Nitartha Digital Library
Tibetan
 
previousབཅུ་ཚན་དྲུག་པ། ཁྱིམ་ལ་སོགས་པའི་སྡེ་ཚན། next

བཅུ་ཚན་དྲུག་པ། ཁྱིམ་ལ་སོགས་པའི་སྡེ་ཚན།


DKG007_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

འདུལ་བ་རྣམ་པར་འབྱེད་པ། བམ་པོ་ལྔ་བཅུ་རྩ་དྲུག་པ། སྡོམ་ལ། བདེ་དང་མེ་དང་འདུན་པ་དང་། །རྫོགས་པར་མ་བསྙེན་ཆོས་དང་སྨྲས། །དགེ་ཚུལ་ཁ་དོག་བསྒྱུར་བ་དང་། །རིན་པོ་ཆེ་དང་ཚ་བའི་དུས། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དགའ་བོ་ལ་ལྷན་ཅིག་གནས་པ་དགེ་སློང་ཆོས་ཞེས་བྱ་བ་ངོ་ཚ་ཤེས་པ། འགྱོད་པ་དང་ལྡན་པ། བསྡམས་པ། བསླབ་པ་འདོད་པ་ཞིག་ཡོད་པ་དེས་ཇི་སྲིད་དུ་དེ་གནས་ངན་ལེན་ཀུན་དུ་སྤྱོད་པར་མི་ཤེས་པ་དེ་སྲིད་དུ་དེ་དང་ལྷན་ཅིག་གནས་སོ། །གང་གི་ཚེ་དེས་དེ་གནས་ངན་ལེན་ཀུན་དུ་སྤྱོད་པར་ཤེས་པ་དེའི་ཚེ་ན་དེ་རང་བཞིན་དུ་གནས་པའི་དགེ་སློང་རྣམས་དང་ལྷན་ཅིག་གནས་པར་བརྩམས་ཏེ། བཅོམ་ལྡན་འདས་ཀྱི་བཀའ་ལུང་གིས་དུས་གསུམ་དུ་རྐང་པ་ལ་ཕྱག་འཚལ་དུ་འགྲོ་བ་འབའ་ཞིག་བྱེད་དོ། །ཉེ་དགའས་དགའ་བོ་ལ་སྨྲས་པ། སློབ་དཔོན་ཆོས་འདིས་ཁོ་བོ་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་གྱི་མདུན་དུ་ཐོ་བཙམས་པ་ལ་ལྟོས། ཁོ་བོས་ཀྱང་འདི་ལ་ངེས་པར་གནོད་པ་ཅུང་ཞིག་བྱའོ། །


DKG007_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བོས་སྨྲས་པ། དགེ་སློང་འདི་ནི་ངོ་ཚ་ཤེས་པ། འགྱོད་པ་དང་ལྡན་པ། བསྡམས་པ། བསླབ་པ་འདོད་པ་ཡིན་པས་ཁྱོད་ཀྱིས་འདི་ལ་གནོད་པ་ཅི་ཞིག་བྱར་ཡོད། ངེས་པར་འདིའི་ཟན་གཅད་པར་བྱའོ། །དེ་ནི་ནུས་སོ། །ཁྱིམ་བདག་ཅིག་གིས་དགའ་བོ་དང་ཉེ་དགའ་གཉིས་ཟན་ལ་མགྲོན་དུ་བོས་པ་དང་། ཉེ་དགའས་བསམས་པ། དེང་ཆོས་འདིའི་ཟན་གཅད་པར་བྱའོ་སྙམ་མོ། །ཆོས་དགའ་བོའི་གན་དུ་སོང་སྟེ་སྨྲས་པ། མཁན་པོ་བདག་བསོད་སྙོམས་ལ་མཆི་བ་ཞུའོ། །དགའ་བོས་སྨྲས་པ། ཆོས་ཁོ་བོ་ཅག་དེང་ཁྱིམ་བདག་ཅིག་གིས་ཟན་ལ་མགྲོན་དུ་བོས་ཀྱིས་ཚུར་ཤོག་ལ་འདི་ཉིད་དུ་ཟན་ཟོ་ཤིག །ཆོས་ཀྱིས་སྨྲས་པ། བདག་མཁན་པོ་དང་ལྷན་ཅིག་སྔན་ཅད་མགྲོན་དུ་བོས་པ་འགའང་མཆིས་སམ། ཉེ་དགའས་སྨྲས་པ། ཆོས་ཁོ་བོས་གཞན་ཐོས་ལ་གཞན་མཐོང་སྟེ། ཁོ་བོས་ཀོ་ཁྱོད་ངོ་ཚ་ཤེས་པ། འགྱོད་པ་དང་ལྡན་པ། བསྡམས་པ། བསླབ་པ་འདོད་པ་ཡིན་པར་ཤེས་ན་ཁྱོད་མཁན་པོས་མི་རུང་བའི་དངོས་པོ་ཡང་དག་པར་འཛིན་དུ་བཅུག་གམ། ཅི་ན་གང་གི་ཕྱིར་མཁན་པོའི་ཆོས་དང་ལྡན་པའི་ཚིག་གཅོད་པར་བྱེད། བཅོམ་ལྡན་འདས་ཀྱིས་འདུལ་བ་ལས་སློབ་དཔོན་དང་མཁན་པོས་བསྒོ་བ་ན་ཁས་བླང་བར་བྱའོ། །ཁས་མི་ལེན་ན་ཉེས་བྱས་སུ་འགྱུར་རོ་ཞེས་མ་གསུངས་སམ། དེ་དགེ་སློང་རབ་ཏུ་གྲགས་པས་སྨད་པས་ཅང་མི་སྨྲ་བར་འདུག་ནས། དེས་སྨྲས་པ། ལྷུང་བཟེད་དང་ཆུ་ཚགས་བླངས་ཏེ་མཆིའོ། །དགའ་བོས་སྨྲས་པ། དེར་ལྷུང་བཟེད་དང་ཆུ་ཚགས་ཀྱིས་ཅི་བྱ། དེར་སྣོད་བཀྲུས་པ་ལས་ཆུ་བཙགས་པ་དག་འཐོབ་ཀྱིས་ཚུར་ཤོག་འདོང་ངོ་། །ཆོས་དེ་གཉིས་དང་ལྷན་ཅིག་འཕགས་པ་དང་བསོད་སྙོམས་པ་ཞིག་གིས་མཐོང་ནས་དེས་སྨྲས་པ། ཆོས་གར་འགྲོ། མགྲོན་དུ་བོས་པར་འགྲོའོ། །ཟས་ཀྱི་ཚོད་ཤེས་པར་གྱིས་ཤིག །ཆོས་ཀྱིས་སྨྲས་པ། ཟན་ཟ་བར་འགྱུར་རམ། འོན་ཏེ་ཟན་བཅད་པར་འགྱུར་གཏོལ་མེད་དོ། །དེ་དེ་གཉིས་དང་ལྷན་ཅིག་མཉན་ཡོད་དུ་ཞུགས་པ་དང་། དེ་གཉིས་སྲང་དུ་དོང་སྟེ་ཚོང་ཁང་དུ་འཁོད་ནས་ཉེ་དགའ་ཁྱིམ་བདག་དེའི་ཁྱིམ་དུ་སོང་སྟེ་ཟན་ཟོས་ནས་ཕྱིར་འོངས་སོ། །དེའི་འོག་ཏུ་དགའ་བོ་ཡང་ཁྱིམ་བདག་དེའི་ཁྱིམ་དུ་སོང་སྟེ་


