི་དག་གིས་ནི་སེར་སྣ་ཀུན་དུ་བསྟེན་ཅིང་གོམས་པར་བྱས་ལན་མང་དུ་བྱས་པས་ལས་དེའི་རྣམ་པར་སྨིན་པས་ཡི་དགས་རྣམས་སུ་སྐྱེས་ཤིང་། དེས་ད་ལྟར་བཀྲེས་པ་དང་། སྐོམ་པ་ལ་སོགས་པའི་སྡུག་བསྔལ་དག་ཉམས་སུ་མྱོང་བར་གྱུར་ཏོ། །འཕགས་པ་འོ་ན་འདི་དག་གིས་ལས་ཅི་བགྱིས་ན་ལས་དེའི་རྣམ་པར་སྨིན་པས་ལྷ་རྣམས་སུ་སྐྱེས་ཤིང་དེས་ད་ལྟར་ལྷའི་བདེ་བ་དག་ཉམས་སུ་མྱོང་བར་གྱུར། བཞིན་བཟངས་འདི་དག་གིས་ནི་དགེ་བ་བཅུའི་ལས་ཀྱི་ལམ་ཆེར་ཀུན་དུ་བསྟེན་ཅིང་གོམས་པར་བྱས་ལན་མང་དུ་བྱས་པས་ལས་དེའི་རྣམ་པར་སྨིན་པས་ལྷ་རྣམས་སུ་སྐྱེས་ཤིང་དེས་ད་ལྟར་ལྷའི་བདེ་བ་དག་ཉམས་སུ་མྱོང་བར་གྱུར་ཏོ། །འཕགས་པ་འདི་དག་གིས་ལས་ཅི་བགྱིས་ན་ལས་དེའི་རྣམ་པར་སྨིན་པས་མི་རྣམས་སུ་སྐྱེས་ཤིང་དེས་ད་ལྟར་བདེ་བ་ཆུང་ངུ་ཉམས་སུ་མྱོང་བར་གྱུར། བཞིན་བཟངས་འདི་དག་གིས་ནི་དགེ་བ་བཅུའི་ལས་ཀྱི་ལམ་ཆུང་ངུ་ཀུན་དུ་བསྟེན་ཅིང་གོམས་པར་བྱས་ལན་མང་དུ་བྱས་པས་ལས་དེའི་རྣམ་པར་སྨིན་པས་མི་རྣམས་སུ་སྐྱེས་ཤིང་། དེས་ད་ལྟར་བདེ་བ་ཆུང་ངུ་ཉམས་སུ་མྱོང་བར་གྱུར་ཏོ། །འཕགས་པ་འདི་ལ་བདག་འགྲོ་བ་གསུམ་པོ་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་དག་ནི་མི་འཚལ་ལོ། །འགྲོ་བ་གཉིས་པོ་ལྷ་དང་། མི་གཉིས་ནི་འཚལ་ལོ། །འཕགས་པ་བདག་གིས་ལས་ཅི་བགྱིས་ན་དེས་བདག་ལྷར་སྐྱེ་བར་འགྱུར་བ་མཆིས་སམ། བཞིན་བཟངས་ཡོད་དོ། །གང་ལགས། བཞིན་བཟངས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་རབ་ཏུ་བྱུང་ལ་ཚངས་པར་སྤྱད་པ་སྤྱོད་ཅིག་དང་། གལ་ཏེ་ཚེ་འདི་ཉིད་ལ་ཀུན་ཤེས་པ་རྟོགས་པར་གྱུར་ན་དེ་ཉིད་ཁྱོད་ཀྱི་སྡུག་བསྔལ་གྱི་མཐའ་ཡིན་ནོ། །གལ་ཏེ་ཀུན་དུ་སྦྱོར་བ་ལྷག་མ་དང་བཅས་པས་དུས་བྱེད་པར་གྱུར་ན་


DKG007_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་ལྷ་རྣམས་སུ་སྐྱེ་བར་འགྱུར་རོ། །འཕགས་པ་ཡུན་ཇི་སྲིད་དུ། བཞིན་བཟངས་ཇི་སྲིད་འཚོའི་བར་དུའོ། །དེ་ནི་རྔོ་མི་ཐོག་ན་ཐབས་གཞན་འགའ་མཆིས་སམ་ཡོད་དོ། །གང་ལགས། བཞིན་བཟངས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སྔར་ཚངས་པར་སྤྱོད་པའི་གཞི་དག་ལོང་ཤིག །འཕགས་པ་ཡུན་ཇི་སྲིད་དུ། བཞིན་བཟངས་ཇི་སྲིད་འཚོའི་བར་དུའོ། །འཕགས་པ་དེ་ཡང་རྔོ་མི་ཐོག་ན་ཐབས་གཞན་ཅི་མཆིས། ཡོད་དོ། །གང་ལགས། བཞིན་བཟངས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་གདུགས་ཚོད་གསོལ་ཅིག་དང་། ལྷ་རྣམས་སུ་སྐྱེ་བར་འགྱུར་རོ། །འཕགས་པ་ཀཱར་ཥཱ་པ་ཎ་དུ་ཙམ་དག་གིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་གདུགས་ཚོད་ཁྱེད་པར་འགྱུར། བཞིན་བཟངས་ཀཱར་ཥཱ་པ་ཎ་ལྔ་བརྒྱས་སོ། །འཕགས་པ་དེ་ནི་རྔོ་ཐོག་གོ་ཞེས་དེས་དགེ་སློང་དེའི་རྐང་པ་ལ་ཕྱག་འཚལ་ཏེ་སོང་ནས་རང་གི་ཁྱིམ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་མ་ལ་འདི་སྐད་ཅེས་སྨྲས་སོ། །ཡུམ་བདག་དེང་འོད་མའི་ཚལ་དུ་མཆིས་ནས་བདག་གིས་དེ་ན་ཆ་ལྔ་པའི་འཁོར་ལོ་བྲིས་པ་མཐོང་སྟེ། དེ་ན་འགྲོ་བ་ལྔ་པོ་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་དང་། ལྷ་དང་། མི་དག་བྲིས་ན། ཡུམ་ཁྱོད་ངན་བུ་ལྷ་རྣམས་སུ་སྐྱེ་བར་བཞེད་དམ། བུ་ཁོ་མོ་སེམས་ཅན་ཐམས་ཅད་ལྷ་རྣམས་སུ་སྐྱེ་བ་ཡང་འདོད་ན་ཁྱོད་ལྟ་སྨོས་ཀྱང་ཅི་དགོས། ཡུམ་ཁྱོད་ཀྱིས་བདག་ལ་ཀཱར་ཥཱ་པ་ཎ་ལྔ་བརྒྱ་སྩོལ་ཅིག་དང་བདག་གིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་གདུགས་ཚོད་གསོལ་ལོ། །བུ་ཁྱོད་ཀྱང་ཁོ་མོས་ཉེ་དུའི་སྟོབས་དང་ལག་སྟོབས་ཀྱིས་བསྙོད་ཅིང་གསོས་ཏེ་བསྐྱེད་པ་ཡིན་པས་ཁོ་མོ་ལ་ཀཱར་ཥཱ་པ་ཎ་ལྔ་བརྒྱའི་འབྱོར་བ་ག་ལ་ཡོད། ཡུམ་བདག་གླ་རྔན་གྱི་སླད་དུ་ལས་བགྱིད་དུ་མཆིའོ། །བུ་ཁྱོད་ནི་ཤིན་ཏུ་གཞོན་པ་ཡིན་པས་ཁྱོད་ཀྱིས་གླ་རྔན་གྱི་ཕྱིར་ལས་བྱེད་པར་མི་ནུས་སོ། །ཡུམ་རྔོ་ཐོག་གིས་མཆིའོ། །དེས་དེ་དུས་ཀྱིས་འཆུ་བར་ཤེས་ཏེ་གནང་ནས་ཁྱེའུ་དེ་གླ་མིའི་སྲང་དུ་སོང་སྟེ་བསྡད་པ་དང་། བྲམ་ཟེ་དང་ཁྱིམ་བདག་གིས་གླ་མི་གཞན་དག་ཁྲིད་ན་དེ་འགས་ཀྱང་མ་ཁྲིད་ནས་དེས་དེར་ཉི་མ་ནུབ་


DKG007_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱས་ནས་ནམ་སྲོས་པ་དང་ཁྱིམ་དུ་འོངས་སོ། །མས་དེ་མཐོང་ནས་དྲིས་པ། བུ་ཁྱོད་ཀྱིས་དེང་གླ་རྔན་གྱི་ཕྱིར་ལས་བྱས་སམ། ཁྱེའུས་སྨྲས་པ། ཡུམ་བདག་སུས་ཀྱང་མ་ཁྲིད་དོ། །བུ་གླ་མི་དག་ནི་འདི་མི་འདྲ་སྟེ། གླ་མི་དག་ནི་སྐྲ་ཡེགས་ཤིང་གོས་དྲི་མ་ཅན་དག་གྱོན་ནས་གླ་མིའི་སྲང་དུ་སོང་སྟེ་སྡོད་ཀྱིས་ཁྱོད་ཀྱང་གལ་ཏེ་གླ་རྔན་གྱི་ཕྱིར་ལས་བྱེད་པར་འདོད་ན་སྐྲ་ཡེགས་པར་གྱིས་ལ། གོས་དྲི་མ་ཅན་དག་གྱོན་ཏེ་གླ་མིའི་སྲང་དུ་སོང་ལ་སྡོད་ཅིག །དེས་ཕྱི་དེ་ཉིན་པར་སྐྲ་ཡེགས་པར་བྱས་ཤིང་གོས་དྲི་མ་ཅན་དག་གྱོན་ནས་གླ་མིའི་སྲང་དུ་སོང་སྟེ་བསྡད་པ་དང་། ཚོང་དཔོན་ཞིག་ཁྱིམ་རྩིག་པར་བྱེད་པ་དེ་གླ་མི་དག་གི་ཕྱིར་གླ་མིའི་སྲང་དུ་འོངས་ནས། དེས་གླ་མི་གཞན་དག་ཁྲིད་དེ་ཁྱེའུ་དེ་མ་ཁྲིད་པ་དང་། ཁྱེའུས་སྨྲས་པ། ཡབ་བདག་གིས་ཀྱང་གླ་རྔན་གྱི་སླད་དུ་ལས་བགྱིའོ། །ཚོང་དཔོན་གྱིས་སྨྲས་པ། བུ་ཁྱོད་ཤིན་ཏུ་གཞོན་པས་ཁྱོད་ཀྱིས་གླ་རྔན་གྱི་ཕྱིར་ལས་བྱེད་པར་མི་ནུས་སོ། །ཁྱེའུས་སྨྲས་པ། ཅི་ཁྱོད་ཀྱིས་བདག་ལ་དང་པོར་གླ་རྔན་སྩོལ་ཏམ། ཚོང་དཔོན་གྱིས་སྨྲས་པ། མཇུག་ཏུ་གླང་རྔན་སྦྱིན་ནོ། །ཁྱེའུས་སྨྲས་པ། བདག་གིས་ཇེ་དེང་ལས་བགྱིའི་གལ་ཏེ་མཉེས་པར་གྱུར་ན་གླ་རྔན་སྩོལ་ཅིག །ཚོང་དཔོན་དེས་ཁྱེའུ་དེ་ཁྲིད་ནས་ཁྱེའུ་དེས་ཚོང་དཔོན་དེའི་ཁྱིམ་དུ་གླ་རྔན་གྱི་ཕྱིར་ལས་བྱ་བར་བརྩམས་སོ། །གླ་མི་གཞན་དག་གཡོས་ལས་བྱེད་པ་ན་ཁྱེའུ་དེ་མྱུར་བ་མྱུར་བར་ལས་བྱེད་ནས་དེ་དག་གིས་དེ་ལ་སྨྲས་པ། ཚ་བོ་ཁྱོད་ཅིའི་ཕྱིར་གཡོས་ལས་མི་བྱེད། ཁྱེའུས་སྨྲས་པ། ཞང་པོ་དག་ཁོ་བོ་སྔོན་ཉེས་པར་སྤྱད་པས་དབུལ་པོའི་ཁྱིམ་དག་ཏུ་སྐྱེས་ཤིང་དེས་ད་ལྟར་གླ་རྔན་གྱི་ཕྱིར་ལས་བྱེད་པ་ཡིན་ན། གལ་ཏེ་ད་གཡོས་ལས་བྱས་པར་གྱུར་ན་འདི་ནས་ཤི་འཕོས་པ་དག་གི་འགྲོ་བ་ཇི་ལྟར་འགྱུར། དེ་དག་གིས་སྨྲས་པ། ཚ་བོ་ཁྱོད་གསར་དུ་དུལ་བ་ཡིན་པས་ཐམས་ཅད་ཀྱི་ཐ་ན་ལས་བར་འགྱུར་བ་གང་ཡིན་པ་དེ་ལྟ་བུའི་གནས་ཡོད་དོ། །ཁྱེའུ་དེ་འཇིག་རྟེན་པའི་གཏམ་རྒྱུད་ལ་མཁས་པ་ཡིན་པས་དེས་གླ་མི་དེ་དག་ལ་གཏམ་


DKG007_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་སྨྲ་ཞིང་མྱུར་བ་མྱུར་བར་སོང་བ་དང་། གླ་མི་དེ་དག་ཀྱང་གཏམ་རྒྱུད་མི་ཐོ་ཀྱིས་དོགས་ནས་དེའི་ཕྱི་བཞིན་མྱུར་བ་མྱུར་བར་ལྷགས་ནས་དེའི་ཉིན་མོ་གླ་མི་དེ་དག་གིས་ལས་མང་དུ་བྱས་སོ། །ཁྱིམ་བདག་གི་ཀུན་དུ་སྤྱོད་པ་ནི། ཕྱེ་མ་རེད་ཀྱི་དུས་ཀྱི་ལས་ཀྱི་མཐའ་དག་ལ་སོ་སོར་རྟོག་པ་ཡིན་པས་ཚོང་དཔོན་དེ། དགོངས་ཀར་འོངས་ཏེ་ལས་ཀྱི་མཐའ་དག་ལ་སོ་སོར་བརྟགས་པ་དང་། ཅི་ཙམ་ན་དེ་ཉིས་གྱུར་གྱི་ལས་བྱས་པར་མཐོང་ནས་དེས་ལག་དཔོན་གྱི་མི་ལ་དྲིས་པ། ཅི་ཁྱོད་ཀྱིས་གླ་མི་གཞན་དག་ཀྱང་བཀུག་གམ། དེས་སྨྲས་པ་མ་བཀུག་གོ །ཚོང་དཔོན་གྱིས་སྨྲས་པ། འོ་ན་ཅིའི་ཕྱིར་དེང་ལས་མང་དུ་ཟིན། དེས་སྨྲས་པ། ཁྱིམ་བདག་གི་བུ་འདི་ནད་མེད་པར་གྱུར་ཅིག །འདི་འཇིག་རྟེན་གྱི་གཏམ་རྒྱུད་ལ་མཁས་པས། འདི་འཇིག་རྟེན་གྱི་གཏམ་རྒྱུད་ཟེར་ཞིང་མྱུར་བ་མྱུར་བར་ལས་བྱེད་པ་ན་གླ་མི་གཞན་དག་ཀྱང་གཏམ་རྒྱུད་མི་ཐོས་ཀྱི་དོགས་པས་མྱུར་བ་མྱུར་བར་འདིའི་ཕྱི་བཞིན་འདོང་ཞིང་ལས་བྱེད་པས་དེས་ན་དེང་ལས་མང་དུ་ཟིན་ཏོ། །ཚོང་དཔོན་དེས་ཁྱེའུ་དེ་ལ་གླ་རྔན་ཉིས་སྒྱུར་སྦྱིན་པར་བརྩམས་པ་དང་། ཁྱེའུས་སྨྲས་པ། ཅི་ལགས་བདག་ལ་གདུགས་གཉིས་ཀྱི་གླ་རྔན་ཅིག་ཅར་སྩལ་ཏམ། མ་ཡིན་ཏེ། འདི་ལྟར་ཁོ་བོ་ཁྱོད་ལ་དགའ་བས་བྱ་དགའ་སྦྱིན་ནོ། །ཁྱེའུས་སྨྲས་པ། གལ་ཏེ་ཁྱོད་བདག་ལ་དགྱེས་ན་ཇི་སྲིད་དུ་བདག་ཁྱོད་ཀྱི་སྡུམ་པ་ན་སུག་ལས་འཚལ་བ་དེ་སྲིད་དུ་བདག་གི་གླ་རྔན་ཁྱོད་ཀྱི་ཕྱག་ཏུ་གཞག་ཏུ་གསོལ། ཚོང་དཔོན་གྱིས་སྨྲས་པ། དེ་ལྟར་གྱིས་ཤིག །གང་གི་ཚེ་དེའི་ཁྱིམ་ཟིན་པ་དེའི་ཚེ་ན་ཁྱེའུ་དེའི་གླ་རྔན་བརྩིས་ན་ཀཱར་ཥཱ་པ་ཎ་ལྔ་བརྒྱར་མ་ཆོག་ནས་ཁྱེའུ་དེས་ངུ་བར་བརྩམས་པ་དང་། ཚོང་དཔོན་དེས་སྨྲས་པ། བུ་ཅི་ངུ་། ཁོ་བོས་བྲིད་པར་མ་གྱུར་ཏམ། ཡབ་ཁྱོད་བདག་ཉིད་ཆེན་པོ་ལགས་པས་ཁྱོད་ཀྱིས་བདག་ག་ལ་བྲིད་དེ། འདི་ལྟར་བདག་གིས་ཀཱར་ཥཱ་པ་ཎ་ལྔ་བརྒྱའི་ཆེད་དུ་གླ་རྔན་གྱི་སླད་དུ་ལས་བགྱིས་ཤིང་། སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་གདུགས་ཚོད་གསོལ་


DKG007_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། བདག་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་བགྱིའོ་སྙམ་ན། དེ་དག་མ་འཚལ་བས་ཡང་བདག་གིས་གཞན་དུ་གླ་རྔན་གྱི་སླད་དུ་ལས་བགྱི་འཚལ་བར་འགྱུར་རོ། །ཚོང་དཔོན་དེ་དད་པ་ཅན་ཞིག་ཡིན་པས་དེས་སྨྲས་པ། བུ་ཁོ་བོས་ཁ་བསྐང་བར་བྱའོ། །ཡབ་བདག་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་མི་འགྱུར་བ་སྙམ། བུ་ཁྱོད་བཅོམ་ལྡན་འདས་ལ་མངོན་པར་དད་དམ། མངོན་པར་དད་དོ། །སོང་ལ་བཅོམ་ལྡན་འདས་ལ་ཞུས་ཤིག །ཁྱེའུ་དེ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ །མཐའ་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་ཁྱིམ་བདག་གི་བུ་དེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ཀཱར་ཥཱ་པ་ཎ་ལྔ་བརྒྱའི་ཆེད་དུ་གླ་རྔན་གྱི་ཆེད་དུ་ཚོང་དཔོན་ཆེ་གེ་ཞིག་གི་སུག་ལས་བགྱིས་ན་དེ་དག་མ་འཚལ་ནས་ཚོང་དཔོན་དེས་དེའི་ཁ་སྐོང་བར་བགྱིད་ན་བླང་བར་བགྱིའམ། བཞིན་བཟངས་ཚོང་དཔོན་དེ་དད་པ་ཅན་ཡིན་གྱིས་ལོང་ཤིག །བཅོམ་ལྡན་འདས་བདག་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་མི་འགྱུར་ལགས་པ་སྙམ། སྐྱེ་བར་འགྱུར་རོ། །ཁྱེའུ་དེས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་སོང་ངོ་། །དེ་ནས་ཁྱིམ་བདག་གི་བུ་དེས་ཚོང་དཔོན་དེ་ལས་ཀཱར་ཥཱ་པ་ཎལྔ་བརྒྱ་མནོས་ཏེ་མའི་གན་དུ་སོང་ནས་སྨྲས་པ། ཡུམ་ཀཱར་ཥཱ་པ་ཎ་ལྔ་བརྒྱ་པོ་འདི་དག་གིས་ཞལ་ཟས་སྟ་གོན་མཛོད་ཅིག་དང་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་གདུགས་ཚོད་གསོལ་ལོ། །བུ་ཁོ་མོ་ལ་སྣོད་སྤྱད་འགའ་ཡང་མེད་ཅིང་མི་བླས་དང་། གནས་མལ་འགའ་ཡང་མེད་ཀྱིས་ཚོང་དཔོན་དེ་ཉིད་སྣོད་སྤྱད་དང་། མི་བླས་དང་། གནས་མལ་མང་བ་ཡིན་ལ་དད་པ་ཅན་ཡིན་གྱིས་སོང་ལ་དེ་ཉིད་ལ་གྱིས་ཤིག །ཁྱེའུ་དེ་ཚོང་དཔོན་དེའི་གན་དུ་སོང་སྟེ་སྨྲས་པ། ཡབ་བདག་གི་སྡུམ་པ་ན་སྣོད་སྤྱད་དང་། མི་བླས་དང་། གནས་མལ་ཅུང་ཟད་ཀྱང་མ་མཆིས་ཀྱིས་ཁྱོད་ཉིད་ཀྱིས་ཞལ་ཟས་སྟ་གོན་མཛོད་ཅིག་དང་བདག་མཆིས་ནས་


DKG007_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་སུག་པ་ནས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་གདུགས་ཚོད་གསོལ་ལོ། །ཚོང་དཔོན་དེ་དད་པ་ཅན་ཡིན་པས་དེས་བསམས་པ། བདག་གི་ཁྱིམ་གསར་དུ་བརྩིགས་པ་དེར་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་གྱིས་གདུགས་ཚོད་གསོལ་བར་གྱུར་ན་ལེགས་སོ་སྙམ་ནས་དེས་སྨྲས་པ། བུ་ཞོག་སྟེ་སོང་ལ་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་སང་གདུགས་ཚོད་ལ་སྤྱན་དྲོངས་ཤིག་དང་ཁོ་བོས་ཞལ་ཟས་སྟ་གོན་བྱའོ། །དེ་ནས་ཁྱིམ་བདག་གི་བུ་དེས་ཚོང་དཔོན་དེའི་ལག་ཏུ་ཀཱར་ཥཱ་པ་ཎ་ལྔ་བརྒྱ་གཏད་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་རྒན་པའི་མཐའ་ལོགས་སུ་འདུག་ནས་གསོལ་པ། བཅོམ་ལྡན་འདས་སང་བདག་གིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་གདུགས་ཚོད་ལ་སྤྱན་འདྲེན་ཏོ། །བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་གི་བུ་དེ་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་ཁྱིམ་བདག་གི་བུ་དེས་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་བར་རིག་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་སོང་ངོ་། །ཚོང་དཔོན་དེས་ཀྱང་དེ་ཉིད་ཀྱི་མཚན་མོ་ཞལ་ཟས་སྟ་གོན་བྱས་ནས་ནང་པར་སྔར་ལངས་ཏེ་གདན་བཤམས་ནས་ཆུ་ར་བཞག་སྟེ། བཅོམ་ལྡན་འདས་ལ་སྤྱན་འདྲེན་གྱིས་བཙུན་པ་གདུགས་ཚོད་གཡར་དགོངས་འཚལ་ན་བཅོམ་ལྡན་འདས་ཀྱིས་ད་དེའི་དུས་ལ་བབ་པར་དགོངས་སུ་གསོལ་ཞེས་སྤྱན་དྲངས་སོ། །དེ་ནས་བཅོམ་ལྡན་འདས་སྔ་དྲོ་ཤམ་ཐབས་གསོལ་ལྷུང་བཟེད་དང་ཆོས་གོས་བསྣམས་ཏེ་དགེ་སློང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་ཅིང་དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བདར་ནས་ཚོང་དཔོན་དེའི་ཁྱིམ་ག་ལ་བ་དེར་གཤེགསསོ། །དྲུག་སྡེ་དག་གིས་དྲིས་པ། སུའི་ཁྱིམ་དུ་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་སྤྱན་དྲངས། ཁྱིམ་བདག་གི་བུ་ཆེ་གེ་མོ་ཞིག་གིའོ། །དྲུག་སྡེ་དག་གིས་སྨྲས་པ།


DKG007_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་གླ་མི་ཡིན་པས་ཅི་ཞིག་སྦྱིན་པར་འགྱུར། ཁྱིམ་དུ་འགྲོ་བའི་ཁྱིམ་དག་ཏུ་དོང་ལ་གཡར་ཚུས་བཟས་འདོང་ངོ་ཞེས་དེ་དག་ཁྱིམ་དུ་འགྲོ་བའི་ཁྱིམ་དག་ཏུ་དོང་བ་དང་། དེ་དག་གིས་སྨྲས་པ། འཕགས་པ་དག་གདན་ཚུས་གསོལ་ཅིག །དེ་ལྟར་བྱའོ། །ཞེས་དེ་དག་གིས་ཁྱེའུ་ཚུས་ཟོས་སོ། །དེ་ནས་བཅོམ་ལྡན་འདས་ཚོང་དཔོན་དེའི་བཀད་ས་ག་ལ་བ་དེར་གཤེགས་ཏེ་བྱོན་ནས་དགེ་སློང་གི་དགེ་འདུན་གྱི་གོང་དུ་གདན་བཤམས་པ་ཉིད་ལ་བཞུགས་སོ། །དྲུག་སྡེ་དག་ཀྱང་ཁྱིམ་དུ་འགྲོ་བའི་ཁྱིམ་དག་ཏུ་ཁྱེའུ་ཚུས་ཟོས་ནས་དེ་ཉིད་དུ་དོང་སྟེ་འཁོད་དོ། །དེ་ནས་ཁྱིམ་བདག་གི་བུ་དེས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་བདེ་བར་བཞུགས་པར་རིག་ནས་བཅའ་བ་དང་བཟའ་བ་གཙང་ཞིང་བསོད་པས་རང་གི་ལག་ནས་ཚིམ་པར་བྱེད་ཅིང་སྟོབས་པར་བྱེད་དོ། །དེ་དེ་ན་རྒྱུ་བ་ན་དྲུག་སྡེ་དག་གུས་པར་བྱས་ཏེ་མི་ཟ་བ་མཐོང་ངོ་། །མཐོང་ནས་ཀྱང་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་སྟེ་གསོལ་པ། བཅོམ་ལྡན་འདས་འདི་ན་འཕགས་པ་ཁ་ཅིག་གུས་པར་བགྱིས་ཏེ་མི་འཚལ་ན་བདག་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་མི་འགྱུར་ལགས་པ་སྙམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཞིན་བཟངས་རེ་ཞིག་གནས་མལ་གྱི་ལོངས་སྤྱོད་ཀྱིས་ཀྱང་ཁྱོད་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ན་ཁ་ཟས་ཀྱི་ལོངས་སྤྱོད་ཀྱིས་ལྟ་སྨོས་ཀྱང་ཅི་དགོས། དེ་ནས་བཅོམ་ལྡན་འདས་ཁྱིམ་བདག་གི་བུ་དེ་ལ་ཆོས་དང་ལྡན་པའི་བཀའ་མཆིད་ཀྱིས་ཡང་དག་པར་སྟོན་པར་མཛད། ཡང་དག་པར་འཛིན་དུ་འཇུད་པར་མཛད། ཡང་དག་པར་གཟེངས་སྟོད་པར་མཛད། ཡང་དག་པར་རབ་ཏུ་དགའ་བར་མཛད་དོ། །རྣམ་གྲངས་དུ་མས་ཆོས་དང་ལྡན་པའི་བཀའ་མཆིད་ཀྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་གདན་ལས་བཞེངས་ཏེ་གཤེགས་སོ། །ཚོང་པ་ལྔ་བརྒྱ་ཙམ་རྒྱ་མཚོ་ཆེན་པོ་ནས་རྒྱལ་པོའི་ཁབ་ཏུ་ལྷགས་ནས་རྒྱལ་པོའི་ཁབ་ཏུ་དུས་སྟོན་བྱུང་བས་ཚོང་


DKG007_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

ཅུང་ཟད་ཀྱང་མ་རྙེད་ནས་དེ་ན་ཚོང་པ་དགེ་སློང་གི་རྒྱུས་ཤེས་པ་ཞིག་འདུག་པ་དེས་སྨྲས་པ། ཤེས་ལྡན་དག་ཤེས་པར་གྱིས་ཤིག། ཁྱིམ་གང་དུ་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་གྱིས་གདུགས་ཚོད་གསོལ་བའི་ཁྱིམ་དེ་ན་གོར་མ་ཆག་པར་བཟའ་བ་དང་བཏུང་བ་ལྷག་པའི་ཆོས་ཅུང་ཟད་ཡོད་ཀྱིས་དེར་དོང་ལ་རིན་གྱིས་བཙལ་ལོ། །དེ་དག་གིས་སྨྲས་པ་དང་། ཚོང་དཔོན་ཆེ་གེ་མོ་ཞིག་གི་ཁྱིམ་དུ་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་གྱིས་གདུགས་ཚོད་གསོལ་ཏོ་ཞེས་ཐོས་ནས་དེ་དག་ཟོང་ཐོགས་ཏེ་དེར་དོང་ནས་སྨྲས་པ། ཚོང་དཔོན་བདག་ཅག་ཚོང་པ་ལྔ་བརྒྱ་ཙམ་རྒྱ་མཚོ་ཆེན་པོ་ནས་རྒྱལ་པོའི་ཁབ་ཏུ་ལྷགས་ནས་རྒྱལ་པོའི་ཁབ་ཏུ་དུས་སྟོན་བྱུང་བས་ཚོང་ཅུང་ཟད་ཀྱང་མ་རྙེད་ནས་བདག་ཅག་ལྟོགས་པར་གྱུར་ན་ཁྱོད་ཀྱི་ཁྱིམ་དུ་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་གྱིས་གདུགས་ཚོད་དག་གསོལ་བས་བཟའ་བ་དང་བཏུང་བ་ལྷག་པའི་ཆོས་ཅུང་ཟད་ཡོད་ན་རིན་གྱི་ཕྱིར་བྱིན་ཅིག། ཚོང་དཔོན་གྱིས་སྨྲས་པ། བཞིན་བཟངས་དག་ཇེ་ལྟའོ་ཞེས་དེ་ཁྱིམ་བདག་གི་བུ་དེའི་གན་དུ་སོང་སྟེ་སྨྲས་པ། བུ་ཚོང་པ་ལྔ་བརྒྱ་ཙམ་རྒྱ་མཚོ་ཆེན་པོ་ནས་རྒྱལ་པོའི་ཁབ་ཏུ་ལྷགས་ནས་རྒྱལ་པོའི་ཁབ་ཏུ་དུས་སྟོན་བྱུང་བས་ཚོང་ཅུང་ཟད་ཀྱང་མ་རྙེད་ནས་དེ་དག་ལྟོགས་པར་གྱུར་ཏེ་རིམ་གྱིས་བཟའ་བ་དང་བཏུང་བ་ཚོལ་དུ་འདིར་ལྷགས་ཀྱིས་ལྷག་པའི་ཆོས་མང་དུ་ཡོད་ན་རིན་གྱི་ཕྱིར་བྱིན་ཅིག། ཁྱེའུས་སྨྲས་པ། ཡབ་བདག་རིན་གྱི་སླད་དུ་མི་སྩོལ་གྱི་སྦྱིན་པའི་ཆོས་ཀྱི་སླད་དུ་དེ་བཞིན་དུ་སྩོལ་གྱིས་དེ་དག་མཆིས་སུ་སྩོལ་ཅིག །ཚོང་དཔོན་དེས་ཚོང་པ་དེ་དག་འདུག་ཏུ་བཅུག་པ་དང་། ཁྱེའུ་དེས་བཟའ་བ་དང་བཏུང་བས་དེ་དག་ཚིམ་པར་བྱས་སོ། །ཚོང་པ་དེ་དག་ལུས་ཚིམ་པས་ཆེད་དུ་བརྗོད་པ་འདི་སྐད་ཅེས་ཆེད་དུ་བརྗོད་དོ། །ཚོང་དཔོན་གང་གི་ཁྱིམ་དུ་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་གདུགས་ཚོད་གསོལ་ཅིང་བདག་ཅག་ཚོང་པ་ལྔ་བརྒྱ་ཡང་བཟའ་བ་དང་བཏུང་བས་ཚིམ་པར་བྱས་པའི་ཚོང་དཔོན་དེ་ནི་རྙེད་པ་དག་ལེགས་པར་རྙེད་དོ། །ཚོང་དཔོན་


DKG007_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

དེས་སྨྲས་པ། བཞིན་བཟངས་དག་འདི་ནི་ཁོ་བོའི་ཟས་མ་ཡིན་ཏེ། ཁྱིམ་བདག་གི་བུ་འདིའི་ཟས་ཡིན་ནོ། །དེ་དག་གིས་དྲིས་པ། འདི་ཁྱིམ་བདག་གང་གི་བུ་ཡིན། ཚོང་དཔོན་གྱིས་སྨྲས་པ། ཁྱིམ་བདག་ཆེ་གེ་མོ་ཞིག་གིའོ། །དེ་དག་གི་དེད་དཔོན་གྱིས་སྨྲས་པ། འོ་ན་འདི་བདག་གི་ཆུང་པོ་གྲོགས་ཀྱི་བུ་ཡིན་ནོ། །གཞན་དག་གིས་སྨྲས་པ། དེ་ལྟ་ན་འདི་བདག་ཅག་གི་ཞང་པོ་ཡིན་ནོ། །གཞན་དག་གིས་ཀྱང་སྨྲས་པ། དེ་ལྟ་ན་འདི་བདག་ཅག་གི་ཚ་བོ་ཡིན་ནོ། །དེད་དཔོན་དེས་སྨྲས་པ། མང་པོ་དག་གིས་ནི་གཅིག་དབྱུང་བར་ནུས་ལ་གཅིག་གིས་ནི་མང་པོ་དག་དབྱུང་བར་མི་ནུས་སོ་ཞེས་དེས་གཞི་བཏིང་སྟེ་རིན་པོ་ཆེ་བཞག་ནས་སྨྲས་པ། ཤེས་ལྡན་དག་གང་གིས་ཅི་ཡོངས་སུ་བཏང་བ་དེས་དེ་གཞི་འདིར་ཞོག་ཤིག །དེར་ལ་ལས་ནི་རིན་པོ་ཆེ་གཅིག་བཞག །ལ་ལས་ནི་གཉིས་བཞག །ལ་ལས་ནི་མང་པོ་དག་བཞག་སྟེ། དེ་ལྟར་དེར་རིན་པོ་ཆེའི་ཕུང་པོ་རྣམ་པར་བཞག་ནས་དེད་དཔོན་གྱིས་ཁྱེའུ་དེ་ལ་སྨྲས་པ། བུ་ལོང་ཤིག་ཁྱེའུས་སྨྲས་པ། ཤེས་ལྡན་དག་བདག་གིས་རིན་གྱི་ཕྱིར་མ་བྱིན་ནོ། །དེད་དཔོན་གྱིས་སྨྲས་པ། ཁོ་བོ་ཅག་ཁྱོད་ལ་རིན་སྦྱིན་པ་མ་ཡིན་ཏེ། འདི་ལྟར་རིན་པོ་ཆེ་གཅིག་གིས་ཀྱང་ཟས་འདི་ལྟ་བུ་བརྒྱ་རྙེད་འགྲུབ་པས་འདི་ལྟར་ཁོ་བོ་ཅག་ཁྱོད་ལ་དགའ་བས་དགའ་བའི་དབང་དུ་བྱས་པ་བྱའོ། །ཁྱེའུས་སྨྲས་པ། བདག་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་མི་འགྱུར་བ་སྙམ། ཁྱོད་བཅོམ་ལྡན་འདས་ལ་མངོན་པར་དད་དམ། མངོན་པར་དད་དོ། །སོང་ལ་བཅོམ་ལྡན་འདས་ལ་ཞུས་ཤིག །དེ་ནས་ཁྱེའུ་དེ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ །མཐའ་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་ཁྱིམ་བདག་གི་བུ་དེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ན་བདག་གིས་ཚོང་པ་ལྔ་བརྒྱ་ཙམ་ལ་བཟའ་བ་དང་བཏུང་བ་སྩལ་ནས་དེ་དག་


DKG007_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ལ་དགའ་བའི་དབང་དུ་བགྱིས་པ་བགྱིད་ན་བདག་གིས་བླང་བར་བགྱིའམ། བཞིན་བཟངས་ལོང་ཤིག །བཅོམ་ལྡན་འདས་བདག་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་མི་འགྱུར་ལགས་པ་སྙམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བུ་དེ་ནི་མེ་ཏོག་ཡིན་གྱི་ལོང་ཤིག །འབྲས་བུ་གཞན་འབྱུང་བར་འགྱུར་རོ། །ཁྱེའུ་དེས་རིན་པོ་ཆེ་དེ་དག་བླངས་སོ། །རྒྱལ་པོའི་ཁབ་ན་ཚོང་དཔོན་བུ་མེད་པ་ཞིག་དུས་ལ་བབ་ནས་ནོར་ཅན་དག་དང་། ཚོང་དཔོན་དག་དང་། དེད་དཔོན་དག་འདུས་ཏེ་སྨྲས་པ། ཤེས་ལྡན་དག་བདག་ཅག་གིས་གང་ཞིག་གྲོང་ཁྱེར་གྱི་ཚོང་དཔོན་དུ་དབང་བསྐུར་བར་བྱ། བདག་ཅག་གི་ནང་ན་སེམས་ཅན་གང་བསོད་ནམས་ཆེ་བར་གྲགས་པའོ། །དེ་དག་གིས་སྨྲས་པ། བདག་ཅག་གིས་ཇི་ལྟར་ཤེས་པར་བྱ། དེ་དག་གིས་སྨྲས་པ། ས་བོན་ཁ་དོག་སྣ་ཚོགས་དག་རྫ་མ་སོ་བཏང་བའི་ནང་དུ་བླུགས་ཤིང་གང་གིས་ཁ་དོག་གཅིག་པ་ཤ་སྟག་ཟིན་པར་འགྱུར་བ་དེ་བདག་ཅག་གིས་ཚོང་དཔོན་དུ་དབང་བསྐུར་བར་བྱའོ། །དེ་དག་གིས་ས་བོན་ཁ་དོག་སྣ་ཚོགས་དག་རྫ་མ་སོ་བཏང་བའི་ནང་དུ་བླུགས་ཏེ། དེ་དག་གིས་གཟུང་བར་བརྩམས་པ་དང་། གཞན་ཐམས་ཅད་ཀྱིས་ནི་ས་བོན་ཁ་དོག་སྣ་ཚོགས་དག་ཟིན། ཁྱིམ་བདག་གི་བུ་དེས་ནི་ས་བོན་ཁ་དོག་གཅིག་པ་ཤ་སྟག་ཟིན་ནས་དེ་དག་གིས་སྨྲས་པ། བདག་ཅག་གིས་གླ་མི་ཚོང་དཔོན་དུ་དབང་བསྐུར་བར་ཇི་ལྟར་བྱ་ཞེས་དེ་དག་གིས་ལན་གསུམ་གྱི་བར་དུ་དེ་ལྟར་བྱས་པ་དང་། གཞན་ཐམས་ཅད་ཀྱིས་ནི་ས་བོན་ཁ་དོག་སྣ་ཚོགས་དག་ཟིན། ཁྱིམ་བདག་གི་བུ་དེས་ནི་ས་བོན་ཁ་དོག་གཅིག་པ་ཤ་སྟག་ཟིན་ནས་དེ་དག་གིས་སྨྲས་པ། ཤེས་ལྡན་དག་མི་མ་ཡིན་པ་དག་གིས་ཆེ་བཞི་ཕྱེས་ཁྱིམ་བདག་གི་བུ་འདི་ཉིད་ཚོང་དཔོན་དུ་དབང་བསྐུར་བར་བྱའོ་ཞེས་དེ་དག་གིས་ཁྱེའུ་དེ་གྲོང་ཁྱེར་གྱི་ཚོང་དཔོན་དུ་དབང་བསྐུར་ཏོ། །ཚོང་དཔོན་དེས་བསམས་པ། སེམས་ཅན་འདི་ནི་བསོད་ནམས་དང་དབང་ཆེ་བར་གྲགས་པ་ཡིན་གྱིས་འདི་ལ་གཅམ་གསག་


DKG007_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ་སྙམ་ནས་ཚོང་དཔོན་དེས་ཀྱང་རང་གི་བུ་མོ་རྒྱན་ཐམས་ཅད་ཀྱིས་བརྒྱན་ཏེ་གྲོང་ཁྱེར་གྱི་ཚོང་དཔོན་དེའི་ཆུང་མར་བྱིན་ནས་དེའི་ཁྱིམ་ནོར་མང་ཞིང་ལོངས་སྤྱོད་དག་གིས་འཕྲལ་ལ་མངོན་པར་མཐོས་པར་གྱུར་ནས་དེའི་མིང་འཕྲལ་ལ་མཐོས་འཕྲལ་ལ་མཐོས་ཞེས་བྱ་བར་གྱུར་ཏོ། །དེ་ནས་ཚོང་དཔོན་འཕྲལ་ལ་མཐོས་འདི་སྙམ་དུ་སེམས་ཏེ། བདག་གི་ཁྱིམ་ན་དཔལ་གྱི་འབྱོར་པ་ཕུན་སུམ་ཚོགས་པ་གང་ཡིན་པ་དེ་དག་ཐམས་ཅད་སངས་རྒྱས་བཅོམ་ལྡན་འདས་ལ་བརྟེན་ནས་བདག་གིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཁྱིམ་གཞན་དུ་སྤྱན་དྲངས་ཏེ་གདུགས་ཚོད་གསོལ་བ་ལས་གྱུར་པ་ཡིན་ནོ་སྙམ་ནས། དེ་ནས་ཚོང་དཔོན་འཕྲལ་ལ་མཐོས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ །མཐའ་གཅིག་ཏུ་འདུག་ནས། བཅོམ་ལྡན་འདས་ཚོང་དཔོན་འཕྲལ་ལ་མཐོས་ལ་ཆོས་དང་ལྡན་པའི་བཀའ་མཆིད་ཀྱིས་ཡང་དག་པར་སྟོན་པར་མཛད། ཡང་དག་པར་འཛིན་དུ་འཇུད་པར་མཛད། ཡང་དག་པར་གཟེངས་སྟོད་པར་མཛད། ཡང་དག་པར་རབ་ཏུ་དགའ་བར་མཛད་དོ། །རྣམ་གྲངས་དུ་མས་ཆོས་དང་ལྡན་པའི་བཀའ་མཆིད་ཀྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་ཅང་མི་གསུང་ངོ་། །དེ་ནས་ཚོང་དཔོན་འཕྲལ་ལ་མཐོས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་བྱས་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་སང་བདག་གི་སྡུམ་པར་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་གདུགས་ཚོད་གསོལ་བར་ཅི་གནང་། བཅོམ་ལྡན་འདས་ཀྱིས་ཚོང་དཔོན་འཕྲལ་ལ་མཐོས་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་ཚོང་དཔོན་འཕྲལ་ལ་མཐོས་ཀྱིས་བཅོམ་ལྡན་འདས་ཅང་མི་གསུང་བས་གནང་བར་རིག་ནས་བཅོམ་ལྡན་འདས་ཀྱི་ཞབས་


DKG007_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་ངོ་། །དེ་ནས་ཚོང་དཔོན་འཕྲལ་ལ་མཐོས་ཀྱིས་དེ་ཉིད་ཀྱི་མཚན་མོ་བཅའ་བ་དང་བཟའ་བ་གཙང་ཞིང་བསོད་པ་སྟ་གོན་བྱས་ནས་ནང་པར་སྔར་ལངས་ཏེ་གདན་བཤམས་ནས་ཆུ་ར་བཞག་སྟེ། བཅོམ་ལྡན་འདས་ལ་སྤྱན་འདྲེན་གྱིས་བཙུན་པ་གདུགས་ཚོད་གཡར་དགོངས་འཚལ་ན། བཅོམ་ལྡན་འདས་ཀྱིས་ད་དེའི་དུས་ལ་བབ་པར་དགོངས་སུ་གསོལ་ཞེས་སྤྱན་དྲངས་སོ། །དེ་ནས་བཅོམ་ལྡན་འདས་སྔ་དྲོ་ཤམ་ཐབས་གསོལ་ལྷུང་བཟེད་དང་ཆོས་གོས་བསྣམས་ཏེ། དགེ་སློང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་ཅིང་དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བདར་ནས་ཚོང་དཔོན་འཕྲལ་ལ་མཐོས་ཀྱི་བཀད་ས་ག་ལ་བ་དེར་གཤེགས་ཏེ་བྱོན་ནས་དགེ་སློང་གི་དགེ་འདུན་གྱི་གོང་དུ་གདན་བཤམས་པ་ཉིད་ལ་བཞུགས་སོ། །དེ་ནས་ཚོང་དཔོན་འཕྲལ་ལ་མཐོས་ཀྱིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་བདེ་བར་བཞུགས་པར་རིག་ནས་བཅའ་བ་དང་བཟའ་བ་གཙང་ཞིང་བསོད་པས་རང་གི་ལག་ནས་ཚིམ་པར་བྱེད་ཅིང་སྟོབས་པར་བྱེད་དོ། །རྣམ་གྲངས་དུ་མས་བཅའ་བ་དང་བཟའ་བ་གཙང་ཞིང་བསོད་པས་རང་གི་ལག་ནས་ཚིམ་པར་བྱས་ཤིང་བསྟབས་ནས་བཅོམ་ལྡན་འདས་གདུགས་ཚོད་གསོལ་ཅིང་ཕྱག་བཅབས་ཏེ་ལྷུང་བཟེད་བཞག་པར་རིག་ནས་སྟན་ཆེས་དམའ་བ་ཞིག་བླངས་ཏེ། ཁྱོ་ཤུག་གཉིས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཆོས་མཉན་པའི་ཕྱིར་འདུག་གོ །བཅོམ་ལྡན་འདས་ཀྱིས་ཚོང་དཔོན་འཕྲལ་ལ་མཐོས་ཁྱོ་ཤུག་གཉིས་ཀྱི་བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་། རང་བཞིན་ཐུགས་སུ་ཆུད་ནས་ཅི་ནས་ཀྱང་ཚོང་དཔོན་འཕྲལ་ལ་མཐོས་ཁྱོ་ཤུག་གཉིས་ཀྱིས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་པ་དེ་ལྟར་ཆོས་བསྟན་པ་མཛད་དོ། །དེས་བདེན་པ་མཐོང་ནས་གསོལ་པ། བཙུན་པ་བདག་གིས་དགེ་བའི་བཤེས་གཉེན་བཅོམ་ལྡན་