DKG007_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

ཟན་ཟ་ཞིང་འདུག་གོ །ཆོས་ཀྱིས་ཉེ་དགའ་ལ་སྨྲས་པ། སློབ་དཔོན་གདུགས་ཚོད་ལ་བབ་ཀྱིས་བཞུད་དོ། །ཉེ་དགའས་སྨྲས་པ། དེར་ཐམས་ཅད་སྟ་གོན་བྱས་ཟིན་པས་དེར་སོང་སྟེ་བཟའ་བ་ལས་གཞན་པའི་བྱ་བ་ཅི་ཡང་མེད་ཀྱིས་གདུགས་ཚོད་ཀྱི་ཁ་ཁོ་ནར་འདོང་ངོ་། །ཆོས་ལངས་ཏེ་རྐང་པ་གཉིས་ཀྱིས་གྲིབ་ཚོད་གཞལ་བར་བརྩམས་པ་དང་། ཉེ་དགའས་སྨྲས་པ། གླེན་པ་ཁྱོད་ཁོ་བོ་ཅག་གི་བསླབ་པ་ལ་ཅུང་ཟད་ཡིད་མི་ཆེས་སམ། ཅི་ཁྱོད་ཀྱིས་སྙིང་ལམ་ན་ཁོ་བོ་ཅག་དུས་མ་ཡིན་པར་ཟ་བར་འགྱུར་སྙམ་མམ། ཁོ་བོ་ལ་ཁྱོད་དང་ལྷན་ཅིག་སྨྲ་བའམ་འདུག་པ་བདེ་བ་མ་ཡིན་གྱི་འདི་ལྟར་ཁོ་བོ་གཅིག་པུ་ཁོ་ན་སྨྲའམ་འདུག་ན་བདེས་ཁྱོད་སོང་ཤིག །ཆོས་ཀྱིས་བསམས་པ། གལ་ཏེ་བདག་གིས་ལྷུང་བཟེད་དང་ཆུ་ཚགས་ཁྱེར་ཏེ་འོངས་པར་གྱུར་ན་བདག་བསོད་སྙོམས་ལ་རྒྱུ་བར་འགྱུར་བ་ཞིག་ན་ད་ནི་ཅི་བྱར་ཡང་མེད་དོ་སྙམ་ནས་དེ་གཙུག་ལག་ཁང་དུ་སོང་སྟེ། ཇི་སྲིད་དུ་དེའི་ལུས་ལ་མདངས་ཡོད་པ་དེ་སྲིད་དུ་དགེ་བའི་ཕྱོགས་ལ་ཏྲོན་བྱས་ནས། གང་གི་ཚེ་དེའི་ལུས་ལས་མདངས་ཡལ་བ་དེའི་ཚེ་ན་གློས་ཕབ་སྟེ་ཉལ་བ་དང་། དགེ་སློང་རྣམས་ཀྱིས་དེ་ལ་སྨྲས་པ། ཚེ་དང་ལྡན་པ་ཆོས་གལ་ཏེ་ཟན་གཞན་གྱི་ཡིན་ཞེས་ཏེ་ལྟོ་ཡང་གཞན་གྱི་ཡིན་ནམ། ཅི་ན་ཇི་ཙམ་གྱིས་དགེ་བའི་ཕྱོགས་ལ་ཏྲོན་བྱེད་ཀྱང་མི་ནུས་པ་དེ་ཙམ་གྱི་ཟན་ཟོས། ཆོས་ཀྱིས་སྨྲས་པ། སུས་ཟོས། ཁྱོད་ཀྱིས་མ་ཟོས་སམ། མ་ཟོས་སོ། །ཅིའི་ཕྱིར་དེས་སྐབས་དེ་རྒྱས་པར་བརྗོད་པ་དང་། དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་ཆེད་དུ་བསམས་ཏེ་དགེ་སློང་ཟན་གཅོད་དུ་འཇུད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཉེ་དགའ་ལ་རྨས་པ། ཉེ་དགའ་ཁྱོད་ཀླན་ཀ་ཚོལ་ཞིང་ཅི་ནས་ཀྱང་དགེ་སློང་འདི་ལ་ཀླན་ཀ་བཙལ་བར་


DKG007_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ་སྙམ་པ་དེ་ཉིད་རྐྱེན་དུ་བྱས་ཏེ་དགེ་སློང་ལ་འདི་སྐད་ཅེས་ཚེ་དང་ལྡན་པ་ཚུར་ཤོག་ཁྱིམ་དག་ཏུ་འདོང་དང་དེར་ཁྱོད་ལ་བཅའ་བ་དང་། བཟའ་བ་ཇི་ཙམ་འདོད་པ་སྦྱིན་དུ་གཞུག་གོ་ཞེས་སྨྲས་ནས་ཁྱོད་ཀྱིས་དེ་ལ་སྦྱིན་དུ་མ་བཅུག་པར་དེའི་འོག་ཏུ་འདི་སྐད་ཅེས། ཚེ་དང་ལྡན་པ་ཁོ་བོ་ལ་ཁྱོད་དང་ལྷན་ཅིག་སྨྲ་བའམ། འདུག་པ་བདེ་བ་མ་ཡིན་གྱིས་འདི་ལྟར་ཁོ་བོ་གཅིག་པུ་ཁོ་ན་སྨྲའམ་འདུག་ན་བདེས་ཁྱོད་སོང་ཤིག་ཅེས་ཟེར་ཞིང་ཟན་གཅོད་དུ་འཇུག་པ་བདེན་ནམ། བཙུན་པ་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་པར་སྨད་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་ཀླན་ཀ་ཚོལ་ཞིང་ཅི་ནས་ཀྱང་དགེ་སློང་འདི་ལ་ཀླན་ཀ་བཙལ་བར་འགྱུར་རོ་སྙམ་པ་དེ་ཉིད་རྐྱེན་དུ་བྱས་ཏེ། དགེ་སློང་ལ་འདི་སྐད་ཅེས་ཚེ་དང་ལྡན་པ་ཚུར་ཤོག །ཁྱིམ་དག་ཏུ་འདོང་དང་དེར་ཁྱོད་ལ་བཅའ་བ་དང་བཟའ་བ་བསོད་པ་ཇི་ཙམ་འདོད་པ་སྦྱིན་དུ་གཞུག་གོ་ཞེས་སྨྲས་ནས། དེས་དེ་ལ་སྦྱིན་དུ་མ་བཅུག་པར་དེའི་འོག་ཏུ་འདི་སྐད་ཅེས་ཚེ་དང་ལྡན་པ་ཁོ་བོ་ལ་ཁྱོད་དང་ལྷན་ཅིག་སྨྲ་བའམ་འདུག་པ་བདེ་བ་མ་ཡིན་གྱི། འདི་ལྟར་ཁོ་བོ་གཅིག་པུ་ཁོ་ན་སྨྲའམ་འདུག་ན་བདེས་ཁྱོད་སོང་ཤིག་ཅེས་ཟེར་ན་ལྟུང་བྱེད་དོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་ཤཱཀྱའི་བུ་ཉེ་དགའ་འམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །ཀླན་ཀ་ཚོལ་ཞིང་ཅི་ནས་ཀྱང་དགེ་སློང་འདི་ལ་ཀླན་ཀ་བཙལ་བར་འགྱུར་རོ་སྙམ་པ་ཞེས་བྱ་བ་ནི་ཅི་ནས་ཀྱང་དགེ་སློང་འདིའི་ཟན་གཅོད་དུ་བཅུག་པར་འགྱུར་རོ་སྙམ་པའོ། །དེ་ཉིད་རྐྱེན་དུ་བྱས་ཏེ་ཞེས་བྱ་བ་ནི་གཞན་མ་ཡིན་པའོ། །དགེ་སློང་ལ་ཞེས་བྱ་བ་ནི་ཆོས་འདི་པ་ལའོ། །འདི་སྐད་ཅེས་ཞེས་བྱ་བ་ནི་འདི་


DKG007_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་ཅེས་སྨྲས་ནས་སོ། །ཚེ་དང་ལྡན་པ་ཚུར་ཤོག་ཁྱིམ་དག་ཏུ་འདོང་དང་ཞེས་བྱ་བ་ནི་བྲམ་ཟེ་དང་། ཁྱིམ་བདག་གི་ཁྱིམ་དག་ཏུའོ། །དེར་ཁྱོད་ལ་བཅའ་བ་དང་བཟའ་བ་བསོད་པ་ཞེས་བྱ་བ་ནི་བཅའ་བ་ལྔ་དང་བཟའ་བ་ལྔའོ། །ཇི་ཙམ་འདོད་པ་སྦྱིན་དུ་གཞུག་གོ་ཞེས་སྨྲ་ནས་ཞེས་བྱ་བ་ནི་ཅི་ཙམ་གྱིས་ཆོག་པར་རོ། །དེས་དེ་ལ་སྦྱིན་དུ་མ་བཅུག་པར་དེའི་འོག་ཏུ་འདི་སྐད་ཅེས། ཚེ་དང་ལྡན་པ་ཁོ་བོ་ལ་ཁྱོད་དང་ལྷན་ཅིག་སྨྲ་བའམ་འདུག་པ་བདེ་བ་མ་ཡིན་གྱིས། འདི་ལྟར་ཁོ་བོ་གཅིག་པུ་ཁོ་ན་སྨྲའམ། འདུག་ན་བདེས་ཁྱོད་སོང་ཤིག་ཅེས་ཟེར་ན་ཞེས་བྱ་བ་ནི་དེ་སྐད་ཅེས་ཟེར་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་ངན་སོང་དང་། ངན་འགྲོ་དང་། ལོག་པར་ལྟུང་བ་དག་ཏུ་སྲེག་པར་བྱེད། འཚོད་པར་བྱེད། ལྟུང་བར་བྱེད་པའོ། །གཞན་ཡང་ཇི་སྲིད་དུ་ལྟུང་བ་དེ་མ་བཤགས་ཤིང་། སོ་སོར་མ་བཤགས་ན་དགེ་བའི་ཆོས་རྣམས་ལ་སྒྲིབ་པར་བྱེད་པ་སྟེ། དེས་ན་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་གིས་ཇི་ཙམ་ཅུང་ཟད་ཆེད་དུ་བསམས་ཏེ་དགེ་སློང་གི་ཟན་གཅོད་དུ་འཇུད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །ནད་པའི་བྱེད་དུ་འཇུད་པ་དང་སྨན་པས་བསྟན་པ་བྱེད་དུ་འཇུད་པ་ལ་ལྟུང་བ་མེད་དོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །ཟན་གཅོད་དུ་འཇུད་པའི་ལྟུང་བྱེད་དེ་ལྔ་བཅུ་རྩ་གཅིག་པ་རྫོགས་སོ།། །།སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེ་ནས་མཉན་ཡོད་པའི་ཚོང་པ་རབ་ཏུ་མང་པོ་དག་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འཁོད་དོ། །མཐའ་གཅིག་ཏུ་འཁོད་ནས་བཅོམ་ལྡན་འདས་མཉན་ཡོད་པའི་ཚོང་པ་རབ་ཏུ་མང་པོ་དག་ལ་ཆོས་དང་ལྡན་པའི་བཀའ་མཆིད་ཀྱིས་ཡང་དག་པར་སྟོན་པར་མཛད། ཡང་དག་པར་འཛིན་དུ་འཇུད་པར་མཛད། ཡང་དག་པར་གཟེངས་སྟོད་པར་མཛད། ཡང་དག་པར་རབ་ཏུ་དགའ་བར་མཛད་དོ། །