DKG007_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ལ་བརྟེན་ནས་བཅོམ་ལྡན་འདས་ཀྱིས་བདག་ལ་ཕན་པ་མཛད་པ་འདི་ལྟ་བུ་ནི་བདག་ལ་ཕས་ཀྱང་མ་བགྱིས་མས་ཀྱང་མ་བགྱིས། རྒྱལ་པོས་ཀྱང་མ་བགྱིས། ལྷ་རྣམས་ཀྱིས་ཀྱང་མ་བགྱིས། སྔོན་གྱི་ཕ་མེས་དག་གིས་ཀྱང་མ་བགྱིས། དགེ་སྦྱོང་དང་བྲམ་ཟེ་དག་གིས་ཀྱང་མ་བགྱིས། བྱམས་པ་དང་། མཛའ་བཤེས་དང་། རྩ་ལག་གི་ཚོགས་ཀྱིས་ཀྱང་མ་བགྱིས་ཏེ། ཁྲག་དང་མཆི་མའི་རྒྱ་མཚོ་ནི་བསྐམས། རུས་པའི་རི་དག་ལས་ནི་བསྒྲལ། ངན་སོང་གི་སྒོ་དག་ནི་བཀུམ། མཐོ་རིས་དང་ཐར་པའི་སྒོ་དག་ནི་ཕྱེ། སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་དག་ནས་ནི་རྐང་པ་ཕྱུང་། ལྷ་དང་མི་རྣམས་ཀྱི་ནང་དུ་ནི་བཞག །འཁོར་བ་ནི་མཐར་བགྱིས། ཐོག་མ་མ་མཆིས་པའི་དུས་ནས་བསགས་པའི་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ་རྒྱུན་དུ་ཞུགས་པའི་འབྲས་བུ་ནི་ཐོབ་སྟེ། བཙུན་པ་བདག་ནི་མངོན་པར་ཞུགས་པ་ལགས་སོ། །བཙུན་པ་བདག་ནི་མངོན་པར་ཞུགས་པ་ལགས་ཏེ། བཙུན་པ་བདག་བཅོམ་ལྡན་འདས་དང་ཆོས་དང་དགེ་སློང་གི་དགེ་འདུན་ལ་སྐྱབས་སུ་མཆི་ཡིས། བདག་དགེ་བསྙེན་དུ་གཟུང་དུ་གསོལ། དེང་སླན་ཆད་ཇི་སྲིད་འཚོའི་བར་དུ་གློ་བ་ཐག་པ་ནས་སྐྱབས་སུ་མཆིའོ། །དེ་ནས་བཅོམ་ལྡན་འདས་ཚོང་དཔོན་འཕྲལ་ལ་མཐོས་ལ་ཆོས་དང་ལྡན་པའི་བཀའ་མཆིད་ཀྱིས་ཡང་དག་པར་སྟོན་པར་མཛད། ཡང་དག་པར་འཛིན་དུ་འཇུད་པར་མཛད། ཡང་དག་པར་གཟེངས་སྟོད་པར་མཛད། ཡང་དག་པར་རབ་ཏུ་དགའ་བར་མཛད་དོ། །རྣམ་གྲངས་དུ་མས་ཆོས་དང་ལྡན་པའི་བཀའ་མཆིད་ཀྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག། ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་གདན་ལས་བཞེངས་ཏེ་གཤེགས་སོ། །འདི་ནི་རེ་ཞིག་བྱུང་བ་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས་རེ་ཞིག་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་


DKG007_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

བསླབ་པའི་གཞི་འཆའ་བར་ནི་མི་མཛད་དོ།། །།འདུལ་བ་རྣམ་པར་འབྱེད་པ། བམ་པོ་ལྔ་བཅུ་རྩ་གཅིག་པ། དེ་ནས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཏུ་ཅི་དགྱེས་པར་བཞུགས་ནས་ཡངས་པ་ཅན་ག་ལ་བ་དེ་ལོགས་སུ་ལྗོངས་རྒྱུ་ཞིང་གཤེགས་སོ། །དེ་ནས་བཅོམ་ལྡན་འདས་སྤོང་བྱེད་དག་ཏུ་ལྗོངས་རྒྱུ་ཞིང་གཤེགས་པ་ན་ཡངས་པ་ཅན་དུ་བྱོན་ནས་ཡངས་པ་ཅན་ན་སྤྲེའུ་རྫིང་གི་འགྲམ་ཁང་པ་བརྩེགས་པའི་ཁང་བཟངས་ན་བཞུགས་སོ། །ཁྱིམ་བདག་དྲག་ཤུལ་ཅན་གྱིས་བཅོམ་ལྡན་འདས་སྤོང་བྱེད་དག་ཏུ་ལྗོངས་རྒྱུ་ཞིང་གཤེགས་པ་ན་ཡངས་པ་ཅན་དུ་བྱོན་ནས་ཡངས་པ་ཅན་ན་སྤྲེའུ་རྫིང་གི་འགྲམ་དུ་ཁང་པ་བརྩེགས་པའི་ཁང་བཟངས་ན་བཞུགས་སོ་ཞེས་ཐོས་སོ། །ཐོས་ནས་ཀྱང་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ །མཐའ་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་དྲག་ཤུལ་ཅན་ལ་ཆོས་དང་ལྡན་པའི་བཀའ་མཆིད་ཀྱིས་ཡང་དག་པར་སྟོན་པར་མཛད། ཡང་དག་པར་འཛིན་དུ་འཇུད་པར་མཛད། ཡང་དག་པར་གཟེངས་སྟོད་པར་མཛད། ཡང་དག་པར་རབ་ཏུ་དགའ་བར་མཛད་དོ། །རྣམ་གྲངས་དུ་མས་ཆོས་དང་ལྡན་པའི་བཀའ་མཆིད་ཀྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་ཅང་མི་གསུང་ངོ་། །དེ་ནས་ཁྱིམ་བདག་དྲག་ཤུལ་ཅན་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་བྱས་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་སང་བདག་གི་སྡུམ་པར་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་གདུགས་ཚོད་གསོལ་བར་ཅི་གནང་། བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་དྲག་ཤུལ་ཅན་ལ་ཅང་མི་གསུང་


DKG007_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

བས་གནང་ངོ་། །དེ་ནས་ཁྱིམ་བདག་དྲག་ཤུལ་ཅན་གྱིས་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་བར་རིག་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་སྟེ། དེས་ཞོ་ཤས་འཚོ་བ་རྣམས་ལ་སྨྲས་པ། ཤེས་ལྡན་དག་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པ་ཡོངས་སུ་མཉེལ་ཅིང་གཤེགས་ཀྱིས་ཞལ་ཟས་གཙང་ཞིང་བསོད་པ་མང་པོ་དག་སྟ་གོན་གྱིས་ཤིག །དེ་དག་གིས་ཞལ་ཟས་གཙང་ཞིང་བསོད་པ་མང་པོ་དག་སྟ་གོན་བྱས་སོ། །དེ་ནས་ཁྱིམ་བདག་དྲག་ཤུལ་ཅན་ནང་པར་སྔར་ལངས་ཏེ་གདན་བཤམས་ནས་ཆུ་ར་བཞག་སྟེ། བཅོམ་ལྡན་འདས་ལ་སྤྱན་འདྲེན་གྱིས་བཙུན་པ་གདུགས་ཚོད་གཡར་དགོངས་འཚལ་ན་བཅོམ་ལྡན་འདས་ཀྱིས་ད་དེའི་དུས་ལ་བབ་པར་དགོངས་སུ་གསོལ་ཞེས་སྤྱན་དྲངས་སོ། །དྲུག་སྡེ་དག་གིས་སྨྲས་པ། དགའ་བོ་ཉེ་དགའ་ཁྱིམ་དུ་འགྲོ་བའི་ཁྱིམ་དག་ཏུ་འདོང་། དེ་ལྟར་བྱའོ། །དེ་དག་གིས་བསོད་སྙོམས་པ་ཞིག་མཐོང་ནས་སྨྲས་པ། ཚུར་ཤོག་ཁྱིམ་དུ་འགྲོ་བའི་ཁྱིམ་དུ་འདོང་ངོ་ཞེས་དེ་ཁྲིད་ནས་དེ་དག་ཆེས་སྔར་ཡངས་པ་ཅན་དུ་ཞུགས་ནས་ཁྱིམ་དུ་འགྲོ་བའི་ཁྱིམ་དག་ཏུ་དོང་བ་དང་། དེ་དག་གིས་སྨྲས་པ། འཕགས་པ་དག་ཞལ་ཚུས་གསོལ་ཅིག །དྲུག་སྡེ་དག་གིས་སྨྲས་པ། ཁོ་བོ་ཅག་མགྲོན་དུ་བོས་སོ། །སུས། ཁྱིམ་བདག་དྲག་ཤུལ་ཅན་གྱིས་སོ། །དེ་དག་གིས་སྨྲས་པ། འཕགས་པ་དག་འོ་ན་ཨ་མྲའི་ཁུར་བ་དག་གསོལ་ཅིག །དེ་ལྟར་བྱའོ་ཞེས་དེ་དག་གིས་ཨ་མྲའི་ཁུར་བ་དག་ཟོས་སོ། །བསོད་སྙོམས་པ་དེ་མི་ཟ་ནས་དེ་དག་གིས་སྨྲས་པ། འཕགས་པ་ཁྱོད་ཀྱང་ཨ་མྲའི་ཁུར་བ་དག་གསོལ་ཅིག །དེས་སྨྲས་པ། ཁོ་བོ་སྟན་གཅིག་པ་ཡིན་ནོ། །དེ་དག་གིས་སྨྲས་པའོ། །འོ་ན་སྣོམས་ཏེ་བཞུད་ལ་དེ་ཉིད་དུ་གསོལ་ཅིག །དེས་ལྷུང་བཟེད་ཆུང་ངུ་བཀང་སྟེ་དེར་སོང་བ་དང་། དགེ་སློང་གི་དགེ་འདུན་ནི་བཞུགས་སོ། །


DKG007_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ནི་རྫས་ལས་བྱུང་བ་ན་བཞུགས་ཤིང་བསོད་སྙོམས་མངོན་པར་བསྒྲུབས་སོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རྒྱུ་ལྔས་རྫས་ལས་བྱུང་བ་ན་བཞུགས་ཤིང་བསོད་སྙོམས་མངོན་པར་སྒྲུབ་པར་མཛད་དེ། ལྔ་གང་ཞེ་ན། ནང་དུ་ཡང་དག་པར་འཇོག་པར་བཞེད་པ་དང་། ལྷ་རྣམས་ལ་ཆོས་སྟོན་པར་བཞེད་པ་དང་། ནད་པ་ལ་ལྟ་བར་བཞེད་པ་དང་། གནས་མལ་ལ་རྟོག་པར་བཞེད་པ་དང་། འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བཞེད་པའོ། །དོན་འདིར་ནི་བཅོམ་ལྡན་འདས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་འཆའ་བར་བཞེད་པས་རྫས་ལས་བྱུང་བ་ན་བཞུགས་ཤིང་བསོད་སྙོམས་མངོན་པར་སྒྲུབ་པ་མཛད་དོ། །དེ་ནས་ཁྱིམ་བདག་དྲག་ཤུལ་ཅན་གྱིས་དགེ་སློང་གི་དགེ་འདུན་བདེ་བར་འཁོད་པར་རིག་ནས་བཅའ་བ་དང་། བཟའ་བ་གཙང་ཞིང་བསོད་པས་རང་གི་ལག་ནས་ཚིམ་པར་བྱེད་ཅིང་སྟོབས་པར་བྱེད་དོ། །དེ་ནས་ཁྱིམ་བདག་དྲག་ཤུལ་ཅན་བསོད་སྙོམས་པ་དེའི་མདུན་དུ་འདུག་པ་དང་། བསོད་སྙོམས་པ་དེས་བསམས་པ། ཁྱིམ་བདག་འདིས་བདག་ལ་འདི་ལྟར་ཨ་མྲའི་ཁུར་བ་ཟོས་སོ་ཞེས་བྱ་བ་དེ་ལྟར་རིག་པར་གྱུར་གྱིས། ཇི་སྲིད་དུ་འདིས་བདག་ལ་ཀླན་ཀ་མ་རྙེད་པ་དེ་སྲིད་དུ་བདག་གིས་འདི་ལ་བརྗོད་པར་བྱའོ་སྙམ་ནས་དེས་ཁྱིམ་བདག་དྲག་ཤུལ་ཅན་ལ་འདི་སྐད་ཅེས་སྨྲས་སོ། །ཁྱིམ་བདག་བདག་འབའ་ཞིག་ཨ་མྲའི་ཁུར་བ་ཟོས་པར་མ་ཟད་ཀྱི་དྲུག་སྡེ་འདི་དག་གིས་ཀྱང་ཨ་མྲའི་ཁུར་བ་དག་ཟོས་སོ། །ཁྱིམ་བདག་གིས་སྨྲས་པ། འཕགས་པ་ཅིའི་ཕྱིར་དེ་སྐད་ཅེས་བདག་འབའ་ཞིག་གིས་ཨ་མྲའི་ཁུར་བ་དག་ཟོས་པར་མ་ཟད་ཀྱི་དྲུག་སྡེ་འདི་དག་གིས་ཀྱང་ཨ་མྲའི་ཁུར་བ་དག་ཟོས་སོ་ཞེས་ཟེར་ཞེས་དེས་སྤྱོས་ཏེ་སྨྲས་པ། འཕགས་པ་ཅི་ཁོ་བོ་ལ་ཨ་མྲའི་ཁུར་བ་དག་མེད་སྙམ་མམ། དེས་ཞོ་ཤས་འཚོ་བ་དག་ལ་སྨྲས་པ། ཤེས་ལྡན་དག་ཨ་མྲའི་ཁུར་བ་དག་གི་སྤྲོག་མ་དག་ཕྱེ་ཤིག །དེ་དག་གིས་ཕྱེའོ། །དེ་ནས་དགེ་སློང་


DKG007_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

བསོད་སྙོམས་སྒྲུབ་པས་བསོད་སྙོམས་བླངས་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་ཉིད་ཀྱིས་བསོད་སྙོམས་སྒྲུབ་པའི་དགེ་སློང་ལ་དགེ་སློང་ཇི་ལྟ་ཟས་བསོད་དམ་དགེ་སློང་གི་དགེ་འདུན་ཚིམ་པར་བྱས་སམ་ཞེས་སོ་སོར་ཀུན་དགའ་བར་མཛད་པ་འདིས་སོ་སོར་ཀུན་དགའ་བར་མཛད་པ་ཡིན་པས་བཅོམ་ལྡན་འདས་ཀྱིས་དགེ་སློང་བསོད་སྙོམས་སྒྲུབ་པ་ལ་དགེ་སློང་ཇི་ལྟ་ཟས་བསོད་དམ་དགེ་སློང་གི་དགེ་འདུན་ཚིམ་པར་བྱས་སམ། ཞེས་སོ་སོར་ཀུན་དགའ་བར་མཛད་པ་དང་། དེས་གསོལ་པ། བཙུན་པ་ཏེ་པོར་ཟས་བསོད་ཅིང་དགེ་སློང་གི་དགེ་འདུན་ཚིམ་པར་ནི་བགྱིས་ན། འདི་ལྟར་ཁྱིམ་བདག་དྲག་ཤུལ་ཅན་གྱིས་དགེ་སློང་གི་དགེ་འདུན་སྤྱོས་སོ། །དོན་གང་ལ། དེས་སྐབས་དེ་བཅོམ་ལྡན་འདས་ལ་རྒྱས་པར་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་ཁྱིམ་བདག་དྲག་ཤུལ་ཅན་གྱིས་དགེ་སློང་གི་དགེ་འདུན་གནས་སུ་སྤྱོས་སོ། །དེ་ནས་བཅོམ་ལྡན་འདས་ཞལ་ཟས་ཀྱི་བྱ་བ་མཛད་ནས་གཙུག་ལག་ཁང་གི་སླད་རོལ་དུ་ཞབས་གཉིས་བསིལ་ཏེ་ནང་དུ་ཡང་དག་འཇོག་གི་སླད་དུ་གཙུག་ལག་ཁང་དུ་གཤེགས་སོ། །དེ་ནས་བཅོམ་ལྡན་འདས་ནང་དུ་ཡང་དག་འཇོག་ལས་བཞེངས་ནས་དགེ་སློང་གི་དགེ་འདུན་གྱི་གོང་དུ་གདན་བཤམས་པ་ཉིད་ལ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་རྨས་པ། དགེ་སློང་དག་ཁྱེད་ཡང་ཡང་ཟ་བ་བདེན་ནམ། བཙུན་པ་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་


DKG007_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བའི་བྱ་བ་མ་ཡིན་ནོ་ཞེས་རྣམ་པར་སྨད་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་ཡང་ཟ་ན་ལྟུང་བྱེད་དོ་ཞེས་བཅོམ་ལྡན་འདས་ཀྱིས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བ་མཛད་དོ། །སངས་རྒྱས་བཅོམ་ལྡན་འདས་ཡངས་པ་ཅན་ན་སྤྲེའུ་རྫིང་གི་འགྲམ་ཁང་པ་བརྩེགས་པའི་ཁང་བཟངས་ན་བཞུགས་སོ། །དགེ་སློང་ན་བ་ཞིག་སྨན་པའི་གནས་སུ་སོང་བ་དང་། དེས་དེ་མཐོང་ནས་སྨྲས་པ། བཞིན་བཟངས་ཁོ་བོ་ལ་སྨན་སྟོན་ཅིག །འཕགས་པ་ཇེ་ཞལ་ཚུས་གསོལ་ཅིག །བཞིན་བཟངས་བཅོམ་ལྡན་འདས་ཀྱིས་མ་གནང་ངོ་། །འཕགས་པ་དེ་ཁྱོད་ཀྱི་སྨན་ལགས་ཏེ། གཞན་དུ་ན་ཁྱོད་ཀྱིས་འཚོ་བར་མི་སྤྱོད་དོ། །བཞིན་བཟངས་བཅོམ་ལྡན་འདས་ཀྱིས་བསླབ་པའི་གཞི་བཅའ་བར་མཛད་དོ། །འཕགས་པ་ཁྱོད་ཀྱི་སྟོན་པ་ཐུགས་རྗེ་ཅན་ལགས་པས་དེ་ཉིད་རྐྱེན་དུ་མཛད་ནས་གནང་བར་འགྱུར་བ་གང་ལགས་པ་དེ་ལྟ་བུའི་གནས་མཆིས་པར་འགྱུར་རོ། །དགེ་སློང་རྣམས་ཀྱིས་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་ན་བའི་དུས་མ་གཏོགས་སོ། །དགེ་སློང་དག་མཆོད་རྟེན་གྱི་ལས་དང་དགེ་འདུན་གྱི་ལས་དག་བྱས་པ་ན་དེ་དག་བཀྲེས་ནས་གློས་ཕབ་སྟེ་ཉལ་ཞིང་དགེ་བའི་ཕྱོགས་ལ་ཏྲོན་བྱེད་པར་མི་ནུས་པ་ན་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གཙུག་ལག་ཁང་དུ་ལྷགས་ནས་དེ་དག་གིས་སྨྲས་པ། འཕགས་པ་དག་བསྟན་པ་ལ་གཅིག་ཏུ་བརྩོན་པར་བགྱི་བ་ལགས་ན། ཅིའི་སླད་དུ་གློས་ཕབ་སྟེ་གཟིམས་ཤིང་དགེ་བའི་


DKG007_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ལ་ཏྲོན་མི་མཛད། བཞིན་བཟངས་དག་ཁོ་བོ་ཅག་བཀྲེས་སོ། །འཕགས་པ་དག་ཞལ་ཚུས་གསོལ་ཅིག །བཞིན་བཟངས་དག་བཅོམ་ལྡན་འདས་ཀྱིས་བསླབ་པའི་གཞི་བཅའ་བ་མཛད་དོ། །ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་ལས་ཀྱི་དུས་མ་གཏོགས་སོ། །དགེ་སློང་གཞན་དག་ལམ་དུ་ཞུགས་པ་ན་བཀྲེས་པར་གྱུར་ནས་གློས་ཕབ་སྟེ་ཉལ་ཞིང་དགེ་བའི་ཕྱོགས་ལ་ཏྲོན་བྱེད་པར་མི་ནུས་པ་ན་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་ལྷགས་ནས་དེ་དག་གིས་སྨྲས་པ། འཕགས་པ་དག་བསྟན་པ་ལ་གཅིག་ཏུ་བརྩོན་པར་བགྱི་བ་ལགས་ན་ཅིའི་སླད་དུ་གློས་ཕབ་སྟེ་གཟིམས་ཤིང་དགེ་བའི་ཕྱོགས་ལ་ཏྲོན་མི་མཛད། བཞིན་བཟངས་དག་ཁོ་བོ་ཅག་བཀྲེས་སོ། །འཕགས་པ་དག་ཞལ་ཚུས་གསོལ་ཅིག །བཞིན་བཟངས་དག་བཅོམ་ལྡན་འདས་ཀྱིས་བསླབ་པའི་གཞི་བཅའ་བ་མཛད་དོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་ལམ་གྱི་དུས་མ་གཏོགས་སོ། །དེ་ནས་བཅོམ་ལྡན་འདས་ཡངས་པ་ཅན་དུ་ཅི་དགྱེས་པར་བཞུགས་ནས་མཉན་ཡོད་ག་ལ་བ་དེ་ལོགས་སུ་ལྗོངས་རྒྱུ་ཞིང་གཤེགས་པ་ན་མཉན་ཡོད་དུ་བྱོན་ནས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ན་ཁྱིམ་བདག་ཅིག་འདུག་པ་དེའི་ཀུན་དུ་སྤྱོད་པ་ནི་ཚེས་བརྒྱད་དང་། བཅུ་བཞི་ལ་བསྙེན་གནས་ལ་གནས་ཤིང་ཇི་སྲིད་དུ་དགེ་འདུན་བཀྲབས་པ་དག་ཟན་མ་ཟོས་པ་དེ་སྲིད་དུ་བདག་ཉིད་ཟན་ཟ་བར་མི་བྱེད་དོ། །ཁྱིམ་བདག་ཅིག་གིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཁྱིམ་གཞན་དུ་སྤྱན་དྲངས་ནས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་གཤེགས་སོ། །ཁྱིམ་བདག་དེས་གཙུག་ལག་ཁང་དུ་མི་མངགས་ཏེ་སོང་ལ་དགེ་སློང་དག་སྤྱན་དྲོངས་ཤིག་དང་གདུགས་ཚོད་གསོལ་ལོ། །


DKG007_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

མི་དེ་གཙུག་ལག་ཁང་དུ་སོང་བ་དང་། ཇི་ཙམ་ན་དགེ་སློང་གཅིག་ཀྱང་མི་སྣང་ནས་དེ་ཕྱིར་ལོག་སྟེ་སྨྲས་པ། ཁྱིམ་བདག་དེ་ན་དགེ་སློང་མེད་དེ་བདག་གིས་གཅིག་ཀྱང་མ་མཐོང་ངོ་། །ཁྱིམ་བདག་དེས་སྨྲས་པ། སོང་ལ་གང་དུ་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་སྤྱན་དྲངས་པ་དེ་ནས་དགེ་སློང་དག་སྤྱན་དྲོངས་ཤིག་དང་གདུགས་ཚོད་གསོལ་ལོ། །མི་དེ་དེར་སོང་བ་དང་། ཇི་ཙམ་ན་དགེ་སློང་དག་ཟན་ཟོས་ཏེ་ཕྱིར་བྱུང་བ་མཐོང་ནས་དེས་སྨྲས་པ། འཕགས་པ་དག་ཚུར་གཤེགས་ཁྱིམ་བདག་ཆེ་གེ་མོ་ཞིག་གི་སྡུམ་པར་གདུགས་ཚོད་གསོལ་པར་ཅི་གནང་། དགེ་སློང་རྣམས་ཀྱིས་སྨྲས་པ། ཁོ་བོ་ཅག་ཟན་ཟོས་ཟིན་ནོ། །མི་དེ་སོང་སྟེ་ཁྱིམ་བདག་དེ་ལ་སྨྲས་པ། ཁྱིམ་བདག་དགེ་སློང་དག་གི་ཞལ་ནས་ཁོ་བོ་ཅག་ཟན་ཟོས་ཟིན་ཏོ་ཞེས་བྱུང་ངོ་། །ཀྭའི་ནང་རྗེ་སོང་ལ་ཁྱིམ་བདག་གི་མཆིད་ནས་ཚུར་སྤྱོན་གདུགས་ཚོད་གསོལ་དང་རས་ཡུག་ཆེན་འབུལ་ལོ་ཞེས་བྱོས་ཤིག །དེ་སོང་སྟེ་སྨྲས་པ། འཕགས་པ་དག་ཁྱིམ་བདག་གི་མཆིད་ནས་ཚུར་གཤེགས་གདུགས་ཚོད་གསོལ་དང་རས་ཡུག་ཆེན་འབུལ་ལོ་ཞེས་མཆིའོ། །དགེ་སློང་རྣམས་ཀྱིས་སྨྲས་པ། ཁོ་བོ་ཅག་གིས་སྤངས་སོ། །མི་དེ་སོང་སྟེ་ཁྱིམ་བདག་ལ་སྨྲས་པ། ཁྱིམ་བདག་དགེ་སློང་རྣམས་ཀྱི་ཞལ་ནས་བདག་ཅག་གིས་སྤངས་སོ་ཞེས་བྱུང་ངོ་། །ཁྱིམ་བདག་དེས་བདག་གིས་བཀྲབས་པའི་དགེ་འདུན་གྱིས་བཤོས་མ་གསོལ་ཏོ་ཞེས་ཟན་བཅད་པ་བསྒྲུབས་པ་དང་། དེའི་ངོས་ཀྱི་ཁྱིམ་ཚེས་དག་ཤཱཀྱའི་བུའི་དགེ་སྦྱོང་འདི་དག་གོས་བྱིན་ནའང་ལོངས་སྤྱོད་པར་མི་བཏུབ་པས་ཁྱིམ་བདག་འདིས་དགེ་སློང་དག་གིས་ཟན་མ་ཟོས་པའི་ཕྱིར་ཟས་བཅད་པ་བྱས་སོ། །ཞེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་གོས་སྦྱིན་པའི་ཚེའི་དུས་མ་གཏོགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བསླབ་པ་འདོད་པ་དང་བསླབ་པ་ལ་གུས་པ་དང་། བསླབ་


DKG007_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་ཡོ་བྱད་བསྙུངས་པའི་བསྔགས་པ་བརྗོད་ནས་དགེ་སློང་རྣམས་ལ་དེ་དང་མཐུན་པ་དང་། དེའི་ཤས་ཆེ་བ་དང་། དེ་དང་འཚམ་པའི་ཆོས་དང་ལྡན་པའི་བཀའ་མཆིད་མཛད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་སྔ་མ་ནི་བཅས་པ་ཡིན་ལ་འདི་ནི་གནང་བ་ཡིན་ཏེ། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་ཡང་ཟ་ན་དུས་མ་གཏོགས་ཏེ་ལྟུང་བྱེད་དོ། །དེ་ལ་དུས་ནི་འདི་ཡིན་ཏེ། ན་བ་དུས་སོ། །ལས་དུས་སོ། །ལམ་དུས་སོ། །གོས་སྦྱིན་པའི་ཚེ་དུས་ཏེ། དེ་ལ་དེ་ནི་དུས་ཡིན་ནོ། །ཡང་ཡང་ཟ་ན་ཞེས་བྱ་བ་ནི་ཡང་དང་ཡང་དུ་ཟ་ནའོ། །དུས་མ་གཏོགས་ཏེ་ཞེས་བྱ་བ་ནི་དུས་བཞག་སྟེའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་ངན་སོང་དང་། ངན་འགྲོ་དང་། ལོག་པར་ལྟུང་བ་དག་ཏུ་སྲེག་པར་བྱེད། འཚོད་པར་བྱེད། ལྟུང་བར་བྱེད་པའོ། །གཞན་ཡང་ཇི་སྲིད་དུ་ལྟུང་བ་དེ་མ་བཤགས་ཤིང་སོ་སོར་མ་བཤགས་ན་དགེ་བའི་ཆོས་རྣམས་ལ་སྒྲིབ་པར་བྱེད་པ་སྟེ། དེས་ན་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་དུས་ནི་འདི་ཡིན་ཏེ། ན་བ་དུས་སོ་ཞེས་བྱ་བ་ནི་འདི་ལྟ་སྟེ། དགེ་སློང་ཟས་གཅིག་གིས་འཚོ་བར་མི་ནུས་ནའོ། །ལས་དུས་སོ་ཞེས་བྱ་བ་ནི་འདི་ལྟ་སྟེ། དགེ་སློང་གིས་དགེ་འདུན་གྱིའམ། མཆོད་རྟེན་གྱི་ལས་དེ་ལས་ཐ་ན་ཕྱག་དར་རེ་ལྡེ་ཙམ་བྱས་སམ། དཀྱིལ་འཁོར་བ་མལ་ཙམ་བྱས་ནའོ། །ལམ་དུས་སོ་ཞེས་བྱ་བ་ནི་འདི་ལྟ་སྟེ། དགེ་སློང་དཔག་ཚད་ཕྱེད་དུ་སོང་ངམ། དེའི་ཕྱེད་དུ་སོང་སྟེ་ཕྱིར་ལོག་ནའོ། །གོས་སྦྱིན་པའི་ཚེ་དུས་ཏེ་ཞེས་བྱ་བ་ནི་རས་ཡུག་ཕྲན་ནམ། རས་ཡུག་ཆེན་ཐོབ་ནའོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། གོས་དང་བཅས་པ་དང་། གོས་མེད་པ་དང་། གོས་དང་བཅས་ཤིང་གོས་ཀྱི་རིན་དང་ཡང་བཅས་པ་དང་། གོས་མེད་ཅིང་གོས་ཀྱི་རིན་ཡང་མེད་པ་ལས་ཏེ། དེ་ལ་དགེ་སློང་གོས་


DKG007_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་པར་མགྲོན་དུ་བོས་ཤིང་དེ་གོས་དང་བཅས་པ་གཞན་དུ་ཡང་མགྲོན་དུ་བོས་ན་དགེ་སློང་དེས་གཉི་ག་ཡང་ཁས་བླང་བར་བྱ་ཞིང་གཉི་ག་ཡང་བཟའ་བར་བྱ་སྟེ། དེ་ཁས་ལེན་པ་ལ་ཡང་ལྟུང་བ་མེད་ལ་ཟ་བ་ལ་ཡང་ལྟུང་བ་མེད་དོ། །དགེ་སློང་གོས་དང་བཅས་པ་མགྲོན་དུ་བོས་ཤིང་དེ་གོས་མེད་པ་གཞན་དུ་ཡང་མགྲོན་དུ་བོས་ན་དགེ་སློང་དེས་སྔ་མ་ཁས་བླང་བར་བྱ་ཞིང་གཉིས་པ་སྤང་བར་བྱ་བའམ། གཞན་ལ་སྦྱིན་པར་བྱའོ། །གཉི་ག་ཁས་ལེན་པར་བྱེད་ཅིང་གཉི་ག་ཟ་བར་བྱེད་ན་དེ་ཁས་ལེན་པ་ལ་ཉེས་བྱས་སུ་འགྱུར་ལ། ཟ་བ་ལ་ལྟུང་བྱེད་དུ་འགྱུར་ཏེ། སྔ་མ་ལ་ནི་ལྟུང་བ་མེད་དོ། །དགེ་སློང་གོས་དང་བཅས་པར་མགྲོན་དུ་བོས་ཤིང་དེ་གོས་དང་བཅས་ཤིང་གོས་ཀྱི་རིན་དང་ཡང་བཅས་པ་གཞན་དུ་མགྲོན་དུ་བོས་ན་དགེ་སློང་དེས་གཉི་ག་ཁས་བླང་བར་བྱ་ཞིང་གཉི་ག་བཟའ་བར་བྱ་སྟེ། དེ་ཁས་ལེན་པ་ལ་ཡང་ལྟུང་བ་མེད་ལ། ཟ་བ་ལ་ཡང་ལྟུང་བ་མེད་དོ། །དགེ་སློང་གོས་དང་བཅས་པར་མགྲོན་དུ་བོས་ཤིང་དེ་གོས་མེད་ཅིང་གོས་ཀྱི་རིན་ཡང་མེད་པ་གཞན་དུ་ཡང་མགྲོན་དུ་བོས་ན་དགེ་སློང་དེས་སྔ་མ་ཁས་བླང་བར་བྱ་ཞིང་གཉིས་པ་སྤང་བར་བྱ་བའམ། གཞན་ལ་སྦྱིན་པར་བྱའོ། །གཉི་ག་ཁས་ལེན་པར་བྱེད་ཅིང་གཉི་ག་ཟ་བར་བྱེད་ན་དེ་ཁས་ལེན་པ་ལ་ཉེས་བྱས་སུ་འགྱུར་ལ། ཟ་བ་ལ་ལྟུང་བྱེད་དུ་འགྱུར་ཏེ། སྔ་མ་ལ་ནི་ལྟུང་བ་མེད་དོ། །དགེ་སློང་གོས་མེད་པར་མགྲོན་དུ་བོས་ཤིང་དེ་གོས་མེད་པ་གཞན་དུ་ཡང་མགྲོན་དུ་བོས་ན་དགེ་སློང་དེས་སྔ་མ་ཁས་བླང་བར་བྱ་ཞིང་གཉིས་པ་སྤང་བར་བྱ་བའམ། གཞན་ལ་སྦྱིན་པར་བྱའོ། །གཉི་ག་ཁས་ལེན་པར་བྱེད་ཅིང་གཉི་ག་ཟ་བར་བྱེད་ན་དེ་ཁས་ལེན་པ་ལ་ཉེས་བྱས་སུ་འགྱུར་ལ། ཟ་བ་ལ་ལྟུང་བྱེད་དུ་འགྱུར་ཏེ། སྔ་མ་ལ་ནི་ལྟུང་བ་མེད་དོ། །དགེ་སློང་གོས་མེད་པར་མགྲོན་དུ་བོས་ཤིང་དེ་གོས་དང་བཅས་པ་གཞན་དུ་ཡང་མགྲོན་དུ་བོས་ན་དགེ་སློང་དེས་གཉི་ག་ཁས་བླང་བར་བྱ་ཞིང་གཉི་ག་བཟའ་བར་བྱ་སྟེ། དེ་ལ་


DKG007_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

ཁས་ལེན་པ་ལ་ཡང་ལྟུང་བ་མེད་ལ། ཟ་བ་ལ་ཡང་ལྟུང་བ་མེད་དོ། །དགེ་སློང་གོས་མེད་པར་མགྲོན་དུ་བོས་ཤིང་དེ་གོས་དང་བཅས་ཤིང་གོས་ཀྱི་རིན་དང་ཡང་བཅས་པ་གཞན་དུ་ཡང་མགྲོན་དུ་བོས་ན་དགེ་སློང་དེས་གཉི་ག་ཁས་བླང་བར་བྱ་ཞིང་གཉི་ག་བཟའ་བར་བྱ་སྟེ། དེ་ཁས་ལེན་པ་ལ་ཡང་ལྟུང་བ་མེད་ལ། ཟ་བ་ལ་ཡང་ལྟུང་བ་མེད་དོ། །དགེ་སློང་གོས་མེད་པར་མགྲོན་དུ་བོས་ཤིང་དེ་གོས་མེད་ཅིང་གོས་ཀྱི་རིན་ཡང་མེད་པ་གཞན་དུ་ཡང་མགྲོན་དུ་བོས་ན་དགེ་སློང་དེས་སྔ་མ་ཁས་བླང་བར་བྱ་ཞིང་གཉིས་པ་སྤང་བར་བྱ་བའམ། གཞན་ལ་སྦྱིན་པར་བྱའོ། །གཉི་ག་ཁས་ལེན་པར་བྱེད་ཅིང་གཉི་ག་ཟ་བར་བྱེད་ན་དེ་ཁས་ལེན་པ་ལ་ཉེས་བྱས་སུ་འགྱུར་ལ། ཟ་བ་ལ་ལྟུང་བྱེད་དུ་འགྱུར་ཏེ། སྔ་མ་ལ་ནི་ལྟུང་བ་མེད་དོ། །དགེ་སློང་གོས་དང་བཅས་ཤིང་གོས་ཀྱི་རིན་དང་ཡང་བཅས་པར་མགྲོན་དུ་བོས་ཤིང་དེ་གོས་དང་བཅས་ཤིང་གོས་ཀྱི་རིན་དང་ཡང་བཅས་པ་ལ་གཞན་དུ་ཡང་མགྲོན་དུ་བོས་ན་དགེ་སློང་དེས་གཉི་ག་ཁས་བླང་བར་བྱ་ཞིང་གཉི་ག་བཟའ་བར་བྱ་སྟེ། དེ་ཁས་ལེན་པ་ལ་ཡང་ལྟུང་བ་མེད་ལ། ཟ་བ་ལ་ཡང་ལྟུང་བ་མེད་དོ། །དགེ་སློང་གོས་དང་ཡང་བཅས་ཤིང་གོས་ཀྱི་རིན་དང་ཡང་བཅས་པར་མགྲོན་དུ་བོས་ཤིང་དེ་གོས་དང་བཅས་པ་གཞན་དུ་ཡང་མགྲོན་དུ་བོས་ན་དགེ་སློང་དེས་གཉི་ག་ཁས་བླང་བར་བྱ་ཞིང་གཉི་ག་བཟའ་བར་བྱ་སྟེ། དེ་ཁས་ལེན་པ་ལ་ཡང་ལྟུང་བ་མེད་ལ། ཟ་བ་ལ་ཡང་ལྟུང་བ་མེད་དོ། །དགེ་སློང་གོས་དང་བཅས་ཤིང་གོས་ཀྱི་རིན་དང་བཅས་པར་མགྲོན་དུ་བོས་ཤིང་དེ་གོས་མེད་པ་གཞན་དུ་ཡང་མགྲོན་དུ་བོས་ན་དགེ་སློང་དེས་སྔ་མ་ཁས་བླང་བར་བྱ་ཞིང་གཉིས་པ་སྤང་བར་བྱ་བའམ། གཞན་ལ་སྦྱིན་པར་བྱའོ། །གཉི་ག་ཁས་ལེན་པར་བྱེད་ཅིང་གཉི་ག་ཟ་བར་བྱེད་ན་དེ་ཁས་ལེན་པ་ལ་ཉེས་བྱས་སུ་འགྱུར་ལ། ཟ་བ་ལ་ལྟུང་བྱེད་དུ་འགྱུར་ཏེ། སྔ་མ་ལ་ནི་ལྟུང་བ་མེད་དོ། །དགེ་སློང་གོས་དང་བཅས་ཤིང་གོས་ཀྱི་རིན་དང་ཡང་བཅས་པར་མགྲོན་དུ་བོས་ཤིང་དེ་གོས་མེད་ཅིང་གོས་ཀྱི་རིན་


DKG007_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མེད་པ་གཞན་དུ་ཡང་མགྲོན་དུ་བོས་ན་དགེ་སློང་དེས་སྔ་མ་ཁས་བླང་བར་བྱ་ཞིང་གཉིས་པ་སྤང་བར་བྱ་བའམ། གཞན་ལ་སྦྱིན་པར་བྱའོ། །གཉི་ག་ཁས་ལེན་པར་བྱེད་ཅིང་གཉི་ག་ཟ་བར་བྱེད་ན་དེ་ཁས་ལེན་པ་ལ་ཉེས་བྱས་སུ་འགྱུར་ལ། ཟ་བ་ལ་ལྟུང་བྱེད་དུ་འགྱུར་ཏེ། སྔ་མ་ལ་ནི་ལྟུང་བ་མེད་དོ། །དགེ་སློང་གོས་མེད་ཅིང་གོས་ཀྱི་རིན་ཡང་མེད་པར་མགྲོན་དུ་བོས་ཤིང་དེ་གོས་མེད་ཅིང་གོས་ཀྱི་རིན་ཡང་མེད་པ་གཞན་དུ་ཡང་མགྲོན་དུ་བོས་ན་དགེ་སློང་དེས་སྔ་མ་ཁས་བླང་བར་བྱ་ཞིང་གཉིས་པ་སྤང་བར་བྱ་བའམ། གཞན་ལ་སྦྱིན་པར་བྱའོ། །གཉི་ག་ཁས་ལེན་པར་བྱེད་ཅིང་གཉི་ག་ཟ་བར་བྱེད་ན་དེ་ཁས་ལེན་པ་ལ་ཉེས་བྱས་སུ་འགྱུར་ལ། ཟ་བ་ལ་ལྟུང་བྱེད་དུ་འགྱུར་ཏེ། སྔ་མ་ལ་ནི་ལྟུང་བ་མེད་དོ། །དགེ་སློང་གོས་མེད་ཅིང་གོས་ཀྱི་རིན་ཡང་མེད་པར་མགྲོན་དུ་བོས་ཤིང་དེ་གོས་དང་བཅས་པ་གཞན་དུ་ཡང་མགྲོན་དུ་བོས་ན་དགེ་སློང་དེས་གཉི་ག་ཁས་བླང་བར་བྱ་ཞིང་གཉི་ག་བཟའ་བར་བྱ་སྟེ། དེ་ཁས་ལེན་པ་ལ་ཡང་ལྟུང་བ་མེད་ལ། ཟ་བ་ལ་ཡང་ལྟུང་བ་མེད་དོ། །དགེ་སློང་གོས་མེད་ཅིང་གོས་ཀྱི་རིན་ཡང་མེད་པར་མགྲོན་དུ་བོས་ཤིང་དེ་གོས་མེད་པ་གཞན་དུ་ཡང་མགྲོན་དུ་བོས་ན་དགེ་སློང་དེས་སྔ་མ་ཁས་བླང་བར་བྱ་ཞིང་གཉིས་པ་སྤང་བར་བྱ་བའམ། གཞན་ལ་སྦྱིན་པར་བྱའོ། །གཉི་ག་ཁས་ལེན་པར་བྱེད་ཅིང་གཉི་ག་ཟ་བར་བྱེད་ན་དེ་ཁས་ལེན་པ་ལ་ཉེས་བྱས་སུ་འགྱུར་ལ། ཟ་བ་ལ་ལྟུང་བྱེད་དུ་འགྱུར་ཏེ། སྔ་མ་ལ་ནི་ལྟུང་བ་མེད་དོ། །དགེ་སློང་གོས་མེད་ཅིང་གོས་ཀྱི་རིན་ཡང་མེད་པར་མགྲོན་དུ་བོས་ཤིང་དེ་གོས་དང་བཅས་ཤིང་གོས་ཀྱི་རིན་དང་བཅས་པ་གཞན་དུ་ཡང་མགྲོན་དུབོས་ན་དགེ་སློང་དེས་གཉི་ག་ཁས་བླང་བར་བྱ་ཞིང་གཉི་ག་ཟ་བར་བྱ་སྟེ། དེ་ཁས་ལེན་པ་ལ་ཡང་ལྟུང་བ་མེད་ལ། ཟ་བ་ལ་ཡང་ལྟུང་བ་མེད་དོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །ཡང་ཡང་ཟ་བའི་ལྟུང་བྱེད་དེ་སུམ་བཅུ་རྩ་གཅིག་པ་རྫོགས་སོ།། །།


DKG007_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ། མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །རི་བྲགས་ཤིག་ན་ཁྱིམ་བདག་གཅིག་འདུག་པ་དེས་ཕྱོགས་བཞིའི་དགེ་སྦྱོང་དང་། བྲམ་ཟེ་རྣམས་ཀྱི་དོན་དུ་འདུག་གནས་བྱེད་དུ་བཅུག་སྟེ། དེ་འདུག་གནས་དེ་ན་ཕྱོགས་བཞིའི་དགེ་སྦྱོང་དང་། བྲམ་ཟེ་གང་འདུག་པ་དེ་ལ་བསོད་སྙོམས་ཀྱིས་མཁོ་བ་སྟོབས་པར་བྱེད་དོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་མཉན་ཡོད་དུ་ཆོ་འཕྲུལ་ཆེན་པོ་རྣམ་པར་བསྟན་ཏེ། གཞན་མུ་སྟེགས་ཅན་དག་ཚར་བཅད་ཅིང་ལྷ་དང་མི་རྣམས་ཀུན་དུ་དགའ་བར་མཛད། སྐྱེ་བོ་མཛངས་པ་དག་གི་སྙིང་དག་རངས་པར་མཛད་པ་དེའི་ཚེ་ན་གཞན་མུ་སྟེགས་ཅན་དག་མཐའ་འཁོབ་དག་ན་རྟེན་ཅིང་གནས་སོ། །དུས་གཞན་ཞིག་ན་གཅེར་བུ་པ་དྲུག་བཅུ་རི་བྲགས་དེར་ལྷགས་ནས་དེ་དག་ཁྱིམ་བདག་དེའི་གན་དུ་དོང་སྟེ་འདི་སྐད་ཅེས་སྨྲས་སོ། །བཞིན་བཟངས་ཆོས་ཐོབ་པར་གྱུར་ཅིག །ཆོས་ཐོབ་པར་གྱུར་ཅིག །ཁྱིམ་བདག་དེས་སྨྲས་པ། ཤེས་ལྡན་དག་རབ་ཏུ་བྱུང་བ་ཡིན་ནམ་ཅི། རབ་ཏུ་བྱུང་བ་དག་ཡིན་ནོ། །ཁྱིམ་བདག་གིས་སྨྲས་པ། མ་ནོངས་ཏེ་བདག་གིས་ཕྱོགས་བཞིའི་དགེ་སྦྱོང་དང་། བྲམ་ཟེ་རྣམས་ཀྱི་དོན་དུ་འདུག་གནས་བགྱིད་དུ་སྩལ་བ་དེར་བཞུགས་ཤིག་དང་། བདག་གིས་ཁྱེད་ཅག་ལ་བསོད་སྙོམས་ཀྱིས་མཁོ་བ་བསྟབས་པར་བགྱིའོ། །དེ་དག་གིས་དེར་གནས་པར་བརྩམས་ནས། ཁྱིམ་བདག་དེ་དེ་དག་ལ་བསོད་སྙོམས་ཀྱིས་མཁོ་བ་སྟོབས་པར་བྱེད་དོ། །མཉན་ཡོད་ན་ཁྱིམ་བདག་དད་པ་ཅན་ཞིག་འདུག་པ་དེ་ཟོང་ཐོགས་ཏེ། རི་བྲགས་དེར་འོངས་ནས་དེ་ཁྱིམ་བདག་དེའི་ཚོང་ཁང་དུ་ཞུགས་ནས། ཁྱིམ་བདག་དེ་དེ་དང་ལྷན་ཅིག་པ་ཤེས་པར་གྱུར་ཏོ། །ཁྱིམ་བདག་དེས་གཅེར་བུ་པ་དེ་དག་ལ་བྲིམ་པར་བརྩམས་ནས་དེས་ཁྱིམ་བདག་དེའི་གན་དུ་མི་མངགས་ཏེ། གྲོགས་པོ་ཚུར་ཤོག་དང་སྦྱིན་གནས་དག་ལ་བྲིམ་པར་བྱའོ་ཞེས་སྦྲན་པ་དང་། ཁྱིམ་བདག་དེ་དད་པ་ཅན་ཡིན་པས་དེས་བསམས་པ། བཅོམ་ལྡན་འདས་ཀྱི་ཉན་ཐོས་དག་ཡིན་གོར་མ་ཆག་གིས་སོང་ལ་བལྟའོ་སྙམ་ནས། དེ་དེར་སོང་བ་དང་། ཇི་ཙམ་ན་གཅེར་བུ་པ་ངོ་ཚ་དང་ཁྲེལ་བོར་བ་ཤ་སྟག་ཡིན་པར་མཐོང་ནས་མངོན་སུམ་དུ་མི་སྙན་པ་བརྗོད་པ་ནི་སྡུག་