DKG007_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་གྲངས་དུ་མས་ཆོས་དང་ལྡན་པའི་བཀའ་མཆིད་ཀྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་ཅང་མི་གསུང་ངོ་། །དེ་ནས་མཉན་ཡོད་པའི་ཚོང་པ་རབ་ཏུ་མང་པོ་དག་གིས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ་མངོན་པར་དགའ་བ་དང་། རྗེས་སུ་ཡི་རང་བ་བྱས་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་དོང་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ག་ལ་བ་དེར་དོང་སྟེ་ཕྱིན་ནས། ཚེ་དང་ལྡན་པ་ཀུན་དགའ་བོའི་རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འཁོད་དོ། །མཐའ་གཅིག་ཏུ་འཁོད་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་མཉན་ཡོད་པའི་ཚོང་པ་རབ་ཏུ་མང་པོ་དག་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་སྟོན་པར་བྱེད། ཡང་དག་པར་འཛིན་དུ་འཇུད་པར་བྱེད། ཡང་དག་པར་གཟེངས་སྟོད་པར་བྱེད། ཡང་དག་པར་རབ་ཏུ་དགའ་བར་བྱེད་དོ། །རྣམ་གྲངས་དུ་མས་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་བྱས་ནས་ཅང་མི་སྨྲའོ། །དེ་ནས་མཉན་ཡོད་པའི་ཚོང་པ་རབ་ཏུ་མང་པོ་དག་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་བྱས་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་ཀུན་དགའ་བོ་བཅོམ་ལྡན་འདས་དབྱར་གནས་པར་ཞལ་གྱིས་བཞེས་ནས་གང་དུ་གཤེགས་པར་འགྱུར། ཤེས་ལྡན་དག་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་ཤིག །བཙུན་པ་ཀུན་དགའ་བོ་སངས་རྒྱས་བཅོམ་ལྡན་འདས་ནི་བསྙེན་པར་དཀའ་བ་དང་། བཟོད་པར་དཀའ་བ་ལགས་པས་བདག་ཅག་གིས་སངས་རྒྱས་བཅོམ་ལྡན་འདས་ལ་ཞུ་བའི་རྔོ་མི་ཐོག་གོ །ཤེས་ལྡན་དག་ཁོ་བོ་ལ་ཡང་སངས་རྒྱས་བཅོམ་ལྡན་འདས་བསྙེན་པར་དཀའ་བ་དང་། བཟོད་པར་དཀའ་བ་ཉིད་ཡིན་པས་ཁོ་བོས་ཀྱང་སངས་རྒྱས་བཅོམ་ལྡན་འདས་ལ་ཞུ་བར་མི་ནུས་སོ། །བཙུན་པ་ཀུན་དགའ་བོ་གལ་ཏེ་བཙུན་པ་ཀུན་དགའ་བོ་ལ་ཡང་སངས་


DKG007_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་བཅོམ་ལྡན་འདས་ནི་བསྙེན་པར་དཀའ་བ་དང་། བཟོད་པར་དཀའ་བ་ལགས་པས་བཙུན་པ་ཀུན་དགའ་བོས་ཀྱང་སངས་རྒྱས་བཅོམ་ལྡན་འདས་ལ་ཞུ་བར་མི་སྤྱོད་ན་བཙུན་པ་ཀུན་དགའ་བོས་མཚན་མའམ། བཀའ་མཆིད་ཀྱིས་བཅོམ་ལྡན་འདས་དབྱར་གནས་པར་ཞལ་གྱིས་བཞེས་ནས་ཕྱོགས་ག་གེ་མོར་གཤེགས་པར་འགྱུར་བར་ཇི་ལྟར་མཁྱེན། མཚན་མས་ནི་ཇི་ལྟར། བཀའ་མཆིད་ཀྱིས་ནི་ཇི་ལྟར་མཁྱེན། ཤེས་ལྡན་དག་བཅོམ་ལྡན་འདས་དབྱར་གནས་པར་ཞལ་གྱིས་བཞེས་པའི་ཕྱོགས་གང་དུ་གཤེགས་པར་བཞེད་པའི་ཕྱོགས་དེ་ལོགས་སུ་བཅོམ་ལྡན་འདས་ཞལ་གཟིགས་ཤིང་བཞུགས་ལ་དེ་དག་གི་བསྔགས་པ་ཡང་བརྗོད་པར་མཛད་དོ། །བཙུན་པ་ཀུན་དགའ་བོ་བཅོམ་ལྡན་འདས་ཞལ་གར་གཟིགས་ཤིང་བཞུགས། མི་གང་དག་གི་བསྔགས་པ་ཡང་བརྗོད་པར་མཛད། ཤེས་ལྡན་དག་བཅོམ་ལྡན་འདས་མ་ག་དྷཱར་ཞལ་གཟིགས་ཤིང་བཞུགས་ལ་རྒྱལ་པོའི་ཁབ་པའི་མི་དག་གི་བསྔགས་པ་ཡང་བརྗོད་པར་མཛད་དོ། །དེ་དག་གིས་ཚེ་དང་ལྡན་པ་ཀུན་དགའ་བོས་སྨྲས་པ་ལ་མངོན་པར་དགའ་བ་དང་རྗེས་སུ་ཡི་རང་བ་བྱས་ནས། ཚེ་དང་ལྡན་པ་ཀུན་དགའ་བོའི་རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་དོང་ནས་དེ་དག་གིས་བསམས་པ། བཅོམ་ལྡན་འདས་དབྱར་གནས་པར་ཞལ་གྱིས་བཞེས་ནས་རྒྱལ་པོའི་ཁབ་ཏུ་གཤེགས་པར་འགྱུར་རོ་སྙམ་ནས་དེ་དག་གིས་རྒྱལ་པོའི་ཁབ་ཏུ་འདོང་བའི་ཟོང་སྟ་གོན་བྱས་སོ། །དེ་ནས་བཅོམ་ལྡན་འདས་དབྱར་གནས་པར་ཞལ་གྱིས་བཞེས་ཏེ་དབྱར་གྱི་ཟླ་བ་གསུམ་པོ་དག་འདས་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་སོང་ལ་དགེ་སློང་རྣམས་ལ་དགེ་སློང་དག་དེ་བཞིན་གཤེགས་པ་མ་ག་དྷཱ་དག་ཏུ་ལྗོངས་རྒྱུར་གཤེགས་ཀྱིས་ཁྱེད་ཅག་ལས་གང་དེ་བཞིན་གཤེགས་པ་དང་ཐབས་ཅིག་མ་ག་དྷཱ་དག་ཏུ་ལྗོངས་རྒྱུར་འགྲོ་བར་སྤྲོ་བ་དེས་ཆོས་གོས་ཀྱི་ལས་གྱིས་ཤིག་ཅེས་བསྒོ་ཤིག །ཚེ་དང་ལྡན་པ་ཀུན་དགའ་བོས་བཙུན་པ་བཀའ་བཞིན་འཚལ་ཞེས་བཅོམ་ལྡན་འདས་ལས་མཉན་ནས་དགེ་སློང་རྣམས་ལ་ཚེ་དང་ལྡན་པ་དག་དེ་བཞིན་གཤེགས་པ་མ་ག་དྷཱ་དག་ཏུ་ལྗོངས་རྒྱུར་གཤེགས་ཀྱིས་


DKG007_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེད་ཅག་ལས་གང་དེ་བཞིན་གཤེགས་པ་དང་ཐབས་ཅིག་མ་ག་དྷཱ་དག་ཏུ་ལྗོངས་རྒྱུར་འགྲོ་བར་སྤྲོ་བ་དེས་ཆོས་གོས་ཀྱི་ལས་གྱིས་ཤིག་ཅེས་བསྒོའོ། །མཉན་ཡོད་པའི་ཚོང་པ་དག་གིས་ཚེ་དང་ལྡན་པ་ཀུན་དགའ་བོས་དགེ་སློང་རྣམས་ལ་ཚེ་དང་ལྡན་པ་དག་དེ་བཞིན་གཤེགས་པ་མ་ག་དྷཱ་དག་ཏུ་ལྗོངས་རྒྱུར་གཤེགས་ཀྱིས་ཁྱོད་ཅག་ལས་གང་དེ་བཞིན་གཤེགས་པ་དང་ཐབས་ཅིག་མ་ག་དྷཱ་དག་ཏུ་ལྗོངས་རྒྱུར་འགྲོ་བར་སྤྲོ་བ་དེས་ཆོས་གོས་ཀྱི་ལས་གྱིས་ཤིག་ཅེས་བསྒོ་བ་ཐོས་སོ། །ཐོས་ནས་ཀྱང་བཅོམ་ལྡན་འདས་ག་ལ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འཁོད་དོ། །མཐའ་གཅིག་ཏུ་འཁོད་ནས་བཅོམ་ལྡན་འདས་མཉན་ཡོད་པའི་ཚོང་པ་རབ་ཏུ་མང་པོ་དག་ལ་ཆོས་དང་ལྡན་པའི་བཀའ་མཆིད་ཀྱིས་ཡང་དག་པར་སྟོན་པར་མཛད། ཡང་དག་པར་འཛིན་དུ་འཇུད་པར་མཛད། ཡང་དག་པར་གཟེངས་སྟོད་པར་མཛད། ཡང་དག་པར་རབ་ཏུ་དགའ་བར་མཛད་དོ། །རྣམ་གྲངས་དུ་མས་ཆོས་དང་ལྡན་པའི་བཀའ་མཆིད་ཀྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་ཅང་མི་གསུང་ངོ་། །དེ་ནས་མཉན་ཡོད་པའི་ཚོང་པ་རབ་ཏུ་མང་པོ་དག་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་བྱས་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པས་མཉན་ཡོད་ནས་རྒྱལ་པོའི་ཁབ་ཀྱི་བར་ཇི་ཙམ་པར་བདག་ཅག་ལས་ན་བཟའ་དང་། བསོད་སྙོམས་དང་། གནས་མལ་དང་། བསྙུང་བའི་རྐྱེན་དང་། སྨན་གྱི་ཡོ་བྱད་དག་བཞེས་པར་ཅི་གནང་། བཅོམ་ལྡན་འདས་ཀྱིས་མཉན་ཡོད་པའི་ཚོང་པ་རབ་ཏུ་མང་པོ་དག་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་མཉན་ཡོད་པའི་ཚོང་པ་རབ་ཏུ་མང་པོ་དག་གིས་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་བར་རིག་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ་མངོན་པར་དགའ་བ་དང་རྗེས་སུ་ཡི་རང་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ནས་བཅོམ་ལྡན་འདས་ཀྱི་


DKG007_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་སྔ་ནས་དོང་ངོ་། །དེ་ནས་མཉན་ཡོད་པའི་ཚོང་པ་རབ་ཏུ་མང་པོ་དག་ཚེ་དང་ལྡན་པ་ཀུན་དགའ་བོ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། ཚེ་དང་ལྡན་པ་ཀུན་དགའ་བོའི་རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འཁོད་དོ། །མཐའ་གཅིག་ཏུ་འཁོད་ནས་མཉན་ཡོད་པའི་ཚོང་པ་རབ་ཏུ་མང་པོ་དག་གིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་ཀུན་དགའ་བོ་བཅོམ་ལྡན་འདས་ཤུལ་དག་ཏུ་ཇི་ཙམ་དུ་གཤེགས། ཤེས་ལྡན་དག་འདི་ལྟ་སྟེ། དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཙམ་དུའོ། །བཙུན་པ་ཀུན་དགའ་བོ་འཁོར་ལོས་སྒྱུར་བའི་རྒྱལ་པོས་ཇི་ཙམ་དུ་མཆིས། ཤེས་ལྡན་དག་འཁོར་ལོས་སྒྱུར་བའི་རྒྱལ་པོ་ནི་ལམ་དག་ཏུ་རྒྱང་གྲགས་བཅུར་འགྲོའོ། །དེ་དག་གིས་རྒྱང་གྲགས་བཅུ་བཅུར་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པའི་ཚོགས་དག་བཤམས་ཤིང་། དེ་དག་གིས་ཞལ་ཟས་གྲང་ཆ་གང་དག་ཡིན་པ་དེ་དག་ནི་དེ་ཉིད་ཀྱི་ཉིན་མོ་སྟ་གོན་བྱས། དྲོད་བག་གང་དག་ཡིན་པ་དེ་དག་ནི་ཉི་མ་རེ་རེ་ཞིང་སྟ་གོན་བྱེད་དོ། །དེ་ནས་བཅོམ་ལྡན་འདས་དུལ་བ་འཁོར་དུལ་བ་དང་ལྡན་པ། ཞི་བ་འཁོར་ཞི་བ་དང་ལྡན་པ། གྲོལ་བ་འཁོར་གྲོལ་བ་དང་ལྡན་པ། དབུགས་ཕྱིན་པ་འཁོར་དབུགས་ཕྱིན་པ་དང་ལྡན་པ། ཐུལ་བ་འཁོར་ཐུལ་བ་དང་ལྡན་པ། དགྲ་བཅོམ་པ་འཁོར་དགྲ་བཅོམ་པ་དང་ལྡན་པ། འདོད་ཆགས་དང་བྲལ་བ་འཁོར་འདོད་ཆགས་དང་བྲལ་བ་དང་ལྡན་པ། མཛེས་པ་འཁོར་མཛེས་པ་དང་ལྡན་པ། ཁྱུ་མཆོག་ལྟར་བ་ལང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། གླང་པོ་ཆེ་ལྟར་གླང་པོ་ཆེའི་ཕྲུ་གུའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། སེང་གེ་ལྟར་མཆེ་བ་ཅན་གྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ངང་པའི་རྒྱལ་པོ་ལྟར་ངང་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ནམ་མཁའ་ལྡིང་ལྟར་བྱའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། བྲམ་ཟེ་ལྟར་སློབ་མའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། སྨན་པ་མཁས་པ་ལྟར་ནད་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། དཔའ་བོ་ལྟར་རུ་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ས་མཁན་ལྟར་ལམ་དུ་ཞུགས་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། དེད་དཔོན་ལྟར་ཚོང་