DKG007_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

བསྔལ་བ་ཡིན་པས་དེ་ཅང་མི་སྨྲ་བར་འདུག་གོ །གཅེར་བུ་པ་དག་གིས་ཟན་ཟོས་ཏེ་སོང་ནས་ཁྱིམ་བདག་དེས་དེ་ལ་སྨྲས་པ། གྲོགས་པོ་ས་བོན་བཟང་ཞིང་ཞིང་ས་བཟང་ངམ། དེས་སྨྲས་པ། གྲོགས་པོ་ས་བོན་བཟང་ན། ཞིང་ནི་གཅེར་བུ་པ་ངོ་ཚ་དང་ཁྲེལ་བོར་བ་སྡིག་པའི་ལྟ་བ་ཅན་དགོན་དུང་ཚྭ་སྒོ་ཅན་ཐ་ཆད་སྡིག་པ་ཅན་གྱི་ས་གཞི་ཤ་སྟག་ཡིན་ནོ། །ཁྱིམ་བདག་གིས་སྨྲས་པ། གྲོགས་པོ་ཞིང་བཟང་པོ་གཞན་འགའ་ཡོད་དམ། དེས་སྨྲས་པ། ཡོད་དེ། བཅོམ་ལྡན་འདས་ཀྱི་ཉན་ཐོས་དག་གོ །ཁྱིམ་བདག་གིས་སྨྲས་པ། གལ་ཏེ་དེ་དག་འདིར་བྱོན་ན་བདག་གིས་དེ་དག་ལ་བསོད་སྙོམས་ཀྱིས་མཁོ་བ་བསྟབས་པར་བྱའོ། །ཁྱིམ་བདག་དེ་ཟོང་བསྒྱུར་ཏེ་རིན་བླངས་ནས་མཉན་ཡོད་དུ་ཕྱིན་པ་དང་། དེས་ཟོང་དག་ཚོང་ཁང་དུ་མཁོས་སུ་ཕབ་ནས་རྒྱལ་བྱེད་ཀྱི་ཚལ་དུ་སོང་ངོ་། །དྲུག་སྡེ་དག་གི་ཀུན་དུ་སྤྱོད་པ་ནི་འདིར་བདག་ཅག་གིས་བྲམ་ཟེ་དང་ཁྱིམ་བདག་འོངས་ཤིང་ལྷགས་པ་རྣམས་ལ་ཡང་ཆོས་བསྟན་པར་བྱ། རྒོལ་བ་དག་ཀྱང་ཚར་གཅད་པར་བྱ། རང་གི་གྲགས་པ་ཡང་བསྒྲག་པར་བྱའོ་སྙམ་པས་དྲུག་སྡེ་ལས་གང་ཡང་རུང་བས་རྒྱལ་བྱེད་ཀྱི་ཚལ་གྱི་སྒོ་སྟོང་པར་མི་འཇོག་པས། ཚེ་དང་ལྡན་པ་ཉེ་དགའ་ནང་པར་སྔར་ལངས་ཏེ་སོ་ཤིང་བོར་ནས་སྣམ་སྦྱར་དམར་སེར་གྱོན་ཏེ་རྒྱལ་བྱེད་ཀྱི་ཚལ་གྱི་སྒོ་ན་འཆག་ཅིང་འདུག་གོ། །ཉེ་དགའས་ཁྱིམ་བདག་དེ་ཐག་རིང་པོ་ཁོ་ན་ནས་མཐོང་ནས་སྨྲས་པ། ཁྱིམ་བདག་འོངས་པ་ལེགས་སོ་འོངས་པ་ལེགས་སོ། །ཁྱོད་གང་ནས་ཟླ་བ་བཞིན་དུ་ཡུན་རིང་མོ་རིང་མོ་ནས་འཁོད་ཅིང་འོངས། དེས་སྨྲས་པ། འཕགས་པ་རི་བྲགས་ག་གེ་མོ་ཞིག་ན། ཁྱིམ་བདག་ཆེ་གེ་མོ་ཞིག་མཆིས་པ་དེས་ཕྱོགས་བཞིའི་དགེ་སྦྱོང་དང་བྲམ་ཟེ་རྣམས་ཀྱི་དོན་དུ་འདུག་གནས་བགྱིད་དུ་སྩལ་ནས། དེ་བཅོམ་ལྡན་འདས་ཀྱི་ཉན་ཐོས་དག་མཐོང་བར་འཚལ་ལོ། །ཉེ་དགའས་བསམས་པ། གལ་ཏེ་ལྷུང་བཟེད་ནག་པོ་ཅན་འགའ་ཞིག་གིས་ཐོས་པར་གྱུར་ན། དེ་ཤིན་ཏུ་མྱུར་བར་དེར་འགྲོ་བར་འགྱུར་བས་བདག་གིས་ཁྱིམ་བདག་འདི་སྨད་ན་ལྷུང་བཟེད་ནག་པོ་ཅན་འགའ་ལ་ཡང་བརྗོད་པར་མི་འགྱུར་རོ་སྙམ་ནས། དེས་ཁྱིམ་བདག་དེ་ལ་སྨྲས་པ། ཁྱོད་ཀྱི་སྙིང་


DKG007_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ན་ཁོ་བོ་ཅག་ཟན་སུས་སྦྱིན་པར་འགྱུར། གོས་སུས་སྦྱིན་པར་འགྱུར་སྙམ་པ་ལས་གཞན་པ་བསམ་གཏན་ནམ། ཀློག་པ་འགའ་ཡང་མི་སེམས་སྙམ་མམ། ཁྱིམ་བདག་དེས་བསམས་པ། འདོད་པའི་བདག་ཉིད་ཅན་གང་དག་ཡིན་པ་དེ་དག་གི་ནང་ན་ཉེ་དགའ་ལས་ལྷག་པ་མེད་ན་འདིས་ཀྱང་རེ་ཞིག་བདག་སྨད་པར་གྱུར་ན། གལ་ཏེ་བདག་གིས་དགེ་སློང་རང་བཞིན་དུ་གནས་པ་གཞན་དག་ལ་བརྗོད་པར་གྱུར་ན། དེ་དག་གིས་བདག་རྒྱ་ཆེར་སྨད་པར་འགྱུར་རོ་སྙམ་ནས་དེ་ཅང་མི་སྨྲ་བར་འདུག་གོ །ཉེ་དགའས་ཀྱང་ཁྱིམ་བདག་དེ་སྨད་ནས་དྲུག་སྡེ་དག་གི་གན་དུ་སོང་སྟེ་སྨྲས་པ། ཚེ་དང་ལྡན་པ་དག་བདག་ཅག་གིས་ཡུན་ཇི་སྲིད་ཀྱིས་ཕོངས་པ་སྤང་བར་བྱ། དེ་དག་གིས་སྨྲས་པ། ཁྱོད་ཀྱིས་ཐོས་པ་ཅུང་ཞིག་ཡོད་དམ། ཡོད་དེ་རི་བྲགས་ག་གེ་མོ་ཞིག་ན་ཁྱིམ་བདག་ཆེ་གེ་མོ་ཞིག་འདུག་པ་དེས་ཕྱོགས་བཞིའི་དགེ་སྦྱོང་དང་། བྲམ་ཟེ་རྣམས་ཀྱི་དོན་དུ་འདུག་གནས་བྱེད་དུ་བཅུག་ནས། དེ་ན་གང་དག་འདུག་པ་དེ་དག་ལ་དེ་ཆོས་གོས་དང་། བསོད་སྙོམས་ཀྱིས་མཁོ་བ་སྟོབས་པར་བྱེད་ཀྱིས་དེར་འདོང་ངོ་། །དེ་དག་གིས་སྨྲས་པ། ཅི་ཐམས་ཅད་འདོང་ངམ། ཉེ་དགའས་སྨྲས་པ། མི་དྲུག་ཁོ་ན་འདོང་ངོ་། །དེ་ལྟར་བྱའོ་ཞེས་དྲུག་པོ་དེ་དག་རི་བྲགས་ག་ལ་བ་དེར་རྒྱུ་ཞིང་དོང་ངོ་། །གཅེར་བུ་པ་དེ་དག་གིས་སྨྲས་པ། ཤེས་པ་ཅན་དག་སྤྱོད་ཡུལ་རྗེས་སུ་འཇུག་པར་བྱས་འདོང་ངོ་ཞེས་དེ་དག་གིས་འདུག་གནས་དེར་སྲུང་མ་གཅེར་བུ་པ་གཅིག་བཞག་སྟེ་གཞན་དུ་དོང་ངོ་། །དྲུག་སྡེ་དག་ཀྱང་མཐར་གྱིས་རྒྱུ་ཞིང་འདོང་བ་ན་རི་བྲགས་དེར་ཕྱིན་ནས་དེ་དག་ཁྱིམ་བདག་དེའི་གན་དུ་དོང་སྟེ་སྨྲས་པ། ཁྱིམ་བདག་ཨ་རོག་གྱ་ཨ་རོག་གྱ། ཁྱིམ་བདག་གིས་སྨྲས་པ། ཁྱེད་ཅག་སུ་ཡིན། བཅོམ་ལྡན་འདས་ཀྱི་ཉན་ཐོས་དག་གོ །ཁྱིམ་བདག་གིས་སྨྲས་པ། མནོངས་ཏེ་བདག་ཅག་ཀྱང་བཅོམ་ལྡན་འདས་ཀྱི་ཉན་ཐོས་དག་མཐོང་བར་འཚལ་ན་ཁྱེད་ཅག་ཀྱང་བྱོན་ཏོ། །འཕགས་པ་དག་བདག་གིས་ཕྱོགས་བཞིའི་དགེ་སྦྱོང་དང་། བྲམ་ཟེ་རྣམས་ཀྱི་དོན་དུ་འདུག་གནས་བགྱིད་དུ་སྩལ་བ་དེར་བཞུགས་ཤིག་དང་བདག་གིས་ཁྱེད་ཅག་ལ་བསོད་སྙོམས་ཀྱིས་མཁོ་བ་བསྟབས་པར་བགྱིའོ། །དྲུག་


DKG007_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

སྡེ་དག་གིས་སྨྲས་པ། གནས་མལ་ཁྲིའམ་ཁྲིའུ་ཅུང་ཟད་ཡོད་དམ། ཁྱིམ་བདག་གིས་སྨྲས་པ། མ་མཆིས་སོ། །དྲུག་སྡེ་དག་གིས་སྨྲས་པ། ཁྱིམ་བདག་ཁོ་བོ་ཅག་ས་ལ་གནས་མལ་འཆའ་བར་མི་བྱེད་དོ། །ཁྱིམ་བདག་དེས་དེར་གནས་མལ་བཙལ་ནས་ཁྲི་དང་ཁྲིའུ་དག་འདུག་གནས་དེར་བསྐུར་རོ། །གཅེར་བུ་པ་དེས་སྨྲས་པ། ཀྱེ་ཤཱཀྱའི་བུའི་དགེ་སྦྱོང་དག་འདི་ཁྱེད་ཀྱི་གཙུག་ལག་ཁང་ཡང་མ་ཡིན་ལ། འདུག་གནས་ཀྱང་མ་ཡིན་ན་ཁྱེད་ཅག་འདིར་གར་འཇུག །དྲུག་སྡེ་དག་གིས་སྨྲས་པ། ཀྭའི་ཤེས་པ་ཅན་ཅི་ཟེར། འདི་ཁོ་བོ་ཅག་གི་གཙུག་ལག་ཁང་ཡང་མ་ཡིན་ལ། འདུག་གནས་ཀྱང་མ་ཡིན་ནོ་ཞེས་མ་ཟེར་ཅིག །གལ་ཏེ་འདུག་ན་ནི་འདུག་ཏུ་ཟད། གལ་ཏེ་མི་འདུག་ན་ཁྱོད་ལ་མཚམས་ཆེན་པོ་གཅད་པར་བྱའོ། །གཅེར་བུ་པ་དེས་བསམས་པ། འདི་དག་ནི་མི་དྲུག་ཡོད་ལ། བདག་ནི་གཅིག་པུ་ཡིན་པས་བདག་གིས་འདི་དག་ལ་ཅི་ཡང་བྱ་བར་མི་ནུས་པས། འདི་དག་གིས་བདག་ལ་གནོད་པ་བྱས་པར་གྱུར་ན་མི་རུང་ངོ་སྙམ་ནས་དེ་སྐྲག་སྟེ་བྲོས་སོ། །དྲུག་སྡེ་དག་ཉི་མ་རེ་རེ་ཞིང་ཁྱིམ་བདག་དེའི་ཁྱིམ་དུ་དོང་སྟེ་ཟ་བར་བྱེད་དོ། །དུས་གཞན་ཞིག་ན་ཁྱིམ་བདག་དེ་ལ་རི་བྲགས་གཞན་ཞིག་ཏུ་བྱ་བ་ཅུང་ཞིག་བྱུང་ནས། དེས་དྲུག་སྡེ་དག་ལ་སྨྲས་པ། འཕགས་པ་དག་བདག་ལ་རི་བྲགས་གཞན་ཞིག་ཏུ་བགྱི་བ་ཅུང་ཞིག་བྱུང་སྟེ་བདག་དེར་མཆི་ཡིས། ཁྱེད་ཅག་བདག་གི་སྡུམ་པ་ན་ཇི་ལྟར་གསོལ་བ་དེ་བཞིན་དུ་བདག་སླར་མཆིས་ཀྱི་བར་དུ་གསོལ་ཅིག །དྲུག་སྡེ་དག་གིས་སྨྲས་པ། དེ་ལྟར་བྱའོ། །ཁྱིམ་བདག་དེས་ནང་མི་ལ་སྨྲས་པ། ཁྱོད་ཀྱིས་འཕགས་པ་དག་ལ་ཇི་ལྟར་བསྙེན་བཀུར་བྱས་པ་དེ་བཞིན་དུ་ཁོ་བོ་ཕྱིར་འོངས་ཀྱི་བར་དུ་ཡང་གྱིས་ཤིག། དེ་རི་བྲགས་དེར་སོང་བ་དང་། དྲུག་སྡེ་དག་ཉི་མ་རེ་རེ་ཞིང་དེར་དོང་སྟེ་དེ་བཞིན་དུ་ཟ་བར་བྱེད་པ་ན་དེ་དག་གིས་སྨྲས་པ། དགའ་བོ་ཉེ་དགའ་བདག་ཅག་གིས་ཡུན་ཇི་སྲིད་དུ་གཞན་གྱི་སྤྱོད་ལམ་གྱིས་འཁོད་པར་བྱ། རང་གིས་སྤྱོད་ལམ་བསྟན་པར་བྱའོ། །དེ་ལྟར་བྱའོ་ཞེས་དེ་དག་གིས་སྨྲས་པ། དགའ་བོ་ཉེ་དགའ་བུད་མེད་འདིའི་མིག་དག་དང་། རྣ་བ་དག་དང་། སོ་དག་དང་། མཆུ་དག་དང་། ནུ་མ་དག་དང་།


DKG007_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

རྐེད་པ་དག་དང་། བརླ་དག་དང་། རྐང་པ་དག་མཛེས་པ་ལ་ལྟོས་ཤིག་ལྟོས་ཤིག །བུད་མེད་དེ་ངོ་ཚ་ནས་གནས་ཁང་དུ་ཞུགས་ཏེ་འདུག་གོ །ཁྱིམ་བདག་དེ་ཡང་རི་བྲགས་དེ་ནས་འོངས་ནས་དེས་ནང་མི་ལ་དྲིས་པ། ཁྱོད་ཀྱིས་སྦྱིན་གནས་དག་བྱོན་ནས་དེ་བཞིན་དུ་གསོལ་ཏམ། དེས་སྨྲས་པ། འདི་འདྲ་བའི་སྦྱིན་གནས་དག་ནི་འགའ་ཡང་མ་མཆིས་ཀྱང་མི་དངོའོ། །བདག་གིས་དྭ་དག་དང་རོལ་མོ་མཁན་དག་དང་། ནལ་གྱི་བུ་དག་ལས་ཀྱང་སྔོན་ལན་འགའ་ཡང་མ་ཐོས་པའི་ཚིག་དག་ཁྱོད་ཀྱི་སྦྱིན་གནས་དག་ལས་ཐོས་སོ། །ཁྱིམ་བདག་དེས་བསམས་པ། བུད་མེད་ཀྱི་ཡུལ་དག་ནི་སྐྱེས་པ་ལ་སེམས་པ་ཡིན་པས་གཅེར་བུ་པ་སྒྲེན་མོ་དག་ཞུགས་པ། དེ་དག་མཐོང་བ་ན་ཆགས་པར་འགྱུར་གྱི། བཅོམ་ལྡན་འདས་ཀྱི་ཉན་ཐོས་ཤམ་ཐབས་ལེགས་པར་བགོས་པ། ཆོས་གོས་ལེགས་པར་བགོས་པ་དེ་དག་ལ་འདི་མི་དགའོ་སྙམ་ནས་དེས་དེ་ལ་སྨྲས་པ། ཁྱོད་གཅེར་བུ་པ་སྒྲེན་མོ་དག་ལ་དགའི། བཅོམ་ལྡན་འདས་ཀྱི་ཉན་ཐོས་ཤམ་ཐབས་ལེགས་པར་བགོས་པ། ཆོས་གོས་ལེགས་པར་བགོས་པ་དག་ལ་ཁྱོད་དགའ་བར་ག་ལ་འགྱུར། ཆུང་མས་སྨྲས་པ། རྗེའི་སྲས་གལ་ཏེ་ཁྱོད་བདག་ལ་ཐུགས་མི་ཆེས་ན་བདག་གིས་ཁྱོད་ཀྱི་མངོན་སུམ་དུ་འགྱུར་བར་བགྱིའོ། །ཁྱིམ་བདག་གིས་བསམས་པ། ཇེ་བགམ་པར་བྱའོ་སྙམ་ནས་དེ་ཉི་མ་ཉུང་ཤས་ཤིག་འདུག་ནས་དྲུག་སྡེ་དག་ལ་སྨྲས་པ། འཕགས་པ་དག་ཡང་བདག་ལ་རི་བྲགས་དེར་བགྱི་བ་ཅུང་ཞིག་བྱུང་སྟེ། བདག་དེར་མཆི་ཡིས། ཁྱེད་ཅག་བདག་གི་སྡུམ་པ་ན་ཇི་ལྟར་གསོལ་བ་དེ་བཞིན་དུ་བདག་སླར་མཆིས་ཀྱི་བར་དུ་གསོལ་ཅིག །དྲུག་སྡེ་དག་གིས་སྨྲས་པ། དེ་ལྟར་བྱའོ། །ཁྱིམ་བདག་དེ་ཡང་གནས་ཁང་དུ་ཞུགས་ཏེ་འདུག་པ་དང་། དྲུག་སྡེ་དག་ཀྱང་དེ་བཞིན་དུ་དེའི་ཁྱིམ་དུ་ཞུགས་ཏེ་འཁོད་ནས། དེ་དག་ལ་དེའི་ཆུང་མ་དེས་བྲིམ་པར་བརྩམས་པ་དང་། དྲུག་སྡེ་དག་གིས་སྨྲས་པ། དགའ་བོ་ཉེ་དགའ་བུད་མེད་འདིའི་མིག་དག་དང་། རྣ་བ་དག་དང་། སོ་དག་དང་། མཆུ་དག་དང་། ནུ་མ་དག་དང་། རྐེད་པ་དག་དང་། བརླ་དག་དང་། རྐང་པ་དག་མཛེས་པ་ལ་ལྟོས་ཤིག་ལྟོས་


DKG007_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

ཤིག །ཁྱིམ་བདག་དེས་དེ་ཐོས་ནས་བསམས་པ། བདག་གིས་འཕྲལ་ཁོ་ན་ལ་འདི་དག་གི་བསོད་སྙོམས་གཅད་པ་ནི་བདག་གི་ཚུལ་དང་མཐུན་པ་མ་ཡིན་གྱིས་ཐབས་ཀྱི་རྣམ་པ་ཞིག་བྱའོ་སྙམ་ནས་དེས་དེའི་ཉིན་མོ་ཁུར་བ་གཅིག་ཕྲི་བ་དང་། དྲུག་སྡེ་དག་གིས་སྨྲས་པ། དགའ་བོ་ཉེ་དགའ་སྤྱོད་ཡུལ་ཚིག་གོ་ཞེས་དེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་དག་བདག་ཅག་གིས་མུ་ལྟོ་བ་དག་ལ་ཁུར་བ་གཅིག་སྦྱིན་པར་བྱ་བ་དེ་དེང་ཕྱིན་ཅད་སྦྱིན་དུ་མེད་དོ། །དེ་ཕྱི་དེ་ཉིན་པར་ཁུར་བ་གཉིས་པ་ཕྲི་བ་དང་། དེ་དག་གིས་སྨྲས་པ། དགའ་བོ་ཉེ་དགའ་སྤྱོད་ཡུལ་ཚིག་གོ་ཞེས་དེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་དག་བདག་ཅག་གིས་ཁུར་བ་གཞན་གཅིག་ལྷུང་བཟེད་ཀྱི་འོག་གཞིར་དོར་བ་དེ་ཡང་དེང་ཕྱིན་ཅད་དོར་དུ་མེད་དོ། །དེ་བཞིན་དུ་རིམ་གྱིས་ཇི་ཙམ་ན་འབྲས་ཆན་རྩུབ་པོ་དང་། རྩབ་མོ་བསྐོལ་བ་དག་སྦྱིན་པར་བརྩམས་པ་དང་། དེ་དག་གིས་སྨྲས་པ། དགའ་བོ་ཉེ་དགའ་སྤྱོད་ཡུལ་ཚིག་གོ །ཡང་སྨྲས་པ། འདིར་ཇི་ལྟར་ཚིག །བདག་ཅག་སྒོ་འཕར་བརྒྱ་སྙེད་འདས་ཀྱང་ལྟོ་ཁེངས་པ་བསྒྲུབ་པར་དཀའ་ན། ད་ལྟར་འདི་ན་བདག་ཅག་གྲིབ་མ་བསིལ་བ་དག་ལ་འཁོད་དུ་ཡོད་ན་འབྲས་ཆན་རྩུབ་པོ་དང་། རྩབས་བསྐོལ་བ་ཡང་མི་འདོད་དམ། གཅེར་བུ་པ་དེས་ཀྱང་འཁོར་འཁོར་ནས་གཅེར་བུ་པ་དེ་དག་མཐོང་ནས་སྨྲས་པ། ཤེས་པ་ཅན་དག་བདག་ཅག་གི་སྤྱོད་ཡུལ་ཕྲོགས་ཀྱིས་ཕྱིར་ཁུག་ཤིག །དེ་དག་གིས་སྨྲས་པ། ཁྱོད་འདུག་གནས་བོར་ཏེ་འདིར་གར་འོང་། དེས་སྨྲས་པ། ཁོ་བོ་དེ་ནས་བསྐྲད་དོ། །སུས། ཤཱཀྱའི་བུའི་དགེ་སྦྱོང་དག་གིས་སོ། །དེ་དག་གིས་སྨྲས་པ། ཤཱཀྱའི་བུའི་དགེ་སྦྱོང་ཇི་སྙེད་ལྷགས། དེས་སྨྲས་པ། མི་དྲུག་གོ །དེ་དག་གིས་སྨྲས་པ། བདག་ཅག་མི་དྲུག་བཅུ་ཡོད་ན་དེ་དག་ཤིན་ཏུ་བརྡེགས་ཏེ་བསྐྲད་པར་མི་ནུས་སམ། ཚུར་ཤེག་འདོང་ངོ་། །བདག་ཅག་གིས་ཤེས་པ་ཅན་རེམ་ཤིག་ཅེས་བརྗོད་པ་ན་དྲུག་སྡེ་རེ་རེ་ལ་བདག་ཅག་མི་བཅུ་བཅུ་རུབ་སྟེ་ཤིན་ཏུ་བརྡེག་པར་བྱའོ། །དེ་དག་གིས་སྨྲས་པ། ཇེ་ཁྱིམ་བདག་ལ་དྲི་བར་བྱ་སྙམ། དེ་ལྟར་བྱའོ་ཞེས་དེ་དག་ཁྱིམ་བདག་གི་གན་དུ་དོང་སྟེ་སྨྲས་པ། ཁྱིམ་བདག་ཁྱོད་ཀྱི་འདུག་གནས་


DKG007_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ལ་ཕུལ། ཁྱིམ་བདག་གིས་སྨྲས་པ། སུ་ལ་ཡང་མ་ཕུལ་ཏེ། འདི་ལྟར་གང་དེ་ན་འདུག་པ་དེ་ལ་བདག་བསོད་སྙོམས་ཀྱིས་མཁོ་བ་སྟོབས་པར་བྱེད་དོ། །དེ་དག་གིས་སྨྲས་པ། ཁྱིམ་བདག་ནི་རེ་ཞིག་དབུས་ན་གནས་པ་ཡིན་ནོ་ཞེས་དེ་དག་འདུག་གནས་སུ་དོང་ནས་དྲུག་སྡེ་དག་ལ་སྨྲས་པ། ཀྭའི་ཤཱཀྱའི་བུའི་དགེ་སྦྱོང་དག་ཁྱེད་གང་ནས་ལྷགས་ཏེ་འདིར་འཁོད། འདི་ཁྱེད་ཀྱི་གཙུག་ལག་ཁང་ཡང་མ་ཡིན་ལ། འདུག་གནས་ཀྱང་མ་ཡིན་གྱིས་ཕྱིར་བྱུང་ཤིག །གལ་ཏེ་བྱུང་ན་ནི་བྱུང་དུ་ཟད། མི་བྱུང་ན་ཁོ་བོ་ཅག་གིས་ཁྱེད་ལ་མཚམས་ཆེན་པོ་གཅད་པར་བྱའོ། །དྲུག་སྡེ་དག་གིས་སྨྲས་པ། ཀྭའི་གཅེར་བུ་པ་སྒྲེ་བྱི་དག་ཅི་ཟེར། འདི་ཁྱེད་ཀྱི་གཙུག་ལག་ཁང་ཡང་མ་ཡིན་ལ། འདུག་གནས་ཀྱང་མ་ཡིན་གྱིས་ཕྱིར་བྱུང་ཤིག་ཅེས་མ་ཟེར་ཅིག །གལ་ཏེ་འཁོད་ན་ནི་འཁོད་དུ་ཟད། གལ་ཏེ་མི་འཁོད་ན་ཁོ་བོ་ཅག་གིས་ཁྱེད་ལ་མཚམས་ཆེན་པོ་གཅད་པར་བྱའོ། །གཅེར་བུ་པ་དག་གིས་ཤེས་པ་ཅན་རེམ་ཤིག་ཅེས་སྨྲས་ནས། དྲུག་སྡེ་རེ་རེ་ལ་གཅེར་བུ་པ་བཅུ་བཅུ་རུབ་སྟེ། དེ་དག་གིས་བརྡེག་པར་བརྩམས་པ་དང་། དྲུག་སྡེ་དག་གིས་སྨྲས་པ། དགའ་བོ་ཉེ་དགའ་ཚངས་པ་མཚུངས་པར་སྤྱོད་པ་དག་གིས་སྨད་པར་གྱུར་ན་མི་རུང་གིས་མིག་དག་དང་། རྣ་བ་དག་སྲུངས་ཤིག་ཅེས་དེ་དག་གིས་སྨྲས་པ། སྒྲེ་བྱི་དག་ཕོད་ཡང་དག་ན་ཕྱོགས་འདིར་སྣུན་ཅིག་ཅེས་རྐུབ་ཚོས་ལ་སོགས་པ་བསྟན་ཏེ་དེ་དག་བརྡེག་ཏུ་བཅུག་གོ །གང་གི་ཚེ་གཅེར་པུ་པ་དག་ངལ་བར་གྱུར་ཅིང་རྡེག་མི་ནུས་པ་དེའི་ཚེ་ན་དྲུག་སྡེ་དག་གིས་ཚེ་དང་ལྡན་པ་དག་ཤིན་ཏུ་རེམ་ཤིག་ཅེས་དྲུག་སྡེ་རེ་རེས་ཀྱང་ལག་ངར་བརྐྱང་པས་ཀྱང་གཅེར་བུ་པ་ལྔ་ལྔ་ས་ལ་བརྡབས་ཤིང་། ལག་ངར་བསྐུམས་པས་ཀྱང་གཅེར་བུ་པ་ལྔ་ལྔ་ས་ལ་བརྡབས་ནས་དེ་དག་ཤིན་ཏུ་བརྡེག་པར་བརྩམས་ཏེ་སྨྲས་པ། དགའ་བོ་ཉེ་དགའ་ཕམ་པར་འགྱུར་བའི་ལྟུང་བ་བྱུང་བར་གྱུར་ན་མི་རུང་གིས་རྩ་བའི་ལྟུང་བ་སྲུངས་ཤིག་ཅེས་དྲུག་སྡེ་དག་གིས་དེ་དག་རྒྱ་ལྕག་དག་དང་། ཁུ་ཚུར་དག་དང་། རྡོག་པ་དག་དང་། ལྕུག་མ་དག་གིས་ཤིན་ཏུ་གཏལ་ཅིང་བྲིམས་ནས། དེ་དག་གིས་གཅེར་བུ་པ་དག་རྡེག་བཞིན་དུ་འདུག་གནས་ཀྱི་ནང་ནས་ཕྱི་རོལ་དུ་འཛིངས་ཏེ་


DKG007_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བ་དང་། བྲམ་ཟེ་དང་ཁྱིམ་བདག་དག་གིས་དེ་དག་མཐོང་ནས། དེ་དག་གིས་སྨྲས་པ། ཤེས་ལྡན་དག་ལྟོས་ཤིག་ལྟོས་ཤིག །དགེ་སྦྱོང་གཡུལ་འགྱེད་པས་ཆར་འབབས་པར་འགྱུར་རོ། །དྲུག་སྡེ་དག་གིས་སྨྲས་པ། དགའ་བོ་ཉེ་དགའ་སྤྱོད་ཡུལ་ཚིག་ཅིང་མེ་མདག་ཞི་བར་མ་གྱུར་གྱི་ཚུར་ཤེག་མཉན་ཡོད་དུ་འདོང་ངོ་ཞེས་དེ་དག་མཉན་ཡོད་དུ་དོང་ངོ་། །ལྷོ་ལམ་ནས་འཇིག་རྟེན་རྒྱང་འཕེན་པའི་རྒོལ་བ་འཆར་ཀ་ཞེས་བྱ་བ་མཉན་ཡོད་དུ་འོངས་ནས། དེ་འགྱེད་འདོད་པའི་འགྱེད་པའི་ཡོ་བྱད་ཀྱི་ཕྱིར། ཚེ་དང་ལྡན་པ་ཀུན་ཤེས་ཀཽཎྜི་ནྱའི་དྲུང་དུ་སོང་སྟེ་སྨྲས་པ། ཀྱེ་དགེ་སློང་ཁོ་བོས་བླ་མ་ལས་ཡི་གེ་ཉུང་ཤས་ཤིག་བླངས་ཏེ་དེའི་ཕྱིར་ཁོ་བོ་ཁྱོད་དང་ལྷན་ཅིག་གཏམ་རྣམ་པར་གཏན་ལ་དབབ་པ་བྱེད་པར་འདོད་དོ། །ཚེ་དང་ལྡན་པ་ཀུན་ཤེས་ཀཽཎྜི་ནྱས་སྨྲས་པ། བྲམ་ཟེ་ཁོ་བོ་ཁྱོད་དང་འགྱེད་པར་མི་འདོད་ཀྱིས་སོང་ཤིག །དེ་ནས་འཇིག་རྟེན་རྒྱང་འཕེན་པ་དེ་ཚེ་དང་ལྡན་པ་རྟ་ཐུལ་དང་། བཟང་ལྡན་དང་། རླངས་པ་དང་། མིང་ཆེན་དང་། གྲགས་པ་དང་། གང་པོ་དང་། དྲི་མེད་དང་། བ་ལང་བདག་དང་། ལག་བཟངས་ག་ལ་བ་དེར་སོང་སྟེ་དེ་དག་ལ་སྨྲས་པ། ཀྱེ་དགེ་སློང་ཁོ་བོས་བླ་མ་ལས་ཡི་གེ་ཉུང་ཤས་ཤིག་བླངས་ཏེ། དེའི་ཕྱིར་ཁོ་བོ་ཁྱོད་དང་ལྷན་ཅིག་གཏམ་རྣམ་པར་གཏན་ལ་དབབ་པར་བྱེད་པར་འདོད་དོ། །དེ་དག་གིས་སྨྲས་པ། བྲམ་ཟེ་ཁོ་བོ་ཅག་ཁྱོད་དང་འགྱེད་པར་མི་འདོད་ཀྱིས་སོང་ཤིག །དེ་ནས་འཇིག་རྟེན་རྒྱང་འཕེན་པ་དེ་ཚེ་དང་ལྡན་པ་ཤཱ་རིའི་བུ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་དགེ་སློང་ཁོ་བོས་བླ་མ་ལས་ཡི་གེ་ཉུང་ཤས་ཤིག་བླངས་ཏེ། དེའི་ཕྱིར་ཁོ་བོས་ཁྱོད་དང་ལྷན་ཅིག་གཏམ་རྣམ་པར་གཏན་ལ་དབབ་པ་བྱེད་པར་འདོད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་ལ་དགེ་བའི་རྩ་བ་དག་ཅུང་ཟད་ཡོད་དམ་སྙམ་དུ་བསམས་ན་ཡོད་པར་མཐོང་ངོ་། །སུ་ལ་རག་ལས་སྙམ་ན། བདག་ཉིད་ལ་རག་ལས་པར་མཐོང་ངོ་། །འགྱེད་པས་འདུལ་བ་ཡིན་ནམ་སྙམ་ན། ཡིན་པར་མཐོང་ངོ་། །ཡུན་ཇི་སྲིད་ཀྱིས་འདུལ་བར་འགྱུར་སྙམ་ན། ཞག་བདུན་འདས་ནས་འདུལ་བར་འགྱུར་བར་མཐོང་ནས། ཚེ་དང་ལྡན་པ་


DKG007_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

ཤཱ་རིའི་བུས་སྨྲས་པ། བྲམ་ཟེ་ཚུར་ཤོག་དེ་ལྟར་བྱའོ་ཞེས་དེ་ཉི་མ་དང་པོ་ལ་འགྱེད་པ་ལྷག་མ་དང་བཅས་པར་བཏང་ངོ་། །ཕྱི་དེ་ཉིན་པར་ཡང་འགྱེད་པ་ལྷག་མ་དང་བཅས་པར་བཏང་ངོ་། །དེ་བཞིན་དུ་ཉི་མ་བདུན་པའི་བར་དུ་ཡང་འགྱེད་པ་ལྷག་མ་དང་བཅས་པར་བཏང་ངོ་། །ཐམས་ཅད་དུ་ལྷོ་ལམ་ནས་འཇིག་རྟེན་རྒྱང་འཕེན་པའི་རྒོལ་བ་འཆར་ཀ་ཞེས་བྱ་བ་འོངས་ནས། དེ་དང་འཕགས་པ་ཤཱ་རིའི་བུ་གཉིས་ཉི་མ་བདུན་པ་དེང་གི་བར་དུ་བཀྱེ་ན། གཅིག་གིས་ཀྱང་ཚར་མ་ཆོད་ལ་གཉིས་པས་ཀྱང་ཚར་མ་ཆོད་དོ་ཞེས་སྒྲ་གྲགས་ནས་སྲོག་ཆགས་འབུམ་ཕྲག་དུ་མ་དག་ཁ་ཅིག་ནི་ལྟད་མོ་སྐྱེས་པ་དང་། ཁ་ཅིག་ནི་སྔོན་གྱི་དགེ་བའི་རྩ་བ་དག་གིས་བསྐུལ་བ་ན་དེར་འདུས་པར་གྱུར་ནས། ཚེ་དང་ལྡན་པ་ཤཱ་རིའི་བུས་བསམས་པ། བདག་གིས་འགྱེད་པས་འདུལ་བ་དག་འདུས་སམ་སྙམ་ན། འདུས་པར་མཐོང་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་འཇིག་རྟེན་རྒྱང་འཕེན་པ་དེ་ཕམ་པར་བྱས་ཤིང་། རྡུགས་པར་བྱས་ཏེ་འགྱེད་པ་ལྷག་མ་མ་ལུས་པར་བཏང་ནས་འཇིག་རྟེན་རྒྱང་འཕེན་པ་ཀུན་དུ་རྒྱུ་འཆར་ཀ་ཚར་བཅད་པ་དང་། དེ་ཡང་དད་པར་གྱུར་ནས་སྨྲས་པ། བཙུན་པ་ཤཱ་རིའི་བུ་བདག་གིས་བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་རྫོགས་པར་བསྙེན་པ་དགེ་སློང་གི་དངོས་པོ་འཐོབ་ན་བདག་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཚངས་པར་སྤྱད་པ་སྤྱོད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུས་དེ་རབ་ཏུ་ཕྱུང་ཞིང་རྫོགས་པར་བསྙེན་པར་བྱས་སོ། །དེ་དེ་ལྟར་རབ་ཏུ་ཕྱུང་ནས་གཅིག་པུ་དབེན་པ་བག་ཡོད་པ་རྟུན་པ་དང་ལྡན་པ། བདག་ཉིད་བཏང་བར་གནས་པ་ན་རིགས་ཀྱི་བུ་གང་གི་ཕྱིར་སྐྲ་དང་ཁ་སྤུ་བྲེགས་ཏེ། གོས་ངུར་སྨྲིག་དག་བགོས་ནས་ཡང་དག་པ་ཁོ་ནར་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བར་བྱེད་པ་ཚངས་པར་སྤྱོད་པའི་མཐའ་བླ་ན་མེད་པ་དེ་ཚེ་དེ་ཉིད་ལ་རང་གི་མངོན་པར་ཤེས་པས་མངོན་སུམ་དུ་བྱས་ཏེ་བསྒྲུབས་ནས་བདག་གི་སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་སྤྱད་དོ། །བྱ་བ་བྱས་སོ། །སྲིད་པ་འདི་ལས་གཞན་མི་ཤེས་སོ་ཞེས་གོ་བར་བྱེད་ཅིང་དགྲ་བཅོམ་པ། ཁམས་གསུམ་པ་ལས་འདོད་ཆགས་དང་བྲལ་བ། བོང་བ་དང་གསེར་དུ་མཉམ་


DKG007_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

པ། ནམ་མཁའ་དང་ལག་མཐིལ་དུ་མཚུངས་པའི་སེམས་དང་ལྡན་པ། ཙན་དན་བཞག་པ་ལྟ་བུར་རིག་པས་སྒོ་ངའི་སྦུབས་དྲལ་བར་གྱུར་ཅིང་། རིག་པ་དང་། མངོན་པར་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པ་དང་། འདོད་པའི་རྙེད་པ་དང་། བཀུར་སྟི་ལ་རྒྱབ་ཀྱིས་ཕྱོགས་པ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་པར་བྱ་བ་དང་། རྗེད་པར་བྱ་བ་དང་། མངོན་དུ་སྨྲ་བར་བྱ་བར་གྱུར་ཏོ། །དེ་ནས་འཁོར་དེ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་ལྟ་བུའི་རྒོལ་བ་ཚར་བཅད་དོ་ཞེས་ཡ་མཚན་སྐྱེས་པར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་འཁོར་དེའི་བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་། རང་བཞིན་ཤེས་ནས་འདི་ལྟར་སྲོག་ཆགས་འབུམ་ཕྲག་དུ་མ་དག་གིས་བདེན་པ་དག་མཐོང་ཞིང་། ཁ་ཅིག་གིས་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས། ཁ་ཅིག་གིས་ནི་ལན་གཅིག་ཕྱིར་འོང་བའི་འབྲས་བུ་མངོན་སུམ་དུ་བྱས། ཁ་ཅིག་གིས་ནི་ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱས། ཁ་ཅིག་གིས་ནི་རབ་ཏུ་བྱུང་སྟེ་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་པ་དེ་ལྟར་ཆོས་བསྟན་པ་བྱས་ཏེ། འཁོར་དེ་ལས་ཕལ་ཆེར་སངས་རྒྱས་ལ་གཞོལ་བ་དང་། ཆོས་ལ་འབབ་པ་དང་། དགེ་འདུན་ལ་བབ་པར་རྣམ་པར་བཞག་གོ །ཚེ་དང་ལྡན་པ་ཤཱ་རིའི་བུས་འཇིག་རྟེན་རྒྱང་འཕེན་པ་འཆར་ཀ་སྔ་དྲོ་ཚར་བཅད་ནས། ཕྱི་དྲོ་དྲུག་སྡེ་དག་མཉན་ཡོད་དུ་ལྷགས་ནས། དགེ་སློང་རྣམས་ཀྱིས་དེ་དག་ལ་སྨྲས་པ། ཚེ་དང་ལྡན་པ་དག་འོངས་པ་ལེགས་སོ། །འོངས་པ་ལེགས་སོ། །ཁྱོད་ཅག་ག་ལས་འོངས། ཚེ་དང་ལྡན་པ་ཤཱ་རིའི་བུས་ལྷོ་ལམ་ནས་འཇིག་རྟེན་རྒྱང་འཕེན་པའི་རྒོལ་བ་བྲམ་ཟེ་ཀུན་དུ་རྒྱུ་འཆར་ཀ་ཞེས་བྱ་བ་འགྱེད་འདོད་ཅིང་འགྱེད་པའི་ཡོ་བྱད་ཀྱི་ཕྱིར་འོངས་པ་ཚར་བཅད་དེ་གཡུལ་ལས་རྣམ་པར་རྒྱལ་ལོ། །དྲུག་སྡེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་དག་འདི་ལྟར་ཚེ་དང་ལྡན་པ་ཤཱ་རིའི་བུས་ཚོགས་ཅན་གཉིས་པ། ཆོས་ཀྱི་དམག་དཔོན། ཆོས་ཀྱི་འཁོར་ལོ་རྗེས་སུ་བསྐོར་བས་རྒོལ་བ་གཅིག་ཚར་བཅད་པ་འདི་ངོ་མཚར་ཅི་ཆེ། གལ་ཏེ་ཚེ་དང་ལྡན་པ་ཤཱ་རིའི་བུས་ཚར་བཅད་པར་མ་


DKG007_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ན་ཡང་། བཅོམ་ལྡན་འདས་སླད་ན་བཞུགས་པས་དེ་ངོ་མཚར་མི་ཆེའི། ཁོ་བོ་ཅག་མི་དྲུག་གིས་གཅེར་བུ་པ་དྲུག་བཅུ་ཚར་བཅད་པ་ངོ་མཚར་ཆེའོ། །རིག་པའི་གནས་གང་ལ་དབྱུག་པའི་རིག་པས་ལུས་ལ་ཆོས་བཤད་པས་སོ། །ཅི་འཚོའམ་འོན་ཏེ་ཤི། དེའི་ཚེ་ན་ནི་འཚོ་ན་ད་ཙམ་འཚོའམ་ཤི་གཏོལ་མེད་དོ། །དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་ཡན་ལག་གང་གིས་ངོ་ཚ་བར་བྱ་བའི་ཡན་ལག་དེ་ཉིད་ཀྱིས་རློམ་པར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་དྲུག་སྡེ་དག་ལ་རྨས་པ། དགེ་སློང་དག་ཁྱོད་ཀྱིས་མི་མཛེས་པ་དེ་ལྟ་བུ་དེ་བྱས་པར་གྱུར་པ་བདེན་ནམ། བཙུན་པ་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་པར་སྨད་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། འདུག་གནས་གཅིག་ཏུ་ཞག་ལོན་པའི་དགེ་སློང་གིས་བསོད་སྙོམས་གཅིག་བཟའ་བར་བྱའོ། །དེ་ལས་ལྷག་པར་ཟ་ན་ལྟུང་བྱེད་དོ་ཞེས་བཅོམ་ལྡན་འདས་ཀྱིས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་དེ་ལྟར་བཅའ་བ་མཛད་དོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ། མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །


DKG007_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཁྱིམ་བདག་དེ་ཟོང་ཐོགས་ཏེ་རི་བྲགས་དེ་ཉིད་དུ་ཕྱིན་ནས་དེ་ཁྱིམ་བདག་དེའི་ཚོང་ཁང་དུ་ཞུགས་པ་དང་། ཁྱིམ་བདག་གིས་གཅེར་བུ་པ་དག་ལ་བྲིམ་པར་བརྩམས་ནས། དེས་ཁྱིམ་བདག་དེའི་གན་དུ་མི་མངགས་ཏེ། གྲོགས་པོ་སྦྱིན་གནས་དག་ལ་སྦྱིན་པར་བྱས། ཚུར་ཤོག་ཅེས་སྦྲན་པ་དང་། ཁྱིམ་བདག་དེ་དད་པ་ཅན་ཡིན་པས། དེས་བསམས་པ། བཅོམ་ལྡན་འདས་ཀྱི་ཉན་ཐོས་དག་ཡིན་གོར་མ་ཆག་གིས་སོང་ལ་བལྟའོ་སྙམ་ནས་དེ་དེར་སོང་བ་དང་། ཇི་ཙམ་ན་གཅེར་བུ་པ་ངོ་ཚ་དང་ཁྲེལ་བོར་བ་དག་ཅིག་ཡིན་པར་མཐོང་ནས། མངོན་སུམ་དུ་མི་སྙན་བརྗོད་པ་ནི་སྡུག་བསྔལ་བ་ཡིན་པས་དེ་ཅང་མི་སྨྲ་བར་འདུག་གོ །དེ་དག་ཟོས་ཏེ་དོང་བ་དང་། ཁྱིམ་བདག་གིས་དེ་ལ་སྨྲས་པ། གྲོགས་པོ་ཞིང་བཟང་ཞིང་ས་བོན་བཟང་ངམ། ཁྱིམ་བདག་དེས་སྨྲས་པ། གྲོགས་པོ་ས་བོན་ནི་བཟང་ན། ཞིང་ནི་གཅེར་བུ་པ་ངོ་ཚ་དང་ཁྲེལ་བོར་བ། སྡིག་པའི་ལྟ་བ་ཅན་དགོན་དུང་ཚྭ་སྒོ་ཅན་ཐ་ཆད་སྡིག་པ་ཅན་གྱི་ས་གཞི་ཤ་སྟག་ཡིན་ནོ། །ཁྱིམ་བདག་དེས་སྨྲས་པ། གྲོགས་པོ་ཞིང་ཆེས་བཟང་བ་གཞན་ཡོད་དམ། དེས་སྨྲས་པ། ཡོད་དེ་བཅོམ་ལྡན་འདས་ཀྱི་ཉན་ཐོས་དག་གོ །ཁྱིམ་བདག་གིས་སྨྲས་པ། གྲོགས་པོ་དེ་དག་གི་མིང་ཡང་མ་སྨོས་ཤིག །དེས་སྨྲས་པ། ཅི་དེ་དག་འདིར་ལྷགས་པར་གྱུར་ཏམ། ལྷགས་སོ། །གང་དག་དྲུག་སྡེ་དག་གོ །དེ་དག་གིས་རེ་ཞིག་ཅི་བྱས། འདི་དང་འདི་ལྟའོ། །དེས་སྨྲས་པ། གྲོགས་པོ་ཁྱོད་ཀྱིས་རྒྱ་མཚོ་ཆེན་པོ་ནས་ནོར་བུ་མཆིང་བུ་དག་བླངས་སོ། །ཁྱིམ་བདག་གིས་སྨྲས་པ། བཅོམ་ལྡན་འདས་ཀྱི་ཉན་ཐོས་བཟང་པོ་གཞན་དག་ཀྱང་ཡོད་དམ། ཡོད་དེ་གལ་ཏེ་ཁྱོད་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་ཆེན་པོ་དང་། ནམ་གྲུ་དང་། མ་འགགས་པ་ལ་སོགས་པ་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཆེན་པོ་གཞན་དག་མཐོང་བར་གྱུར་ན། ཁྱོད་མངོན་པར་དད་པར་འགྱུར་བ་དེ་ལྟ་བུའི་གནས་ཡོད་དོ། །ཁྱིམ་བདག་གིས་སྨྲས་པ། གལ་ཏེ་དེ་དག་འདིར་བྱོན་པར་གྱུར་ན་བདག་གིས་དེ་དག་ལ་བསོད་སྙོམས་ཀྱིས་མཁོ་བ་བསྟབས་པར་བྱའོ། །ཁྱིམ་བདག་དེས་བསམས་


DKG007_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

པ། ད་ནི་བདག་སོང་ལ་བཅོམ་ལྡན་འདས་ལ་གསོལ་བར་བྱའོ་སྙམ་ནས་ཁྱིམ་བདག་དེས་ཟོང་བསྒྱུར་ཏེ་རིན་བླངས་ནས་མཉན་ཡོད་ག་ལ་བ་དེར་སོང་སྟེ་མཐར་གྱིས་མཉན་ཡོད་དུ་ཕྱིན་ཏོ། །དེ་ནས་ཁྱིམ་བདག་དེས་ཟོང་ཚོང་ཁང་དུ་སྦས་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ །མཐའ་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་ཁྱིམ་བདག་དེས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་རི་བྲགས་ག་གེ་མོ་ཞིག་ན་ཁྱིམ་བདག་ཆེ་གེ་མོ་ཞིག་མཆིས་པ་དེ་ཕྱོགས་བཞིའི་དགེ་སྦྱོང་དང་བྲམ་ཟེ་རྣམས་ཀྱི་སླད་དུ་འདུག་གནས་བགྱིད་དུ་སྩལ་ཏེ། དེ་དེ་ན་གང་གནས་པ་དེ་ལ་བསོད་སྙོམས་ཀྱིས་མཁོ་བ་སྟོབས་པར་བགྱིད་ཅིང་། དེ་བཅོམ་ལྡན་འདས་ཀྱི་ཉན་ཐོས་དག་མཐོང་བར་འཚལ་ན། བཅོམ་ལྡན་འདས་ཀྱིས་དེ་ལ་ཐུགས་བརྩེ་་འོག་མ་B བའི་སླད་དུ་དེར་དགེ་སློང་དག་ཅིག་བཀའ་སྩལ་ན་ལེགས་སོ། །བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་དེ་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་ཁྱིམ་བདག་དེས་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་བར་རིག་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་གང་གིས་ཁྱིམ་བདག་དེ་འཁོར་དང་བཅས་པ་དང་། རི་བྲགས་དེ་ན་གནས་པའི་སྐྱེ་བོའི་ཚོགས་དག་འདུལ་བར་འགྱུར་སྙམ་དུ་དགོངས་ན། དགེ་སློང་ཤཱ་རིའི་བུས་འདུལ་བར་གཟིགས་ནས། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་བཀའ་སྩལ་པ། ཤཱ་རིའི་བུ་ཁྱོད་ཀྱིས་རི་བྲགས་ག་གེ་མོ་ཞིག་ན་ཁྱིམ་བདག་ཆེ་གེ་མོ་འཁོར་དང་བཅས་པ་དང་། རི་བྲགས་ན་གནས་པའི་སྐྱེ་བོའི་ཚོགས་ལ་སོམས་ཤིག །ཚེ་དང་ལྡན་པ་ཤཱ་རིའི་བུས་བཙུན་པ་བཀའ་བཞིན་འཚལ་ཞེས་བཅོམ་ལྡན་འདས་ལས་མཉན་ནས། འཁོར་ལྔ་བརྒྱ་དང་རི་བྲགས་དེ་ག་ལ་བ་དེ་ལོགས་སུ་ལྗོངས་རྒྱུ་ཞིང་སོང་ནས། མཐར་གྱིས་རྒྱུ་ཞིང་འགྲོ་བ་ན་རི་བྲགས་དེར་ཕྱིན་ནས་ཁྱིམ་བདག་དེའི་འདུག་གནས་སུ་ཞུགས་སོ། །ཁྱིམ་བདག་དེས་བཙུན་པ་ཤཱ་རིའི་བུ་འཁོར་ལྔ་བརྒྱ་


DKG007_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

དང་རི་བྲགས་འདིར་འོངས་ཏེ་བདག་གི་འདུག་གནས་སུ་ཞུགས་སོ་ཞེས་ཐོས་སོ། །ཐོས་ནས་ཀྱང་ཚེ་དང་ལྡན་པ་ཤཱ་རིའི་བུ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། ཚེ་དང་ལྡན་པ་ཤཱ་རིའི་བུའི་རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ །མཐའ་གཅིག་ཏུ་འདུག་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ཁྱིམ་བདག་དེ་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་སྟོན་པར་བྱེད། ཡང་དག་པར་འཛིན་དུ་འཇུད་པར་བྱེད། ཡང་དག་པར་གཟེངས་སྟོད་པར་བྱེད། ཡང་དག་པར་རབ་ཏུ་དགའ་བར་བྱེད་དོ། །རྣམ་གྲངས་དུ་མས་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་ཅང་མི་སྨྲའོ། །དེ་ནས་ཁྱིམ་བདག་དེ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་བྱས་ནས། ཚེ་དང་ལྡན་པ་ཤཱ་རིའི་བུ་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་ཤཱ་རིའི་བུས་སང་བདག་གིས་སྡུམ་པར་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་གདུགས་ཚོད་གསོལ་བར་ཅི་གནང་། ཚེ་དང་ལྡན་པ་ཤཱ་རིའི་བུས་ཁྱིམ་བདག་དེ་ལ་ཅང་མི་སྨྲ་བས་དང་དུ་བླངས་སོ། །དེ་ནས་ཁྱིམ་བདག་དེས་ཚེ་དང་ལྡན་པ་ཤཱ་རིའི་བུས་ཅང་མི་སྨྲ་བས་དང་དུ་བླང་བར་རིག་ནས། ཚེ་དང་ལྡན་པ་ཤཱ་རིའི་བུའི་རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། ཚེ་དང་ལྡན་པ་ཤཱ་རིའི་བུའི་དྲུང་ནས་སོང་ངོ་། །དེ་ནས་ཁྱིམ་བདག་དེས་དེ་ཉིད་ཀྱི་མཚན་མོ་བཅའ་བ་དང་བཟའ་བ་གཙང་ཞིང་བསོད་པ་སྟ་གོན་བྱས་ནས། ནང་པར་སྔར་ལངས་ཏེ་སྟན་བཤམས་ནས་ཆུ་ར་བཞག་སྟེ། ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་མངག་པས་བཙུན་པ་ཤཱ་རིའི་བུ། གདུགས་ཚོད་གཡར་དགོངས་འཚལ་ན་བཙུན་པ་ཤཱ་རིའི་བུས་ད་དེའི་དུས་ལ་བབ་པར་དགོངས་སུ་གསོལ་ཞེས་བསྐུལ་ཏོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་སྔ་དྲོ་ཤམ་ཐབས་བགོས། ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ། དགེ་སློང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་ཅིང་དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བདར་ནས་ཁྱིམ་བདག་དེའི་ཁྱིམ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། དགེ་སློང་གི་དགེ་


DKG007_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

འདུན་གྱི་གོང་དུ་སྟན་བཤམས་པ་ཉིད་ལ་འདུག་གོ །དེ་ནས་ཁྱིམ་བདག་དེས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་སོགས་པ་དགེ་སློང་གི་དགེ་འདུན་བདེ་བར་འདུག་པར་རིག་ནས། བཅའ་བ་དང་བཟའ་བ་གཙང་ཞིང་བསོད་པས་རང་གི་ལག་ནས་ཚིམ་པར་བྱེད་ཅིང་སྟོབས་པར་བྱེད་དོ། །རྣམ་གྲངས་དུ་མར་བཅའ་བ་དང་བཟའ་བ་གཙང་ཞིང་བསོད་པས་རང་གི་ལག་ནས་ཚིམ་པར་བྱས་ཤིང་བསྟབས་ཏེ། ཚེ་དང་ལྡན་པ་ཤཱ་རིའི་བུ་ཟན་ཟོས་ཤིང་ལག་པ་བསྙལ། ལྷུང་བཟེད་བཞག་པར་རིག་ནས་སྟན་ཆེས་དམའ་བ་ཞིག་བླངས་ཏེ། ཚེ་དང་ལྡན་པ་ཤཱ་རིའི་བུའི་མདུན་དུ་ཆོས་མཉན་པའི་ཕྱིར་འདུག་གོ །འདུག་ནས་ཁྱིམ་བདག་དེས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་ཤཱ་རིའི་བུ་ཆོས་བསྟན་དུ་གསོལ། ཁྱིམ་བདག་དེའི་ཕྱིར་ཁྱོད་ཀྱིས་ས་ཕྱོགས་གོ་སྐབས་ཡངས་པར་སྟན་འདིང་དུ་ཆུག་ལ། རི་བྲགས་འདིར་སྐྱེ་བོ་ཕལ་པོ་ཆེའི་ཚོགས་ལ་སང་འཕགས་པ་ཤཱ་རིའི་བུ་ཆོས་སྟོན་པར་འགྱུར་གྱིས། ཁྱེད་ཅག་ལས་གང་ཆོས་ཉན་པར་འདོད་པ་དེ་ཤོག་ཤིག་ཅེས་དྲིལ་བསྒྲག་པ་བྱེད་དུ་ཆུག་ཤིག །ཚེ་དང་ལྡན་པ་ཤཱ་རིའི་བུ་ཡོན་བཤད་པ་བྱས་ནས་སྟན་ལས་ལངས་ཏེ་སོང་ངོ་། །ཁྱིམ་བདག་དེ་རི་བྲགས་དེ་ན་གཙོ་བོར་གྲགས་པ་ཡིན་པས། དེས་ས་ཕྱོགས་གོ་སྐབས་ཡངས་པར་སྟན་ཤོམ་དུ་བཅུག་ནས་རི་བྲགས་དེར་སྐྱེ་བོ་ཕལ་པོ་ཆེའི་ཚོགས་ལ་སང་འཕགས་པ་ཤཱ་རིའི་བུ་ཆོས་སྟོན་པར་འགྱུར་གྱིས། ཁྱེད་ཅག་ལས་གང་ཆོས་ཉན་པར་འདོད་པ་དེ་ཤོག་ཤིག །ཁྱེད་ཅག་ལས་གང་གིས་དེར་བདེན་པ་དག་མཐོང་བར་མ་གྱུར་པ་དེས་འཁོར་བར་ཡུན་རིང་དུ་འཁོར་བར་བྱ་དགོས་སོ་ཞེས་དྲིལ་བསྒྲག་པ་བྱེད་དུ་བཅུག་གོ །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་ཕྱོགས་དེར་སོང་སྟེ་དགེ་སློང་གི་དགེ་འདུན་གྱི་གོང་དུ་སྟན་བཤམས་པ་ཉིད་ལ་འདུག་པ་དང་། སྲོག་ཆགས་འབུམ་ཕྲག་དུ་མ་དག་ཀྱང་ཁ་ཅིག་ནི་ལྟད་མོ་སྐྱེས་པ་ན། ཁ་ཅིག་ནི་སྔོན་གྱི་དགེ་བའི་རྩ་བ་དག་གིས་བསྐུལ་བ་ན་འདུག་པར་གྱུར་ནས། ཚེ་དང་ལྡན་པ་ཤཱ་རིའི་བུས་འཁོར་དེའི་བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་། རང་བཞིན་ཤེས་ནས་འདི་ལྟར་ཁྱིམ་བདག་དེ་འཁོར་དང་བཅས་པ་དང་། སྲོག་


DKG007_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་ཁྲི་ཉིས་སྟོང་གིས་བདེན་པ་དག་མཐོང་ཞིང་ཁ་ཅིག་གིས་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས། ཁ་ཅིག་གིས་ནི་ལན་གཅིག་ཕྱིར་འོང་བའི་འབྲས་བུ་མངོན་སུམ་དུ་བྱས། ཁ་ཅིག་གིས་ནི་ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱས། ཁ་ཅིག་གིས་ནི་རབ་ཏུ་བྱུང་སྟེ་ཉོན་མོངས་པ་ཐམས་ཅད་སྤངས་པས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས། ཁ་ཅིག་གིས་ནི་ཉན་ཐོས་ཀྱི་བྱང་ཆུབ་ཏུ་སེམས་བསྐྱེད། ཁ་ཅིག་གིས་ནི་རང་སངས་རྒྱས་ཀྱི་བྱང་ཆུབ་ཏུ་སེམས་བསྐྱེད། ཁ་ཅིག་གིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་ལྟར་ཆོས་བསྟན་པ་བྱས་ཏེ། འཁོར་དེ་ལས་ཕལ་ཆེར་སངས་རྒྱས་ལ་གཞོལ་བ་དང་། ཆོས་ལ་འབབ་པ་དང་། དགེ་འདུན་ལ་བབ་པར་རྣམ་པར་བཞག་གོ །ཚེ་དང་ལྡན་པ་ཤཱ་རིའི་བུས་ཧ་ཅང་ཡུན་རིང་དུ་ཆོས་བསྟན་པས་གདུགས་ཚོད་ཡོལ་ཞིང་རླུང་གིས་དེའི་རྒྱབ་ན་བར་གྱུར་ནས་ཁྱིམ་བདག་དེས་སྨྲས་པ། བཙུན་པ་ཤཱ་རིའི་བུ་དེའི་སླད་དུ་བདག་གི་འདུག་གནས་སུ་བཞུགས་ཤིག་དང་། བདག་གིས་ཁྱོད་ལ་བསོད་སྙོམས་ཀྱིས་མཁོ་བ་བསྟབས་པར་བགྱིའོ། །ཁྱིམ་བདག་ཁྱོད་ཉིད་ལ་བརྟེན་ནས་བཅོམ་ལྡན་འདས་ཀྱིས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བ་མཛད་ཀྱིས་འགྲོའོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་ན་བཞིན་དུ་ཟན་བཅད་དེ་རི་བྲགས་དེ་ནས་མཉན་ཡོད་ག་ལ་བ་དེ་ལོགས་སུ་རྒྱུ་ཞིང་སོང་སྟེ་མཐར་གྱིས་རྒྱུ་ཞིང་འགྲོ་བ་ན་མཉན་ཡོད་དུ་ཕྱིན་ནས། དགེ་སློང་རྣམས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུའི་ལྷན་ཅིག་གནས་པ་དང་། ཉེ་གནས་དག་ལ་དྲིས་པ། ཚེ་དང་ལྡན་པ་དག་ཇི་ལྟ་བདེ་བར་བརྒྱུས་སམ། ཚེ་དང་ལྡན་པ་དག་ཅུང་ཞིག་བདེ་བར་ཡང་བརྒྱུས། ཅུང་ཞིག་སྡུག་བསྔལ་བར་ཡང་བརྒྱུས་སོ། །ཅི་ཞིག་བདེ་བར་བརྒྱུས། མཁན་པོས་གདུལ་བར་བྱ་བ་འདི་སྙེད་ཅིག་མཛད་པ་གང་ཡིན་པ་དེ་ནི་བདེ་བར་བརྒྱུས་པ་ཡིན་ནོ། ། ཅི་ཞིག་སྡུག་བསྔལ་བར་བརྒྱུས། མཁན་པོ་བསྙུང་བཞིན་དུ་གདུགས་ཚོད་བཅད་དེ་རི་བྲགས་དེ་ནས་བཞུད་པ་གང་ཡིན་པ་དེ་ནི་སྡུག་བསྔལ་བར་བརྒྱུས་པ་ཡིན་ནོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་


DKG007_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་ན་བ་མ་གཏོགས་ཏེ། དགེ་སློང་གིས་པུས་འཁྱུད་བཅང་བར་རྗེས་སུ་གནང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་བསླབ་པ་འདོད་པ་དང་། བསླབ་པ་ལ་གུས་པ་དང་། བསླབ་པ་ལ་ཡོ་བྱད་བསྙུངས་པའི་བསྔགས་པ་བརྗོད་ནས། དགེ་སློང་རྣམས་ལ་དེ་དང་མཐུན་པ་དང་། དེའི་ཤས་ཆེ་བ་དང་། དེ་དང་འཚམ་པའི་ཆོས་དང་ལྡན་པའི་བཀའ་མཆིད་མཛད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་སྔ་མ་ནི་བཅས་པ་ཡིན་ལ་འདི་ནི་གནང་བ་ཡིན་ཏེ། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། འདུག་གནས་གཅིག་ཏུ་ཞག་ལོན་པའི་དགེ་སློང་མི་ན་བས་བསོད་སྙོམས་གཅིག་བཟའ་བར་བྱའོ། ། དེ་ལས་ལྷག་པ་ཟ་ན་ལྟུང་བྱེད་དོ། ། འདུག་གནས་གཅིག་ཏུ་ཞག་ལོན་པའི་ཞེས་བྱ་བ་ནི་མུ་སྟེགས་ཅན་གྱི་འདུག་གནས་སུ་ཞག་ལོན་པའིའོ། ། དགེ་སློང་ཞེས་བྱ་བ་ནི་ཆོས་འདི་པའོ། །མི་ན་བ་ཞེས་བྱ་བ་ནི་ན་བ་མ་གཏོགས་པས་སོ། །བསོད་སྙོམས་གཅིག་བཟའ་བར་བྱའོ་ཞེས་བྱ་བ་ནི་ཟན་ལན་གཅིག་གོ །དེ་ལས་ལྷག་པ་ཟ་ན་ཞེས་བྱ་བ་ནི་དེ་ལས་མང་དུ་ཟ་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་ངན་སོང་དང་། ངན་འགྲོ་དང་། ལོག་པར་ལྟུང་བ་དག་ཏུ་སྲེག་པར་བྱེད། འཚོད་པར་བྱེད། ལྟུང་བར་བྱེད་པའོ། །གཞན་ཡང་ཇི་སྲིད་དུ་ལྟུང་བ་དེ་མ་བཤགས་ཤིང་སོ་སོར་མ་བཤགས་ན་དགེ་བའི་ཆོས་རྣམས་ལ་སྒྲིབ་པར་བྱེད་པ་སྟེ། དེས་ན་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དེར་གནས་ཤིང་དེར་ཟ་ན་དེར་གནས་པ་ལ་ཉེས་བྱས་སུ་འགྱུར་ལ། དེར་ཟ་བ་ལ་ལྟུང་བྱེད་དུ་འགྱུར་རོ། །དེར་གནས་ཤིང་གཞན་དུ་ཟ་ན་དེར་གནས་པ་ལ་ཉེས་བྱས་སུ་འགྱུར་ལ། གཞན་དུ་ཟ་བ་ལ་ལྟུང་བ་མེད་དོ། །གཞན་དུ་གནས་ཤིང་དེར་ཟ་ན་གཞན་དུ་གནས་པ་ལ་ལྟུང་བ་མེད་ལ། དེར་ཟ་བ་ལ་ལྟུང་བྱེད་དུ་འགྱུར་རོ། །གཞན་དུ་གནས་ཤིང་གཞན་དུ་ཟ་ན་གཉི་ག་ལ་ལྟུང་བ་མེད་དོ། །ཚོགས་ཀྱི་དང་། ཉེ་དུའི་དང་། སྦྱིན་བདག་ན་རེ་དེ་ཉིད་དུ་འདུག་ཤིག་ཅེས་ཟེར་བ་ལ་ལྟུང་བ་མེད་དོ། །ལས་དང་པོ་པ་དང་།


DKG007_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །འདུག་གནས་གཅིག་ཏུ་ཟ་བའི་ལྟུང་བྱེད་དེ་སུམ་བཅུ་རྩ་གཉིས་པ་རྫོགས་སོ།། །།འདུལ་བ་རྣམ་པར་འབྱེད་པ། བམ་པོ་ལྔ་བཅུ་རྩ་གཉིས་པ། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །བྱང་ལམ་ནས་དོན་མཐུན་དག་མཉན་ཡོད་དུ་ལྷགས་པ་ན་དྲུག་སྡེ་དག་གིས་དེ་ཐོས་ནས་སྨྲས་པ། དགའ་བོ་ཉེ་དགའ་བདག་ཅག་གིས་བྱང་ལམ་ནས་དོན་མཐུན་དག་མཉན་ཡོད་དུ་ལྷགས་ཞེས་ཐོས་ཀྱིས། གལ་ཏེ་ན་ཅུང་ཟད་བསྒྲུབ་པར་ནུས་ཀྱང་སྲིད་ཀྱིས་འདོང་ངོ་། །གལ་ཏེ་བསོད་སྙོམས་ཟོ་ཤིག་ཅེས་ཟེར་ན་ལྟོ་གང་བས་ཆོག་གོ་ཞེས་བརྗོད་པར་བྱའོ། །གལ་ཏེ་གོས་ལོང་ཤིག་ཅེས་ཟེར་ན་བླང་བར་བྱའོ་ཞེས་དེ་དག་དོང་སྟེ་སྨྲས་པ། བཞིན་བཟངས་དག་འཁོད་ཅིག་དང་ཆོས་བསྟན་པར་བྱའོ། །དེ་དག་གིས་རྐང་པ་ལ་ཕྱག་འཚལ་ཏེ་མདུན་དུ་ཆོས་མཉན་པའི་ཕྱིར་འཁོད་པ་དང་། དེ་དག་གིས་དེ་དག་ལ་ཆོས་བསྟན་ནས་དེ་དག་གིས་སྨྲས་པ། འཕགས་པ་དག་འདི་ཉིད་དུ་བསོད་སྙོམས་གསོལ་ཅིག །དྲུག་སྡེ་དག་གིས་སྨྲས་པ། བཞིན་བཟང་དག་ལྟོ་གང་བས་ཆོག་གོ །དྲུག་སྡེ་དག་ཡང་དང་ཡང་དུ་འོངས་ཏེ་ཆོས་བསྟན་པ་དང་། དོན་མཐུན་དག་གིས་ཀྱང་ཡང་དང་ཡང་དུ་སྨྲས་པ། འཕགས་པ་དག་འདི་ཉིད་དུ་བསོད་སྙོམས་གསོལ་ཅིག། དྲུག་སྡེ་དག་གིས་ཀྱང་ཡང་དང་ཡང་དུ་སྨྲས་པ། བཞིན་བཟངས་དག་ལྟོ་གང་བས་ཆོག་གོ །དུས་གཞན་ཞིག་ན་དོན་མཐུན་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ན་གླང་དག་གི་རྩྭ་མེད་ཀྱིས། རེ་ཞིག་རི་བྲགས་གཞན་ཞིག་ཏུ་འདོང་ལ་གླང་དག་གཟན་ཞིང་འཁོད་པར་བྱ་སྟེ། ཇི་ཙམ་ན་ཟོང་བསྒྱུར་ཏེ་འགྲོ་བ་ན་མཉན་ཡོད་དུ་འདོང་བར་བྱའོ་ཞེས་དེ་དག་གིས་གླང་དག་དེད་ནས་རི་བྲགས་ཤིག་ཏུ་གླང་དག་གཟོན་དུ་དོང་ངོ་། །དྲུག་སྡེ་དག་ཀྱང་ནང་པར་སྔར་ལངས་ཏེ་ཆོས་སྟོན་དུ་དོང་བ་དང་། ཇི་ཙམ་ན་དོན་མཐུན་དེ་དག་མི་སྣང་ནས་དེ་དག་སེམས་ཁོང་དུ་ཆུད་ཅིང་འཁོད་པ་དང་། ཇི་ཙམ་ན་དེར་མི་ཞིག་འོངས་ཏེ་སྨྲས་པ། འཕགས་པ་དག་ཅིའི་སླད་དུ་སེམས་ཁོང་དུ་ཆུད་ཅིང་


DKG007_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས། དྲུག་སྡེ་དག་གིས་སྨྲས་པ། བཞིན་བཟངས་ཕྱོགས་འདི་ན་ཁོ་བོ་ཅག་གི་མཛའ་བོ་དོན་མཐུན་དག་ཅིག་འཁོད་འཁོད་ན་དེ་དག་གིས་ཁོ་བོ་ཅག་ལ་མ་བལྟས་པ་ཁོ་ནར་དོང་ངོ་། །དེས་སྨྲས་པ། འཕགས་པ་དག་དེ་དག་ནི་ཐམས་ཅད་ཀྱིས་ཐམས་ཅད་དུ་མཆིས་པ་མ་ལགས་ཏེ། འདི་ལྟར་དེ་དག་གིས་གླང་དག་གི་རིན་མ་མཆིས་ནས་དེ་དག་རི་བྲགས་ཤིག་ན་གླང་དག་གསོན་ཅིང་མཆིས་ཏེ་སླར་ཡང་འདིར་མཆིས་པར་འགྱུར་རོ། །བཞིན་བཟངས་ནད་མེད་པར་གྱུར་ཅིག་ཅེས་དྲུག་སྡེ་དག་རི་བྲགས་དེར་འོང་བ་དང་། ཇི་ཙམ་ན་དེ་དག་གིས་དོན་མཐུན་དེ་དག་ཐག་རིང་པོ་ཁོ་ན་ནས་མཐོང་ནས་ཚིགས་སུ་བཅད་པ་དག་སྨྲས་པ། རྩུབ་པའི་རི་ལ་འགྲོ་མི་བྱ། ། སོང་ནའང་ཡུན་རིང་གནས་མི་བྱ། །རྩུབ་པའི་རི་དག་ཇི་བཞིན་དུ། །རི་ལ་འཁོད་པའང་དེ་བཞིན་ནོ། །རི་ལ་འཁོད་པ་དང་པོར་ནི། །གསེར་དག་བདར་བ་ཇི་བཞིན་ཏེ། །མི་ལ་འཚེ་བ་རྣམ་བརྟགས་ན། ། རི་དག་ཇི་ལྟ་དེ་བཞིན་ནོ། ། དོན་མཐུན་དེ་དག་གིས་ཐོས་ནས་སྨྲས་པ། འཕགས་པ་དག་ཁྱེད་ཅག་ཅི་བཀྱོན། བཞིན་བཟངས་དག་ཁྱེད་ཅག་ཁོ་བོ་ཅག་གི་མཛའ་བོ་དག་ཡིན་པས་ཁོ་བོ་ཅག་གིས་དགེ་བའི་ཕྱོགས་དག་ཡོངས་སུ་ཉམས་པར་བྱས་ཏེ་ཁྱེད་ཅག་ལ་ཆོས་བསྟན་ན་ཁྱེད་ཅག་ཁོ་བོ་ཅག་ལ་མ་བལྟས་པ་ཁོ་ནར་འདིར་དོང་ངོ་། །འཕགས་པ་དག་བདག་ཅག་ཐམས་ཅད་ཀྱི་ཐམས་ཅད་དུ་འདིར་མཆིས་པ་མ་ལགས་ཏེ། འདི་ལྟར་དེ་ན་བདག་ཅག་གི་གླང་དག་གི་རིན་མ་མཆིས་པས་དེའི་སླད་དུ་བདག་ཅག་འདི་ན་གླང་དག་གསོན་ཅིང་མཆིས་ཏེ། ཇི་ཙམ་ན་ཟོང་དག་བསྒྱུར་ཏེ་མཆི་བ་ན་བདག་ཅག་སླར་ཡང་མཉན་ཡོད་དུ་མཆིའོ། །བཞིན་བཟངས་དག་འཁོད་ཅིག་དང་ཆོས་བསྟན་པར་བྱའོ། །དེ་དག་གིས་དྲུག་སྡེ་དག་གི་རྐང་པ་ལ་ཕྱག་འཚལ་ཏེ་སྟན་ཆེས་དམའ་བ་དག་བླངས་ནས་མདུན་དུ་ཆོས་མཉན་པའི་ཕྱིར་འཁོད་པ་དང་། དྲུག་སྡེ་དག་གིས་དེ་དག་ལ་ཆོས་བསྟན་ནས་དེ་དག་གིས་སྨྲས་པ། འཕགས་པ་དག་འདི་ཉིད་དུ་བསོད་སྙོམས་གསོལ་ཅིག །བཞིན་བཟངས་དག་ལྟོ་གང་བས་ཆོག་གོ །དེད་དཔོན་གྱིས་སྨྲས་པ། ཤེས་ལྡན་དག་འཕགས་པ་དག་ཡང་དང་ཡང་དུ་ལྟོ་གང་བས་ཆོག་གོ་ཞེས་གསུང་བ་ལས་ན། འདི་དག་ལ་ན་བཟའ་


DKG007_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

མི་མངའ་གོར་མ་ཆག་གིས་འདི་དག་ལ་ན་བཟའ་དབུལ་བར་བྱའོ། །དེ་ལྟར་བགྱིའོ་ཞེས་དེ་དག་གིས་དྲུག་སྡེ་དག་ལ་ལ་བ་སྲིན་བུའི་མདོག་ལྟ་བུ་རེ་རེ་བསྐོན་ཏོ། །དེ་ནས་དྲུག་སྡེ་དག་གིས་སྨྲས་པ། བཞིན་བཟངས་དག་ཁྱེད་ཅག་ཡང་དང་ཡང་དུ་བསོད་སྙོམས་ཟོ་ཞིག་ཅེས་ཟེར་ན་བསོད་སྙོམས་ཇི་ལྟ་བུ་སྦྱིན་པ་བལྟས་འོན་ཅིག །དྲུག་སྡེ་དག་ལས་གཅིག་གིས་ཐབ་སྣོད་ལྟ་བུ་བཟེད་ནས་འདིར་ལུགས་ཤིག་ཅེས་སྨྲས་པ་དང་། དོན་མཐུན་དེ་དག་གིས་བསམས་པ། སྣོད་འདི་རེ་ཆེ་ཞིག་སྟེ་འདི་བཀང་བས་འདི་དག་ཐམས་ཅད་ཀྱི་ལྟོ་ཁེངས་པའི་བསོད་སྙོམས་འབྱུང་བར་འགྱུར་རོ་སྙམ་ནས་དེ་དག་གིས་ལམ་རྒྱགས་ལས་སྣོད་དེ་བཀང་སྟེ་ཕུལ་ལོ། །དྲུག་སྡེ་གཞན་གྱིས་ཀྱང་དེ་བཞིན་དུ་མཐར་གྱིས་རེ་རེ་ནས་ཐབ་སྣོད་ལྟ་བུ་རེ་རེ་བཟེད་པ་དང་། ཇི་ཙམ་ན་དོན་མཐུན་དེ་དག་གིས་ལམ་རྒྱགས་ལས་ཐབ་སྣོད་ལྟ་བུའི་སྣོད་དྲུག་བཀང་སྟེ་ཕུལ་བ་དང་། དོན་མཐུན་དེ་དག་གི་ལམ་རྒྱགས་ཐམས་ཅད་ཟད་པར་གྱུར་ནས་དེ་དག་གིས་སྨྲས་པ། འཕགས་པ་དག་བདག་ཅག་གིས་འདིར་ཤུལ་རྒྱགས་ཉུང་ཤས་ཤིག་འཚལ་ཏེ་མཆིས་པ་དེ་དག་ཐམས་ཅད་བས་ཀྱིས། བདག་ཅག་གིས་མི་འདི་ཀཱར་ཥཱ་པ་ཎ་དག་བསྐུར་ཏེ་འཕགས་པ་དག་དང་ཐབས་ཅིག་མཉན་ཡོད་དུ་གཏང་གིས་འཕགས་པ་དག་གིས་བདག་ཅག་གི་ཤུལ་རྒྱགས་དག་འཇོལ་ཏེ་སྩོལ་ལ་བསེལ་བ་དང་བཅས་ཏེ་གཏང་དུ་གསོལ། བཞིན་བཟངས་དག་དེ་ལྟར་བྱའོ། །དོན་མཐུན་དེ་དག་གིས་དྲུག་སྡེ་དག་གི་ཕྱི་བཞིན་མི་ཞིག་ཀཱར་ཥཱ་པ་ཎ་དག་བསྐུར་ཏེ་བཏང་བ་དང་། དྲུག་སྡེ་དག་གཙུག་ལག་ཁང་དུ་སོང་སྟེ་མི་དེ་ལ་སྨྲས་པ། བཞིན་བཟངས་ཇེ་ལས་འདི་གྱིས་ཤིག །དེས་དེ་བྱས་ནས་དྲུག་སྡེ་དག་གིས་ཡང་སྨྲས་པ། བཞིན་བཟངས་ལས་གཞན་འདི་ཡང་གྱིས་ཤིག །དེས་དེ་ཡང་བྱས་པ་དང་། དྲུག་སྡེ་དག་གིས་མི་དེ་རིང་ཞིག་བཀོལ་བཀོལ་ནས་ཇི་ཙམ་ན་ཉི་མ་ཡོལ་བར་གྱུར་པ་དང་། དེའི་འོག་ཏུ་བཏང་སྟེ་སྨྲས་པ། ད་ཉོས་ལ་སོང་ཤིག །མི་དེ་རང་གིས་ལམ་རྒྱགས་དག་ཉོས་ཏེ་འཕགས་པ་དང་། མཉན་ཡོད་ཀྱི་ཉེན་ཀོར་ཐིབས་པོར་སོན་པ་ན་ཆོམ་རྐུན་པ་དག་གིས་བཅོམ་ནས་དེ་གཅིག་པུ་དོན་མཐུན་དག་གི་ནང་དུ་སོང་ངོ་། །དོན་མཐུན་དག་གིས་མཐོང་ནས་


DKG007_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲས་པ། ཁྱོད་ཀྱིས་ཅི་ཁྱེར་ཏེ་འོངས། དེས་སྨྲས་པ། ཅི་ཡང་མ་འོངས་སོ། །ཅིའི་ཕྱིར། ཆོམ་རྐུན་པ་དག་གིས་བཅོམ་མོ། །དེ་དག་གིས་སྨྲས་པ། འཕགས་པ་དག་གིས་ཁྱོད་ཀྱི་བསེལ་བ་མ་བཏང་ངམ། དེས་སྨྲས་པ། ཤེས་ལྡན་དག་དོན་གྱིས་ན་དེ་དག་ཉིད་ཀྱིས་བཅོམ་མོ། །དེ་དག་གིས་སྨྲས་པ། ཇི་ལྟར་གྱུར། དེས་སྨྲས་པ། དེ་དག་གིས་ཁོ་བོ་ལས་ཤ་སྟག་བྱེད་དུ་བཅུག་ནས་ཇི་ཙམ་ན་ཉི་མ་ཡོལ་བར་གྱུར་པ་དང་། དེའི་འོག་ཏུ་བཏང་སྟེ་ད་ཉོས་ལ་སོང་ཤིག་ཅེས་ཟེར་ནས། ཁོ་བོ་རང་གིས་ལམ་རྒྱགས་དག་ཉོས་ཏེ་འཕགས་པ་དང་མཉན་ཡོད་ཀྱི་ཉེན་ཀོར་ཐིབས་པོར་སོན་པ་ན་ཆོམ་རྐུན་པ་དག་གིས་བཅོམ་མོ། །དེ་དག་ཤཱཀྱའི་བུའི་དགེ་སྦྱོང་རྣམས་ཀྱི་དགེ་སྦྱོང་གི་ཚུལ་ནི་ཚིག་གོ །བྲམ་ཟེའི་ཚུལ་ནི་ཚིག་སྟེ་འདི་ལྟར་ཕན་པ་བྱའོ་ཞེས་ཟེར་ལ་གནོད་པ་ཁོ་ན་བྱེད་དོ་ཞེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་དོ། །འདི་ནི་རེ་ཞིག་བྱུང་བ་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས་རེ་ཞིག་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་འཆའ་བར་ནི་མི་མཛད་དོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ན་ཁྱིམ་བདག་ཅིག་འདུག་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །དེ་ལ་བུ་མོ་གཡས་ཞར་མ་ཞིག་བྱུང་ནས་དེ་བསྲིངས་ཤིང་བསྐྱེད་དེ་ཆེན་མོར་གྱུར་ཏོ། །བུ་མོ་དེའི་ན་ཟླ་གཞན་ཐམས་ཅད་བག་མར་བཏང་ན། བུ་མོ་དེ་གཡས་ཞར་ཡིན་པའི་ཕྱིར་སློང་བ་འགའ་ཡང་མ་འོངས་སོ། །མཉན་ཡོད་ན་ཁྱིམ་བདག་གཞན་ཞིག་འདུག་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས། དེའི་ཆུང་མ་དེ་རང་གི་ལས་དག་གིས་དུས་ལ་བབ་བོ། །གཉིས་པ་བླངས་པ་དང་དེ་ཡང་དུས་ལ་བབ་བོ། །དེ་བཞིན་དུ་ཆུང་མ་བདུན་པའི་བར་དུ་བླངས་པ་དང་དེ་ཡང་དུས་ལ་བབ་བོ། །ཁྱིམ་བདག་དེ་ཡང་སྐུར་པ་གདབ་པར་འགྱུར་བའི་ལས་དག་གིས་ཆུང་མ་གསོད་པ་ཆུང་མ་གསོད་པ་ཞེས་བྱ་བའི་མིང་དུ་གྱུར་ཏོ། །ཁྱིམ་བདག་དེ་ཡང་བུ་མོ་བསླངས་པ་དང་མི་སྟེར་ཅིང་། ངེད་


DKG007_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཅིའི་ཕྱིར་བུ་མོ་ཡོངས་སུ་གཏང་། མི་སྦྱིན་ནོ་ཞེས་ཀྱང་ཟེར་རོ། །ཁྱིམ་བདག་དེས་ཡུགས་ས་མོ་དག་བསླངས་པ་དང་། ཡུགས་ས་མོ་དེ་དག་ཀྱང་ཁོ་མོ་ཅག་གིས་ཅིའི་ཕྱིར་བདག་ཡོངས་སུ་བཏང་ན་ཁྱོད་ཀྱི་ཁྱིམ་དུ་འཇུག་ཅེས་ཟེར་རོ། །ཁྱིམ་བདག་དེ་རྣམ་པ་ཐམས་ཅད་དུ་ཡི་ཆད་ནས་རང་ཉིད་ཀྱིས་ཁྱིམ་གྱི་སོ་ཚིས་དག་བྱ་བར་བརྩམས་པ་དང་། དུས་གཞན་ཞིག་ན་ཁྱིམ་བདག་དེའི་ཆུང་པོ་གྲོགས་ཤིག་འོངས་ནས་དེས་ཁྱིམ་བདག་དེ་མཐོང་ནས་དྲིས་པ། ཁྱོད་ཅི་བྱེད། ཁྱིམ་བདག་གིས་སྨྲས་པ། ཁྱིམ་གྱི་སོ་ཚིས་དག་བྱེད་དོ། །དེས་སྨྲས་པ། ཁྱོད་ཅིའི་ཕྱིར་རང་ཉིད་ཀྱིས་ཁྱིམ་གྱི་སོ་ཚིས་དག་བྱེད། ཁྱིམ་བདག་གིས་སྨྲས་པ། ཁོ་བོས་ཆུང་མ་གཅིག་བླངས་པ་དང་དེ་རང་གི་ལས་དག་གིས་དུས་ལ་བབ་བོ། །གཉིས་པ་བླངས་པ་དང་དེ་ཡང་དུས་ལ་བབ་བོ། །དེ་བཞིན་དུ་བདུན་པའི་བར་དུ་བླངས་པ་དང་དེ་ཡང་དུས་ལ་བབ་བོ། །དེས་སྨྲས་པ། གཞན་དག་ཅིའི་ཕྱིར་མི་སློང་། ཁྱིམ་བདག་གིས་སྨྲས་པ། བསླངས་ན་མི་སྟེར་ཅིང་ངེད་ཀྱིས་ཅིའི་ཕྱིར་བུ་མོ་ཡོངས་སུ་གཏང་། མི་སྦྱིན་ནོ་ཞེས་ཟེར་རོ། །དེས་སྨྲས་པ། ཡུགས་ས་མོ་དག་ཅིའི་ཕྱིར་མི་སློང་། ཁྱིམ་བདག་གིས་སྨྲས་པ། བསླངས་ཏེ་དེ་དག་ཀྱང་ཁོ་མོ་ཅག་གིས་ཅིའི་ཕྱིར་བདག་ཡོངས་སུ་བཏང་ན་ཁྱོད་ཀྱི་ཁྱིམ་དུ་འཇུག་ཅེས་ཟེར་རོ། །དེས་སྨྲས་པ། གཡས་ཞར་མ་ཅིའི་ཕྱིར་མི་སློང་། མི་སྟེར་རོ། །སོང་ལ་སློངས་ཤིག་དང་། དེ་དག་བུ་མོས་ཡོངས་སུ་དུབ་པ་ཡིན་པས་སྟེར་བར་འགྱུར་རོ། །ཁྱིམ་བདག་དེ་གཡས་ཞར་མའི་ཕའི་ཁྱིམ་དུ་སོང་སྟེ་བདེ་ལེགས་བདེ་ལེགས་ཞེས་སྨྲས་པ་དང་། དེ་དག་གིས་སྨྲས་པ། ཅི་སློང་། དེས་སྨྲས་པ། བུ་མོའི་སློང་མོ་སློང་ངོ་། །བུ་མོ་གང་། གཡས་ཞར་མའོ། །དེ་དག་དེས་ཡོངས་སུ་སྐྱོ་བ་ཡིན་པས་སྨྲས་པ། སྦྱིན་ནོ། །དེས་སྨྲས་པ། ནམ་བག་མར་གཏང་། ཉི་མ་མང་གེ་མོ་ཞིག་ལའོ། །དེས་དེ་ལྟར་གྱིས་ཤིག་ཅེས་སྨྲས་ཏེ་སོང་ངོ་། །དེའི་ཆུང་པོ་གྲོགས་དེ་ཡང་འགྱོད་པ་སྐྱེས་ཏེ། བདག་གི་གྲོགས་པོ་ལ་གཡས་ཞར་མ་སློངས་ཤིག་ཅེས་བསྐུལ་བ་དེ་དག་ནི་བདག་གིས་མ་ལེགས་པ་ཞིག་བྱས་ཏེ། དེ་མཚན་ངན་པ་ཡིན་པས་དེས་གྲོགས་པོ་བསད་པར་གྱུར་ན་མི་རུང་ངོ་སྙམ་ནས། དེ་ཁྱིམ་བདག་


DKG007_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་གན་དུ་སོང་སྟེ་སྨྲས་པ། ཁྱོད་ཀྱིས་གཡས་ཞར་མ་ཐོབ་བམ། ཁྱིམ་བདག་གིས་སྨྲས་པ། ཐོབ་བོ། །དེས་ཚིགས་སུ་བཅད་པ་དག་སྨྲས་པ། རྒྱ་སྐྱེགས་ཤིང་གི་སོ་ཤིང་དང་། །ནུབ་ཏུ་སྔས་བསྟན་ཉལ་བ་དང་། །ཤིན་ཏུ་གཉིད་ཆེ་ཞོ་འཐུངས་དང་། །ཆུང་མ་གཡས་ཞར་ལེན་བྱེད་ན། །ཞི་བའང་གནས་ནས་ཉམས་པར་འགྱུར། །འགོག་ལ་འགོག་བྱེད་བབ་པ་དང་། །རྡོ་ལ་ལྕགས་ནི་བབ་པ་ལྟར། །ཁྱོད་ཀྱང་ཆུང་མ་གསོད་བྱེད་ལ། །དེ་ཡང་གཡས་ཞར་ཡིན་པས་ན། །ཁྱེད་གཉིས་གང་རྒྱལ་གང་ཕམ་བལྟའོ། །གྲོགས་པོ་བུ་མོ་དེ་མཚན་ངན་པ་ཡིན་པས་ཁྱོད་དུས་བྱེད་པར་གྱུར་ན་མི་རུང་གིས། དེ་འོར་ལ་ཁོ་བོའི་སྲིང་མོ་ཡུགས་ས་མོ་ཞིག་ཡོད་པ་དེ་ལོང་ཤིག །ཁྱིམ་བདག་དེས་སྨྲས་པ། གྲོགས་པོ་ད་དོར་བར་མི་ནུས་ཏེ། འོན་ཀྱང་འདི་ལ་ཐབས་ཀྱི་རྣམ་པ་ཞིག་བྱའོ། །གཡས་ཞར་མའི་མ་དེས་ཀྱང་བག་རྫངས་སྟ་གོན་བྱ་བར་བརྩམས་སོ། །ཁྱིམ་དེ་དྲུག་སྡེ་དག་གི་ཁྱིམ་དུ་འགྲོ་བའི་ཁྱིམ་ཡིན་པས་དྲུག་སྡེ་དག་སྔ་དྲོ་ཤམ་ཐབས་བགོས། ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་ནས། མཐར་གྱིས་བསོད་སྙོམས་ལ་རྒྱུ་བ་ན་ཁྱིམ་དེར་ཞུགས་པ་དང་། ཇི་ཙམ་ན་ཁུར་བ་དག་སྲེག་པ་མཐོང་ནས་དེ་དག་གིས་སྨྲས་པ། སྲིང་མོ་དུས་སྟོན་ལ་བབ་ཏུ་ཉེའམ་ཅི། དེས་སྨྲས་པ། འཕགས་པ་དག་ཁྱེད་ཀྱི་ལྕམ་མོ་བག་མར་མཆི་བ་ལ་ཐུག་ནས། དེའི་བག་རྫངས་སྟ་གོན་བགྱིད་དོ། །དྲུག་སྡེ་དག་གིས་སྨྲས་པ། སྲིང་མོ་ཁོ་བོ་ཅག་གིས་ཅུང་ཟད་མི་ཐོབ་བམ། འཕགས་པ་དག་ཁྱེད་ཅག་ལ་སུ་ཞིག་གིས་དབུལ་འཚལ། འདི་ཁྱེད་ཉིད་ཀྱི་ལགས་སོ། །དྲུག་སྡེ་དག་གིས་སྨྲས་པ། སྲིང་མོ་རེ་ཞིག་ཕུགས་ན་ཡོད་པ་གཞན་ཐམས་ཅད་ལྟ་ཞོག་ཤིག །ད་འཕྲལ་དུ་ཅི་སྦྱིན་པ་བལྟས་འོན་ཅིག །དེས་བག་བརྐྱང་སྟེ་དེ་དག་གིས་ལྷུང་བཟེད་ཐམས་ཅད་ཁུར་བ་དག་གིས་བཀང་ནས་དྲུག་སྡེ་དག་གིས་དེའི་ཁ་ཟས་ཐམས་ཅད་བསྡུས་ཏེ་དོང་ངོ་། །ཇི་ཙམ་ན་ཁྱིམ་བདག་དེ་འོངས་པ་དང་། ཆུང་མས་སྨྲས་པ། རྗེའི་སྲས་སྦྱིན་གནས་དག་བྱོན་པར་གྱུར་ནས་དེ་དག་གིས་ཁ་ཟས་ཐམས་ཅད་བཞེས་ཀྱིས་བཞུད་ལ། ཁྱོག་དེ་ལ་བག་རྫངས་སྟ་གོན་བྱེད་ཀྱི་བར་དུ་རེ་ཞིག་ཉི་མ་ཉུང་ཤས་ཤིག་སྡོད་