DKG007_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ཚོང་དཔོན་ལྟར་འཁོར་གྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། མཁར་གྱི་རྒྱལ་པོ་ལྟར་བློན་པོའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། འཁོར་ལོས་སྒྱུར་བའི་རྒྱལ་པོ་ལྟར་བུ་སྟོང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ཟླ་བ་ལྟར་རྒྱུ་སྐར་གྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ཉི་མ་ལྟར་འོད་ཟེར་སྟོང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ཡུལ་འཁོར་སྲུང་ལྟར་དྲི་ཟའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། འཕགས་སྐྱེས་པོ་ལྟར་གྲུལ་བུམ་གྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། མིག་མི་བཟང་ལྟར་ཀླུའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ནོར་སྦྱིན་ལྟར་གནོད་སྦྱིན་གྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ཐགས་ཟངས་རིས་ལྟར་ལྷ་མ་ཡིན་གྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། བརྒྱ་བྱིན་ལྟར་སུམ་བཅུ་རྩ་གསུམ་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ཚངས་པ་ལྟར་ཚངས་རིས་ཀྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། དབང་པོ་རྣམས་ཤིན་ཏུ་དུལ་བ། སྤྱོད་ལམ་དང་སྤྱོད་པ་མ་འཁྲུགས་པ། ཆུ་གཏེར་ལྟར་ཏིང་ངེ་བ། སྤྲིན་ལྟར་ཆུ་དང་བཅས་པ། གླང་པོ་ཆེའི་རྒྱལ་པོ་ལྟར་དྲེགས་པ་དང་བྲལ་བ། སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་བཅུས་སྐུ་རྣམ་པར་མཛེས་པ། འོད་འདོམ་གང་གིས་གཟུགས་ཅན་བརྒྱན་པ། ཉི་མ་སྟོང་བས་ལྷག་པའི་འོད་དང་ལྡན་པ། རིན་པོ་ཆེའི་རི་བོ་འགྲོ་བ་ལྟར་ཀུན་དུ་བཟང་བ། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་གསུམ་དང་། ཐུགས་རྗེ་ཆེན་པོ་དང་ལྡན་པ། ཀུན་ཤེས་ཀཽཎྜི་ནྱ་དང་། རྟ་ཐུལ་དང་། བཟང་ལྡན་དང་། རླངས་པ་དང་། མིང་ཆེན་དང་། གྲགས་པ་དང་། གང་པོ་དང་། དྲི་མེད་དང་། བ་ལང་བདག་དང་། ལག་བཟངས་ལ་སོགས་པ་ཉན་ཐོས་ཆེན་པོ་དེ་དག་དང་། གཞན་ཡང་དགེ་སློང་གི་དགེ་འདུན་རབ་ཏུ་མང་པོས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ཏེ་རྒྱལ་པོའི་ཁབ་ག་ལ་བ་དེ་ལོགས་སུ་ལྗོངས་རྒྱུ་ཞིང་གཤེགས་སོ། །ཚེ་དང་ལྡན་པ་ཀུན་དགའ་བོ་དོན་མཐུན་གྱི་མདུན་དུ་སོང་བ་དང་། ཇི་ཙམ་ན་ལམ་ཁ་བྲག་མཐོང་ནས་དེས་བཅོམ་ལྡན་འདས་མ་གཤེགས་ཀྱི་བར་དུ་དེར་བསྡད་དོ། །


DKG007_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་གཤེགས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཅི་སྡོད། བཙུན་པ་འདི་ནི་ཤུལ་ཁ་བྲག་ལགས་ཏེ། ཤུལ་འདི་ནི་དྲང་ལ་སེང་གེའི་འཇིགས་པ་དང་བཅས་པ་ལགས། ཤུལ་འདི་ནི་འཁྱོག་ལ་བདེ་བ་ལགས་ན་ཤུལ་གང་ནས་མཆི་བར་བགྱི། ཀུན་དགའ་བོ་ལམ་དྲང་པོ་ནས་སོང་ཤིག་དང་། དེ་བཞིན་གཤེགས་པ་ནི་སེང་གེའི་འཇིགས་པ་དང་བྲལ་བ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཤུལ་དྲང་པོ་ནས་གཤེགས་པར་བརྩམས་ནས་ཇི་ཙམ་ན་ལམ་དེ་ན་རི་བྲགས་ཤིག་ཡོད་པ་དེར་བྱོན་པ་དང་། རི་བྲགས་དེ་ནས་བྱིས་པ་ཁྱེའུ་གཉིས་ཤིག་ལམ་ཀར་འོངས་ཏེ་རྩེ་ཞིང་འདུག་གོ །དེ་ན་གཅིག་གི་ལག་ན་ནི་རྔ་པ་ཊ་ཧ་ཐོགས། ཅིག་ཤོས་ཀྱི་ལག་ན་ནི་གཞུ་ཐོགས་སོ། །དེ་གཉིས་ཀྱིས་བཅོམ་ལྡན་འདས་མཐོང་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཚུར་གཤེགས་སུ་གསོལ། བཅོམ་ལྡན་འདས་བྱོན་པ་ལེགས་སོ། །བཅོམ་ལྡན་འདས་འཇིགས་པ་དང་བཅས་པའི་ཤུལ་དུ་གར་གཤེགས། འོན་ཀྱང་བཅོམ་ལྡན་འདས་མི་བསྙེངས་སུ་གསོལ། བདག་ཅག་གཉིས་ཀྱིས་བཅོམ་ལྡན་འདས་ཀྱི་བསེལ་བགྱིའོ། །དེ་ན་དད་པ་སྐྱེས་པ་གཅིག་གིས་ནི་རྔ་པ་ཊ་ཧ་བརྡུངས། དད་པ་སྐྱེས་པ་ཅིག་ཤོས་ཀྱིས་ནི་གཞུ་བདུངས་ཏེ། དེ་གཉིས་བཅོམ་ལྡན་འདས་ཀྱི་མདུན་དུ་འགྲོ་བར་བརྩམས་པ་དང་། བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ། ཁྱེའུ་འདི་གཉིས་ཀྱི་དགེ་བའི་རྩ་བ་དག་སྐྱེད་དོ་སྙམ་དུ་རིག་ནས་བཅོམ་ལྡན་འདས་ཀྱིས་ཁྱེའུ་དེ་གཉིས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཁྱེའུ་གཉིས་ཕྱིར་ལོག་ཤིག །དེ་བཞིན་གཤེགས་པ་ནི་སེང་གེའི་འཇིགས་པ་བྲལ་བ་ཡིན་ནོ། །དེ་གཉིས་ཀྱིས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་དོང་བ་དང་། བཅོམ་ལྡན་འདས་འཛུམ་པ་མཛད་དོ། །ཆོས་ཉིད་ཀྱིས་ན་གང་གི་ཚེ་སངས་རྒྱས་བཅོམ་ལྡན་འདས་རྣམས་འཛུམ་པ་མཛད་པ་དེའི་ཚེ་ན་ཞལ་ནས་འོད་ཟེར་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། བཙོད་ཀ་དང་། ཤེལ་དང་། དངུལ་གྱི་ཁ་དོག་ལྟ་བུ་དག་བྱུང་ནས་ཁ་ཅིག་ནི་འོག་ལོགས་སུ་འདོང་། ཁ་ཅིག་ནི་སྟེང་ལོགས་སུ་འདོང་བས་གང་དག་འོག་