DKG007_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་ཅེས་གསུངས་ཤིག །ཁྱིམ་བདག་གིས་སྨྲས་པ། བཟང་མོ་དེས་སྡོད་པར་མི་ནུས་ཀྱིས་ཇེ་བུ་མོ་བག་མར་གཏང་བར་གྱིས་ཤིག་དང་ཕྱིས་ཉེ་དུ་དག་ཟན་སྦྱིན་པར་བྱའོ། །ཆུང་མས་སྨྲས་པ། རྗེའི་སྲས་དེ་ནི་ཆུང་མ་གསོད་པ་ལགས་པས་དེ་ལ་གཞན་སུས་ཀྱང་བུ་མོ་སྩལ་བར་མི་འགྱུར་གྱིས་བཞུད་ཅིག་དང་སྡོད་པར་འགྱུར་རོ། །ཁྱིམ་བདག་དེ་དེའི་གན་དུ་སོང་སྟེ་སྨྲས་པ། བུ་བདག་ཅག་གིས་ཁ་ཟས་དག་སྟ་གོན་བྱས་པར་འགྱུར་བ་གང་ཡིན་པ་དེ་སྦྱིན་གནས་དག་གིས་བཞེས་ཀྱིས། ད་ཉེ་དུ་དག་གི་ཕྱིར་ཁ་ཟས་སྟ་གོན་བྱེད་ཀྱི་བར་དུ་ཉི་མ་ཉུང་ཤས་ཤིག་སྡོད་ཅིག །དེས་སྨྲས་པ། ཁོ་བོ་མི་སྡོད་དེ་གལ་ཏེ་ཉི་མ་དེ་ཉིད་ལ་བག་མ་རྫོང་ཞིང་སྦྱིན་ན་བག་མར་བླང་ངོ་། །གལ་ཏེ་མི་སྦྱིན་ན་ཁོ་བོ་ཆུང་མ་གཞན་ལེན་གྱིས་ཁྱོད་ཀྱི་བུ་མོ་དོར་བར་བྱའོ། །ཁྱིམ་བདག་དེ་ཆུང་མའི་གན་དུ་སོང་སྟེ་སྨྲས་པ། བཟང་མོ་ཁྱོ་ག་དེ་ན་རེ་གལ་ཏེ་ཉི་མ་དེ་ཉིད་ལ་བག་མ་རྫོང་ཞིང་སྦྱིན་ན་བག་མར་བླང་བར་བྱའོ། །གལ་ཏེ་མི་སྦྱིན་ན་ཁོ་བོ་ཆུང་མ་གཞན་ལེན་གྱིས་ཁྱོད་ཀྱི་བུ་མོ་དོར་བར་བྱའོ་ཞེས་ཟེར་རོ། །ཆུང་མས་སྨྲས་པ། རྗེའི་སྲས་དེ་ཆུང་མ་གསོད་པ་ལགས་པས་གཞན་སུ་ཞིག་གིས་དེ་ལ་བུ་མོ་སྩོལ་བར་འགྱུར་ཞེས་དེས་བག་རྫངས་སྟ་གོན་བྱ་བར་བརྩམས་སོ། །ཁྱོ་ག་དེས་ཀྱང་གྲོགས་པོའི་སྲིང་མོ་ཡུགས་ས་མོ་དེ་བླངས་སོ། །གཡས་ཞར་མའི་མ་དེས་ཀྱང་ཁ་ཟས་སྟ་གོན་བྱས་ནས་ཡང་ཁྱིམ་བདག་དེ་ལ་སྨྲས་པ། རྗེའི་སྲས་ད་ཁྱོ་ག་དེའི་གན་དུ་བཞུད་ལ་བག་མ་ལེན་དུ་ཤོག་ཤིག་ཅེས་གསུངས་ཤིག །ཁྱིམ་བདག་དེ་དེའི་གན་དུ་སོང་སྟེ་སྨྲས་པ། བུ་ད་བག་མ་ལེན་དུ་ཤོག་ཤིག །དེས་སྨྲས་པ། ཁྱེད་ཀྱིས་ཉི་མ་དེ་ལས་ཡོལ་བར་བྱས་པས་ད་ཁོ་བོ་མི་ལེན་ཏོ། །ཁྱིམ་བདག་དེས་ཁྱོ་ག་དེ་བཟུང་སྟེ་རྒྱལ་པོའི་ཕོ་བྲང་དུ་འོ་དོད་བོས་ནས་ཤགས་ལ་བཀུག་པ་དང་། ཁྱོ་ག་དེས་ཁྱིམ་བདག་དེ་ཕམ་པར་བྱས་སོ། །གཡས་ཞར་མའི་མ་དེ་བདག་གི་བུ་མོ་མ་ལོམ་མོ་ཞེས་ངུ་ཞིང་འདུག་པ་དང་། དེའི་ངོས་ཀྱི་སྡུམ་ཚེས་དག་ཤཱཀྱའི་བུའི་དགེ་སྦྱོང་རྣམས་ཀྱི་དགེ་སྦྱོང་གི་ཚུལ་ནི་ཚིག་གོ །བྲམ་ཟེའི་ཚུལ་ནི་ཚིག་སྟེ། འདི་ལྟར་བུ་མོ་བྱིན་ཟིན་པའི་བར་ཆད་བྱེད་དོ་ཞེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་


DKG007_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་དྲུག་སྡེ་དག་ལ་རྨས་པ། དགེ་སློང་དག་ཁྱོད་ཀྱིས་མི་མཛེས་པ་དེ་ལྟ་བུ་དེ་བྱས་པར་གྱུར་པ་བདེན་ནམ། བཙུན་པ་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་པར་སྨད་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས། འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། དགེ་སློང་རབ་ཏུ་མང་པོ་དག་ཁྱིམ་རྣམས་སུ་དོང་བ་ལས་གལ་ཏེ་དེ་དག་ལ་བྲམ་ཟེ་དང་། ཁྱིམ་བདག་དད་པ་ཅན་དག་གིས་ཕྱེ་དག་དང་། ཁུར་བ་དག་དུས་ཀྱིས་སྟོབས་པར་གྱུར་ལ། འདོད་ན་དགེ་སློང་དེ་དག་གིས་ལྷུང་བཟེད་གང་བ་གཉིས་སམ། གསུམ་བླང་བར་བྱའོ། །དེ་ལས་ལྷག་པར་ལེན་ན་ལྟུང་བྱེད་དོ། །ལྷུང་བཟེད་གང་བ་གཉིས་སམ། གསུམ་བླངས་ནས་ཕྱི་རོལ་ཀུན་དགའ་ར་བར་དོང་ལ་དགེ་སློང་འཁོད་པ་རྣམས་ལའང་བགོ་བཤའ་བྱ། བདག་ཅག་ཀྱང་བཟའ་བར་བྱ་སྟེ། དེ་ལ་དེ་ནི་ཆོ་ག་ཡིན་ནོ། །དགེ་སློང་ཞེས་བྱ་བ་ནི་དྲུག་སྡེ་དག་གོ །རབ་ཏུ་མང་པོ་དག་ཅེས་བྱ་བ་ནི་གཉིས་ལས་ལྷག་པ་ནི་རབ་ཏུ་མང་པོ་དག་གོ །ཁྱིམ་རྣམས་སུ་ཞེས་བྱ་བ་ནི་བྲམ་ཟེ་དང་། ཁྱིམ་བདག་དག་གི་ཁྱིམ་རྣམས་སུའོ། །དོང་བ་ལས་ཞེས་བྱ་བ་ནི་སོང་བ་ལས་སོ། །གལ་ཏེ་དེ་དག་ལ་ཞེས་བྱ་བ་ནི་དགེ་སློང་དེ་དག་ལའོ། །བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་ཞེས་བྱ་བ་ལ། དད་པ་ཅན་ཞེས་བྱ་བ་ནི་སངས་རྒྱས་ལ་མངོན་པར་དད་པ་དང་། ཆོས་


DKG007_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

དང་། དགེ་འདུན་ལ་མངོན་པར་དད་པ་དང་། སངས་རྒྱས་ལ་སྐྱབས་སུ་སོང་བ་དང་། ཆོས་དང་། དགེ་འདུན་ལ་སྐྱབས་སུ་སོང་བ་དག་གོ །ཕྱེ་དག་ཅེས་བྱ་བ་ནི་ཕྱེ་དང་འདེ་གུ་དག་གོ །ཁུར་བ་དག་ཅེས་བྱ་བ་ནི་བག་ཆོས་དག་གོ །དུས་ཀྱིས་སྟོབས་པར་གྱུར་ལ་ཞེས་བྱ་བ་ནི་ཡང་དང་ཡང་དུ་སྟོབས་པར་གྱུར་ལའོ། །འདོད་ན་ཞེས་བྱ་བ་ནི་གལ་ཏེ་དོན་དུ་གཉེར་ནའོ། །དགེ་སློང་དེ་དག་གིས་ཞེས་བྱ་བ་ནི་དགེ་སློང་གང་ཡིན་པ་དག་གིས་སོ། །ལྷུང་བཟེད་གང་བ་གཉིས་སམ་གསུམ་བླང་བར་བྱའོ་ཞེས་བྱ་བ་ལ། ལྷུང་བཟེད་ནི་གསུམ་སྟེ། ཆེན་པོ་དང་། འབྲིང་དང་། ཆུང་ངུའོ། །དེ་ལ་ཆེན་པོ་ནི་གང་དུ་འབྲས་ཐུག་པོ་ཆེ་མ་ག་དྷཱའི་བྲེའུ་ཆུང་དོ་བཙོས་པ་སྲན་ཚོད་དང་བཅས། ཚོད་མ་དང་བཅས་པ་བླུགས་ན་ཁའི་ཆའི་མཐའ་ཁོ་ན་ནས་མཐེ་བོའི་ལྟོ་གང་གིས་མི་རེག་པའོ། །ཆུང་ངུ་ནི་གང་དུ་འབྲས་ཐུག་པོ་མ་གདྷཱའི་བྲེ་ཆུང་གང་བཙོས་པ་སྲན་ཚོད་དང་བཅས། ཚོད་མ་དང་བཅས་པ་བླུགས་ན་ཁའི་ཆའི་མཐའ་ཁོ་ན་ནས་མཐེ་བོའི་ལྟོ་གང་གིས་མི་རེག་པའོ། །འབྲིང་ནི་དེ་གཉིས་ཀྱི་བར་རོ། །དེ་ལས་ལྷག་པར་ལེན་ན་ཞེས་བྱ་བ་ནི་དེ་ལས་མང་དུའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་ངན་སོང་དང་། ངན་འགྲོ་དང་། ལོག་པར་ལྟུང་བ་དག་ཏུ་སྲེག་པར་བྱེད། འཚོད་པར་བྱེད། ལྟུང་བར་བྱེད་པའོ། །གཞན་ཡང་ཇི་སྲིད་དུ་ལྟུང་བ་དེ་མ་བཤགས་ཤིང་སོ་སོར་མ་བཤགས་ན་དགེ་བའི་ཆོས་རྣམས་ལ་སྒྲིབ་པར་བྱེད་པ་སྟེ། དེས་ན་ལྟུང་བྱེད་དོ་ཞེས་གསུངས་སོ། །ལྷུང་བཟེད་གང་བ་གཉིས་སམ་གསུམ་བླངས་ནས་ཕྱི་རོལ་ཀུན་དགའ་ར་བར་དོང་ལ། དགེ་སློང་འཁོད་པ་རྣམས་ལ་ཡང་བགོ་བཤའ་བྱ་ཞེས་བྱ་བ་ནི་ཁྱིམ་གྱི་ཕྱི་རོལ་གཙུག་ལག་ཁང་དུ་དོང་ལ། དེ་ན་དགེ་སློང་གང་དག་འཁོད་པ་རྣམས་ལ་ཡང་སྦྱིན་པར་བྱའོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་གིས་ལྷུང་བཟེད་ཆེན་པོ་གསུམ་ལེན་པར་བྱེད་ན། དེ་ལེན་པ་ལ་ཉེས་བྱས་སུ་འགྱུར་ལ། ཟ་བ་ལ་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་


DKG007_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུང་བཟེད་ཆེན་པོ་གཉིས་དང་། འབྲིང་གཅིག་ལེན་པར་བྱེད་ན། དེ་ལེན་པ་ལ་ཉེས་བྱས་སུ་འགྱུར་ལ། ཟ་བ་ལ་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་ལྷུང་བཟེད་ཆེན་པོ་གཉིས་དང་། ཆུང་ངུ་གཅིག་ལེན་པར་བྱེད་ན། དེ་ལེན་པ་ལ་ཉེས་བྱས་སུ་འགྱུར་ལ། ཟ་བ་ལ་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་ལྷུང་བཟེད་འབྲིང་གཉིས་དང་ཆེན་པོ་གཅིག་ལེན་པར་བྱེད་ན། དེ་ལེན་པ་ལ་ཉེས་བྱས་སུ་འགྱུར་ལ། ཟ་བ་ལ་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་ཇི་ཙམ་དུ་བྲེའུ་ཆུང་ཕྱེད་དང་ལྔ་ལས་ལྷག་པའི་བསོད་སྙོམས་ལེན་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །སྦྱིན་བདག་གིས་ཅི་བདེར་བྱས་པ་ལ་ལྟུང་བ་མེད་དོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །ལྷུང་བཟེད་དོ་གསུམ་ཙམ་ལས་ལྷག་པར་ལེན་པའི་ལྟུང་བྱེད་དེ་སུམ་བཅུ་རྩ་གསུམ་པ་རྫོགས་སྷོ།། །།བར་སྡོམ་ལ། སྟན་གཅིག་དང་ནི་ཆུ་བཞིན་སྤོང་། །འབགས་དང་ཟས་ཡོད་རུང་བ་དང་། །ཐོང་ཤིག་ལྷག་པོར་ཐུག་པ་དང་། །སྐྱོ་མའི་སྡེ་ཚན་བསྡུས་པ་ཡིན། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ང་ནི་སྟན་གཅིག་པའི་ཟས་ཟ་སྟེ། ང་སྟན་གཅིག་པའི་ཟས་ཟ་བ་ན། སྙིང་ལས་ཆུང་ངུར་འཚོ་ཞིང་། གནོད་པ་ཉུང་བ་དང་། ཉམ་ང་བ་ཆུང་བ་དང་། བསྐྱོད་པ་ཡང་བ་དང་། འཚོ་བ་དང་། སྟོབས་དང་ལྡན་པ་དང་། བདེ་བ་དང་། ཁ་ན་མ་ཐོ་བ་མེད་པ་དང་། བདེ་བ་ལ་རེག་པར་གནས་པར་འཚོའོ། །དགེ་སློང་དག་ཁྱེད་ཀྱང་ཚུར་ཤེག་ལ་སྟན་གཅིག་པའི་ཟས་ཟོ་ཤིག་དང་། ཁྱེད་ཀྱང་སྟན་གཅིག་པའི་ཟས་ཟ་བ་ན་སྙིང་ལས་ཆུང་ངུར་འཚོ་ཞིང་། གནོད་པ་ཉུང་བ་དང་། ཉམ་ང་བ་ཆུང་བ་དང་། བསྐྱོད་པ་ཡང་བ་དང་། འཚོ་བ་དང་། སྟོབས་དང་ལྡན་པ་དང་། བདེ་བ་དང་། ཁ་ན་མ་ཐོ་བ་མེད་པ་དང་། བདེ་བ་ལ་རེག་པར་གནས་པར་འཚོ་བར་འགྱུར་རོ། །དགེ་སློང་རྣམས་སྟན་གཅིག་པའི་ཟས་ཟ་བར་བྱེད་དེ། དེ་དག་སྟན་གཅིག་པའི་ཟས་ཟ་བ་ན་སློབ་དཔོན་མཐོང་ན་ཡང་ལྡང་བར་བྱེད། མཁན་པོ་དང་། བླ་མ་དང་། བླ་མ་ལྟ་བུ་མཐོང་ན་ཡང་ལྡང་བར་བྱེད་པས་དེ་དག་བདག་ཅག་གིས་སྤངས་སོ་ཞེས་ཟ་བར་མི་


DKG007_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པས་དེ་དག་རིད་པ་དང་། ཉམ་ཆུང་བ་དང་། རྐེ་བ་དང་། སྐམ་པ་དང་། ལུས་མ་ཐོབ་པར་གྱུར་ཏོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་རྨས་པ། ཀུན་དགའ་བོ་ངས་དགེ་སློང་དག་ང་ནི་སྟན་གཅིག་པའི་ཟས་ཟ་སྟེ། ང་སྟན་གཅིག་པའི་ཟས་ཟ་བ་ན་སྙིང་ལས་ཆུང་ངུར་འཚོ་ཞིང་། གནོད་པ་ཉུང་བ་དང་། ཉམ་ང་བ་ཆུང་བ་དང་། བསྐྱོད་པ་ཡང་བ་དང་། འཚོ་བ་དང་། སྟོབས་དང་ལྡན་པ་དང་། བདེ་བ་དང་། ཁ་ན་མ་ཐོ་བ་མེད་པ་དང་། བདེ་བ་ལ་རེག་པར་གནས་པར་འཚོའོ། །དགེ་སློང་དག་ཁྱེད་ཀྱང་ཚུར་ཤེག་ལ་སྟན་གཅིག་པའི་ཟས་ཟོ་ཤིག་དང་། ཁྱེད་ཀྱང་སྟན་གཅིག་པའི་ཟས་ཟ་བ་ན་སྙིང་ལས་ཆུང་ངུར་འཚོ་ཞིང་གནོད་པ་ཉུང་བ་དང་། ཉམ་ང་བ་ཆུང་བ་དང་། བསྐྱོད་པ་ཡང་བ་དང་། འཚོ་བ་དང་། སྟོབས་དང་ལྡན་པ་དང་། བདེ་བ་དང་། ཁ་ན་མ་ཐོ་བ་མེད་པ་དང་། བདེ་བ་ལ་རེག་པར་གནས་པར་འཚོ་བར་འགྱུར་རོ་ཞེས་བྱས་ན། གང་གིས་ད་ལྟར་དགེ་སློང་དག་རིད་པ་དང་། ཉམ་ཆུང་བ་དང་། རྐེ་བ་དང་། སྐམ་པ་དང་། ལུས་མ་ཐོབ་པར་གྱུར་པའི་རྒྱུ་ནི་གང་ཡིན། རྐྱེན་ནི་གང་ཡིན། བཙུན་པ་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་ང་ནི་སྟན་གཅིག་པའི་ཟས་ཟ་སྟེ། སྟན་གཅིག་པའི་ཟས་ཟ་བ་ན་སྙིང་ལས་ཆུང་ངུར་འཚོ་ཞིང་གནོད་པ་ཉུང་བ་དང་། ཉམ་ང་བ་ཆུང་བ་དང་། བསྐྱོད་པ་ཡང་བ་དང་། འཚོ་བ་དང་། སྟོབས་དང་ལྡན་པ་དང་། བདེ་བ་དང་། ཁ་ན་མ་ཐོ་བ་མེད་པ་དང་། བདེ་བ་ལ་རེག་པར་གནས་པར་འཚོའོ། །དགེ་སློང་དག་ཁྱེད་ཀྱང་ཚུར་ཤེག་ལ་སྟན་གཅིག་པའི་ཟས་ཟོ་ཤིག་དང་། ཁྱེད་ཀྱང་སྟན་གཅིག་པའི་ཟས་ཟ་བ་ན་སྙིང་ལས་ཆུང་ངུར་འཚོ་ཞིང་གནོད་པ་ཉུང་བ་དང་། ཉམ་ང་བ་ཆུང་བ་དང་། བསྐྱོད་པ་ཡང་བ་དང་། འཚོ་བ་དང་། སྟོབས་དང་ལྡན་པ་དང་། བདེ་བ་དང་། ཁ་ན་མ་ཐོ་བ་མེད་པ་དང་། བདེ་བ་ལ་རེག་པར་གནས་པར་འཚོ་བར་འགྱུར་རོ་ཞེས་བཀའ་སྩལ་ནས། དགེ་སློང་རྣམས་སྟན་གཅིག་པའི་འཚལ་མ་འཚལ་བར་བགྱིད་དེ། དེ་དག་སྟན་གཅིག་པའི་འཚལ་མ་འཚལ་བ་ན། སློབ་དཔོན་མཐོང་བ་ན་ཡང་ལྡང་བར་བགྱིད།


DKG007_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

མཁན་པོ་དང་། བླ་མ་དང་། བླ་མ་ལྟ་བུ་མཐོང་ན་ཡང་ལྡང་བར་བགྱིད་པ་དེ་དག་བདག་ཅག་གིས་སྤངས་སོ་ཞེས་འཚལ་བར་མི་བགྱིད་པས་དེ་དག་རིད་པ་དང་། ཉམ་ཆུང་བ་དང་། རྐེ་བ་དང་། སྐམ་པ་དང་། ལུས་མ་ཐོབ་པར་གྱུར་ཏེ། བཙུན་པ་གང་གིས་ད་ལྟར་དགེ་སློང་དག་རིད་པ་དང་། ཉམ་ཆུང་བ་དང་། རྐེ་བ་དང་། སྐམ་པ་དང་། ལུས་མ་ཐོབ་པར་གྱུར་པའི་རྒྱུ་ནི་དེ་ལགས། རྐྱེན་ནི་དེ་ལགས་སོ། །ཀུན་དགའ་བོ་དེ་ལྟ་བས་ན་མ་སྤངས་པས་ཇི་ཙམ་གྱིས་ཆོག་པ་བཟའ་བར་བྱ་ཞིང་། ཟས་བརྩམས་པས་སློབ་དཔོན་དང་། མཁན་པོ་དང་། བླ་མ་དང་། བླ་མ་ལྟ་བུ་མཐོང་ན་ལྡང་བར་མི་བྱའོ། །བཅོམ་ལྡན་འདས་ཀྱིས་མ་སྤངས་པས་ཇི་ཙམ་གྱིས་ཆོག་པ་བཟའ་བར་བྱ་ཞིང་། ཟས་བརྩམས་པས་སློབ་དཔོན་དང་། མཁན་པོ་དང་། བླ་མ་དང་། བླ་མ་ལྟ་བུ་མཐོང་ན་ལྡང་བར་མི་བྱའོ་ཞེས་བཀའ་སྩལ་ནས་དེ་དག་ཆུ་བཞིན་དུ་སྤངས་པས་ལོ་མ་དང་། སྲན་ཚོད་དང་། ལྡམ་ལྡུམ་དང་། སྐམ་ཚོད་ཀྱིས་ཀྱང་སྤོང་བར་བྱེད་ཅིང་། དེ་དག་བདག་ཅག་གིས་སྤངས་སོ་ཞེས་ཟ་བར་མི་བྱེད་པས་དེ་དག་རིད་པ་དང་། ཉམ་ཆུང་བ་དང་། རྐེ་བ་དང་། སྐམ་པ་དང་། ལུས་མ་ཐོབ་པར་གྱུར་ཏོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པས། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་རྨས་པ། ཀུན་དགའ་བོ་ངས་མ་སྤངས་པས་ཇི་ཙམ་གྱིས་ཆོག་པ་བཟའ་བར་བྱ་ཞིང་། ཟས་བརྩམས་པས་སློབ་དཔོན་དང་། མཁན་པོ་དང་། བླ་མ་དང་། བླ་མ་ལྟ་བུ་མཐོང་ན་ལྡང་བར་མི་བྱའོ་ཞེས་བྱས་ན་གང་གིས་ད་ལྟར་དགེ་སློང་དག་རིད་པ་དང་། ཉམ་ཆུང་བ་དང་། རྐེ་བ་དང་། སྐམ་པ་དང་། ལུས་མ་ཐོབ་པར་གྱུར་པའི་རྒྱུ་ནི་གང་ཡིན། རྐྱེན་ནི་གང་ཡིན། བཙུན་པ་བཅོམ་ལྡན་འདས་ཀྱིས་མ་སྤངས་པས་ཇི་ཙམ་གྱིས་ཆོག་པ་བཟའ་བར་བྱ་ཞིང་། ཟས་བརྩམས་པས་སློབ་དཔོན་དང་། མཁན་པོ་དང་། བླ་མ་དང་། བླ་མ་ལྟ་བུ་མཐོང་ན་ལྡང་བར་མི་བྱའོ་ཞེས་བཀའ་སྩལ་ནས། དེ་དག་ཆབ་བཞིན་དུ་སྤངས་པས་ལོ་མ་དང་། སྲན་ཚོད་དང་། ལྡམ་ལྡུམ་དང་། སྐམ་ཚོད་ཀྱིས་ཀྱང་སྤོང་བར་བགྱིད་ཅིང་དེ་དག་བདག་ཅག་གིས་སྤངས་སོ་ཞེས་འཚལ་བར་མི་བགྱིད་


DKG007_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

པས་དེ་དག་རིད་པ་དང་། ཉམ་ཆུང་བ་དང་། རྐེ་བ་དང་། སྐམ་པ་དང་། ལུས་མ་ཐོབ་པར་གྱུར་ཏེ། བཙུན་པ་གང་གིས་ད་ལྟར་དགེ་སློང་དག་རིད་པ་དང་། ཉམ་ཆུང་བ་དང་། རྐེ་བ་དང་། སྐམ་པ་དང་། ལུས་མ་ཐོབ་པར་གྱུར་པའི་རྒྱུ་ནི་དེ་ལགས། རྐྱེན་ནི་དེ་ལགས་སོ། །ཀུན་དགའ་བོ་དེ་ལྟ་བས་ན། བཅའ་བ་ལྔ་པོ་དག་གིས་ནི་སྤངས་པར་མི་འགྱུར་ལ། བཟའ་བ་ལྔ་པོ་དག་གིས་ནི་སྤངས་པར་འགྱུར་ཏེ། བཅའ་བ་ལྔ་པོ་གང་དག་གིས་སྤངས་པར་མི་འགྱུར་ཞེ་ན། བཅའ་བར་བྱ་བ་རྩ་བ་དང་། སྡོང་བུ་དང་། འདབ་མ་དང་། མེ་ཏོག་དང་། འབྲས་བུ་དག་སྟེ། བཅའ་བ་ལྔ་པོ་དེ་དག་གིས་ནི་སྤངས་པར་མི་འགྱུར་རོ། །བཟའ་བ་ལྔ་པོ་གང་དག་གིས་སྤངས་པར་འགྱུར་བ་དག་གང་ཞེ་ན། བཟའ་བར་བྱ་བ་འབྲས་ཆན་དང་། ཟན་དྲོན་དང་། ཤ་དང་། སྣུམ་ཁུར་དང་། འདེ་གུ་དག་སྟེ། བཟའ་བ་ལྔ་པོ་དེ་དག་གིས་ནི་སྤངས་པར་འགྱུར་རོ། །བཅའ་བ་ལྔ་པོ་དག་འཆོས་ནས་ནི་བཟའ་བ་ལྔ་པོ་དག་བཟའ་བར་བྱའི། བཟའ་བ་ལྔ་པོ་དག་ཟོས་ནས་ནི་བཅའ་བ་ལྔ་པོ་དག་བཅའ་བར་མི་བྱའོ། །དགེ་སློང་གིས་བཟའ་བ་ལྔ་པོ་དག་ཟོས་ནས་བཅའ་བ་ལྔ་པོ་དག་འཆའ་ན་འགལ་ཚབས་ཅན་དུ་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཅའ་བ་ལྔ་པོ་དག་གིས་ནི་སྤངས་པར་མི་འགྱུར་ལ། བཟའ་བ་ལྔ་པོ་དག་གིས་ནི་སྤངས་པར་འགྱུར་རོ་ཞེས་བཀའ་སྩལ་ནས། དེ་དག་དེས་འབགས་པའི་ལག་པ་དག་དང་། དེས་གོས་པའི་ལྷུང་བཟེད་དག་གིས་བདག་ཅག་གིས་སྤངས་སོ་ཞེས་ཟ་བར་མི་བྱེད་པས་དེ་དག་རིད་པ་དང་། ཉམ་ཆུང་བ་དང་། རྐེ་བ་དང་། སྐམ་པ་དང་། ལུས་མ་ཐོབ་པར་གྱུར་ཏོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པས། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་རྨས་པ། ཀུན་དགའ་བོ་ངས་བཅའ་བ་ལྔ་པོ་དག་གིས་ནི་སྤངས་པར་མི་འགྱུར་ལ། བཟའ་བ་ལྔ་པོ་དག་གིས་ནི་སྤངས་པར་འགྱུར་རོ་ཞེས་བྱས་ནས། གང་དག་གིས་ད་ལྟར་དགེ་སློང་དག་རིད་པ་དང་། ཉམ་ཆུང་བ་དང་། རྐེ་བ་དང་། སྐམ་པ་དང་། ལུས་མ་ཐོབ་པར་གྱུར་པའི་རྒྱུ་ནི་གང་ཡིན། རྐྱེན་ནི་གང་ཡིན། བཙུན་པ་བཅོམ་ལྡན་འདས་ཀྱིས་བཅའ་བ་ལྔ་པོ་དག་གིས་ནི་


DKG007_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

སྤངས་པར་མི་འགྱུར་ལ། བཟའ་བ་ལྔ་པོ་དག་གིས་ནི་སྤངས་པར་འགྱུར་རོ་ཞེས་བཀའ་སྩལ་ནས་དེ་དག་དེས་འབགས་པའི་སུག་པ་དག་དང་། དེས་གོས་པའི་ལྷུང་བཟེད་དག་གིས་བདག་ཅག་གིས་སྤངས་སོ་ཞེས་འཚལ་བར་མི་བགྱིད་པས་དེ་དག་རིད་པ་དང་། ཉམ་ཆུང་བ་དང་། རྐེ་བ་དང་། སྐམ་པ་དང་། ལུས་མ་ཐོབ་པར་གྱུར་ཏེ། བཙུན་པ་གང་གིས་ད་ལྟར་དགེ་སློང་དག་རིད་པ་དང་། ཉམ་ཆུང་བ་དང་། རྐེ་བ་དང་། སྐམ་པ་དང་། ལུས་མ་ཐོབ་པར་གྱུར་པའི་རྒྱུ་ནི་དེ་ལགས། རྐྱེན་ནི་དེ་ལགས་སོ། །ཀུན་དགའ་བོ་དེ་ལྟ་བས་ན། རྒྱུ་ལྔས་ནི་སྤངས་པར་བརྗོད་པར་བྱ་ཞིང་། རྒྱུ་ལྔས་ནི་མ་སྤངས་པར་བརྗོད་པར་བྱའོ། །རྒྱུ་ལྔ་པོ་གང་དག་གིས་སྤངས་པར་བརྗོད་པར་བྱ་ཞེ་ན། ཟས་ཡོད་པ་དང་། ཟས་སྟོབས་པ་ཡོད་པ་དང་། ཟས་བརྩམས་པ་ཡོད་པ་དང་། ཟས་སྤངས་པ་ཡོད་པ་དང་། སྤྱོད་ལམ་ལས་ཉམས་པས་སོ། །ཇི་ལྟར་ཟས་ཡོད་པས་ཤེ་ན། བཅའ་བ་ལྔ་པོ་དང་། བཟའ་བ་ལྔ་པོ་དག་ཡོད་པས་ཏེ། དེ་ལྟར་ཟས་ཡོད་པས་སོ། །ཇི་ལྟར་ཟས་སྟོབས་པ་ཡོད་པས་ཤེ་ན། བུད་མེད་དམ། སྐྱེས་པའམ། མ་ནིང་ཡོད་པས་ཏེ། དེ་ལྟར་ཟས་སྟོབས་པ་ཡོད་པས་སོ། །ཇི་ལྟར་ཟས་བརྩམས་པ་ཡོད་པས་ཤེ་ན། བཅའ་བ་ལྔ་པོ་དང་། བཟའ་བ་ལྔ་པོ་དག་ཀུན་དུ་བརྩམས་པ་ཡོད་པས་ཏེ། དེ་ལྟར་ཟས་བརྩམས་པ་ཡོད་པས་སོ། །ཇི་ལྟར་ཟས་སྤངས་པ་ཡོད་པས་ཤེ་ན། བཅའ་བ་ལྔ་པོ་དང་། བཟའ་བ་ལྔ་པོ་དག་སྤངས་པ་ཡོད་པས་ཏེ། དེ་ལྟར་ཟས་སྤངས་པ་ཡོད་པས་སོ། །ཇི་ལྟར་སྤྱོད་ལམ་ལས་ཉམས་པས་ཤེ་ན། སྟན་གང་ལ་འདུག་པར་གྱུར་པའི་སྟན་དེ་ལས་ལངས་པར་གྱུར་པ་སྟེ། དེ་ལྟར་སྤྱོད་ལམ་ལས་ཉམས་པས་ཏེ། རྒྱུ་ལྔ་པོ་དེ་དག་གིས་ནི་སྤངས་པར་བརྗོད་པར་བྱའོ། །རྒྱུ་ལྔ་པོ་གང་དག་གིས་མ་སྤངས་པར་བརྗོད་པར་བྱ་ཞེ་ན། ཟས་མེད་པ་དང་། ཟས་སྟོབས་པ་མེད་པ་དང་། ཟས་བརྩམས་པ་མེད་པ་དང་། ཟས་སྤངས་པ་མེད་པ་དང་། སྤྱོད་ལམ་ལས་མ་ཉམས་པས་སོ། །ཇི་ལྟར་ཟས་མེད་པས་ཤེ་ན། བཅའ་བ་ལྔ་པོ་དང་། བཟའ་བ་ལྔ་པོ་དག་མེད་པས་ཏེ། དེ་ལྟར་ཟས་མེད་པས་སོ། །ཇི་ལྟར་ཟས་སྟོབས་པ་མེད་


DKG007_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཤེ་ན། བུད་མེད་དམ། སྐྱེས་པའམ། མ་ནིང་མེད་པས་ཏེ། དེ་ལྟར་ཟས་སྟོབས་པ་མེད་པས་སོ། །ཇི་ལྟར་ཟས་བརྩམས་པ་མེད་པས་ཤེ་ན། བཅའ་བ་ལྔ་པོ་དག་དང་། བཟའ་བ་ལྔ་པོ་དག་ཀུན་དུ་བརྩམས་པ་མེད་པས་ཏེ། དེ་ལྟར་ཟས་བརྩམས་པ་མེད་པས་སོ། །ཇི་ལྟར་ཟས་སྤངས་པ་མེད་པས་ཤེ་ན། བཅའ་བ་ལྔ་པོ་དག་དང་། བཟའ་བ་ལྔ་པོ་དག་སྤངས་པ་མེད་པས་ཏེ། དེ་ལྟར་ཟས་སྤངས་པ་མེད་པས་སོ། །ཇི་ལྟར་སྤྱོད་ལམ་ལས་མ་ཉམས་པས་ཤེ་ན། སྟན་གང་ལ་འདུག་པར་གྱུར་པའི་སྟན་དེ་ལས་ལངས་པར་མ་གྱུར་པས་ཏེ། དེ་ལྟར་སྤྱོད་ལམ་ལས་མ་ཉམས་པས་ཏེ། རྒྱུ་ལྔ་པོ་དེ་དག་གིས་ནི་མ་སྤངས་པར་བརྗོད་པར་བྱའོ། །གཞན་ཡང་རྒྱུ་ལྔས་ནི་སྤངས་པར་བརྗོད་པར་བྱ་ཞིང་། རྒྱུ་ལྔས་ནི་མ་སྤངས་པར་བརྗོད་པར་བྱའོ། །རྒྱུ་ལྔ་པོ་གང་དག་གིས་སྤངས་པར་བརྗོད་པར་བྱ་ཞེ་ན། རུང་བས་སྤོང་བར་བྱེད་པ་དང་། རུང་བ་དང་འདྲེས་པས་སྤོང་བར་བྱེད་པ་དང་། གསོག་འཇོག་མ་བྱས་པས་སྤོང་བར་བྱེད་པ་དང་། གསོག་འཇོག་མ་བྱས་པ་དང་འདྲེས་པས་སྤོང་བར་བྱེད་པ་དང་། སྤྱོད་ལམ་ལས་ཉམས་པས་ཏེ། རྒྱུ་ལྔ་པོ་དེ་དག་གིས་སྤངས་པར་བརྗོད་པར་བྱའོ། །རྒྱུ་ལྔ་པོ་གང་དག་གིས་མ་སྤངས་པར་བརྗོད་པར་བྱ་ཞེ་ན། མི་རུང་བས་སྤོང་བར་བྱེད་པ་དང་། མི་རུང་བ་དང་འདྲེས་པས་སྤོང་བར་བྱེད་པ་དང་། གསོག་འཇོག་བྱས་པས་སྤོང་བར་བྱེད་པ་དང་། གསོག་འཇོག་བྱས་པ་དང་འདྲེས་པས་སྤོང་བར་བྱེད་པ་དང་། སྤྱོད་ལམ་ལས་མ་ཉམས་པས་ཏེ། རྒྱུ་ལྔ་པོ་དེ་དག་གིས་ནི་མ་སྤངས་པར་བརྗོད་པར་བྱའོ། །གཞན་ཡང་ཚིག་ལྷག་མ་མེད་པ་ལྔས་ནི་སྤངས་པར་བརྗོད་པར་བྱ་ཞིང་། ཚིག་ལྷག་མ་དང་བཅས་པ་ལྔས་ནི་མ་སྤངས་པར་བརྗོད་པར་བྱའོ། །ཚིག་ལྷག་མ་མེད་པ་ལྔ་གང་ཞེ་ན། ཐོང་ཤིག་ཅེས་བྱ་བ་དང་། བྱིན་ཅིག་ཅེས་བྱ་བ་དང་། སོང་ཤིག་ཅེས་བྱ་བ་དང་། ཟོས་ཟིན་ཏོ་


DKG007_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་དང་། ཆོག་གོ་ཞེས་བྱ་བ་སྟེ། ཚིག་ལྷག་མ་མེད་པ་ལྔ་པོ་དེ་དག་གིས་ནི་སྤངས་པར་བརྗོད་པར་བྱའོ། །ཚིག་ལྷག་མ་དང་བཅས་པ་ལྔ་གང་ཞེ་ན། རེ་ཞིག་ཐོང་ཤིག་ཅེས་བྱ་བ་དང་། རེ་ཞིག་བྱིན་ཅིག་ཅེས་བྱ་བ་དང་། རེ་ཞིག་སོང་ཤིག་ཅེས་བྱ་བ་དང་། རེ་ཞིག་ཟོས་ཟིན་ཏོ་ཞེས་བྱ་བ་དང་། རེ་ཞིག་ཆོག་གོ་ཞེས་བྱ་བ་སྟེ། ཚིག་ལྷག་མ་དང་བཅས་པ་ལྔ་པོ་དེ་དག་གིས་ནི་མ་སྤངས་པར་བརྗོད་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་སྤངས་པས་བཟའ་བར་མི་བྱའོ་ཞེས་བཀའ་སྩལ་ནས་དྲུག་སྡེ་དག་སྤངས་པས་ཀྱང་ཟ་བར་བྱེད། མ་སྤངས་པས་ཀྱང་ཟ་བར་བྱེད་ནས་དགེ་སློང་དོན་ཉུང་ངུ་དག་བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་སྤངས་པས་བཟའ་བར་མི་བྱའོ་ཞེས་བཀའ་སྩལ་ན། ཅིའི་ཕྱིར་དགེ་སློང་དག་སྤངས་པས་ཀྱང་ཟ་བར་བྱེད། མ་སྤངས་པས་ཀྱང་ཟ་བར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སློང་དྲུག་སྡེ་དག་ལ་རྨས་པ། དགེ་སློང་དག་ངས་དགེ་སློང་གིས་སྤངས་པས་བཟའ་བར་མི་བྱའོ་ཞེས་བཀའ་སྩལ་ན་ཁྱེད་སྤངས་པས་ཀྱང་ཟ་བར་བྱེད། མ་སྤངས་པས་ཀྱང་ཟ་བར་བྱེད་པ་བདེན་ནམ། བཙུན་པ་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་པར་སྨད་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་ཟས་ཟོས་ཟིན་ཅིང་སྤངས་པ་ལས་བཅའ་བའམ། བཟའ་བ་འཆའ་འམ་ཟ་ན་ལྟུང་བྱེད་དོ་ཞེས་བཅོམ་ལྡན་འདས་ཀྱིས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་དེ་ལྟར་བཅའ་བ་མཛད་དོ། །སངས་རྒྱས་བཅོམ་ལྡན་


DKG007_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །ཁྱིམ་བདག་ཅིག་གིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཁྱིམ་གཞན་དུ་གདུགས་ཚོད་ལ་སྤྱན་དྲངས་ནས། དགེ་སློང་ནད་པ་རབ་ཏུ་མང་པོ་དག་གི་ནད་གཡོག་རབ་ཏུ་མང་པོ་དག་ཡོད་པ་དེ་དག་གིས་བདག་ཉིད་ཟོས་ནས་ནད་པ་རྣམས་ཀྱི་ལྟོ་ཁེངས་པའི་བསོད་སྙོམས་དག་མནོས་པ་དང་། དགེ་སློང་ནད་པ་རྣམས་ཀྱིས་ཟ་བར་མ་ནུས་ཤིང་། དགེ་སློང་ནད་གཡོག་གིས་ཀྱང་བདག་ཅག་གིས་སྤངས་སོ་ཞེས་ཟ་བར་མི་བྱེད། ཀུན་དགའ་ར་བ་པ་དང་། དགེ་ཚུལ་དག་ཀྱང་མེད་ནས་དེ་དག་གིས་ཀུན་དགའ་ར་བའི་ནང་དུ་ཟས་ཀྱི་ཕུང་པོ་ཆེན་པོ་རྣམ་པར་བཞག་པ་དང་། དེར་བྱ་རོག་དག་ཟ་བ་ན་བྱ་རོག་གིས་སྒྲ་འབྱིན་པ་ཆེན་པོ་བྱུང་བར་གྱུར་ཏོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཀུན་དགའ་ར་བའི་ནང་ན་བྱ་རོག་གིས་སྒྲ་འབྱིན་པ་ཆེན་པོ་བྱུང་བར་གྱུར་པ་འདི་ཅི་ལས་གྱུར། བཙུན་པ་ཁྱིམ་བདག་ཅིག་གིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་སྡུམ་པ་གཞན་དུ་གདུགས་ཚོད་ལ་སྤྱན་དྲངས་ནས། དགེ་སློང་བྲོ་འཚལ་བ་རབ་ཏུ་མང་པོ་དག་གི་བྲོ་གཡོག་རབ་ཏུ་མང་པོ་དག་མཆིས་པ་དེ་དག་གིས་བདག་ཉིད་འཚལ་ནས། བྲོ་འཚལ་བ་རྣམས་ཀྱི་གཡར་བལྟམ་པའི་བསོད་སྙོམས་དག་མནོས་པ་དང་། དགེ་སློང་བྲོ་འཚལ་བ་རྣམས་ཀྱིས་འཚལ་བར་རྔོ་མ་ཐོག་ཅིང་། དགེ་སློང་བྲོ་གཡོག་དག་གིས་ཀྱང་བདག་ཅག་གིས་སྤངས་སོ་ཞེས་འཚལ་བར་མི་བགྱིད། ཀུན་དགའ་ར་བ་པ་དང་། དགེ་ཚུལ་དག་ཀྱང་མ་མཆིས་ནས། དེ་དག་གིས་ཀུན་དགའ་ར་བའི་ནང་དུ་ཟས་ཀྱི་ཕུང་པོ་ཆེན་པོ་རྣམ་པར་བཞག་པ་དང་། དེར་བྱ་རོག་དག་འཚལ་བ་ན་བྱ་རོག་གིས་སྒྲ་འབྱིན་པ་ཆེན་པོ་བྱུང་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ། ངས་དགེ་སློང་རྣམས་བདེ་བ་ལ་རེག་པར་གནས་པར་བྱ་བའི་ཕྱིར་དང་། སྦྱིན་པ་པོ་རྣམས་ཀྱི་སྦྱིན་པར་བྱ་བའི་ཆོས་ཡོངས་སུ་ལོངས་སྤྱད་པར་བྱ་བའི་ཕྱིར་ལྷག་པོར་གནང་བར་བྱའོ་སྙམ་དུ་དགོངས་ནས་དགེ་སློང་རྣམས་ལ་


DKG007_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ལྷག་པོར་བྱས་ཏེ་བཟའ་བར་རྗེས་སུ་གནང་ངོ་། །བཅོམ་ལྡན་འདས་ཀྱིས་ལྷག་པོར་བྱས་ཏེ་བཟའ་བར་རྗེས་སུ་གནང་ངོ་ཞེས་བཀའ་སྩལ་ནས། དགེ་སློང་རྣམས་ཀྱིས་ལྷག་པོར་ཇི་ལྟར་བྱ་བ་མི་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་ཟས་ཟོས་ཟིན་ཅིང་སྤངས་ཏེ། ཡོངས་སུ་རྫོགས་ཤིང་མཐར་ཐུག་པར་བྱས་པ་གང་ཡང་རུང་བ་ཞིག་གིས་བཅའ་བའམ། བཟའ་བ་རྙེད་ཅིང་ཟ་བར་འདོད་ན་དགེ་སློང་དེས་ལག་པ་གཉིས་བསྙལ་ཏེ་བྱིན་ལེན་བྱས་ལ། དགེ་སློང་ཟས་ཟོས་ཟིན་ཅིང་མ་སྤངས་ལ། སྤྱོད་ལམ་ལས་མ་ཉམས་པ་གང་ཡིན་པའམ། དགེ་སློང་ཟས་ཟོས་ཟིན་ཅིང་སྤངས་ལ་སྤྱོད་ལམ་ལས་མ་ཉམས་པ་གང་ཡིན་པ་དེའི་མདུན་དུ་ཙོག་པུར་འདུག་སྟེ་འདི་སྐད་ཅེས་བརྗོད་པར་བྱའོ། །ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་འཚལ་མ་འཚལ་ལགས་ཤིང་སྤངས་ཏེ་ཡོངས་སུ་རྫོགས་ཤིང་མཐར་ཐུག་པར་བགྱིས་པ་ལས། བཅའ་བ་དང་བཟའ་བ་རྙེད་ཅིང་འཚལ་བར་འཚལ་ན་ལྷག་པོར་བགྱིས་ཏེ་བདག་ལ་སྩལ་དུ་གསོལ། །དེས་ཁམ་གཉིས་སམ་གསུམ་ཟོས་ནས་འདི་སྐད་ཅེས། ཁྱོད་ཀྱིར་གྱུར་གྱིས་བཞུད་ཅིག་ཅེས་བརྗོད་པར་བྱའོ། །དེ་ལ་དགེ་སློང་ཟས་ཟོས་ཟིན་ཅིང་མ་སྤངས་ལ་སྤྱོད་ལམ་ལས་མ་ཉམས་པ་གང་ཡིན་པ་དེ་ནི་བདག་ཉིད་ཀྱིས་ཁམ་གཉིས་སམ། གསུམ་ཟོས་ནས་ལྷག་པོར་བྱའོ། །དེ་ལ་དགེ་སློང་ཟས་ཟོས་ཟིན་ཅིང་སྤངས་ལ་སྤྱོད་ལམ་ལས་མ་ཉམས་པ་གང་ཡིན་པ་དེས་ནི་བཟའ་བར་མི་བྱ་བར་ལག་པར་བྱིན་ནས་ཁྱོད་ཀྱིར་གྱུར་གྱིས་བཞུད་ཅིག་ཅེས་བརྗོད་པར་བྱ་བས་ལྷག་པོར་བྱའོ། །གལ་ཏེ་ཟ་ན་འགལ་ཚབས་ཅན་དུ་འགྱུར་རོ། །རྒྱུ་ལྔས་ལྷག་པོར་མ་བྱས་པར་བརྗོད་པར་བྱ་སྟེ། ལྔ་གང་ཞེ་ན། མཚམས་ཀྱི་ཕྱི་རོལ་དུ་དང་། མི་ཐོབ་པའི་ཕྱོགས་སུ་དང་། རྒྱབ་ནས་དང་། གློ་ནས་དང་། སྤྱོད་ལམ་ལས་ཉམས་པ་བྱེད་དུ་འཇུད་པ་སྟེ། རྒྱུ་ལྔ་པོ་དེ་དག་གིས་ནི་ལྷག་པོར་མ་བྱས་པར་བརྗོད་པར་བྱའོ། །རྒྱུ་ལྔས་ནི་ལྷག་པོར་བྱས་པར་བརྗོད་པར་བྱ་སྟེ། ལྔ་གང་ཞེ་ན། མཚམས་ཀྱི་ཕྱི་རོལ་མ་ཡིན་པར་དང་། འཐོབ་པའི་ཕྱོགས་སུ་དང་། རྒྱབ་མ་ཡིན་པ་ནས་དང་། གློ་མ་ཡིན་


DKG007_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནས་དང་། སྤྱོད་ལམ་ལས་མ་ཉམས་པ་བྱེད་དུ་འཇུད་པ་སྟེ། རྒྱུ་ལྔ་པོ་དེ་དག་གིས་ནི་ལྷག་པོར་བྱས་པར་བརྗོད་པར་བྱའོ། །གཞན་ཡང་རྒྱུ་ལྔས་ནི་ལྷག་པོར་མ་བྱས་པར་བརྗོད་པར་བྱ་སྟེ། ལྔ་གང་ཞེ་ན། མཚམས་ཀྱི་ཕྱི་རོལ་དུ་དང་། མི་ཐོབ་པའི་ཕྱོགས་སུ་དང་། ལྷུང་བཟེད་ཀྱི་གཞིར་དང་། ཐུ་བར་དང་། སྤྱོད་ལམ་ལས་ཉམས་པ་བྱེད་དུ་འཇུད་པ་སྟེ། རྒྱུ་ལྔ་པོ་དེ་དག་གིས་ནི་ལྷག་པོར་མ་བྱས་པར་བརྗོད་པར་བྱའོ། །རྒྱུ་ལྔས་ནི་ལྷག་པོར་བྱས་པར་བརྗོད་པར་བྱ་སྟེ། ལྔ་གང་ཞེ་ན། མཚམས་ཀྱི་ཕྱི་རོལ་མ་ཡིན་པར་དང་། འཐོབ་པའི་ཕྱོགས་སུ་དང་། ལྷུང་བཟེད་ཀྱི་གཞིར་མ་ཡིན་པར་དང་། ཐུ་བར་མ་ཡིན་པ་དང་། སྤྱོད་ལམ་ལས་མ་ཉམས་པ་བྱེད་དུ་འཇུད་པ་སྟེ། རྒྱུ་ལྔ་པོ་དེ་དག་གིས་ནི་ལྷག་པོར་བྱས་པར་བརྗོད་པར་བྱའོ། །གཅིག་གིས་ལྷག་པོར་བྱས་པ་མང་པོ་དག་གིས་བཟའ་བར་བྱ་སྟེ། འདི་ལ་འགྱོད་པར་མི་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བསླབ་པ་འདོད་པ་དང་། བསླབ་པ་ལ་གུས་པ་དང་། བསླབ་པ་ལ་ཡོ་བྱད་བསྙུངས་པའི་བསྔགས་པ་བརྗོད་ནས། དགེ་སློང་རྣམས་ལ་དེ་དང་མཐུན་པ་དང་། དེའི་ཤས་ཆེ་བ་དང་། དེ་དང་འཚམ་པའི་ཆོས་དང་ལྡན་པའི་བཀའ་མཆིད་མཛད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་སྔ་མ་ནི་བཅས་པ་ཡིན་ལ། འདི་ནི་གནང་བ་ཡིན་ཏེ། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་ཟས་ཟོས་ཟིན་ཅིང་། སྤངས་པ་ལས་ལྷག་པོར་མ་བྱས་པར་བཅའ་བའམ་བཟའ་བ་འཆའ་འམ་ཟ་ན་ལྟུང་བྱེད་དོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་དྲུག་སྡེའམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །ཟས་ཟོས་ཟིན་ཅིང་སྤངས་པ་ལས་ཞེས་བྱ་བ་ནི་ཡོངས་སུ་རྫོགས་ཤིང་མཐར་ཐུག་པར་བྱས་པ་ལས་སོ། །ལྷག་པོར་མ་བྱས་པར་ཞེས་བྱ་བ་ནི་ལྷག་མར་མ་བྱས་ཤིང་མ་བོར་ཡོངས་སུ་མ་བཏང་བར་རོ། །བཅའ་བའམ་བཟའ་བ་ཞེས་བྱ་བ་ནི་བཅའ་བ་ལྔ་པོ་དང་བཟའ་བ་ལྔ་པོ་དག་གོ །འཆའ་བའམ་ཟ་ན་ཞེས་བྱ་བ་ནི་མགུལ་དུ་མིད་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་ངན་སོང་དང་། ངན་


DKG007_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་དང་། ལོག་པར་ལྟུང་བ་དག་ཏུ་སྲེག་པར་བྱེད། འཚོད་པར་བྱེད། ལྟུང་བར་བྱེད་པའོ། །གཞན་ཡང་ཇི་སྲིད་དུ་ལྟུང་བ་དེ་མ་བཤགས་ཤིང་སོ་སོར་མ་བཤགས་ན་དགེ་བའི་ཆོས་རྣམས་ལ་སྒྲིབ་པར་བྱེད་པ་སྟེ། དེས་ན་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་གིས་སྤངས་པ་ལ་སྤངས་པར་འདུ་ཤེས་པས་ལྷག་པོར་མ་བྱས་པར་བཅའ་བའམ། བཟའ་བ་འཆའ་འམ་ཟ་ན་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་སྤངས་པ་ལ་ཡིད་གཉིས་ཟ་བས་ལྷག་པོར་མ་བྱས་པར་བཅའ་བའམ། བཟའ་བ་འཆའ་འམ་ཟ་ན་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་མ་སྤངས་པ་ལ་སྤངས་པར་འདུ་ཤེས་པས་ལྷག་པོར་མ་བྱས་པར་བཅའ་བའམ། བཟའ་བ་འཆའ་འམ་ཟ་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་མ་སྤངས་པ་ལ་ཡིད་གཉིས་ཟ་བས་ལྷག་པོར་མ་བྱས་པར་བཅའ་བའམ། བཟའ་བ་འཆའ་འམ་ཟ་ན་ཉེས་བྱས་སུ་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བ་འཁོར་གྱིས་ཞུས་པ། བཙུན་པ་ཐུག་པ་ཇི་ལྟ་བུ་སྤངས་པར་བགྱི་འཚལ། ཉེ་བ་འཁོར་གང་ལ་ཁ་གཟར་གྱེན་དུ་འགྲེང་བའོ། །བཙུན་པ་སྐྱོ་མ་ཇི་ལྟ་བུ་སྤངས་པར་བགྱི་འཚལ། ཉེ་བ་འཁོར་གང་ལ་སོར་མོ་ལྔ་མངོན་པའོ། །ཉེ་བ་འཁོར་མགུལ་དུ་བཏུང་བ་ལ་ནི་སྤངས་པ་མེད་དོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །སྟན་གཅིག་པའི་ཟས་ཀྱི་ལྟུང་བྱེད་དེ་སུམ་བཅུ་རྩ་བཞི་པ་རྫོགས་སྷོ།། །།སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ན་ཁྱིམ་བདག་ཅིག་འདུག་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །དེ་རྒས་པའི་གནས་སྐབས་སུ་ཉེ་དུ་ཟད་པ་དང་། ནོར་ཟད་པ་དང་། ལོངས་སྤྱོད་ཟད་པར་གྱུར་ནས་དེས་ཆུང་མ་ལ་སྨྲས་པ། བཟང་མོ་ཁོ་བོས་རྒས་པའི་གནས་སྐབས་སུ་ནོར་བསྒྲུབ་པར་མི་ནུས་ཀྱིས་རབ་ཏུ་འབྱུང་དུ་འགྲོའོ། །རྗེའི་སྲས་དེ་བཞིན་མཛོད་ཅིག །དེ་རྒྱལ་བྱེད་ཀྱི་


DKG007_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

ཚལ་དུ་སོང་སྟེ། དགེ་སློང་གི་གན་དུ་སོང་སྟེ་ཕྱིན་ནས་རྐང་པ་གཉིས་ལ་ཕྱག་འཚལ་ཏེ་སྨྲས་པ། འཕགས་པ་བདག་རབ་ཏུ་འབྱུང་གིས་རབ་ཏུ་དབྱུང་དུ་གསོལ། དེས་སྨྲས་པ། བཞིན་བཟངས་ཁོ་བོ་རབ་ཏུ་བྱུང་ནས་གསར་བུ་ཡིན་པས་ཁོ་བོས་རབ་ཏུ་འབྱིན་དུ་མི་རུང་ངོ་། །དེས་སྨྲས་པ། འཕགས་པ་བདག་དང་པོ་ཁོ་ནར་ཁྱོད་ཀྱི་གན་དུ་མཆིས་པས། ཁྱོད་ཀྱིས་བདག་དགེ་སློང་འགའ་ཞིག་ལ་གཏད་དུ་གསོལ། དགེ་སློང་དེའི་མཁན་པོ་སྤོང་བ་པ་དགོན་པ་ན་བསམ་གཏན་བྱེད་པ་ཞིག་ཡོད་ནས་དེས་དེ་ཁྲིད་དེ་མཁན་པོའི་གན་དུ་སོང་ནས་སྨྲས་པ། མཁན་པོ་རིགས་ཀྱི་བུ་འདི་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་འཚལ་ན། མཁན་པོ་ཐུགས་བརྩེ་བའི་སླད་དུ་འདི་རབ་ཏུ་དབྱུང་དུ་གསོལ། རྫོགས་པར་བསྙེན་པར་མཛད་དུ་གསོལ། མཁན་པོས་སྨྲས་པ། བུ་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་ཤན་པའི་གནས་སུ་གཏང་བ་ནི་བླའི་རབ་ཏུ་ཕྱུང་ཞིང་རྫོགས་པར་བསྙེན་པར་བྱས་ནས་འདོམས་པར་མི་བྱེད། རྗེས་སུ་སྟོན་པར་མི་བྱེད་པ་ནི་མི་རུང་ངོ་ཞེས་བཀའ་སྩལ་ཏོ། །དེས་སྨྲས་པ། མཁན་པོ་རབ་ཏུ་འབྱུང་བ་དང་རྫོགས་པར་བསྙེན་པ་འབའ་ཞིག་མཛོད་ཅིག་དང་། བདག་གིས་འདི་ཀློག་པ་དང་། སློབ་ཏུ་སྩལ་ཏོ། །དགེ་སློང་དེས་དེ་རབ་ཏུ་ཕྱུང་ཞིང་རྫོགས་པར་བསྙེན་པར་བྱས་ནས་སྨྲས་པ། བཞིན་བཟངས་འདི་ཁྱོད་ཀྱི་སློབ་དཔོན་ཡིན་པས་ཀློག་པ་དང་། སློབ་ཏུ་འཇུད་པར་འགྱུར་གྱིས་ཀུན་དུ་སྤྱད་པ་གང་ཡིན་པ་དེ་འདི་ལ་དྲིས་ཏེ་གྱིས་ཤིག །དེས་དེ་ཀློག་པ་དང་། སློབ་ཏུ་འཇུད་པ་ན་རྒན་ཞུགས་དེ་བརྗེད་ངས་པས་ཡང་དང་ཡང་དུ་ལྟུང་བ་འབྱིན་ནས། དེས་དེ་མདུན་དུ་ཙོག་པུར་འདུག་ཏུ་བཅུག་སྟེ་ལྟུང་བ་འཆགས་སུ་འཇུད་པར་བྱེད་དོ། །རྒན་ཞུགས་དེས་བསམས་པ། བདག་གི་སློབ་དཔོན་འདིས་བདག་རྟག་ཏུ་མདུན་དུ་ཙོག་པུར་འདུག་ཏུ་བཅུག་སྟེ་ལྟུང་བ་འཆགས་སུ་འཇུད་པས། བདག་གིས་ཀྱང་འདི་མདུན་དུ་ཙོག་པུར་འདུག་ཏུ་བཅུག་སྟེ་ལྟུང་བ་འཆགས་སུ་གཞུག་པའི་ཐབས་ཅི་ཡོད་སྙམ་མོ། །ཁྱིམ་བདག་ཅིག་གིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཁྱིམ་གཞན་དུ་གདུགས་ཚོད་ལ་སྤྱན་དྲངས་ནས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་གཤེགས་ཏེ། བཅོམ་


DKG007_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་ཀྱིས་གདུགས་ཚོད་གསོལ་ནས་ཁྱིམ་བདག་དེ་ལ་ཆོས་བསྟན་པར་བརྩམས་སོ། །དགེ་སློང་དེས་རྒན་ཞུགས་དེ་ལ་སྨྲས་པ། རྒན་ཞུགས་ཚུར་ཤོག །ཁྱིམ་དུ་འགྲོ་བའི་ཁྱིམ་དག་ལྟར་འདོང་ངོ་། །དེ་གཉིས་ཁྱིམ་དུ་འགྲོ་བའི་ཁྱིམ་དག་ཏུ་དོང་བ་དང་། དེ་དག་གིས་སྨྲས་པ། འཕགས་པ་གཉིས་གདུགས་ཚོད་གསོལ་ཅིག །ཁྱིམ་བདག་ཁོ་བོ་ཅག་གཉིས་ཟན་ཟོས་ཟིན་ཏོ། །དེས་སྨྲས་པ། སྣོམས་ཏེ་བཞུད་ལ་ལྷག་པོར་མཛོད་དེ་གསོལ་ཅིག །དེས་རྒན་ཞུགས་ཀྱི་གདོང་དུ་བལྟས་ཏེ་སྨྲས་པ། རྒན་ཞུགས་འདོད་དམ། འཚལ་ལོ། །དེ་གཉིས་ཀྱིས་བྱིན་ལེན་བྱས་ཏེ་དོང་ནས་རྒྱལ་བྱེད་ཀྱི་ཚལ་དུ་ཕྱིན་པ་དང་། དགེ་སློང་དེས་སྨྲས་པ། རྒན་ཞུགས་ཁྱོད་ཆུ་འཚག་གམ། འོན་ཏེ་གཙུག་ལག་ཁང་དུ་སོང་སྟེ་ལྷག་པོར་བྱེད་དུ་འཇུད། རྒན་ཞུགས་ཀྱིས་སྨྲས་པ། ལྷག་པོར་བགྱིད་དུ་སྩལ་ཏོ། །དགེ་སློང་དེས་ཆུ་བཙག་པར་བརྩམས་པ་དང་། རྒན་ཞུགས་ཀྱིས་བསོད་སྙོམས་ཁྱེར་ཏེ་གཙུག་ལག་ཁང་དུ་ཞུགས་ནས། དེས་བདག་ཉིད་ཀྱིས་བསོད་སྙོམས་ལ་ལྷག་པོར་བྱེད་དུ་བཅུག་ཅིང་དེའི་བསོད་སྙོམས་ལ་ལྷག་པོར་བྱེད་དུ་མ་བཅུག་གོ །དགེ་སློང་དེས་ཆུ་བཙགས་ཏེ། གཙུག་ལག་ཁང་དུ་ཞུགས་ནས་སྨྲས་པ། རྒན་ཞུགས་ལྷག་པོར་བྱེད་དུ་བཅུག་གམ། དེས་སྨྲས་པ། བགྱིད་དུ་སྩལ་ཏོ། །དགེ་སློང་དེས་འདུག་སྟེ་ཟོས་པ་དང་། རྒན་ཞུགས་ཀྱིས་སྨྲས་པ། སློབ་དཔོན་ཇེ་སྐབས་ཕྱེ་ཤིག །ཕྱེའོ། །རྒན་ཞུགས་ཀྱིས་སྨྲས་པ། ཁྱོད་ལ་ལྟུང་བ་བྱུང་གིས། ཆོས་བཞིན་དུ་སླར་མཛོད་ཅིག །དེས་སྨྲས་པ། ལྟུང་བ་མ་མཐོང་ངོ་། །རྒན་ཞུགས་ཀྱིས་སྨྲས་པ། ཁྱོད་ཀྱིས་ལྷག་པོར་མ་བྱས་པའི་བཅའ་བ་དང་བཟའ་བ་ཟོས་སོ། །དེས་སྨྲས་པ། ཁོ་བོས་ཁྱོད་ལ་ལྷག་པོར་བྱེད་དུ་བཅུག་གམ་ཞེས་མ་དྲིས་སམ། རྒན་ཞུགས་ཀྱིས་སྨྲས་པ། བདག་གིས་བདག་ཉིད་ཀྱི་བགྱིད་དུ་སྩལ་ཏོ། །དེས་སྨྲས་པ། རྒན་ཞུགས་ཁོ་བོ་ལྟུང་བ་མི་འཆགས་ཀྱི་འདི་ལྟར་ཁྱོད་ཉིད་ལྟུང་བ་དང་བཅས་པར་འགྱུར་བ་གང་ཡིན་པ་དེ་ལྟ་བུའི་གནས་ཡོད་པར་འགྱུར་རོ་ཞེས་དེས་དགེ་སློང་རྣམས་ལ་བརྗོད་པ་དང་། དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་ཤེས་བཞིན་དུ་དགེ་སློང་ཟས་


DKG007_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

ཟོས་ཟིན་ཅིང་སྤངས་པ་ལ་སྐབས་ཚོལ་ཞིང་ཅི་ནས་ཀྱང་དགེ་སློང་འདི་ཉེས་པ་འབྱུང་བར་བྱའོ་སྙམ་པ་དེ་ཉིད་རྐྱེན་དུ་བྱས་ནས་ཚེ་དང་ལྡན་པ་འདི་འཆོ་ཤིག །འདི་ཟོ་ཤིག་ཅེས་ལྷག་པོར་མ་བྱས་པའི་བཅའ་བ་དང་བཟའ་བ་དུས་ཀྱིས་སྟོབས་པར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སློང་དེ་ལ་རྨས་པ། དགེ་སློང་ཁྱོད་ཤེས་བཞིན་དུ་དགེ་སློང་ཟས་ཟོས་ཟིན་ཅིང་སྤངས་པ་ལ་སྐབས་ཚོལ་ཞིང་། ཅི་ནས་ཀྱང་དགེ་སློང་འདི་ཉེས་པ་འབྱུང་བར་བྱའོ་སྙམ་པ་དེ་ཉིད་རྐྱེན་དུ་བྱས་ནས་ཚེ་དང་ལྡན་པ་འདི་འཆོ་ཤིག །འདི་ཟོ་ཤིག་ཅེས་ལྷག་པོར་མ་བྱས་པའི་བཅའ་བ་དང་བཟའ་བ་དུས་ཀྱིས་སྟོབས་པ་བདེན་ནམ། བཙུན་པ་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་པར་སྨད་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་ཤེས་བཞིན་དུ་དགེ་སློང་ཟས་ཟོས་ཟིན་ཅིང་སྤངས་པ་ལ་སྐབས་ཚོལ་ཞིང་ཅི་ནས་ཀྱང་དགེ་སློང་འདི་ཉེས་པ་འབྱུང་བར་བྱའོ་སྙམ་པ་དེ་ཉིད་རྐྱེན་དུ་བྱས་ནས། ཚེ་དང་ལྡན་པ་འདི་འཆོ་ཤིག །འདི་ཟོ་ཤིག་ཅེས་ལྷག་པོར་མ་བྱས་པའི་བཅའ་བ་དང་བཟའ་བ་དུས་ཀྱིས་སྟོབས་ན་ལྟུང་བྱེད་དོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་ཆོས་འདི་པའོ། །ཤེས་བཞིན་དུ་


DKG007_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ནི་དེ་རང་ཉིད་ཀྱིས་རེག་པའམ། གཞན་དག་གིས་བརྗོད་པས་སོ། །དགེ་སློང་ཞེས་བྱ་བ་ནི་ཆོས་འདི་པའོ། །ཟས་ཟོས་ཟིན་ཅིང་སྤངས་པ་ལ་ཞེས་བྱ་བ་ནི་ཡོངས་སུ་རྫོགས་ཤིང་མཐར་ཐུག་པར་བྱེད་པ་ལའོ། །སྐབས་ཚོལ་ཞིང་ཞེས་བྱ་བ་ནི་ཀླན་ཀ་ཚོལ་ཞིང་ངོ་། །ཅི་ནས་ཀྱང་དགེ་སློང་འདི་ཉེས་པ་འབྱུང་བར་བྱའོ་སྙམ་པ་ཞེས་བྱ་བ་ནི་ཅི་ནས་ཀྱང་དགེ་སློང་འདི་ལྟུང་བ་དང་བཅས་པར་བྱས་པར་འགྱུར་རོ་སྙམ་པའོ། །དེ་ཉིད་རྐྱེན་དུ་བྱས་ནས་ཞེས་བྱ་བ་ནི་གཞན་མ་ཡིན་པའོ། །ཚེ་དང་ལྡན་པ་འདི་འཆོ་ཤིག །འདི་ཟོ་ཤིག་ཅེས་བྱ་བ་ནི་བཅའ་བ་དང་བཟའ་བའོ། །ལྷག་པོར་མ་བྱས་པའི་ཞེས་བྱ་བ་ནི་ལྷག་མར་མ་བྱས་ཤིང་མ་བོར་ཡོངས་སུ་མ་བཏང་བའོ། །བཅའ་བ་དང་བཟའ་བ་ཞེས་བྱ་བ་ནི་བཅའ་བ་ལྔ་པོ་དང་བཟའ་བ་ལྔ་པོ་དག་གོ །དུས་ཀྱིས་སྟོབས་ན་ཞེས་བྱ་བ་ནི་ཡང་དང་ཡང་དུ་སྟོབས་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་ངན་སོང་དང་། ངན་འགྲོ་དང་། ལོག་པར་ལྟུང་བ་དག་ཏུ་སྲེག་པར་བྱེད། འཚོད་པར་བྱེད། ལྟུང་བར་བྱེད་པའོ། །གཞན་ཡང་ཇི་སྲིད་དུ་ལྟུང་བ་དེ་མ་བཤགས་ཤིང་སོ་སོར་མ་བཤགས་ན་དགེ་བའི་ཆོས་རྣམས་ལ་སྒྲིབ་པར་བྱེད་པ་སྟེ། དེས་ན་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་གིས་ཇི་ཙམ་ན་ཅུང་ཟད་ཤེས་བཞིན་དུ་དགེ་སློང་ཟས་ཟོས་ཟིན་ཅིང་སྤངས་པ་ལ་སྐབས་ཚོལ་ཞིང་ཅི་ནས་ཀྱང་དགེ་སློང་འདི་ཉེས་པ་འབྱུང་བར་བྱའོ་སྙམ་པ་དེ་ཉིད་རྐྱེན་དུ་བྱས་ནས། ཚེ་དང་ལྡན་པ་འདི་འཆོ་ཤིག །འདི་ཟོ་ཤིག་ཅེས་ལྷག་པོར་མ་བྱས་པའི་བཅའ་བ་དང་བཟའ་བ་དུས་ཀྱིས་སྟོབས་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །སྤངས་པ་ལ་སྟོབས་པའི་ལྟུང་བྱེད་དེ་སུམ་བཅུ་རྩ་ལྔ་པ་རྫོགས་སོ།། །།འདུལ་བ་རྣམ་པར་འབྱེད་པ། བམ་བོ་ལྔ་བཅུ་རྩ་གསུམ་པ། སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་ཀ་ལན་ད་ཀའི་གནས་ན་བཞུགས་སོ། །དེའི་ཚེ་ན་ལྷས་བྱིན་དགེ་སློང་རབ་ཏུ་མང་པོ་དག་དང་ལྷན་ཅིག་


DKG007_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་དགའ་ར་བའི་ནང་ན་འདུས་ཤིང་ཟ་བ་ཟ་ནས་དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་ཀུན་དགའ་ར་བའི་ནང་ན་འདུས་ཤིང་ཟ་བ་ཟ་བར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ལྷས་བྱིན་ལ་རྨས་པ། ལྷས་བྱིན་ཁྱོད་དགེ་སློང་རབ་ཏུ་མང་པོ་དག་དང་ལྷན་ཅིག་ཀུན་དགའ་ར་བའི་ནང་ན་འདུས་ཤིང་ཟ་བ་བདེན་ནམ། བཙུན་པ་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ། དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་པར་སྨད་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། འདུས་ཤིང་ཟ་ན་ལྟུང་བྱེད་དོ་ཞེས་བཅོམ་ལྡན་འདས་ཀྱིས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་དེ་ལྟར་བཅའ་བ་མཛད་དོ། །དགེ་སློང་རབ་ཏུ་མང་པོ་ན་བ་དག་སྨན་པའི་གནས་སུ་དོང་སྟེ། དེ་དག་གིས་དེ་མཐོང་ནས་སྨྲས་པ། བཞིན་བཟངས་ཁོ་བོ་ཅག་ལ་ཇེ་སྨན་སྟོན་ཅིག །དེས་སྨྲས་པ། འཕགས་པ་དག་ཞལ་ཚུས་གསོལ་ཅིག །སུས་སྦྱིན་པར་འགྱུར། བདག་གིས་གསོལ་ལོ། །ཅི་དགེ་འདུན་ཐམས་ཅད་དམ། མ་ལགས་ཏེ་དགེ་སློང་བསྙུང་བ་ཇི་སྙེད་པ་དག་གོ །བཞིན་བཟངས་བཅོམ་ལྡན་འདས་ཀྱིས་འདུས་ཤིང་ཟ་བ་ལ་བསླབ་པའི་གཞི་བཅའ་བ་མཛད་དོ། །འཕགས་པ་དག་ཁྱེད་ཀྱི་སྟོན་པ་ཐུགས་རྗེ་ཅན་


DKG007_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

ལགས་པས་དེ་ཉིད་རྐྱེན་དུ་མཛད་ནས་གནང་བར་འགྱུར་བ་དེ་ལྟ་བུའི་གནས་མཆིས་སོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་ན་བའི་དུས་མ་གཏོགས་སོ། །དགེ་སློང་དག་གིས་དགེ་འདུན་གྱི་དང་། མཆོད་རྟེན་གྱི་ལས་དག་བྱས་ནས། དེ་དག་བཀྲེས་པས་གློས་ཕབ་སྟེ་ཉལ་ཞིང་དགེ་བའི་ཕྱོགས་ལ་ཏྲོན་བྱེད་པར་མི་ནུས་པ་ན། བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གཙུག་ལག་ཁང་དུ་ལྷགས་ནས། དེ་དག་གིས་དྲིས་པ། འཕགས་པ་དག་བསྟན་པ་ལ་གཅིག་ཏུ་བརྩོན་པར་བགྱི་བ་ལགས་ན། ཅིའི་སླད་དུ་གློས་ཕབ་སྟེ་གཟིམས་ཤིང་དགེ་བའི་ཕྱོགས་ལ་ཏྲོན་མི་མཛད། དེ་དག་གིས་སྨྲས་པ། ཁོ་བོ་ཅག་བཀྲེས་སོ། །ཅིའི་སླད་དུ་ཞལ་ཚུས་མི་གསོལ། སུས་སྦྱིན་པར་འགྱུར། བདག་ཅག་གིས་གསོལ་ལོ། །ཅི་དགེ་འདུན་ཐམས་ཅད་གསོལ་ལམ། མ་ལགས་ཏེ་ཁྱེད་ཅག་ཁོ་ན་གསོལ་ལོ། །བཞིན་བཟངས་དག་བཅོམ་ལྡན་འདས་ཀྱིས་འདུས་ཤིང་ཟ་བ་ལ་བསླབ་པའི་གཞི་བཅའ་བ་མཛད་དོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་ལས་ཀྱི་དུས་མ་གཏོགས་སོ། །དགེ་སློང་དག་དོན་མཐུན་དང་ལྷན་ཅིག་འགྲོན་ལམ་དུ་འདོང་བ་ན། ཇི་ཙམ་ན་རི་བྲགས་ཤིག་ཏུ་ཕྱིན་ནས་དེ་དག་གིས་སྨྲས་པ། བཞིན་བཟངས་དག་ཁོ་བོ་ཅག་རི་བྲགས་སུ་བསོད་སྙོམས་ལ་རྒྱུའི་བར་དུ་རེ་ཞིག་ཡུད་ཙམ་ཞིག་སྡོད་ཅིག །དོན་མཐུན་དག་གིས་སྨྲས་པ། འཕགས་པ་དག་ཤུལ་འདི་ན་ཆོམ་རྐུན་པའི་འཇིགས་པ་མཆིས་ཀྱིས། ཚུར་གཤེགས་དང་བདག་ཅག་ཉིད་ཀྱིས་བསོད་སྙོམས་གསོལ་ལོ། །ཅི་གཅིག་གིས་ཐམས་ཅད་སྦྱིན་ནམ། མ་ལགས་ཏེ་ལ་ལས་བཞི་ལའོ། །ལ་ལས་ལྔ་ལའོ། །བཞིན་བཟངས་དག་བཅོམ་ལྡན་འདས་ཀྱིས་འདུས་ཤིང་ཟ་བ་ལ་བསླབ་པའི་གཞི་བཅའ་བ་མཛད་དོ་ཞེས་དགེ་སློང་དེ་དག་གིས་ཤས་ཆེར་ཟན་བཅད་པར་བྱས་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་


DKG007_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་ལམ་གྱི་དུས་མ་གཏོགས་སོ། །དགེ་སློང་རབ་ཏུ་མང་པོ་དག་དོན་མཐུན་དང་ལྷན་ཅིག་གྲུར་ཞུགས་ཏེ་ལྗོངས་རྒྱུར་འདོང་བ་ན་རི་བྲགས་ཤིག་ཏུ་ཕྱིན་ནས་དེ་དག་གིས་སྨྲས་པ། བཞིན་བཟངས་དག་ཁོ་བོ་ཅག་རི་བྲགས་སུ་བསོད་སྙོམས་ལ་རྒྱུའི་བར་དུ་རེ་ཞིག་ཡུད་ཙམ་ཞིག་སྡོད་ཅིག །དོན་མཐུན་དག་གིས་སྨྲས་པ། འཕགས་པ་དག་གྲུའི་ཤུལ་འདི་ན་ཆོམ་རྐུན་པའི་འཇིགས་པ་མཆིས་ཀྱིས་ཚུར་གཤེགས་དང་བདག་ཅག་ཉིད་ཀྱིས་བསོད་སྙོམས་གསོལ་ལོ། །ཅི་གཅིག་གིས་ཐམས་ཅད་སྦྱིན་ནམ། མ་ལགས་ཏེ་ལ་ལས་བཞི་ལའོ། །ལ་ལས་ལྔ་ལའོ། །བཞིན་བཟངས་དག་བཅོམ་ལྡན་འདས་ཀྱིས་འདུས་ཤིང་ཟ་བ་ལ་བསླབ་པའི་གཞི་བཅའ་བ་མཛད་དོ་ཞེས་དགེ་སློང་དེ་དག་གིས་ཤས་ཆེར་ཟན་བཅད་པར་བྱས་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་གྲུར་ཞུགས་པའི་དུས་མ་གཏོགས་སོ། །བཅོམ་ལྡན་འདས་ཀྱིས་གཙུག་ཕུད་ཀྱི་དུས་སྟོན་དང་། དུས་སྟོན་ཆེན་པོ་དང་། ལོ་ལྔའི་དུས་སྟོན་བྱའོ་ཞེས་བཀའ་སྩལ་ནས། དེ་ན་དགེ་སློང་རྣམས་ཀྱི་འདུས་པ་ཆེན་པོ་བྱུང་བར་གྱུར་ནས་བྲམ་ཟེ་དང་། ཁྱིམ་བདག་དད་པ་ཅན་དག་གིས་དགེ་སློང་རྣམས་ལ་སྨྲས་པ། འཕགས་པ་དག་ཚུར་གཤེགས་གདུགས་ཚོད་གསོལ་ཅིག །དགེ་སློང་རྣམས་ཀྱིས་སྨྲས་པ། ཅི་དགེ་འདུན་ཐམས་ཅད་གསོལ་ལམ། འཕགས་པ་དག་བདག་ཅག་ལ་དགེ་འདུན་ཐམས་ཅད་གསོལ་བའི་འབྱོར་པ་གང་ལགས་པ་དེ་ལྟ་བུ་ག་ལ་མཆིས་ཏེ། འདི་ལྟར་ལ་ལས་ཉི་ཤུ་གསོལ་ལོ། །ལ་ལས་སུམ་བཅུ་གསོལ་ལོ། །བཞིན་བཟངས་དག་བཅོམ་ལྡན་འདས་ཀྱིས་འདུས་ཤིང་ཟ་བ་ལ་བསླབ་པའི་གཞི་བཅའ་བ་མཛད་དོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་འདུས་པ་ཆེན་པོའི་དུས་མ་གཏོགས་སོ། །གང་གི་ཚེ་རྒྱལ་པོ་གཟུགས་ཅན་སྙིང་པོས་བདེན་པ་དག་མ་མཐོང་བ་དེའི་ཚེ་ན་འོད་མའི་ཚལ་ཀུན་དུ་འཚོ་དག་ལ་ཕུལ་བར་གྱུར་ཏོ། །གང་གི་ཚེ་བདེན་པ་


DKG007_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

དག་མཐོང་བ་དེའི་ཚེ་འོད་མའི་ཚལ་ཀུན་དུ་འཚོ་དག་ལས་ཕྲོགས་ཏེ་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ལ་ཕུལ་ལོ། །རྒྱལ་པོ་གཟུགས་ཅན་སྙིང་པོའི་ཞང་པོ་ཀུན་དུ་འཚོ་དག་གི་ནང་དུ་རབ་ཏུ་བྱུང་ནས། རྒྱལ་པོས་སྨྲས་པ། འཕགས་པ་དག་འདི་བདག་གི་ཞང་པོ་ལགས་ཀྱིས་ཇི་སྲིད་དུ་འགྱུར་བ་སྟེན་པར་མི་བགྱིད་ཀྱི་བར་དུ་འདི་གཅིག་པུ་གཞག་ཏུ་གསོལ། གང་གི་ཚེ་འགྱུར་བ་སྟེན་པར་འགྱུར་བ་དེའི་ཚེ་ན་བདག་གིས་འདི་ཡང་བསྐྲད་པར་བགྱིའོ་ཞེས་རྒྱལ་པོ་གཟུགས་ཅན་སྙིང་པོས་ཀུན་དུ་འཚོ་དེ་ལ་ཁ་ཟས་ཀྱི་མཁོ་བ་སྟོབས་པར་བྱེད་དོ། །དགེ་སློང་དག་ནམ་གྱི་ཆ་སྟོད་དང་ནམ་གྱི་ཆ་སྨད་ལ་མི་ཉལ་བར་སྦྱོར་བའི་རྗེས་སུ་བརྩོན་པར་གནས་པ་དེ་དག་ཀུན་དུ་འཚོ་དེས་མཐོང་ནས་དེ་ཤིན་ཏུ་དང་བ་སྐྱེས་ཏེ། དེས་དགེ་སློང་རྣམས་ལ་སྨྲས་པ། བདག་གིས་ཀྱང་དགེ་སློང་རྣམས་ཀྱི་གདུགས་ཚོད་བགྱིའོ། །དེ་ལྟར་གྱིས་ཤིག །ཅི་དགེ་འདུན་ཐམས་ཅད་ཀྱི་བྱེད་དམ། མ་ལགས་ཏེ་བདག་གིས་རྒྱལ་པོས་ཞལ་ཟས་ཀྱི་མཁོ་བ་སྟོབས་པར་བགྱིད་པ་ལྟར་བདག་ལ་དགེ་འདུན་ཐམས་ཅད་ཀྱི་གདུགས་ཚོད་བགྱི་བའི་འབྱོར་པ་གང་ལགས་པ་དེ་ལྟ་བུ་མ་མཆིས་ཏེ། འདི་ལྟར་དགེ་སློང་ཉི་ཤུའམ། ཉི་ཤུ་རྩ་ལྔའི་གདུགས་ཚོད་བགྱིའོ། །དགེ་སློང་རྣམས་ཀྱིས་སྨྲས་པ། བཅོམ་ལྡན་འདས་ཀྱིས་འདུས་ཤིང་ཟ་བ་ལ་བསླབ་པའི་གཞི་བཅའ་བ་མཛད་དོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སྦྱོང་གི་ཟས་ཀྱི་དུས་མ་གཏོགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བསླབ་པ་འདོད་པ་དང་། བསླབ་པ་ལ་གུས་པ་དང་། བསླབ་པ་ལ་ཡོ་བྱད་བསྙུངས་པའི་བསྔགས་པ་བརྗོད་ནས་དགེ་སློང་རྣམས་ལ་དེ་དང་མཐུན་པ་དང་། དེའི་ཤས་ཆེ་བ་དང་། དེ་དང་འཚམ་པའི་ཆོས་དང་ལྡན་པའི་བཀའ་མཆིད་མཛད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་སྔ་མ་ནི་བཅས་པ་ཡིན་ལ། འདི་ནི་གནང་བ་ཡིན་ཏེ། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། འདུས་ཤིང་ཟ་ན་དུས་མ་གཏོགས་ཏེ་ལྟུང་བྱེད་དོ། །


DKG007_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་དུས་ནི་འདི་ཡིན་ཏེ། ན་བ་དུས་སོ། །ལས་དུས་སོ། །ལམ་དུས་སོ། །གྲུར་ཞུགས་པ་དང་། འདུས་པ་ཆེན་པོ་དང་། དགེ་སྦྱོང་གི་ཟས་དུས་ཏེ། དེ་ལ་དེ་ནི་དུས་ཡིན་ནོ། །འདུས་ཤིང་ཟ་ན་ཞེས་བྱ་བ་ནི་མི་མཐུན་པར་ཟ་ནའོ། །དུས་མ་གཏོགས་ཏེ་ཞེས་བྱ་བ་ནི་དུས་བཞག་སྟེའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་ངན་སོང་དང་། ངན་འགྲོ་དང་ལོག་པར་ལྟུང་བ་དག་ཏུ་སྲེག་པར་བྱེད། འཚོད་པར་བྱེད། ལྟུང་བར་བྱེད་པའོ། །གཞན་ཡང་ཇི་སྲིད་དུ་ལྟུང་བ་དེ་མ་བཤགས་ཤིང་སོ་སོར་མ་བཤགས་ན་དགེ་བའི་ཆོས་རྣམས་ལ་སྒྲིབ་པར་བྱེད་པ་སྟེ། དེས་ན་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་དུས་ནི་འདི་ཡིན་ཏེ། ན་བ་དུས་སོ་ཞེས་བྱ་བ་ནི་འདི་ལྟ་སྟེ། དགེ་སློང་ན་བ་ཟས་གཅིག་གིས་འཚོ་བར་མི་ནུས་པའོ། །ལས་དུས་སོ་ཞེས་བྱ་བ་ནི་འདི་ལྟ་སྟེ། དགེ་སློང་གི་དགེ་འདུན་གྱིའམ། མཆོད་རྟེན་གྱི་ལས་ཐ་ན་ཕྱག་དར་རེ་ལྡེ་ཙམ་མམ། དཀྱིལ་འཁོར་བ་མལ་ཙམ་བྱས་པའོ། །ལམ་དུས་སོ་ཞེས་བྱ་བ་ནི་འདི་ལྟ་སྟེ། དགེ་སློང་དཔག་ཚད་ཕྱེད་དུ་སོང་བའམ། དེའི་ཕྱེད་དུ་སོང་སྟེ་ཕྱིར་འོངས་པའོ། །གྲུར་ཞུགས་པ་དུས་སོ་ཞེས་བྱ་བ་ནི་འདི་ལྟ་སྟེ། དགེ་སློང་གྲུར་ཞུགས་ཏེ་དཔག་ཚད་ཕྱེད་དུ་སོང་བའམ། དེའི་ཕྱེད་དུ་སོང་སྟེ་ཕྱིར་འོངས་པའོ། །འདུས་པ་ཆེན་པོ་དུས་སོ་ཞེས་བྱ་བ་ནི་སྤགས་པའོ། །དགེ་སྦྱོང་གི་ཟས་དུས་ཏེ་ཞེས་བྱ་བ་ནི་འདི་ལས་ཕྱི་རོལ་པའི་རབ་ཏུ་བྱུང་བ་དག་འཁོད་ན་དེ་ཡང་དགེ་སྦྱོང་ཞེས་བྱ་བའི་གྲངས་སུ་འགྲོའོ། །དེ་ལ་དེ་ནི་དུས་ཡིན་ནོ་ཞེས་བྱ་བ་ནི་དེ་ལ་དེ་ནི་མཐུན་པའི་ཆོས་ཡིན་པའོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་གིས་མཚམས་ཀྱི་ནང་ལ་མཚམས་ཀྱི་ནང་དུ་འདུ་ཤེས་པས་འདུས་ཤིང་ཟ་བ་ཟ་ན་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་མཚམས་ཀྱི་ནང་དུ་ཡིད་གཉིས་ཟ་བས་འདུས་ཤིང་ཟ་བ་ཟ་ན་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་མཚམས་ཀྱི་ཕྱི་རོལ་དུ་མཚམས་ཀྱི་ནང་དུ་འདུ་ཤེས་པས་འདུས་ཤིང་ཟ་བ་ཟ་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་མཚམས་ཀྱི་ཕྱི་རོལ་དུ་ཡིད་གཉིས་ཟ་བས་འདུས་ཤིང་ཟ་བ་ཟ་ན་ཉེས་བྱས་སུ་འགྱུར་རོ། །གནས་གཉིས་པོ་གཞིའི་གནས་དང་། ཁང་ཁྱིམ་གྱི་གནས་དེ་གཉིས་ཡོད་ན་དེ་ན་གང་དག་


DKG007_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

གཞིའི་གནས་སུ་ཟ་བ་དེ་དག་གིས་ཁང་ཁྱིམ་ནས་དགེ་སློང་དག་འོངས་སམ་ཞེས་དྲི་བར་བྱའོ། །མ་དྲིས་པར་ཟ་ན་ཉེས་བྱས་སུ་འགྱུར་རོ། །གང་དག་ཁང་ཁྱིམ་དུ་ཟ་བ་དེ་དག་གིས་ཀྱང་གཞིའི་གནས་ནས་དགེ་སློང་དག་འོངས་སམ་ཞེས་དྲི་བར་བྱའོ། །མ་དྲིས་པར་ཟ་ན་ལྟུང་བྱེད་དུ་འགྱུར་རོ། །གསུམ་ཟ་ཞིང་གཅིག་ལ་བྱེད་པ་དང་། གསུམ་རྫོགས་པར་བསྙེན་ཅིང་གཅིག་རྫོགས་པར་མ་བསྙེན་པ་དང་། ཟས་བྲིམ་པ་ཐ་ན་ལན་ཚྭ་ཕོ་ཚུམས་གང་ངམ། ལྡམ་ལྡུམ་སྲང་གཅིག་ཙམ་འོངས་པ་དང་། གནས་སོ་སོར་ངེས་པ་དང་། སྦྱིན་བདག་ན་རེ་གང་དག་འདི་ན་འཁོད་པ་དེ་དག་ལ་སྦྱིན་ནོ་ཞེས་ཟེར་ན་ལྟུང་བ་མེད་དོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །འདུས་ཤིང་ཟ་བའི་ལྟུང་བྱེད་དེ་སུམ་བཅུ་རྩ་དྲུག་པ་རྫོགས་སོ།། །།སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །གང་གི་ཚེ་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ཉེ་བ་འཁོར་ལ་སོགས་པ་སར་པ་སྐྱེས་ཕྲན་གཞོན་ནུ་བཅུ་བདུན་སྡེའི་ཚོགས་རབ་ཏུ་ཕྱུང་ཞིང་རྫོགས་པར་བསྙེན་པར་བྱས་པ་དེའི་ཚེ་ན། དེ་དག་སྔ་དྲོ་ཤམ་ཐབས་བགོས། ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་སོ། །བུད་མེད་ཀྱི་ཡུལ་ནི་སྲེད་པ་སྤྱད་པ་ཡིན་པས། བུད་མེད་ཀྱིས་དེ་དག་མཐོང་ནས་བྲང་བརྡུངས་ཏེ་སྨྲས་པ། འདི་དག་སྐྱེད་པ་གང་དག་གིས་འདི་དག་སྐྱེས་མ་ཐག་གི་ཁ་ལན་ཚྭས་འགེངས་པར་མ་ནུས་པ་དང་། བརླ་ཕྲག་ཏུ་ཁྲོན་པ་བཅུག་སྟེ་འབྲངས་པར་མི་ནུས་པ་དེ་དག་གིས་ཅི་ཐོབ། བཅུ་བདུན་སྡེ་དག་ཉམ་ང་བར་གྱུར་ནས་སྨྲས་པ། བདག་ཅག་གིས་ཟན་བཅད་པར་གྱུར་པ་ནི་བླའི་ཚིག་ངན་པ་རྣམ་པ་འདི་ལྟ་བུ་དག་ཐོས་པར་གྱུར་པ་ནི་མི་རུང་ངོ་ཞེས་དེ་དག་དེ་ཉིད་ནས་ཕྱིར་ལོག་སྟེ་དེ་དག་གིས་ཟན་བཅད་པ་བྱས་ནས། དེ་དག་གིས་ཇི་སྲིད་དུ་ལུས་ལ་མདངས་ཡོད་པ་དེ་སྲིད་དུ་དགེ་བའི་ཕྱོགས་ལ་ཏྲོན་བྱས་ནས། གང་གི་ཚེ་ལུས་ལ་མདངས་ཡལ་བར་གྱུར་པ་དེའི་ཚེ་ན་གློས་ཕབ་སྟེ་ཉལ་བ་དང་། ཉེ་དགའས་དེ་དག་མཐོང་ནས་སྨྲས་པ། ཨེ་མའོ་བཅུ་བདུན་སྡེ་དག་ཅི་གལ་ཏེ་ཟས་གཞན་གྱི་ཡིན་ཞེས་ཏེ་ལྟོ་ཡང་གཞན་


DKG007_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཡིན་སྙམ་མམ། ཅི་བྱས་ཇི་ཙམ་གྱི་དགེ་བའི་ཕྱོགས་ལ་ཏྲོན་བྱེད་ཀྱང་མི་ནུས་པ་དེ་ཙམ་གྱི་ཟས་ཟོས་སོ། །སུས་ཟོས། ཁྱོད་ཀྱིས་སོ། །ཁོ་བོ་ཅག་གིས་མ་ཟོས་སོ། །འོ་ན་ཅིའི་ཕྱིར་གློས་ཕབ་སྟེ་ཉལ། དེ་དག་གིས་སྐབས་དེ་རྒྱས་པར་བརྗོད་དོ། །གྲོང་ཁྱེར་གྱི་སྒབས་མོ་ཅན་དག་ནི་སྐྱེད་མོས་ཚལ་ལ་དགའ་བས་དེ་དག་བཟའ་བ་དང་། བཏུང་བ་ཁྱེར་ཏེ་མཉན་ཡོད་ཀྱི་ཕྱི་རོལ་རྒྱལ་བྱེད་ཀྱི་ཚལ་དུ་དོང་ནས་འཆའ་བར་བྱེད། ཟ་བར་བྱེད། འཐུང་བར་བྱེད་པ་ན་བཅུ་བདུན་སྡེ་དག་གིས་དེ་དག་མཐོང་ནས་ལྟོ་བ་ཉུག་པར་བྱེད་ཅིང་། ཚིགས་སུ་བཅད་པ་དག་སྨྲས་པ། མགོན་པོ་ཁྱོད་ཀྱི་ལེགས་གསུངས་མང་པོ་དག །རྒྱུ་དང་མི་རྒྱུའི་འཇིག་རྟེན་འདི་ན་སྤྱོད། །བཀྲེས་མཉམ་ལུས་ཀྱི་ཚོར་བ་མ་མཆིས་པ། །ཐུབ་པ་དེ་ནི་ཁྱོད་ཀྱི་ལེགས་གསུངས་མཆོག །དེ་དག་གིས་སྨྲས་པ། འཕགས་པ་དག་གསོལ་ན་བཞེད་དམ། འདོད་དོ། །དེ་དག་གིས་བཅུ་བདུན་སྡེ་དག་ལ་བཟའ་བ་དང་། བཏུང་བ་བྱིན་པ་དང་། དེ་དག་གིས་ལོངས་སྤྱད་ནས་དེ་དག་གིས་ཟུང་དུ་བསྡེབས་ཏེ་འཆག་ཅིང་ཁ་ཏོན་བྱ་བར་བརྩམས་པ་དང་། ཉེ་དགའས་དེ་དག་ཁ་ཏོན་བྱེད་པ་མཐོང་ནས་སྨྲས་པ། ཀྱེ་མའོ་བཅུ་བདུན་སྡེ་དག་གིས་ཤིན་ཏུ་བརྩོན་འགྲུས་བརྩམས་སོ། །བཙུན་པ་ཉེ་དགའ་བཅོམ་ལྡན་འདས་ཀྱིས་བདེན་ཆོས་མངོན་པར་རྗོད་པར་བྱེད་དོ། །སྦྱིན་པ་པོ་དང་སྦྱིན་བདག་གིས་ལེན་པ་པོ་ལ་ཟས་སྦྱིན་པ་ན་གནས་ལྔ་སྦྱིན་པར་བྱེད་དེ། ཚེ་སྦྱིན་པ་དང་། ཁ་དོག་སྦྱིན་པ་དང་། སྟོབས་སྦྱིན་པ་དང་། བདེ་བ་སྦྱིན་པ་དང་། སྤོབས་པ་སྦྱིན་པ་ནི་བདེ་བར་འགྱུར་རོ། །ཞེས་བཀའ་སྩལ་པ་ནི་ལེགས་པར་གསུངས་པ་ཡིན་ཏེ། ཟོས་ན་སྤོབས་པ་དང་ལྡན་པར་འགྱུར་གྱི་མ་ཟོས་ན་མི་འགྱུར་རོ། །ཁྱེད་ཀྱིས་ཟོས་སམ། ཟོས་སོ། །ཁྱེད་དུས་མ་ཡིན་པར་ཟར་རུང་ངམ། གལ་ཏེ་དུས་སུ་མ་རྙེད་ན་ཁོ་བོ་ཅག་གིས་ལྟོགས་ཏེ་འཆི་བར་བྱའམ་ཅི། དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་དུས་མ་ཡིན་པར་བཅའ་བ་དང་། བཟའ་བ་ཟ་བར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་