DKG007_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

ལོགས་སུ་འདོང་བ་དེ་དག་ནི་སེམས་ཅན་དམྱལ་བ་ཡང་སོས་དང་། ཐིག་ནག་དང་། བསྡུས་འཇོམས་དང་། ངུ་འབོད་དང་། ངུ་འབོད་ཆེན་པོ་དང་། ཚ་བ་དང་། རབ་ཏུ་ཚ་བ་དང་། མནར་མེད་པ་དང་། ཆུ་བུར་ཅན་དང་། ཆུ་བུར་རྡོལ་དང་། སོ་ཐམས་ཐམས་དང་། ཀྱི་ཧུད་ཟེར་དང་། ཨ་ཆུ་ཟེར་དང་། ཨུཏྤལ་ལྟར་གས་པ་དང་། པད་མ་ལྟར་གས་པ་དང་། པད་མ་ལྟར་གས་པ་ཆེན་པོར་དོང་སྟེ། སེམས་ཅན་དམྱལ་བ་ཚ་བ་གང་དག་ཡིན་པ་དེ་དག་ཏུ་ནི་བསིལ་བར་གྱུར་ཏེ་འབབ་པར་བྱེད་ལ། སེམས་ཅན་དམྱལ་བ་གྲང་བ་གང་དག་ཡིན་པ་དེ་དག་ཏུ་ནི་དྲོ་བར་གྱུར་ཏེ་འབབ་པར་བྱེད་དོ། །དེས་སེམས་ཅན་དེ་དག་གི་གནོད་པའི་བྱེ་བྲག་གང་དག་རྒྱུན་གཅོད་པར་བྱེད་ཅིང་དེ་དག་འདི་སྙམ་དུ། ཤེས་ལྡན་དག་ཅི་བདག་ཅག་འདི་ནས་ཤི་འཕོས་སམ། འོན་ཏེ་གཞན་དུ་སྐྱེས་སྙམ་དུ་སེམས་སོ། །དེ་དག་དད་པ་བསྐྱེད་པར་བྱ་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་སྤྲུལ་པ་གཏང་བར་མཛད་དེ། དེ་དག་གིས་སྤྲུལ་པ་མཐོང་ནས་འདི་སྙམ་དུ་ཤེས་ལྡན་དག་བདག་ཅག་འདི་ནས་ཤི་འཕོས་པ་ཡང་མ་ཡིན་ལ། གཞན་དུ་སྐྱེས་པ་ཡང་མ་ཡིན་ཏེ། འདི་ལྟར་སེམས་ཅན་སྔོན་མ་མཐོང་བ་འདིའི་མཐུས་བདག་ཅག་གི་གནོད་པའི་བྱེ་བྲག་དག་རྒྱུན་ཆད་པར་གྱུར་ཏོ་སྙམ་དུ་སེམས་སོ། །དེ་དག་སྤྲུལ་པ་ལ་སེམས་མངོན་པར་དད་པར་གྱུར་ནས་སེམས་ཅན་དམྱལ་བ་མྱོང་བར་འགྱུར་བའི་ལས་དེ་ཟད་པར་བྱས་ནས་གང་དུ་བདེན་པ་དག་གི་སྣོད་དུ་གྱུར་པར་འགྱུར་བའི་ལྷ་དང་མི་རྣམས་ཀྱི་ནང་དུ་ཉིང་མཚམས་སྦྱོར་བ་ལེན་པར་བྱེད་དོ། །གང་དག་སྟེང་ལོགས་སུ་འདོང་བ་དེ་དག་ནི་རྒྱལ་ཆེན་བཞི་པ་དང་། སུམ་བཅུ་རྩ་གསུམ་པ་དང་། འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་དང་། ཚངས་རིས་དང་། ཚངས་པའི་མདུན་ན་འདོན་དང་། ཚངས་ཆེན་དང་། འོད་ཆུང་དང་། ཚད་མེད་འོད་དང་། འོད་གསལ་དང་། དགེ་ཆུང་དང་། ཚད་མེད་དགེ་དང་། དགེ་རྒྱས་དང་། སྤྲིན་མེད་དང་། བསོད་ནམས་སྐྱེས་དང་། འབྲས་བུ་ཆེ་དང་། མི་ཆེ་དང་། མི་གདུང་དང་། གྱ་ནོམ་སྣང་དང་། ཤིན་ཏུ་མཐོང་དང་། འོག་མིན་གྱི་ལྷ་རྣམས་ཀྱི་ནང་དུ་དོང་ནས་མི་རྟག་པ་དང་། སྡུག་བསྔལ་བ་དང་།