DKG007_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སློང་བཅུ་བདུན་སྡེ་དག་ལ་རྨས་པ། དགེ་སློང་དག་ཁྱེད་དུས་མ་ཡིན་པར་བཅའ་བ་དང་བཟའ་བ་འཆའ་ཞིང་ཟ་བ་བདེན་ནམ། བཙུན་པ་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་པར་སྨད་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་དུས་མ་ཡིན་པར་བཅའ་བའམ། བཟའ་བ་འཆའ་འམ་ཟ་ན་ལྟུང་བྱེད་དོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་བཅུ་བདུན་སྡེའམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །དུས་མ་ཡིན་པར་ཞེས་བྱ་བ་ནི་དུས་མ་ཡིན་པ་གཉིས་ཏེ། སྐྱ་རེངས་མ་ཤར་བ་དང་། ཕྱེད་ཡོལ་བར་རོ། །བཅའ་བའམ་བཟའ་བ་ཞེས་བྱ་བ་ནི། བཅའ་བ་ལྔ་པོ་དང་བཟའ་བ་ལྔ་པོ་དག་གོ །འཆའ་འམ་ཟ་ན་ཞེས་བྱ་བ་ནི་མགུལ་དུ་མིད་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་ངན་སོང་དང་། ངན་འགྲོ་དང་། ལོག་པར་ལྟུང་བ་དག་ཏུ་སྲེག་པར་བྱེད། འཚོད་པར་བྱེད། ལྟུང་བར་བྱེད་པའོ། །གཞན་ཡང་ཇི་སྲིད་དུ་ལྟུང་བ་དེ་མ་བཤགས་ཤིང་སོ་སོར་མ་བཤགས་ན་དགེ་བའི་ཆོས་རྣམས་ལ་སྒྲིབ་པར་བྱེད་པ་སྟེ། དེས་ན་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་གིས་དུས་མ་ཡིན་པ་ལ་དུས་མ་ཡིན་པར་འདུ་ཤེས་པས་བཅའ་བ་དང་། བཟའ་བ་འཆའ་འམ་ཟ་ན་ལྟུང་བྱེད་དུ་འགྱུར་རོ། །དགེ་


DKG007_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

སློང་གིས་དུས་མ་ཡིན་པར་ཡིད་གཉིས་ཟ་བས་བཅའ་བ་དང་། བཟའ་བ་འཆའ་འམ་ཟ་ན་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་དུས་སུ་དུས་མ་ཡིན་པར་འདུ་ཤེས་པས་བཅའ་བ་དང་། བཟའ་བ་འཆའ་འམ་ཟ་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་དུས་སུ་ཡིད་གཉིས་ཟ་བས་བཅའ་བ་དང་། བཟའ་བ་འཆའ་འམ་ཟ་ན་ཉེས་བྱས་སུ་འགྱུར་རོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། ། དུས་མ་ཡིན་པར་ཟ་བའི་ལྟུང་བྱེད་དེ་སུམ་བཅུ་རྩ་བདུན་པ་རྫོགས་སྷོ།། །།སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །ཚེ་དང་ལྡན་པ་ནག་པོའི་ཀུན་དུ་སྤྱོད་པ་ནི་གྲོང་ངམ། གྲོང་རྡལ་གང་ན་ཉེ་བར་རྟེན་ཅིང་གནས་པ་ན། དེ་སྔ་དྲོ་ཤམ་ཐབས་བགོས། ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་གྲོང་ངམ། གྲོང་རྡལ་དེ་ཉིད་དུ་ལུས་ཤིན་ཏུ་བསྲུངས་པ་དང་། དབང་པོ་རྣམས་ཀྱི་ཤིན་ཏུ་བསྡམས་པ་དང་། དྲན་པ་ཤིན་ཏུ་ཉེ་བར་གཞག་པས་བསོད་སྙོམས་ལ་འཇུག་ཅིང་། གལ་ཏེ་འབྲས་ཆན་གཤེར་བ་རྙེད་ན་ནི་ལྷུང་བཟེད་ཀྱིས་ལེན་པར་བྱེད། གལ་ཏེ་འབྲས་ཆན་སྐམ་པོ་རྙེད་ན་ནི་ལྷུང་བཟེད་ཀྱི་སྣོད་ཀྱིས་ལེན་པར་བྱེད་དེ། དེ་གྲོང་ངམ། གྲོང་རྡལ་དེར་བསོད་སྙོམས་ལ་བརྒྱུས་ནས་གཙུག་ལག་ཁང་དུ་སོང་སྟེ། འབྲས་ཆན་གཤེར་བ་ནི་ཟ་བར་བྱེད། འབྲས་ཆན་སྐམ་པོ་ནི་བསྐམས་ནས་རྫ་མ་སོ་བཏང་བ་བཀང་སྟེ་འཇོག་པར་བྱེད་ཅིང་། དེ་རླུང་ལྡང་བའམ། ཡུལ་ངན་འབྱུང་བའམ། ཆར་པ་འབབ་པའམ། ལྷགས་པ་འབྱུང་བ་གང་དག་བྱུང་བར་གྱུར་པ་ན། རླུང་ལངས་པའམ། ཡུལ་ངན་བྱུང་བའམ། ཆར་པ་འབབ་པའམ། ལྷགས་པ་བྱུང་བ་དེ་ལྟ་བུའི་ཚེ་འབྲས་ཆན་སྐམ་པོ་ཆུ་དྲོན་མོས་སྦངས་ཏེ་ཟོས་ནས་བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པའི་བདེ་བ་དག་ཉམས་སུ་མྱོང་བར་བྱེད་དོ། །སངས་རྒྱས་བཅོམ་ལྡན་འདས་འཚོ་ཞིང་བཞུགས་ལ་གསོན་ཞིང་གཞེས་པ་རྣམས་ཀྱི་ཆོས་ཉིད་ནི་འདུལ་བར་གྱུར་པའི་སྐྱེ་བོ་ལ་རྗེས་སུ་ཐུགས་བརྩེ་བས། དུས་དང་དུས་སུ་སེམས་ཅན་དམྱལ་བ་རྒྱུར་གཤེགས་པ་


DKG007_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

དང་། དུད་འགྲོ་རྒྱུ་བ་དང་། ཡི་དགས་རྒྱུ་བ་དང་། ལྷ་རྒྱུ་བ་དང་། ལྗོངས་རྒྱུ་བ་དང་། ཆུ་ཀླུང་རྒྱུ་བ་དང་། རི་རྒྱུ་བ་དང་། དུར་ཁྲོད་རྒྱུ་བ་དང་། གཙུག་ལག་ཁང་རྒྱུར་གཤེགས་པས་དོན་འདིར་ནི་སངས་རྒྱས་བཅོམ་ལྡན་འདས་གཙུག་ལག་ཁང་རྒྱུར་གཤེགས་པར་བཞེད་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་སོང་ལ་དགེ་སློང་རྣམས་ལ་དགེ་སློང་དག་དེ་བཞིན་གཤེགས་པ་གཙུག་ལག་ཁང་རྒྱུར་གཤེགས་ཀྱིས་ཁྱེད་ཅག་ལས་གང་དེ་བཞིན་གཤེགས་པ་དང་ཐབས་ཅིག་ཏུ་གཙུག་ལག་ཁང་རྒྱུར་འགྲོ་བར་སྤྲོ་བ་དེ་ཆོས་གོས་དག་ལོང་ཤིག་ཅེས་གྱིས་ཤིག །ཚེ་དང་ལྡན་པ་ཀུན་དགའ་བོས་བཙུན་པ་བཀའ་བཞིན་འཚལ་ཞེས་བཅོམ་ལྡན་འདས་ལས་མཉན་ནས་དགེ་སློང་རྣམས་ལ་ཚེ་དང་ལྡན་པ་དག་བཅོམ་ལྡན་འདས་གཙུག་ལག་ཁང་རྒྱུར་གཤེགས་ཀྱིས། ཁྱེད་ཅག་ལས་གང་དེ་བཞིན་གཤེགས་པ་དང་ཐབས་ཅིག་གཙུག་ལག་ཁང་རྒྱུར་འགྲོ་བར་སྤྲོ་བ་དེས་ཆོས་གོས་དག་ལོང་ཤིག །དེ་ནས་བཅོམ་ལྡན་འདས་དགེ་སློང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་ཅིང་དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བདར་ཏེ་གཙུག་ལག་ཁང་རྒྱུ་ཞིང་གཤེགས་པ་ན། ཚེ་དང་ལྡན་པ་ནག་པོའི་གཙུག་ལག་ཁང་ག་ལ་བ་དེར་གཤེགས་སོ། །དེའི་ཚེ་ན་ཚེ་དང་ལྡན་པ་ནག་པོའི་གཙུག་ལག་ཁང་ན་འབྲས་ཆན་སྐམ་པོ་རབ་ཏུ་མང་པོ་དག་བཏིང་ཞིང་འདུག་གོ །བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ནག་པོའི་གཙུག་ལག་ཁང་ན་འབྲས་ཆན་སྐམ་པོ་རབ་ཏུ་མང་པོ་དག་བཏིང་ཞིང་འདུག་པ་གཟིགས་སོ། །གཟིགས་ནས་ཀྱང་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་འབྲས་ཆན་སྐམ་པོ་རབ་ཏུ་མང་པོ་བཏིང་བ་འདི་དག་སུའི། བཙུན་པ་ཚེ་དང་ལྡན་པ་ནག་པོའི་ཀུན་དུ་སྤྱོད་པ་ནི་གྲོང་ངམ། གྲོང་རྡལ་གང་ན་ཉེ་བར་རྟེན་ཅིང་གནས་པ་ན། དེ་སྔ་དྲོ་ཤམ་ཐབས་བགོས། ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་གྲོང་ངམ། གྲོང་རྡལ་དེ་ཉིད་དུ་ལུས་ཤིན་ཏུ་བསྲུངས་པ་དང་། དབང་པོ་རྣམས་ཀྱང་ཤིན་ཏུ་བསྡམས་པ་དང་། དྲན་པ་ཤིན་ཏུ་ཉེ་བར་གཞག་པས་བསོད་སྙོམས་ལ་འཇུག་ཅིང་། གལ་ཏེ་འབྲས་ཆན་གཤེར་བ་རྙེད་ན་ནི་ལྷུང་བཟེད་ཀྱིས་ལེན་པར་བགྱིད། གལ་ཏེ་འབྲས་ཆན་སྐམ་པོ་


DKG007_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

རྙེད་ན་ནི་ལྷུང་བཟེད་ཀྱི་སྣོད་ཀྱིས་ལེན་པར་བགྱིད་དེ། དེ་གྲོང་ངམ། གྲོང་རྡལ་དེར་བསོད་སྙོམས་ལ་བརྒྱུས་ནས། གཙུག་ལག་ཁང་དུ་མཆིས་ཏེ་འབྲས་ཆན་གཤེར་བ་ནི་འཚལ་བར་བགྱིད། འབྲས་ཆན་སྐམ་པོ་ནི་རྫ་མ་སོ་བཏང་བ་བཀང་སྟེ་འཇོག་པར་བགྱིད་ཅིང་། དེ་བསེར་མ་ལྡང་བའམ། ཡུལ་ངན་འབྱུང་བའམ། དགུང་ཆར་འབབ་པའམ། དགུང་ལྷགས་འབྱུང་བ་གང་དག་བྱུང་བར་འགྱུར་བ་ན། བསེར་མ་ལངས་པའམ། ཡུལ་ངན་བྱུང་བའམ། དགུང་ཆར་བབ་པའམ། དགུང་ལྷགས་བྱུང་བ་དེ་ལྟ་བུའི་ཚེ་འབྲས་ཆན་སྐམ་པོ་ཆབ་དྲོན་མོས་སྦངས་ཏེ་འཚལ་ནས་བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པའི་བདེ་བ་དག་ཉམས་སུ་མྱོང་བར་བགྱིད་དོ། །ཀུན་དགའ་བོ་དགེ་སློང་དག་གསོག་འཇོག་བྱས་པ་ཟའམ། བཙུན་པ་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ནག་པོ་ལ་རྨས་པ། ནག་པོ་ཁྱོད་བཅའ་བ་དང་། བཟའ་བ་གསོག་འཇོག་བྱས་པ་ཟ་བ་བདེན་ནམ། བཙུན་པ་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་མི་བརྩོན་པ་དང་། མི་སྦྱོར་བ་དང་། མ་བརྟགས་པར་སྤྱོད་པ་རྣམ་པར་སྨད་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བརྩོན་པ་དང་། སྦྱོར་བ་དང་། བརྟགས་ཏེ་སྤྱོད་པའི་བསྔགས་པ་བརྗོད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་བཅའ་བ་དང་། བཟའ་བ་གསོག་འཇོག་བྱས་པ་འཆའ་འམ་ཟ་ན་ལྟུང་བྱེད་དོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་ཚེ་དང་ལྡན་པ་ནག་པོའམ། གཞན་ཡང་དེ་ལྟ་བུ་གང་ཡིན་


DKG007_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །བཅའ་བ་དང་བཟའ་བ་ཞེས་བྱ་བ་ནི་བཅའ་བ་ལྔ་པོ་དང་། བཟའ་བ་ལྔ་པོ་དག་གོ །གསོག་འཇོག་བྱས་པ་ཞེས་བྱ་བ་ནི་གསོག་འཇོག་བྱས་པ་རྣམ་པ་གཉིས་ཏེ། སྔ་དྲོ་བྱིན་ལེན་བྱས་པ་ཕྱི་དྲོའི་བར་དུ་གསོག་འཇོག་བྱས་པ་དང་། ཕྱི་དྲོ་བྱིན་ལེན་བྱས་པ་ཐུན་ཚོད་ལས་ཡོལ་བར་གསོག་འཇོག་བྱས་པའོ། །འཆའ་འམ་ཟ་ན་ཞེས་བྱ་བ་ནི་མགུལ་དུ་མིད་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་ངན་སོང་དང་། ངན་འགྲོ་དང་། ལོག་པར་ལྟུང་བ་དག་ཏུ་སྲེག་པར་བྱེད། འཚོད་པར་བྱེད། ལྟུང་བར་བྱེད་པའོ། །གཞན་ཡང་ཇི་སྲིད་དུ་ལྟུང་བ་དེ་མ་བཤགས་ཤིང་སོ་སོར་མ་བཤགས་ན་དགེ་བའི་ཆོས་རྣམས་ལ་སྒྲིབ་པར་བྱེད་པ་སྟེ། དེས་ན་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་གིས་གསོག་འཇོག་བྱས་པ་ལ་གསོག་འཇོག་བྱས་པར་འདུ་ཤེས་པས་བཅའ་བ་དང་། བཟའ་བ་འཆའ་འམ་ཟ་ན་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་གསོག་འཇོག་བྱས་པ་ལ་ཡིད་གཉིས་ཟ་བས་བཅའ་བའམ། བཟའ་བ་འཆའ་འམ་ཟ་ན་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་གསོག་འཇོག་མ་བྱས་པ་ལ་གསོག་འཇོག་བྱས་པར་འདུ་ཤེས་པས་བཅའ་བ་དང་། བཟའ་བ་འཆའ་འམ་ཟ་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་གསོག་འཇོག་མ་བྱས་པ་ལ་ཡིད་གཉིས་ཟ་བས་བཅའ་བ་དང་། བཟའ་བ་འཆའ་འམ་ཟ་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་ལྷུང་བཟེད་དང་། ལྷུང་བཟེད་ཆུང་ངུ་དང་། ཁ་གཟར་དང་། ཁར་ཕོར་དང་། ཚྭ་ཁུག་དང་། ལྷུང་བཟེད་ཀྱི་སྣོད་དང་། གོས་དང་། མན་ཤེལ་དང་། ཁྲི་དང་། ཁྲིའུ་དང་། ཁར་བ་དང་། བུམ་པ་དང་། རིལ་བ་དང་། ལྡེ་མིག་དང་། ལྡེ་མིག་ཀྱོག་པོ་གསོག་འཇོག་བྱས་པས་འབགས་པ་ཟ་ན་ཐམས་ཅད་དུ་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་གསོག་འཇོག་བྱས་པའི་ཁ་དང་། གསོག་འཇོག་བྱས་པའི་ལག་པ་དག་གིས་བཅའ་བ་དང་། བཟའ་བ་འཆའ་འམ་ཟ་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་མེ་ཏོག་དང་འབྲས་བུ་གསོག་འཇོག་བྱས་པ་དང་། དགེ་སློང་གིས་ཇི་ཙམ་དུ་གསོག་འཇོག་བྱས་པ་ཟ་


DKG007_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་ཁ་མ་བཀྲུས་པར་སྐོམ་འཐུང་ན་ཉེས་བྱས་སུ་འགྱུར་རོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །གསོག་འཇོག་གི་ལྟུང་བྱེད་དེ་སུམ་བཅུ་རྩ་བརྒྱད་པ་རྫོགས་སོ།། །།སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །ཚེ་དང་ལྡན་པ་ནག་པོ་ཆེན་པོ་ནི་ཐམས་ཅད་དུར་ཁྲོད་པ་དང་ལྡན་པ་ཡིན་ཏེ། དེའི་ལྷུང་བཟེད་ཀྱང་དུར་ཁྲོད་པ་ཡིན། ཆོས་གོས་ཀྱང་དུར་ཁྲོད་པ་ཡིན། བསོད་སྙོམས་ཀྱང་དུར་ཁྲོད་པ་ཡིན། གནས་མལ་ཡང་དུར་ཁྲོད་པ་ཡིན་ནོ། །ཇི་ལྟར་ལྷུང་བཟེད་དུར་ཁྲོད་པ་ཡིན་ཞེ་ན། འདི་ལྟ་སྟེ། ཉེ་དུ་དག་གིས་ཤི་ཞིང་དུས་ལ་བབ་པའི་རྫེའུ་དུར་ཁྲོད་དུ་འདོར་བར་བྱེད་པ་དེ་ཚེ་དང་ལྡན་པ་ནག་པོ་ཆེན་པོས་གྱོ་མོ་ཁ་བཞོགས་ཏེ་བསྲེགས་ནས་ལྷུང་བཟེད་དུ་བྱིན་གྱིས་བརླབས་ཤིང་འཆང་བར་བྱེད་དེ། དེ་ལྟར་ལྷུང་བཟེད་དུར་ཁྲོད་པ་ཡིན་ནོ། །ཇི་ལྟར་ཆོས་གོས་དུར་ཁྲོད་པ་ཡིན་ཞེ་ན། འདི་ལྟ་སྟེ། ཉེ་དུ་དག་གིས་ཤི་ཞིང་དུས་ལ་བབ་པའི་གོས་དག་དུར་ཁྲོད་དུ་འདོར་བར་བྱེད་པ་དེ་དག་ཚེ་དང་ལྡན་པ་ནག་པོ་ཆེན་པོས་བཀྲུས་ཏེ་དྲུབས་ཤིང་ཁ་བསྒྱུར་ནས་ཆོས་གོས་སུ་བྱིན་གྱིས་བརླབས་ཤིང་འཆང་བར་བྱེད་དེ། དེ་ལྟར་ཆོས་གོས་དུར་ཁྲོད་པ་ཡིན་ནོ། །ཇི་ལྟར་བསོད་སྙོམས་དུར་ཁྲོད་པ་ཡིན་ཞེ་ན། འདི་ལྟ་སྟེ། ཉེ་དུ་དག་གིས་ཤི་ཞིང་དུས་ལ་བབ་པའི་ཟས་ལྔ་དུར་ཁྲོད་དུ་འདོར་བར་བྱེད་པ་དེ་དག་ཚེ་དང་ལྡན་པ་ནག་པོ་ཆེན་པོས་བླངས་ཤིང་ཟ་བར་བྱེད་དེ། དེ་ལྟར་བསོད་སྙོམས་དུར་ཁྲོད་པ་ཡིན་ནོ། །ཇི་ལྟར་གནས་མལ་དུར་ཁྲོད་པ་ཡིན་ཞེ་ན། འདི་ལྟ་སྟེ། ཚེ་དང་ལྡན་པ་ནག་པོ་ཆེན་པོ་དུར་ཁྲོད་ན་གནས་པར་བྱེད་དེ། དེ་ལྟར་གནས་མལ་དུར་ཁྲོད་པ་ཡིན་ནོ། །གང་གི་ཚེ་སྐྱེ་བོ་ཕལ་པོ་ཆེ་ལ་མི་ངས་བྱུང་བ་དེའི་ཚེ་ན་ཚེ་དང་ལྡན་པ་ནག་པོ་ཆེན་པོ་ཚོ་བ་དང་། པགས་པ་དང་། ཤ་དང་། ཁྲག་རྒྱས་པར་གྱུར་ཅིང་དེ་ཡང་དང་ཡང་དུ་གྲོང་དུ་བསོད་སྙོམས་ལ་འཇུག་པར་མི་བྱེད་ལ། གང་གི་ཚེ་སྐྱེ་བོ་ཕལ་པོ་ཆེ་ལ་མི་ངས་མ་བྱུང་བ་དེའི་ཚེ་ན་ཚེ་དང་ལྡན་པ་ནག་པོ་


DKG007_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་རིད་པ་དང་། ཉམ་ཆུང་བ་དང་། རྐེ་བ་དང་། སྐམ་པ་དང་། ལུས་མ་ཐོབ་པར་གྱུར་ཅིང་། དེ་ཡང་དང་ཡང་དུ་གྲོང་དུ་བསོད་སྙོམས་ལ་འཇུག་པར་བྱེད་དོ། །སྒོ་བ་དེ་མཚན་མར་བཟུང་ནས། འཕགས་པ་ནག་པོ་ཆེན་པོ་འདི་གང་གི་ཚེ་སྐྱེ་བོ་ཕལ་པོ་ཆེ་ལ་མི་ངས་བྱུང་བ་དེའི་ཚེ་ན་ཚོ་བ་དང་། པགས་པ་དང་། ཤ་དང་། ཁྲག་རྒྱས་པར་གྱུར་ཅིང་འདི་ཡང་དང་ཡང་དུ་གྲོང་དུ་བསོད་སྙོམས་ལ་འཇུག་པར་མི་བྱེད་ལ། གང་གི་ཚེ་སྐྱེ་བོ་ཕལ་པོ་ཆེ་ལ་མི་ངས་མ་བྱུང་བ་དེའི་ཚེ་ན་འཕགས་པ་ནག་པོ་ཆེན་པོ་འདི་རིད་པ་དང་། ཉམ་ཆུང་བ་དང་། རྐེ་བ་དང་། སྐམ་པ་དང་། ལུས་མ་ཐོབ་པར་གྱུར་ཅིང་འདི་ཡང་དང་ཡང་དུ་གྲོང་དུ་བསོད་སྙོམས་ལ་འཇུག་པར་བྱེད་པ་ལས་ན་འཕགས་པ་ནག་པོ་ཆེན་པོ་འདི་མི་ཤ་མི་ཟ་འམ་སྙམ་མོ། །ཐམས་ཅད་དུ་ཡང་འཕགས་པ་ནག་པོ་ཆེན་པོ་མི་ཤ་ཟའོ་ཞེས་སྒྲ་གྲགས་སོ། །མཉན་ཡོད་ན་བྲམ་ཟེ་ཞིག་འདུག་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་དེའི་བུ་མོ་ཞིག་བྱུང་ནས་བསྲིངས་ཤིང་བསྐྱེད་དེ་ཆེན་མོར་གྱུར་ཏོ། །དུས་གཞན་ཞིག་ན་བྲམ་ཟེ་དེ་དུས་ལ་བབ་ནས་ཉེ་དུ་རྣམས་ཀྱིས་གོས་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དག་གིས་ཁྱོགས་སྤྱིལ་བརྒྱན་ནས་དུར་ཁྲོད་དུ་ཁྱེར་ཏེ། བསྲེགས་ཤིང་དོང་ནས་དེའི་ཆུང་མ་དང་། བུ་མོ་གཉིས་མཐའ་གཅིག་ཏུ་དོང་སྟེ་བསྡད་པ་དང་། ཚེ་དང་ལྡན་པ་ནག་པོ་ཆེན་པོ་དེའི་གདོང་དུ་ལྟ་ཞིང་སྡོད་དོ། །བུ་མོ་དེས་འཕགས་པ་ནག་པོ་ཆེན་པོ་དེའི་གདོང་དུ་ལྟ་ཞིང་སྡོད་པ་མཐོང་ངོ་། །མཐོང་ནས་ཀྱང་མ་ལ་སྨྲས་པ། ཡུམ་འཕགས་པ་ནག་པོ་ཆེན་པོ་འདི་བྱ་རོག་མོ་ཞར་མ་བཞིན་དུ་ངེས་པར་རྟོག་ཅིང་སྡོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་བྲམ་ཟེའི་བུ་མོ་ཞིག་སྨྲས་པ་དང་། ཉེ་བར་སྨྲས་པར་གྱུར་ཏེ། དེས་ཉན་ཐོས་ཆེན་པོ་རི་རབ་དང་འདྲ་བ་ལ་ངག་གི་ལས་རྩུབ་པོ་སྨྲས་པས་བྲམ་ཟེའི་བུ་མོ་དེ་ཚེ་རབས་ལྔ་བརྒྱར་བྱ་རོག་མོ་ཞར་མར་འགྱུར་རོ། །ཐམས་ཅད་དུ་བཅོམ་ལྡན་འདས་ཀྱིས་


DKG007_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

བྲམ་ཟེའི་བུ་མོ་དེ་ཚེ་རབས་ལྔ་བརྒྱར་བྱ་རོག་མོ་ཞར་མར་འགྱུར་རོ་ཞེས་ལུང་བསྟན་ཏོ་ཞེས་སྒྲ་གྲགས་སོ། །བྲམ་ཟེ་མོ་དེས་བཅོམ་ལྡན་འདས་ཀྱིས་བདག་གི་བུ་མོ་ཚེ་རབས་ལྔ་བརྒྱར་བྱ་རོག་མོ་ཞར་མར་འགྱུར་བར་ལུང་བསྟན་ཏོ་ཞེས་ཐོས་སོ། །དེ་ནས་བྲམ་ཟེ་མོ་དེས་བུ་མོ་དེ་ཁྲིད་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བུ་མོ་འདི་ལ་བཟོད་པ་མཛད་དུ་གསོལ། འདིས་རབ་ཏུ་སྡང་བའི་སེམས་ཀྱིས་ངག་གི་ལས་རྩུབ་པོ་མ་སྨྲས་སོ། །བྲམ་ཟེ་མོ་ཅི་ངས་འགའ་ཞིག་ལ་མནའ་འདོར་བར་བྱའམ། གལ་ཏེ་བུ་མོ་འདིས་རབ་ཏུ་སྡང་བའི་སེམས་ཀྱིས་ངག་གི་ལས་རྩུབ་པོ་སྨྲས་པར་གྱུར་ན་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་བ་དེ་ལྟ་བུའི་གནས་ཡོད་པར་འགྱུར་རོ། །མཉན་ཡོད་ན་བྲམ་ཟེའི་ཁྱེའུ་དག་གིས་འཕགས་པ་ནག་པོ་ཆེན་པོ་མི་ཤ་ཟའོ་ཞེས་ཐོས་ནས་དེ་དག་གིས་སྨྲས་པ། ཤེས་ལྡན་དག་ཅི་ཡང་དག་པ་ཡིན་ནམ། འོན་ཏེ་དེ་ཡང་དག་པ་མ་ཡིན་པ་བདག་ཅག་གིས་འཕགས་པ་ནག་པོ་ཆེན་པོ་བགམ་པར་བྱས། བདག་ཅག་ལས་གཅིག་ཤི་བའི་ཆ་ལུགས་སུ་བྱས་པ་དེ་བདག་ཅག་གིས་དུར་ཁྲོད་དུ་བཀུར་བར་བྱའོ། །བདག་ཅག་ལས་གང་ཞིག་ཤི་བའི་ཆ་ལུགས་སུ་བྱ། ཁྱོད་ཤི་བའི་ཆ་ལུགས་སུ་གྱིས་ཤིག །དེས་སྨྲས་པ། ཁོ་བོ་མི་ཟོས་སམ། དེ་དག་གིས་སྨྲས་པ། ཁོ་བོ་ཅག་གིས་ཁྱོད་བསྲུང་བར་བྱའོ། །དེས་ཤི་བའི་ཆ་ལུགས་སུ་བྱས་པ་དང་། དེ་དག་གིས་དེ་ཡང་བ་དང་། འབྲུ་མར་གྱིས་བསྐུས་ཏེ་ཁྱོགས་སྤྱིལ་དུ་བཞག་ནས་མཉན་ཡོད་ནས་ཕྱིར་འབྱུང་བར་བརྩམས་པ་དང་། ཚེ་དང་ལྡན་པ་ནག་པོ་ཆེན་པོ་ཡང་མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་ཏེ། དེས་དེ་མཐོང་ནས་བསམས་པ། བདག་དགང་དཀའ་བ་འདིའི་དོན་དུ་གྲོང་དུ་བསོད་སྙོམས་ལ་ཞུགས་ཏེ་ཅི་རུང་། ཕྱིར་ལོག་ལ་ཟས་ལྔ་པོ་འདི་དག་ཉིད་བཟའ་བར་བྱའོ་སྙམ་ནས་དེ་ཕྱིར་ལོག་གོ །བྲམ་ཟེའི་ཁྱེའུ་དེས་དེ་དག་ལ་སྨྲས་པ། ཤེས་ལྡན་དག་འཕགས་པ་ནག་པོ་ཆེན་པོ་འདི་ཕྱིར་ལོག་པས་ཁོ་བོ་ཟོས་པར་མི་འགྱུར་རམ། དེ་


DKG007_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

དག་གིས་སྨྲས་པ། ཁོ་བོ་ཅག་འཁོད་བཞིན་དུ་ཇི་ལྟར་ཟ་བར་འགྱུར། དེ་དག་གིས་དེ་དུར་ཁྲོད་དུ་བོར་ཏེ་མཐའ་གཅིག་ཏུ་དོང་ནས་ཚང་ཚིང་དང་ལྷབ་ལྷུབ་དག་གི་ནང་དུ་མགོ་བསྲིངས་ཏེ་བསྡད་དོ། །དེར་ཝ་ཞིག་གིས་བགྲོད་པར་བརྩམས་པ་དང་། ཚེ་དང་ལྡན་པ་ནག་པོ་ཆེན་པོས་བསམས་པ། ཝས་ཟས་ལྔ་པོ་དག་ཟོས་ཤིང་བདག་གི་ཟན་ཆད་པར་གྱུར་ན་མི་རུང་ངོ་སྙམ་དུ་རིག་ནས་དེས་མྱུར་བ་མྱུར་བར་འགྲོ་བར་བརྩམས་པ་དང་། བྲམ་ཟེའི་ཁྱེའུ་དེ་སྐྲག་སྟེ་ཁོ་བོ་ཟོས་ཁོ་བོ་ཟོས་ཞེས་ངུ་བར་བརྩམས་སོ། །བྲམ་ཟེའི་ཁྱེའུ་དེ་དག་དབྱུག་པ་ཐོགས་ཏེ་མྱུར་བ་མྱུར་བར་དོང་ནས། དེ་དག་གིས་སྨྲས་པ། འཕགས་པ་དྲང་སྲོང་གི་རྒྱལ་མཚན་ཐོགས་ཤིང་སྡིག་པའི་ལས་རྩུབ་པོ་འདི་དང་འདི་ལྟ་བུ་ལྷག་པར་སྤྱོད་དམ། དེས་སྨྲས་པ། ཅི་བྱས་མི་ཤ་ཟའོ། །བཞིན་བཟངས་དག་ཅི་ཁྱེད་ཀྱིས་ཁོ་བོ་མཚོན་ཐོགས་ཏེ་ཤ་གཅོད་ཅིང་ཟ་བ་མཐོང་ངམ། དེ་དག་གིས་སྨྲས་པ། འོ་ན་ཅིའི་སླད་དུ་མྱུར་བ་མྱུར་བར་བྱོན། བཞིན་བཟངས་དག་ཁོ་བོ་ལ་བློ་སྐྱེས་པ། ཝ་འདིས་ཟས་ལྔ་པོ་དག་ཟོས་ཤིང་བདག་གི་ཟན་ཆད་པར་གྱུར་ན་མི་རུང་ངོ་སྙམ་དུ་རིག་ནས་མྱུར་བ་མྱུར་བར་འོངས་སོ། །འཕགས་པ་ཟས་ལྔ་པོ་དག་གསོལ་ལམ། མི་ཤ་གསོལ་ནི་མ་འཚལ་གྱི། འདི་ལྟར་ཐམས་ཅད་དུ་འཕགས་པ་ནག་པོ་ཆེན་པོ་མི་ཤ་གསོལ་ཞེས་སྒྲ་གྲགས་པར་གྱུར་ཏོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ། ཉེས་དམིགས་གང་ཅུང་ཟད་བྱུང་བ་དེ་ནི་དགེ་སློང་དག་བྱིན་ལེན་བྱེད་དུ་མ་བཅུག་པར་ཟ་བ་ལས་གྱུར་པ་ཡིན་པས་དེ་ལྟ་བས་ན། དགེ་སློང་རྣམས་ཀྱིས་བྱིན་ལེན་བྱེད་དུ་བཅུག་སྟེ་ཟ་ན་དེ་ཉིད་དཔང་པོར་འགྱུར་རོ་སྙམ་དུ་དགོངས་ནས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་རྣམས་ཀྱིས་བྱིན་ལེན་བྱེད་དུ་བཅུག་སྟེ་བཟའ་བར་བྱའོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ཀྱིས་བྱིན་ལེན་བྱེད་དུ་བཅུག་སྟེ། བཟའ་བར་བྱའོ་ཞེས་བཀའ་སྩལ་ནས། དེ་དག་གིས་བྱིན་ལེན་དུ་ཡོད་མི་ཤེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱིན་ལེན་ནི་རྣམ་པ་ལྔ་སྟེ། ལྔ་གང་ཞེ་ན། ལུས་ཀྱིས་


DKG007_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་སུ་དང་། ལུས་དང་འབྲེལ་བས་ལུས་སུ་དང་། ལུས་ཀྱིས་ལུས་དང་འབྲེལ་བར་དང་། ལུས་དང་འབྲེལ་བས་ལུས་དང་འབྲེལ་བར་དང་། གཞག་པའི་ཆོ་ག་ཉིད་ནི་ལྔ་པའོ། །ཇི་ལྟར་ལུས་ཀྱིས་ལུས་སུ་ཞེ་ན། ལུས་ཀྱིས་སྦྱིན་པར་བྱེད་ཅིང་ལུས་སུ་ལེན་པར་བྱེད་པ་སྟེ། དེ་ལྟར་ལུས་ཀྱིས་ལུས་སུའོ། །ཇི་ལྟར་ལུས་དང་འབྲེལ་བས་ལུས་སུ་ཞེ་ན། ལྷུང་བཟེད་ཀྱིས་སྦྱིན་པར་བྱེད་ཅིང་ལུས་སུ་ལེན་པར་བྱེད་པ་སྟེ། དེ་ལྟར་ལུས་དང་འབྲེལ་བས་ལུས་སུའོ། །ཇི་ལྟར་ལུས་ཀྱིས་ལུས་དང་འབྲེལ་བར་ཞེ་ན། ལུས་ཀྱིས་སྦྱིན་པར་བྱེད་ཅིང་ལྷུང་བཟེད་དུ་ལེན་པར་བྱེད་པ་སྟེ། དེ་ལྟར་ལུས་ཀྱིས་ལུས་དང་འབྲེལ་བར་རོ། །ཇི་ལྟར་ལུས་དང་འབྲེལ་བས་ལུས་དང་འབྲེལ་པར་ཞེ་ན། ལྷུང་བཟེད་ཀྱིས་སྦྱིན་པར་བྱེད་ཅིང་ལྷུང་བཟེད་དུ་ལེན་པར་བྱེད་པ་སྟེ། དེ་ལྟར་ལུས་དང་འབྲེལ་བས་ལུས་དང་འབྲེལ་བར་རོ། །ཇི་ལྟར་གཞག་པའི་ཆོ་ག་ཉིད་ནི་ལྔ་པ་ཡིན་ཞེ་ན། དགེ་སློང་དག་སྨད་པ་ཞེས་བྱ་བའི་ཡུལ་གྱི་མི་དག་ཡོད་དེ། དེ་དག་མ་ཡང་སྨོད་པར་བྱེད། ཕ་ཡང་སྨོད་པར་བྱེད། ཕུ་ནུ་དང་བུ་སྲིང་ཡང་སྨོད་པར་བྱེད་དེ། དགེ་སློང་གང་དེར་འགྲོ་བ་དེས་དཀྱིལ་འཁོར་བྱས་ཏེ་འདིར་ཞོག་ཤིག་ཅེས་བརྗོད་པར་བྱ་ཞིང་། དེ་དག་གིས་དེར་གང་བཞག་པ་དེ་བྱིན་ལེན་བྱེད་པར་བརྗོད་པར་བྱ་ཞིང་། བྱང་གི་སྒྲ་མི་སྙན་གྱི་དུས་བྱིན་གྱིས་བརླབས་ཏེ་བཟའ་བར་བྱ་ཞིང་འདི་ལ་འགྱོད་པར་མི་བྱ་སྟེ། དེ་ལྟར་གཞག་པའི་ཆོ་ག་ཉིད་ནི་ལྔ་པ་ཡིན་ནོ། །བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་དགེ་སློང་རྣམས་ལ་ཤིང་ཏོག་དག་འབུལ་བར་བྱེད་པ་ན་དགེ་སློང་རྣམས་དེ་དག་མི་ལེན་ནས་དེ་དག་གིས་སྨྲས་པ། འཕགས་པ་དག་གང་གི་ཚེ་བཅོམ་ལྡན་འདས་འཇིག་རྟེན་དུ་མ་གཤེགས་པ་དེའི་ཚེ་ན་ནི་གཞན་མུ་སྟེགས་ཅན་དག་སྦྱིན་གནས་ལགས་མོད། ད་ནི་བཅོམ་ལྡན་འདས་འཇིག་རྟེན་དུ་གཤེགས་པས་ཁྱེད་ཅག་སྦྱིན་གནས་ལགས་ན། གལ་ཏེ་ཁྱེད་ཅག་མི་བཞེས་ན་ཅི་བདག་ཅག་དགེ་བའི་ཤུལ་རྒྱགས་དང་བྲལ་བ་དག་གིས་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་དུ་མཆི་བར་བགྱིའམ། བཞེས་ཤིག་ཅེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་


DKG007_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བཀའ་སྩལ་པ། བླང་བར་བྱ་ཞིང་བླངས་ནས་ཀྱང་རུང་བར་བྱས་ཏེ་བཟའ་བར་བྱའོ། །དེ་དག་གིས་རུང་བ་དུ་ཡོད་མི་ཤེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རུང་བ་ནི་རྣམ་པ་ལྔ་སྟེ། ལྔ་གང་ཞེ་ན། མེས་རུང་བ་དང་། མཚོན་གྱིས་རུང་བ་དང་། སེན་མོས་རུང་བ་དང་། རྙིངས་པས་རུང་བ་དང་། ནེ་ཙོས་རྨ་ཕྱུང་བས་རུང་བ་ཉིད་ནི་ལྔ་པའོ། །གཞན་ཡང་རུང་བ་ལྔ་སྟེ། ལྔ་གང་ཞེ་ན། ཕྱུང་བ་དང་། གཤེགས་པ་དང་། བཅད་པ་དང་། ཕུག་པ་དང་། ས་བོན་གྱི་ཆོས་མེད་པ་ཉིད་ནི་ལྔ་པའོ། །བཅོམ་ལྡན་འདས་ཀྱིས་ཤིང་ཏོག་དག་བྱིན་ལེན་བྱེད་དུ་བཅུག་སྟེ་བཟའ་བར་བྱའོ་ཞེས་བཀའ་སྩལ་ནས་དེ་དག་གིས་བྱིན་ལེན་དུ་ཡོད་མི་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་པ་བཀན་པར་བྱིན་ལེན་ལྔ་སྟེ། ལྔ་གང་ཞེ་ན། མན་ཤེལ་དང་། ཁྲི་དང་། ཁྲིའུ་དང་། ཐུ་བ་དང་། ལྷུང་བཟེད་ཀྱི་གཞི་ཉིད་ནི་ལྔ་པའོ། །དགེ་སློང་རྣམས་ཤིང་ཏོག་དག་རེ་རེ་ནས་རུང་བར་བྱེད་དུ་འཇུག་པས་ཡུན་རིང་དུ་ཐོགས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕུང་པོ་བྱས་ཏེ་མེས་གནས་གཉིས་སམ། གསུམ་དུ་རེག་པར་བྱས་ན་ཐམས་ཅད་དུ་རུང་བར་འགྱུར་རོ། །མཚོན་དང་། སེན་མོས་ནི་རེ་རེ་ནས་སོ། །ཁྱིམ་པ་རྣམས་ཤིང་ཏོག་དག་མི་སྙོམས་པར་འབྲིམ་པར་བྱེད་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་ཚུལ་དག་འབྲིམ་དུ་གཞུག་པར་བྱའོ། །དགེ་ཚུལ་དག་ཀྱང་མི་སྙོམས་པར་འབྲིམ་པར་བྱེད་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་གིས་ལག་པ་དག་བསྙལ་ཏེ་བྱིན་ལེན་བྱས་ནས་བྲིམ་པར་བྱའོ། །འོན་ཀྱང་མ་སྙོམས་པར་གྱུར་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྲིམ་པར་བྱ་བ་གཅེས་པ་དང་། བར་མ་དང་། ཐ་མ་དག་སོ་སོར་བྱའོ། །གང་དག་འབྲིམ་པར་བྱེད་པ་དེ་དག་གིས་ཕྱིས་ཐམས་ཅད་ཀྱིས་ཐ་ཆད་དག་ཐོབ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འབྲིམ་པར་བྱེད་པའི་སྐལ་བ་ནི་མཁན་པོ་དང་སློབ་དཔོན་དག་གིས་མནོད་པར་བྱའོ། །དེ་དག་གིས་བཟང་པོ་དག་ཐོབ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དག་གི་དྲུང་ན་འདུག་པ་དག་གིས་


DKG007_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

མནོད་པར་བྱའོ། །དེ་དག་ལངས་ཤིང་ལངས་ཤིང་རབ་ཏུ་མང་པོ་དག་གི་སྐལ་བ་དག་བྱིན་ལེན་བྱེད་དུ་འཇུག་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྟན་ལས་མ་འཕགས་པས་ཇི་ཙམ་ནུས་པ་དེ་ཙམ་དག་བྱིན་ལེན་བྱེད་དུ་གཞུག་གོ །འབྲིམ་པ་ན་དེ་དག་ཡང་བྱིན་ལེན་བྱེད་དུ་འཇུག་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྟན་ལས་མ་འཕགས་པས་གང་དག་ལེན་ནུས་པ་དེ་དག་ནི་བྱིན་ལེན་བྱེད་དུ་བཅུག་ཟིན་པར་བརྗོད་པར་བྱའོ། །སྟན་ལས་མ་འཕགས་པས་གང་དག་ལེན་མི་ནུས་པ་དེ་དག་ནི་ཡང་བྱིན་ལེན་བྱེད་དུ་གཞུག་པར་བྱའོ། །ཁྱིམ་བདག་ན་རེ་འཕགས་པ་དག་བདག་ཅག་གིས་ཀྱང་བྲིམ་པར་བགྱིའོ་ཞེས་ཟེར་བ་ན་དགེ་སློང་དག་མི་བཏུབ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འབྲིམ་དུ་གཞུག་པར་བྱའོ། །དེ་དག་དང་པོར་འཛིན་ཅིང་དགེ་སློང་དག་ཕྱིས་འཛིན་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་གིས་དང་པོར་གཟུང་བར་བྱ་ཞིང་། ཕྱིས་ཁྱིམ་བདག་གིས་གཟུང་བར་བྱའོ། །དགེ་སློང་རྣམས་དགེ་སློང་དག་ལས་བླངས་པ་གང་དག་ཡིན་པ་དེ་དག་ཡང་བྱིན་ལེན་བྱེད་དུ་འཇུག་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ལས་བླངས་པ་གང་དག་ཡིན་པ་དེ་དག་གི་བྱིན་ལེན་ནི་དེ་ཉིད་ཡིན་ནོ། །ཁྱིམ་པ་དག་ལས་བླངས་པ་གང་དག་ཡིན་པ་དེ་དག་ནི་བྱིན་ལེན་བྱེད་དུ་གཞུག་གོ །གཏོང་བ་ན་དང་པོར་ཁྱིམ་པ་དག་གིས་གཏོང་ཞིང་ཕྱིས་དགེ་སློང་དག་གིས་གཏོང་བར་བྱེད་ནས། དགེ་སློང་རྣམས་དེ་དག་གསོག་འཇོག་བྱས་པ་ཡིན་ནོ་ཞེས་འདོར་བར་བྱེད་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དང་པོར་དགེ་སློང་དག་གིས་གཏང་བར་བྱ་ཞིང་ཕྱིས་ཁྱིམ་པ་དག་གིས་གཏང་བར་བྱ་སྟེ། ཕྱི་དེ་ཉིན་པར་དགེ་འདུན་ལ་བྲིམ་པར་བྱའོ། །བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་དགེ་འདུན་ལ་ཞུན་མར་གྱི་བུམ་པ་དང་། འབྲུ་མར་གྱི་བུམ་པ་དང་། སྦྲང་རྩིའི་བུམ་པ་དང་། བུ་རམ་གྱི་དབུ་བའི་བུམ་པ་དག་འབུལ་བ་ན་དགེ་སློང་དག་མི་ལེན་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བླང་བར་བྱ་ཞིང་བླངས་ནས་དགེ་འདུན་ལ་བྲིམ་པར་བྱའོ། །དེ་དག་གིས་ཆོས་གོས་དག་སྣུམས་པར་གྱུར་ནས་བཅོམ་


DKG007_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་ཀྱིས་བཀའ་སྩལ་པ། བར་དུ་རྩྭའམ་ལོ་མ་དག་བཅུག་སྟེ་བྲིམ་པར་བྱའོ། །དེ་དག་བཟུང་སྟེ་འགྲེང་བ་ན་ངལ་བར་གྱུར་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཞག་པར་བྱའོ། །དེ་དག་གིས་གཞག་པ་དང་འདྲིལ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོག་གཞི་ལ་གཞག་པར་བྱའོ། །དེ་དག་གིས་དེ་དག་ཟོས་ནས་དེ་དག་ཉིད་ལ་ཕྱིར་སྦྱིན་ནས་དེ་དག་གིས་སྨྲས་པ། འཕགས་པ་དག་ཞུན་མར་དང་། འབྲུ་མར་དང་། སྦྲང་རྩི་དང་། བུ་རམ་གྱི་དབུ་བ་དག་ཕུལ་ན་བུམ་པ་དག་མ་ཕུལ་ལམ་ཅི། བུམ་པ་དག་ཀྱང་ཁྱེད་ཉིད་སྣོམས་ཤིག། དེ་དག་གིས་མནོས་ཏེ་འདུག་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དག་ཆུའི་རྫིང་བུ་ཟབ་མོའི་ནང་དུ་ཞག་བདུན་ནམ། བརྒྱད་གཞུག་པར་བྱ་ཞིང་། གང་གི་ཚེ་ཉའམ། རུས་སྦལ་ལམ། སྦལ་པའམ། ཆུ་སྲིན་བྱིས་པ་གསོད་དམ། ཉ་ཁྱི་བདག་གིས་མ་ལུས་པར་ལྡགས་པར་གྱུར་པ་དེའི་ཚེ་ན་རུང་བའི་ཁང་པར་བཅུག་སྟེ་སྤྱད་པར་བྱའོ། །བཅོམ་ལྡན་འདས་ཀྱིས་བྱིན་ལེན་བྱེད་དུ་བཅུག་སྟེ་བཟའ་བར་བྱའོ་ཞེས་བཀའ་སྩལ་ནས། དེ་དག་གིས་ཇི་ལྟར་བྱིན་ལེན་བྱེད་དུ་བཅུག་པ་དང་། ཇི་ལྟར་བྱིན་ལེན་བྱེད་དུ་མ་བཅུག་པ་མི་ཤེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྣམ་པ་ལྔས་ནི་བྱིན་ལེན་བྱེད་དུ་མ་བཅུག་པར་བརྗོད་པར་བྱ་ལ། རྣམ་པ་ལྔས་ནི་བྱིན་ལེན་བྱེད་དུ་བཅུག་པར་བརྗོད་པར་བྱའོ། །རྣམ་པ་ལྔ་པོ་གང་དག་གིས་བྱིན་ལེན་བྱེད་དུ་མ་བཅུག་པར་བརྗོད་པར་བྱ་ཞེ་ན། མཚམས་ཀྱི་ཕྱི་རོལ་ན་འདུག་པས་དང་། མི་འཐོབ་པའི་ཕྱོགས་ནས་དང་། གློ་ནས་དང་། རྒྱབ་ནས་དང་། ལག་པ་ཁས་ཕུབ་པས་བྱིན་ལེན་བྱེད་དུ་འཇུག་པ་སྟེ། རྣམ་པ་ལྔ་པོ་དེ་དག་གིས་ནི་བྱིན་ལེན་བྱེད་དུ་མ་བཅུག་པར་བརྗོད་པར་བྱའོ། །རྣམ་པ་ལྔ་པོ་གང་དག་གིས་བྱིན་ལེན་བྱེད་དུ་བཅུག་པར་བརྗོད་པར་བྱ་ཞེ་ན། མཚམས་ཀྱི་ཕྱི་རོལ་མ་ཡིན་པ་ན་འདུག་པས་དང་། མི་འཐོབ་པའི་ཕྱོགས་མ་ཡིན་པ་ནས་དང་། གློ་མ་ཡིན་པ་ནས་དང་། རྒྱབ་མ་ཡིན་པ་ནས་དང་། ལག་པ་ཁས་ཕུབ་པ་མ་ཡིན་པས་བྱིན་ལེན་བྱེད་དུ་འཇུད་པ་སྟེ། རྣམ་པ་ལྔ་པོ་དེ་དག་གིས་ནི་བྱིན་ལེན་


DKG007_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་དུ་བཅུག་པར་བརྗོད་པར་བྱའོ། །བཅོམ་ལྡན་འདས་ཀྱིས་བྱིན་ལེན་བྱེད་དུ་བཅུག་སྟེ་བཟའ་བར་བྱའོ་ཞེས་བཀའ་སྩལ་ནས། དྲུག་སྡེ་དག་བྱིན་ལེན་བྱེད་དུ་བཅུག་པ་དང་། བྱིན་ལེན་བྱེད་དུ་མ་བཅུག་པ་ཡང་ཟ་བར་བྱེད་ནས། དགེ་སློང་དོན་ཉུང་ངུ་དག་བཅོམ་ལྡན་འདས་ཀྱིས་བྱིན་ལེན་བྱེད་དུ་བཅུག་སྟེ་བཟའ་བར་བྱའོ་ཞེས་བཀའ་སྩལ་ན། ཅིའི་ཕྱིར་དགེ་སློང་དག་བྱིན་ལེན་བྱེད་དུ་བཅུག་པ་དང་། བྱིན་ལེན་བྱེད་དུ་མ་བཅུག་པ་ཡང་ཟ་བར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་དྲུག་སྡེ་དག་ལ་རྨས་པ། དགེ་སློང་དག་ངས་བྱིན་ལེན་བྱེད་དུ་བཅུག་སྟེ་བཟའ་བར་བྱའོ་ཞེས་བཀའ་སྩལ་ན། ཁྱེད་བྱིན་ལེན་བྱེད་དུ་བཅུག་པ་དང་། བྱིན་ལེན་བྱེད་དུ་མ་བཅུག་པ་ཡང་ཟ་བ་བདེན་ནམ། བཙུན་པ་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་པར་སྨད་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་མ་བྱིན་པར་ཁ་ནས་མིད་པའི་ཟས་ཟ་ན་ལྟུང་བྱེད་དོ་ཞེས་བཅོམ་ལྡན་འདས་ཀྱིས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་དེ་ལྟར་བཅའ་བ་མཛད་དོ། །དགེ་སློང་དགོན་པ་པ་དགོན་པ་ན་གནས་པ་རྣམས་ལ་ཆུ་དང་སོ་ཤིང་གི་བྱིན་ལེན་སྟོབས་པ་


DKG007_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ནས་དེ་དག་གིས་དགོན་པའི་གནས་མལ་དག་བོར་ཏེ་གྲོང་མཐའི་གནས་མལ་དག་ཏུ་ཞུགས་སོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་རྨས་པ། ཀུན་དགའ་བོ་ཅིའི་ཕྱིར་དགེ་སློང་དགོན་པ་པ་དག་གིས་དགོན་པའི་གནས་མལ་དག་བོར་ཏེ་གྲོང་མཐའི་གནས་མལ་དག་ཏུ་ཞུགས། བཙུན་པ་བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་མ་བྱིན་པར་ཁ་ནས་མིད་པའི་ཟས་ཟ་ན་ལྟུང་བྱེད་དོ་ཞེས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་དེ་ལྟར་བཅའ་བ་མཛད་པས། དགེ་སློང་དགོན་པ་པ་དགོན་པ་ན་གནས་པ་རྣམས་ལ་ཆབ་དང་། སོ་ཤིང་གི་བྱིན་ལེན་སྟོབས་པ་མ་མཆིས་ནས་དེ་དག་གིས་དགོན་པའི་གནས་མལ་དག་བོར་ཏེ་གྲོང་མཐའི་གནས་མལ་དག་ཏུ་ཞུགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་ཆུ་དང་སོ་ཤིང་མ་གཏོགས་སོ། །གླང་པོ་ཆེ་ཅང་ཤེས་དང་། སྤྲེའུ་ཅང་ཤེས་དང་། དོམ་ཅང་ཤེས་དག་ཡོད་ནས་དེ་དག་གིས་དགེ་སློང་རྣམས་ལ་ཤིང་ཏོག་དག་འབུལ་བ་ན་དགེ་སློང་རྣམས་འགྱོད་པས་དེ་དག་མི་ལེན་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་ལ་ལེན་པ་ཡོད་པ་དེ་ལ་སྟོབས་པ་ཡང་ཡོད་པས། དེ་ལྟ་བས་ན་དེ་དག་གིས་བསྟབས་པ་ནི་བྱིན་ལེན་བྱས་པར་བརྗོད་པར་བྱ་སྟེ། དེ་ལ་འགྱོད་པར་མི་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བསླབ་པ་འདོད་པ་དང་། བསླབ་པ་ལ་གུས་པ་དང་། བསླབ་པ་ལ་ཡོ་བྱད་བསྙུངས་པའི་བསྔགས་པ་བརྗོད་ནས་དགེ་སློང་རྣམས་ལ་དེ་དང་མཐུན་པ་དང་། དེའི་ཤས་ཆེ་བ་དང་། དེ་དང་འཚམ་པའི་ཆོས་དང་ལྡན་པའི་བཀའ་མཆིད་མཛད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་སྔ་མ་ནི་བཅས་པ་ཡིན་ལ། འདི་ནི་གནང་བ་ཡིན་ཏེ། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་མ་བྱིན་པར་ཁ་ནས་མིད་པའི་ཟས་ཟ་ན་ཆུ་དང་སོ་ཤིང་མ་གཏོགས་ཏེ་ལྟུང་བྱེད་དོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་དྲུག་སྡེའམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །མ་བྱིན་པར་ཞེས་བྱ་བ་ནི་དེ་ལ་སྐྱེས་པའམ། བུད་


DKG007_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དམ། མ་ནིང་གང་གིས་ཀྱང་མ་སྦྱིན་པར་རོ། །ཁ་ནས་མིད་པའི་ཟས་ཞེས་བྱ་བ་ནི་བཅའ་བ་ལྔ་པོ་དང་། བཟའ་བ་ལྔ་པོ་དག་གོ །ཟ་ན་ཞེས་བྱ་བ་ནི་མགུལ་དུ་མིད་ནའོ། །ཆུ་དང་སོ་ཤིང་མ་གཏོགས་ཏེ་ཞེས་བྱ་བ་ནི་ཆུ་དང་སོ་ཤིང་བཞག་སྟེའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་ངན་སོང་དང་། ངན་འགྲོ་དང་། ལོག་པར་ལྟུང་བ་དག་ཏུ་སྲེག་པར་བྱེད། འཚོད་པར་བྱེད། ལྟུང་བར་བྱེད་པའོ། །གཞན་ཡང་ཇི་སྲིད་དུ་ལྟུང་བ་དེ་མ་བཤགས་ཤིང་སོ་སོར་མ་བཤགས་ན་དགེ་བའི་ཆོས་རྣམས་ལ་སྒྲིབ་པར་བྱེད་པ་སྟེ། དེས་ན་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་གིས་བྱིན་ལེན་མ་བྱས་པ་ལ་བྱིན་ལེན་མ་བྱས་པར་འདུ་ཤེས་པས་བཅའ་བ་དང་བཟའ་བ་འཆའ་འམ་ཟ་ན་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་བྱིན་ལེན་མ་བྱས་པ་ལ་ཡིད་གཉིས་ཟ་བས་བཅའ་བ་དང་བཟའ་བ་འཆའ་འམ་ཟ་ན་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་བྱིན་ལེན་བྱས་པ་ལ་བྱིན་ལེན་མ་བྱས་པར་འདུ་ཤེས་པས་བཅའ་བ་དང་། བཟའ་བ་འཆའ་འམ་ཟ་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་བྱིན་ལེན་བྱས་པ་ལ་ཡིད་གཉིས་ཟ་བས་བཅའ་བ་དང་བཟའ་བ་འཆའ་འམ། ཟ་ན་ཉེས་བྱས་སུ་འགྱུར་རོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །སངས་རྒྱས་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་ཞུས་པ། བཙུན་པ་ཚེ་དང་ལྡན་པ་ནག་པོ་ཆེན་པོས་ལས་ཅི་བགྱིས་ན་ལས་དེའི་རྣམ་པར་སྨིན་པས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་རབ་ཏུ་བྱུང་ནས། ཐམས་ཅད་དུར་ཁྲོད་པ་དང་ལྡན་ཞིང་ ཉོན་མོངས་པ་ཐམས་ཅད་སྤངས་པས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ཤིང་། དགྲ་བཅོམ་པ་ཉིད་ཐོབ་ནས་ཡང་དག་པ་མ་ལགས་པས་སྐུར་པར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་རིགས་ཀྱི་བུ་ནག་པོ་ཆེན་པོ་ཉིད་ཀྱིས་ལས་ཚོགས་རྙེད་པ། རྐྱེན་ཡོངས་སུ་བསྒྱུར་བ། འོད་པ་བཞིན་དུ་ཉེ་བར་གནས་པ། གདོན་མི་ཟ་བར་འབྱུང་བར་འགྱུར་བ་དག་བྱས་ཤིང་བསགས་པས། ནག་པོ་ཆེན་པོ་ཉིད་ཀྱིས་ལས་བྱས་


DKG007_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་བསགས་པ་དག་གཞན་སུ་ཞིག་གིས་སོ་སོར་མྱོང་བར་འགྱུར། དགེ་སློང་དག་ལས་བྱས་ཤིང་བསགས་པ་དག་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་ལ་མི་འགྱུར། མེའི་ཁམས་ལ་མི་འགྱུར། རླུང་གི་ཁམས་ལ་མི་འགྱུར་གྱི། འདི་ལྟར་ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་དག་ནི་ཟིན་པའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དག་ལ་རྣམ་པར་སྨིན་པར་འགྱུར་ཏེ། ལས་རྣམས་བསྐལ་པ་བརྒྱར་ཡང་ནི། །ཆུད་མི་ཟ་བའང་ཚོགས་དང་དུས། །རྙེད་ན་ལུས་ཅན་རྣམས་ལ་ནི། །འབྲས་བུ་དག་ཏུ་འགྱུར་བ་ཉིད། །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་གྲོང་ཁྱེར་བཱ་རཱ་ཎ་སཱི་ན་རང་སངས་རྒྱས་བླ་མ་ཞེས་བྱ་བ་ཞིག་ཉེ་བར་རྟེན་ཅིང་གནས་པ་དེ་ལྷའི་ཚོགས་འབུམ་ཕྲག་དུ་མས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ཏེ། དུར་ཁྲོད་ཆེན་པོའི་དབུས་ནས་བཱ་རཱ་ཎ་སཱིར་བསོད་སྙོམས་ལ་ཞུགས་སོ། །དུར་ཁྲོད་ཆེན་པོ་དེ་ན་གནོད་སྦྱིན་གདུག་པ་ཞིག་འདུག་པ་དེ་དེ་ན་མི་རོ་མྱགས་པ་ཟའོ། །གང་གི་ཚེ་རང་སངས་རྒྱས་བླ་མ་དུར་ཁྲོད་ཆེན་པོ་དེར་ཕྱིན་པ་དེའི་ཚེ་ན་གནོད་སྦྱིན་གདུག་པ་དེ་ལྷའི་མཐུས་དུར་ཁྲོད་ཆེན་པོ་དེ་ནས་བྲོས་པ་དང་། དེའི་མི་རོ་མྱགས་པ་དེ་དག་ཝ་ལ་སོགས་པས་ཟོས་ནས་གནོད་སྦྱིན་གདུག་པ་དེས་བསམས་པ། རབ་ཏུ་བྱུང་བ་འདི་བདག་གི་ལྟོའི་བགེགས་སུ་གྱུར་གྱིས། བདག་གིས་འདི་ལ་བསྙེན་བཀུར་མ་ཡིན་པ་བྱའོ་སྙམ་ནས། དེས་དེའི་ལྷུང་བཟེད་དུ་མིའི་ལག་པ་བཅུག་པ་དང་། བཱ་རཱ་ཎ་སཱིར་ཐམས་ཅད་དུ་རབ་ཏུ་བྱུང་བ་དེ་མི་ཤ་ཟའོ་ཞེས་སྒྲ་གྲགས་པར་གྱུར་ཏོ། །རང་སངས་རྒྱས་བདག་ཉིད་ཆེན་པོ་དེས་བསམས་པ། གནོད་སྦྱིན་གདུག་པ་ཉོན་མོངས་པ་འདི་ཧ་ཅང་རྨས་པ་དང་། ཉམས་པར་གྱུར་ན་མི་རུང་གིས་འདི་ལ་ལ་གནས་དྲངས་པ་སྦྱིན་ནོ་སྙམ་ནས། དེ་དེ་ལ་སྙིང་བརྩེ་བའི་ཕྱིར་དེས་ངང་པའི་རྒྱལ་པོ་འདབ་མ་བརྐྱང་བ་ལྟར་སྟེང་གི་ནམ་མཁའ་ལ་མངོན་པར་འཕགས་ནས་འབར་བ་དང་། གསལ་བ་དང་། ཆར་ཕབ་པ་དང་། གློག་འབྱིན་པའི་ཆོ་འཕྲུལ་དག་བྱ་བར་བརྩམས་སོ། །སོ་སོའི་སྐྱེ་བོ་ནི་རྫུ་འཕྲུལ་ལ་མྱུར་དུ་སེམས་གཏོད་པར་བྱེད་པ་ཡིན་པས་གནོད་


DKG007_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་གདུག་པ་དེ་ཤིང་ལྗོན་པ་རྩ་བ་ནས་བཅད་པ་བཞིན་དུ་རང་སངས་རྒྱས་དེའི་རྐང་པ་གཉིས་ཀྱི་དྲུང་དུ་འགྱེལ་ནས་སྨྲས་པ། ཡོན་གནས་ཡང་དག་པར་གྱུར་པ་མར་གཤེགས་སུ་གསོལ། མར་གཤེགས་སུ་གསོལ། ཉོན་མོངས་པའི་འདམ་དུ་བྱིང་བ་བདག་གི་སུག་པ་ནས་དྲང་བ་སྩལ་དུ་གསོལ། བདག་གིས་ཁྱོད་ལ་ཡང་དག་པ་མ་ལགས་པའི་བསྔགས་པ་མ་ལགས་པ་བརྗོད་དོ། །བཱ་རཱ་ཎ་སཱི་ཐམས་ཅད་དུ་ཡང་རབ་ཏུ་བྱུང་བ་དེ་མི་ཤ་མི་ཟའི། འདིས་དེ་ལ་ཡང་དག་པ་མ་ཡིན་པའི་མི་བསྔགས་པ་བརྗོད་དོ་ཞེས་སྒྲ་གྲགས་པར་གྱུར་ཏོ། །རང་སངས་རྒྱས་དེ་གནོད་སྦྱིན་གདུག་པ་དེ་ལ་རྗེས་སུ་སྙིང་བརྩེ་བའི་ཕྱིར་སྟེང་གི་ནམ་མཁའ་ལས་ཤོད་དུ་བབས་སོ། །དེ་ནས་གནོད་སྦྱིན་གདུག་པ་དེས་དེའི་ལྷུང་བཟེད་ནས་མིའི་ལག་པ་ས་ལ་བོར་ཏེ་རྐང་པ་གཉིས་ལ་ཕྱག་འཚལ་ནས་སྨོན་ལམ་འདི་སྐད་ཅེས། བདག་ཡོན་གནས་ཡང་དག་པར་གྱུར་པ་འདི་ལྟ་བུ་ལ་གནོད་པ་བྱས་པ་གང་ཡིན་པའི་ལས་དེའི་ཆ་དང་མཐུན་པར་མ་གྱུར་པར་མཆོད་པ་བྱས་པ་གང་ཡིན་པའི་དགེ་བའི་རྩ་བ་འདིས་འདི་པས་ཆེས་ཁྱད་པར་དུ་འཕགས་པའི་སྟོན་པ་མཉེས་པར་བྱེད་ཅིང་ཐུགས་འབྱུང་བར་མི་བྱེད་པའི་ཡོན་ཏན་གྱི་རྣམ་པ་དེ་ལྟ་བུ་ཐོབ་པར་གྱུར་ཅིག་ཅེས་བཏབ་བོ། །དགེ་སློང་དག་དེ་ལ་དེའི་ཚེ་དེའི་དུས་ན་གནོད་སྦྱིན་གདུག་པ་གང་ཡིན་པ་དེ་ནི་ནག་པོ་ཆེན་པོ་འདི་ཡིན་ཏེ། དེས་རང་སངས་རྒྱས་ལ་ཡང་དག་པ་མ་ཡིན་པས་སྐུར་པ་བཏབ་པ་གང་ཡིན་པའི་ལས་དེའི་རྣམ་པར་སྨིན་པས་ཚེ་རབས་མང་པོ་དག་ཏུ་སེམས་ཅན་དམྱལ་བ་རྣམས་སུ་གདུངས་ནས། ལས་དེ་ཉིད་ཀྱི་ལྷག་མས་ཚེ་རབས་ལྔ་བརྒྱར་ཡང་དག་པ་མ་ཡིན་པས་སྐུར་ནས། ད་ལྟར་དགྲ་བཅོམ་པ་ཐོབ་ཀྱང་ཡང་དག་པ་མ་ཡིན་པས་སྐུར་ཏོ། །མཆོད་པ་བྱས་ནས་སྨོན་ལམ་བཏབ་པ་གང་ཡིན་པའི་ལས་དེའི་རྣམ་པར་སྨིན་པས་ནི་ངའི་དྲུང་དུ་རབ་ཏུ་བྱུང་ནས། ཉོན་མོངས་པ་ཐམས་ཅད་སྤངས་པས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཤིང་། འདིས་རང་སངས་རྒྱས་བྱེ་བ་ཕྲག་འབུམ་པས་ཆེས་ཁྱད་པར་དུ་འཕགས་པའི་སྟོན་པ་ང་མཉེས་པར་བྱས་ཤིང་ཐུགས་བྱུང་བར་མ་བྱས་སོ། །འདི་དུར་ཁྲོད་དེ་ན་གནས་གནས་པ་གང་ཡིན་པ་དེའི་བག་ཆགས་ཀྱིས་ད་ལྟར་ཡང་ཐམས་


DKG007_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་དུར་ཁྲོད་པ་དང་ལྡན་པར་གྱུར་ཏོ། །དགེ་སློང་དག་དེ་ལྟར་ན། ལས་གཅིག་ཏུ་གནག་པ་རྣམས་ཀྱི་རྣམ་པར་སྨིན་པ་ནི་གཅིག་ཏུ་གནག་པ་ཡིན། ལས་གཅིག་ཏུ་དཀར་བ་རྣམས་ཀྱི་རྣམ་པར་སྨིན་པ་ཡང་གཅིག་ཏུ་དཀར་བ་ཡིན། ལས་འདྲེན་མ་རྣམས་ཀྱི་རྣམ་པར་སྨིན་པ་ཡང་འདྲེན་མ་ཡིན་ནོ། །དགེ་སློང་དག་དེ་ལྟ་བས་ན་ལས་གཅིག་ཏུ་གནག་པ་རྣམས་དང་འདྲེན་མ་རྣམས་སྤངས་ཏེ། ལས་གཅིག་ཏུ་དཀར་བ་རྣམས་ལ་བརྩལ་བར་བྱ་སྟེ། དགེ་སློང་དག་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ།། །།བར་སྡོམ་ལ། ཐམས་ཅད་དུར་ཁྲོད་ལྡན་པ་དང་། །སྒོ་བ་དང་ནི་བུ་མོ་དང་། །བྲམ་ཟེས་བགམས་དང་བྱིན་ལེན་ལྔ། །ཤིང་ཏོག་ལ་སོགས་གཞན་ལྔ་དང་། །ཆུ་དང་སོ་ཤིང་གནང་བ་དང་། །གླང་ཆེན་སྤྲེའུ་དོམ་དང་ནི། །སྔོན་གྱི་ཚུལ་དང་སྦྱར་བ་ཡིན། །བྱིན་ལེན་མ་བྱས་པར་ཟ་བའི་ལྟུང་བྱེད་དེ་སུམ་བཅུ་རྩ་དགུ་པ་རྫོགས་སྷོ།། །།འདུལ་བ་རྣམ་པར་འབྱེད་པ། བམ་པོ་ལྔ་བཅུ་རྩ་བཞི་པ། སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་རྣམས་ཀྱི་ནང་དུ་ལྗོངས་རྒྱུ་ཞིང་གཤེགས་པ་ན། སེར་སྐྱའི་གནས་སུ་བྱོན་ནས་སེར་སྐྱའི་གནས་ན་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་སོ། །ཤཱཀྱ་མིང་ཆེན་གྱིས་བཅོམ་ལྡན་འདས་ཤཱཀྱ་རྣམས་ཀྱི་ནང་དུ་ལྗོངས་རྒྱུ་ཞིང་གཤེགས་པ་ན་སེར་སྐྱའི་གནས་སུ་བྱོན་ནས་སེར་སྐྱའི་གནས་ན་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་སོ་ཞེས་ཐོས་སོ། །ཐོས་ནས་ཀྱང་སེར་སྐྱའི་གནས་ནས་བྱུང་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ །མཐའ་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ཤཱཀྱ་མིང་ཆེན་ལ་ཆོས་དང་ལྡན་པའི་བཀའ་མཆིད་ཀྱིས་ཡང་དག་པར་སྟོན་པར་མཛད། ཡང་དག་པར་འཛིན་དུ་འཇུད་པར་མཛད། ཡང་དག་པར་གཟེངས་སྟོད་པར་མཛད། ཡང་དག་པར་རབ་ཏུ་དགའ་བར་མཛད དོ། །རྣམ་གྲངས་དུ་མས་ཆོས་དང་ལྡན་པའི་བཀའ་མཆིད་ཀྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་


DKG007_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཅང་མི་གསུང་ངོ་། །དེ་ནས་ཤཱཀྱ་མིང་ཆེན་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་བྱས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་སང་བདག་གི་སྡུམ་པར་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་གདུགས་ཚོད་གསོལ་བར་ཅི་གནང་། བཅོམ་ལྡན་འདས་ཀྱིས་ཤཱཀྱ་མིང་ཆེན་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་ཤཱཀྱ་མིང་ཆེན་གྱིས་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་བར་རིག་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་ནས་རང་གི་ཁྱིམ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ཞོ་ཤས་འཚོ་བ་དག་ལ་སྨྲས་པ། ཤེས་ལྡན་དག་བཅོམ་ལྡན་འདས་དང་དགེ་སློང་གི་དགེ་འདུན་ཤུལ་གྱིས་མཉེལ་ཏེ་གཤེགས་ཀྱིས་གདུགས་ཚོད་སྔ་རབ་ཏུ་ཞལ་ཟས་བསོད་པ་སྟ་གོན་གྱིས་ཤིག །དྲུག་སྡེ་དག་ནང་པར་སྔར་ལངས་ཏེ་སྨྲས་པ། དགའ་བོ་ཉེ་དགའ་ཇེ་ཁྱིམ་དུ་འགྲོ་བའི་ཁྱིམ་དག་བལྟས་འདོང་ངོ་། །དེ་ལྟར་བྱའོ་ཞེས་དེ་དག་ཁྱིམ་དུ་འགྲོ་བའི་ཁྱིམ་དག་ཏུ་དོང་བ་དང་། དེ་དག་གིས་སྨྲས་པ། འཕགས་པ་དག་འདི་ཉིད་དུ་གདུགས་ཚོད་གསོལ་ཅིག་དྲུག་སྡེ་དག་གིས་སྨྲས་པ། ཁོ་བོ་ཅག་མགྲོན་དུ་བོས་སོ། །སུས། ཤཱཀྱ་མིང་ཆེན་གྱིས་སོ། །འོ་ན་སང་གདུགས་ཚོད་གསོལ་ཅིག །དེ་ལྟར་བྱའོ། །དེ་ནས་ཤཱཀྱ་མིང་ཆེན་ནང་པར་སྔར་ལངས་ཏེ་གདན་བཤམས་ནས་ཆུ་ར་བཞག་སྟེ། བཅོམ་ལྡན་འདས་ལ་སྤྱན་འདྲེན་གྱིས་བཙུན་པ་གདུགས་ཚོད་གཡར་དགོངས་འཚལ་ན། བཅོམ་ལྡན་འདས་ཀྱིས་ད་དེའི་དུས་ལ་བབ་པར་དགོངས་སུ་གསོལ་ཞེས་སྤྱན་དྲངས་སོ། །དེ་ནས་བཅོམ་ལྡན་འདས་སྔ་དྲོ་ཤམ་ཐབས་གསོལ་ལ་ལྷུང་བཟེད་དང་ཆོས་གོས་བསྣམས་ཏེ། དགེ་སློང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་ཅིང་། དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བདར་ནས། ཤཱཀྱ་མིང་ཆེན་གྱི་བཀད་ས་ག་ལ་བ་དེར་གཤེགས་ཏེ་བྱོན་ནས། དགེ་སློང་གི་དགེ་འདུན་གྱི་གོང་དུ་གདན་བཤམ་པ་ཉིད་ལ་བཞུགས་སོ། །དེ་ནས་ཤཱཀྱ་མིང་ཆེན་གྱིས་སངས་རྒྱས་ལ་སོགས་པ་དགེ་སློང་


DKG007_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

གི་དགེ་འདུན་བདེ་བར་བཞུགས་པར་རིག་ནས་བཅའ་བ་དང་། བཟའ་བ་གཙང་ཞིང་བསོད་པས་རང་གི་ལག་ནས་ཚིམ་པར་བྱེད་ཅིང་སྟོབས་པར་བྱེད་དོ། །རྣམ་གྲངས་དུ་མས་བཅའ་བ་དང་བཟའ་བ་གཙང་ཞིང་བསོད་པས་རང་གི་ལག་ནས་ཚིམ་པར་བྱས་ཤིང་བསྟབས་ནས། བཅོམ་ལྡན་འདས་གདུགས་ཚོད་གསོལ་ཅིང་ཕྱག་བཅབས་ཏེ་ལྷུང་བཟེད་བཞག་པར་རིག་ནས། སྟན་ཆེས་དམའ་བ་བླངས་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཆོས་མཉན་པའི་ཕྱིར་འདུག་གོ །དེ་ནས་བཅོམ་ལྡན་འདས་ཀྱིས་ཤཱཀྱ་མིང་ཆེན་ལ་ཆོས་དང་ལྡན་པའི་བཀའ་མཆིད་ཀྱིས་ཡང་དག་པར་སྟོན་པར་མཛད། ཡང་དག་པར་འཛིན་དུ་འཇུད་པར་མཛད། ཡང་དག་པར་གཟེངས་སྟོད་པར་མཛད། ཡང་དག་པར་རབ་ཏུ་དགའ་བར་མཛད་དོ། །རྣམ་གྲངས་དུ་མས་ཆོས་དང་ལྡན་པའི་བཀའ་མཆིད་ཀྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་གདན་ལས་བཞེངས་ཏེ་གཤེགས་སོ། །དེ་ནས་ཤཱཀྱ་མིང་ཆེན་རེ་ཞིག་བཅོམ་ལྡན་འདས་ཀྱི་སླད་བཞིན་སླད་བཞིན་དུ་ཞབས་འབྲིང་དུ་སོང་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་ཕྱིར་ལོག་སྟེ། དེ་སྟེང་གི་ཁང་བཟངས་ཀྱི་གཞིར་གཏོགས་པ་ན་གཏོང་བ་རྗེས་སུ་དྲན་པ་སྒོམ་པར་བྱེད་དོ། །ཞོ་ཤས་འཚོ་བ་དག་གིས་ཀྱང་དེའི་གནས་མལ་དག་བརྟུལ་ཅིང་ཁ་ཟས་དག་བསྡུས་སོ། །དྲུག་སྡེ་དག་གིས་སྨྲས་པ། དགའ་བོ་ཉེ་དགའ་གདུགས་ཚོད་ལ་བབ་པས་ཟན་ཆད་པར་གྱུར་ན་མི་རུང་གིས་འདོང་ངོ་ཞེས་དེ་དག་གིས་ཁྱིམ་དུ་འགྲོ་བའི་ཁྱིམ་དག་ཏུ་ཟན་དྲུག་བཅུ་སྦྱོར་དུ་བཅུག་ནས་ཤཱཀྱ་མིང་ཆེན་གྱི་ཁྱིམ་དུ་དོང་བ་དང་། ཇི་ཙམ་ན་དེ་ན་ཁ་ཟས་སྟ་གོན་བྱས་པ་ཡང་མེད། གནས་མལ་བཤམས་པ་ཡང་མེད་པར་མཐོང་ནས་དྲུག་སྡེ་དག་གིས་ཞོ་ཤས་འཚོ་བ་དེ་དག་ལ་སྨྲས་པ། ཤེས་ལྡན་དག་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་སྤྱན་དྲངས་ནས་སྙིང་ལས་ཆུང་ངུར་འཁོད་ཅིང་


DKG007_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

གདུགས་ཚོད་ཀྱང་སྟ་གོན་མི་བྱེད། གནས་མལ་ཡང་ཤོམ་པར་མི་བྱེད་ན། ཇི་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་གྱི་གདུགས་ཚོད་གཅོད་པར་བྱེད་དམ། དེ་དག་གིས་སྨྲས་པ། འཕགས་པ་དག་ཁྱེད་ཅག་མནལ་བར་གྱུར་ཏམ་ཅི། སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་གདུགས་ཚོད་གསོལ་ཏེ་གཤེགས་ལགས་སོ། །དྲུག་སྡེ་དག་གིས་སྨྲས་པ། ཅི་ཁོ་བོ་ཅག་གི་ཟན་གཅད་པར་བྱའམ། དེ་དག་གིས་སྨྲས་པ། འཕགས་པ་དག་བདག་ཅག་གིས་ཤཱཀྱ་མིང་ཆེན་ལ་སྦྲན་གྱི་བར་དུ་རེ་ཞིག་ཡུད་ཙམ་ཞིག་གཞེས་ཤིག་ཅེས་དེ་དག་དོང་སྟེ་ཤཱཀྱ་མིང་ཆེན་ལ་སྨྲས་པ། འཕགས་པ་དྲུག་སྡེ་དག་ད་གཟོད་མཆིས་ཏེ་འཚལ་མ་སློང་ངོ་། །ཤཱཀྱ་མིང་ཆེན་གྱིས་སྨྲས་པ། དེང་ལ་ལྷག་རོལ་ཅུང་ཟད་ཅི་ཡོད་པ་དེ་བྱིན་ཅིག །དེ་དག་དོང་སྟེ་སྨྲས་པ། འཕགས་པ་དག་བཞུགས་ལ་གསོལ་ཅིག་ཅེས་དེ་དག་གིས་བྲིམ་པར་བརྩམས་པ་དང་། དྲུག་སྡེ་དག་གིས་སྨྲས་པ། ཤཱཀྱ་མིང་ཆེན་གྱིས་ཁ་ཤིན་ཏུ་ཆེན་པོས་བཅོམ་ལྡན་འདས་ཀྱིས་སང་བདག་གི་སྡུམ་པར་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་གདུགས་ཚོད་གསོལ་བར་ཅི་གནང་ཞེས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་སྤྱན་དྲངས་ན། གལ་ཏེ་ཟན་འདི་འདྲ་བས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་སྤྱན་དྲང་དུ་རུང་ན་ནི། ཉེ་དགའས་ཀྱང་ཉི་མ་རེ་རེ་ཞིང་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་སྤྱན་འདྲེན་པར་འགྱུར་རོ། །འདི་ལྟར་བཀྲེན་པ་འདི་ལ་ཅི་བདོག་གིས་དེང་ལ་ཁྱིམ་བདག་ཆེ་གེ་མོའི་ཁྱིམ་ནས་འོ་མ་ལོང་ཤིག །ཆེ་གེ་མོའི་ཁྱིམ་ནས་ཞོ་ལོང་ཤིག །ཆེ་གེ་མོའི་ཁྱིམ་ནས་མར་ལོང་ཤིག །ཆེ་གེ་མོའི་ཁྱིམ་ནས་ཉ་ཤ་ལོང་ཤིག །ཆེ་གེ་མོའི་ཁྱིམ་ནས་ཤ་ལོང་ཤིག །ཆེ་གེ་མོའི་ཁྱིམ་ནས་ཤ་སྐམ་དག་ལོང་ཤིག་ཅེས་དེ་དག་གིས་བདག་ཉིད་ཀྱི་ཕྱིར་ཟས་བསོད་པ་དེ་ལྟ་བུ་དག་གཞན་གྱི་ཁྱིམ་དག་ནས་བསླངས་ཏེ་དེར་ཟོས་ནས་དོང་སྟེ་གཙུག་ལག་ཁང་དུ་དོང་བ་དང་། དགེ་སློང་རྣམས་ཀྱིས་དེ་དག་ལ་སྨྲས་པ། ཚེ་དང་ལྡན་པ་དག་ཁྱེད་ཀྱིས་གང་དུ་ཟན་ཟོས། དེ་ཉིད་དུའོ། །ཁྱེད་ཅག་དེ་ན་མ་མཐོང་ངོ་། །དྲུག་སྡེ་དག་


DKG007_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

གིས་སྨྲས་པ། ཁོ་བོ་ཅག་ཕྱིས་ལྷགས་སོ། །ཁྱེད་ཅག་གིས་ཟན་ཇི་ལྟ་བུ་ཟོས། དྲུག་སྡེ་དག་གིས་སྨྲས་པ། འོ་མ་དང་། ཞོ་དང་། མར་དང་། ཉ་ཤ་དང་། ཤ་དང་། ཤ་སྐམ་དག་གོ །དགེ་སློང་རྣམས་ཀྱིས་སྨྲས་པ། ཁོ་བོ་ཅག་གིས་ཟས་དེ་ལྟ་བུ་མ་ཐོབ་བོ། །དྲུག་སྡེ་དག་གིས་སྨྲས་པ། བཀྲེན་པ་དེ་ལ་ཟས་དེ་ལྟ་བུ་ག་ལ་ཡོད། ཁོ་བོ་ཅག་གིས་ཁྱིམ་དུ་འགྲོ་བའི་ཁྱིམ་དག་ནས་བླངས་ཏེ་དེར་ཟོས་སོ། །ཁྱེད་ཅག་བདག་ཉིད་ཀྱི་ཕྱིར་ཟས་བསོད་པ་དེ་ལྟ་བུ་དག་གཞན་གྱི་ཁྱིམ་དག་ནས་བསླངས་ཏེ་ཟར་རུང་ངམ། རུང་ཡང་སྲིད་མི་རུང་ཡང་སྲིད་དེ། ཅི་ཁོ་བོ་ཅག་གིས་ལྟོགས་ཏེ་འཆི་བར་བྱའམ། དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་བདག་ཉིད་ཀྱི་ཕྱིར་ཟས་བསོད་པ་དེ་ལྟ་བུ་དག་གཞན་གྱི་ཁྱིམ་དག་ནས་བསླངས་ཏེ་འཆའ་བ་དང་། ཟ་བར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་དྲུག་སྡེ་དག་ལ་རྨས་པ། དགེ་སློང་དག་ངས་དགེ་སློང་རྣམས་ཀྱི་ཟས་བསོད་པ་གང་དག་གསུངས་པ་འདི་ལྟ་སྟེ། འོ་མ་དང་། ཞོ་དང་། མར་དང་། ཉ་ཤ་དང་། ཤ་དང་། ཤ་སྐམ་དག་སྟེ། ཁྱེད་ཀྱིས་བདག་ཉིད་ཀྱི་ཕྱིར་ཟས་བསོད་པ་དེ་ལྟ་བུ་དག་གཞན་གྱི་ཁྱིམ་དག་ནས་བསླངས་ཏེ་ཟོས་པ་བདེན་ནམ། བཙུན་པ་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་པར་སྨད་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་


DKG007_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་ཡོན་བཅུ་ཡང་དག་པར་གཟིགས་པས། འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ཀྱི་ཟས་བསོད་པ་གང་དག་གསུངས་པ་འདི་ལྟ་སྟེ། འོ་མ་དང་། ཞོ་དང་། མར་དང་། ཉ་ཤ་དང་། ཤ་དང་། ཤ་སྐམ་དག་སྟེ། ཡང་དགེ་སློང་དག་བདག་ཉིད་ཀྱི་ཕྱིར་ཟས་བསོད་པ་དེ་ལྟ་བུ་དག་གཞན་གྱི་ཁྱིམ་དག་ནས་བླངས་ཏེ་འཆའ་འམ། ཟ་ན་ལྟུང་བྱེད་དོ་ཞེས་བཅོམ་ལྡན་འདས་ཀྱིས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་དེ་ལྟར་བཅའ་བ་མཛད་དོ། །དགེ་སློང་ན་བ་ཞིག་གིས་སྨན་པ་ལ་དྲིས་པ། བཞིན་བཟངས་ཇེ་ཁོ་བོ་ལ་སྨན་སྟོན་ཅིག །འཕགས་པ་འོ་མ་གསོལ་ཅིག །བཞིན་བཟངས་ཁོ་བོ་ལ་འོ་མ་སུས་སྦྱིན་པར་གྱུར་། འཕགས་པ་ཁྱིམ་དག་ནས་སློང་ཤིག །བཞིན་བཟངས་བཅོམ་ལྡན་འདས་ཀྱིས་བསླབ་པའི་གཞི་བཅའ་བ་མཛད་དོ། །འཕགས་པ་ཁྱོད་ཀྱི་སྟོན་པ་ཐུགས་རྗེ་ཅན་ལགས་པས། དེ་ཉིད་རྐྱེན་དུ་མཛད་ནས་གནང་བར་གྱུར་པ་གང་ལགས་པ་དེ་ལྟ་བུའི་གནས་མཆིས་པར་འགྱུར་རོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་ན་བའི་དུས་མ་གཏོགས་སོ། །དེ་བཞིན་དུ་དགེ་སློང་གཞན་ལ་འོ་མ་དང་། ཞོ་དང་། མར་དང་། ཉ་ཤ་དང་། ཤ་དང་། ཤ་སྐམ་དག་ཁྱིམ་དག་ནས་སློང་དུ་གནང་བའི་བར་དུ་སྔ་མ་བཞིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བསླབ་པ་འདོད་པ་དང་། བསླབ་པ་ལ་གུས་པ་དང་། བསླབ་པ་ལ་ཡོ་བྱད་བསྙུངས་པའི་བསྔགས་པ་བརྗོད་ནས་དགེ་སློང་རྣམས་ལ་དེ་དང་མཐུན་པ་དང་། དེའི་ཤས་ཆེ་བ་དང་། དེ་དང་འཚམ་པའི་ཆོས་དང་ལྡན་པའི་བཀའ་མཆིད་མཛད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་སྔ་མ་ནི་བཅས་པ་ཡིན་ལ་འདི་ནི་གནང་བ་ཡིན་ཏེ། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། བཅོམ་ལྡན་འདས་ཀྱིས་


DKG007_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་སློང་རྣམས་ཀྱི་ཟས་བསོད་པ་གང་དག་གསུངས་པ་འདི་ལྟ་སྟེ། འོ་མ་དང་། ཞོ་དང་། མར་དང་། ཉ་ཤ་དང་། ཤ་དང་། ཤ་སྐམ་དག་སྟེ། ཡང་དགེ་སློང་གང་མི་ན་བར་བདག་ཉིད་ཀྱི་ཕྱིར་ཟས་བསོད་པ་དེ་ལྟ་བུ་དག་གཞན་གྱི་ཁྱིམ་དག་ནས་བསླངས་ཏེ་འཆའ་འམ་ཟ་ན་ལྟུང་བྱེད་དོ། །བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སོ། །དགེ་སློང་རྣམས་ཀྱི་ཞེས་བྱ་བ་ནི་ཆོས་འདི་པ་རྣམས་ཀྱིའོ། །ཟས་བསོད་པ་གང་དག་བསོད་པ་ཞེས་བྱ་བ་ནི་རབ་ཏུ་བསྟན་པའོ། །འདི་ལྟ་སྟེ། འོ་མ་དང་། ཞོ་དང་། མར་དང་། ཉ་ཤ་དང་། ཤ་དང་། ཤ་སྐམ་དག་སྟེ་ཞེས་བྱ་བ་ནི་ཟས་བསོད་པ་དག་གོ །ཡང་དགེ་སློང་གང་ཞེས་བྱ་བ་ནི་དྲུག་སྡེའམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །མི་ན་བར་ཞེས་བྱ་བ་ནི་ན་བ་མ་གཏོགས་པར་རོ། །བདག་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་བདག་ཉིད་ལ་བསྔོས་ཏེའོ། །ཟས་བསོད་པ་དེ་ལྟ་བུ་དག་ཅེས་བྱ་བ་ནི་འོ་མ་དང་། ཞོ་དང་། མར་དང་། ཉ་ཤ་དང་། ཤ་དང་། ཤ་སྐམ་དག་གོ །གཞན་གྱི་ཁྱིམ་དག་ནས་ཞེས་བྱ་བ་ནི་བྲམ་ཟེ་དང་། ཁྱིམ་བདག་གི་ཁྱིམ་དག་ནས་སོ། །བསླངས་ཏེ་ཞེས་བྱ་བ་ནི་གསོལ་ཏེའོ། །འཆའ་འམ་ཟ་ན་ཞེས་བྱ་བ་ནི་མགུལ་དུ་མིད་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་ངན་སོང་དང་། ངན་འགྲོ་དང་། ལོག་པར་ལྟུང་བ་དག་ཏུ་སྲེག་པར་བྱེད། འཚོད་པར་བྱེད། ལྟུང་བར་བྱེད་པའོ། །གཞན་ཡང་ཇི་སྲིད་དུ་ལྟུང་བ་དེ་མ་བཤགས་ཤིང་སོ་སོར་མ་བཤགས་ན་དགེ་བའི་ཆོས་རྣམས་ལ་སྒྲིབ་པར་བྱེད་པ་སྟེ། དེས་ན་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་གིས་མི་ན་བས་སློང་ཞིང་མི་ན་བས་ཟ་ན་དེ་སློང་བ་ལ་ཉེས་བྱས་སུ་འགྱུར་ལ། ཟ་བ་ལ་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་མི་ན་བས་སློང་ཞིང་ན་བས་ཟ་ན་དེ་སློང་བ་ལ་ཉེས་བྱས་སུ་འགྱུར་ལ། ཟ་བ་ལ་ལྟུང་བ་མེད་དོ། །དགེ་སློང་གིས་ན་བས་སློང་ཞིང་མི་ན་བས་ཟ་ན་དེ་སློང་བ་ལ་ལྟུང་བ་མེད་ལ་ཟ་བ་ལ་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་ན་བས་སློང་ཞིང་ན་


DKG007_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

བས་ཟ་ན་གཉིས་ཀ་ལ་ལྟུང་བ་མེད་དོ། །དགེ་སློང་བསོད་སྙོམས་ལ་རྒྱུ་ཞིང་ཁྱིམ་དག་ཏུ་འགྲོ་བ་ན་བུད་མེད་ཀྱི་ཡུལ་ཟས་ཐོགས་ཏེ་ཕྱིར་འབྱུང་བའི་ཚེ་དགེ་སློང་ཅང་མི་སྨྲ་བར་སྡོད་པ་ན། བུད་མེད་ཀྱི་ཡུལ་ན་རེ་འཕགས་པ་ཅི་བཞེད་ཅེས་འདྲི་ན་བསྟབས་པར་བརྗོད་པར་བྱ་སྟེ། ཇི་འདོད་པ་དེ་བསླང་བར་བྱ་བ་ལ་ལྟུང་བ་མེད་དོ། །སྦྱིན་བདག་གིས་ཅི་བདེར་བྱས་པ་ལ་ལྟུང་བ་མེད་དོ། །ཞོ་སྦྱིན་པ་ན་ཆུར་ཁུ་དང་། དར་བ་སློང་བ་ལ་ལྟུང་བ་མེད་དོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསོད་པ་སློང་བའི་ལྟུང་བྱེད་དེ་བཞི་བཅུ་པ་རྫོགས་སོ།། །།


previousབཅུ་ཚན་བཞི་པ། ཡང་ཡང་ཟ་བ་ལ་སོགས་པའི་སྡེ་ཚན། next