DKG007_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པ་དང་། བདག་མེད་པ་ཞེས་བྱ་བའི་སྒྲ་སྒྲོག་པར་བྱེད་ཅིང་ཚིགས་སུ་བཅད་པ་གཉིས་པོ། བརྩམ་པར་བྱ་ཞིང་འབྱུང་བར་བྱ། །སངས་རྒྱས་བསྟན་ལ་འཇུག་པར་བྱ། །འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན། །འཆི་བདག་སྡེ་ནི་གཞོམ་པར་བྱ། །གང་ཞིག་རབ་ཏུ་བག་ཡོད་པར། །ཆོས་འདུལ་འདི་ལ་སྤྱོད་འགྱུར་བ། །སྐྱེ་བའི་འཁོར་བ་རབ་སྤངས་ནས། །སྡུག་བསྔལ་ཐ་མར་བྱེད་པར་འགྱུར། །ཞེས་བྱ་བ་ཡང་སྨྲས་སོ། །དེ་ནས་འོད་ཟེར་དེ་དག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བྱུལ་ནས་བཅོམ་ལྡན་འདས་ཉིད་ཀྱི་སླད་བཞིན་སླད་བཞིན་དུ་རྗེས་སུ་འདོང་སྟེ། དེ་ལ་གལ་ཏེ་བཅོམ་ལྡན་འདས་འདས་པའི་ལས་ལུང་སྟོན་པར་བཞེད་ན་ནི་བཅོམ་ལྡན་འདས་ཀྱི་སྣམ་ལོགས་སུ་ནུབ་པར་འགྱུར་རོ། །མ་འོངས་པའི་ལས་ལུང་སྟོན་པར་བཞེད་ན་ནི་མདུན་ལོགས་སུ་ནུབ་པར་འགྱུར། སེམས་ཅན་དམྱལ་བར་སྐྱེ་བ་ལུང་སྟོན་པར་བཞེད་ན་ནི་ཞབས་ཀྱི་མཐིལ་དུ་ནུབ་པར་འགྱུར། དུད་འགྲོར་སྐྱེ་བ་ལུང་སྟོན་པར་བཞེད་ན་ནི་ལོང་བུར་ནུབ་པར་འགྱུར། ཡི་དགས་སུ་སྐྱེ་བ་ལུང་སྟོན་པར་བཞེད་ན་ནི་ཞབས་ཀྱི་མཐེ་བོར་ནུབ་པར་འགྱུར། མིར་སྐྱེ་བ་ལུང་སྟོན་པར་བཞེད་ན་ནི་པུས་མོར་ནུབ་པར་འགྱུར། སྟོབས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ལུང་སྟོན་པར་བཞེད་ན་ནི་ཕྱག་མཐིལ་གཡོན་པར་ནུབ་པར་འགྱུར། འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ལུང་སྟོན་པར་བཞེད་ན་ནི་ཕྱག་མཐིལ་གཡས་པར་ནུབ་པར་འགྱུར། ལྷར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་ལྟེ་བར་ནུབ་པར་འགྱུར། ཉན་ཐོས་ཀྱི་བྱང་ཆུབ་ལུང་སྟོན་པར་བཞེད་ན་ནི་ཞལ་དུ་ནུབ་པར་འགྱུར། རང་སངས་རྒྱས་ཀྱི་བྱང་ཆུབ་ལུང་སྟོན་པར་བཞེད་ན་ནི་མཛོད་སྤུར་ནུབ་པར་འགྱུར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལུང་སྟོན་པར་བཞེད་ན་ནི་གཙུག་ཏོར་དུ་ནུབ་པར་འགྱུར་རོ། །དེ་ནས་འོད་ཟེར་དེ་དག་གིས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ་བཅོམ་ལྡན་འདས་ཀྱི་མཛོད་སྤུར་ནུབ་བོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་ཐལ་མོ་སྦྱར་ཏེ་བཅོམ་ལྡན་འདས་ལ་ཞུས་པ། ཁ་དོག་སྣ་ཚོགས་སྟོང་གིས་བཀྲ་བ་ཡི། །ཚོགས་རྣམས་ཞལ་གྱི་སྒྲོས་ནས་བྱུང་གྱུར་ཏེ། །དེ་ཡིས་


DKG007_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་རྣམས་ཐམས་ཅད་སྣང་བགྱིས་པ། །ཉི་གདུགས་བདལ་བར་གྱུར་པ་ཇི་བཞིན་ནོ། །ཡང་ཚིགས་སུ་བཅད་པ་སྨྲས་པ། རྒོད་བྲལ་ཞུམ་དང་རྒྱགས་པ་རབ་སྤངས་པ། །སངས་རྒྱས་འགྲོ་བ་མཆོག་གི་རྒྱུར་གྱུར་པ། །རྒྱལ་བ་དགྲ་ཐུལ་བྱེད་རྒྱུ་མ་མཆིས་པར། །རྩ་ལག་དུང་ལྟར་དཀར་འཛུམ་སྟོན་མི་མཛད། །དེ་སླད་སྟོན་པ་རང་བློས་དུས་མཁྱེན་ནས། །ཐུབ་པ་ཁྱུ་མཆོག་དགེ་སྦྱོང་སྐྱེ་དབང་པོ། །ཉན་པའི་སྐྱེ་བོ་སོམ་ཉི་ལྡན་རྣམས་ལ། །ཐེ་ཚོམ་སྐྱེས་པ་གསུང་ཚིག་བརྟན་པ་དང་། །དམ་པ་དགེ་བ་དག་གིས་བསལ་དུ་གསོལ། །ཚྭ་ཆུའི་རི་རྒྱལ་ལྟ་བུར་བརྟན་པ་ཡི། །སངས་རྒྱས་མགོན་རྣམས་བློ་བུར་འཛུམ་མི་སྟོན། །བརྟན་རྣམས་ཇི་སླད་འཛུམ་པ་སྟོན་མཛད་པ། །སྐྱེ་བོའི་ཚོགས་རྣམས་དེ་ནི་ཉན་པར་འཚལ། །བཙུན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་རྒྱུ་མ་མཆིས། རྐྱེན་མ་མཆིས་པར་འཛུམ་པ་མི་མཛད་ན། བཙུན་པ་འཛུམ་པ་མཛད་པའི་རྒྱུ་ནི་གང་ལགས། རྐྱེན་ནི་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཀུན་དགའ་བོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་རྒྱུ་མེད་རྐྱེན་མེད་པར་འཛུམ་པ་མི་མཛད་དོ། །ཀུན་དགའ་བོ་ཁྱོད་ཀྱིས་གང་དག་གིས་དེ་བཞིན་གཤེགས་པའི་བསེལ་བྱས་པའི་བྱིས་པ་ཁྱེའུ་གཉིས་མཐོང་ངམ། བཙུན་པ་མཐོང་ངོ་། །ཀུན་དགའ་བོ་ཁྱེའུ་དེ་གཉིས་ནི་དགེ་བའི་རྩ་བ་འདི་དང་། ལེགས་པར་སྤྱད་པ་འདིས་བསྐལ་པ་བཅུ་གསུམ་དུ་ལོག་པར་ལྟུང་བར་འགྲོ་བར་མི་འགྱུར་ཞིང་། དེ་གཉིས་ལྷ་དང་མི་རྣམས་སུ་ཉིང་མཚམས་སྦྱོར་ཅིང་འཁོར་ནས་སྲིད་པ་ཐ་མ་དང་། གནས་ཐ་མ་དང་། གཟུགས་ཐ་མ་དང་། ལུས་ཐ་མ་ཐོབ་པ་ན་ལས་དེ་ཉིད་དང་། དགེ་བའི་རྩ་བ་དེ་ཉིད་དང་། ལེགས་པར་སྤྱད་པ་དེ་ཉིད་ཀྱིས་རབ་ཏུ་བྱུང་ནས་རང་བྱང་ཆུབ་མངོན་དུ་བྱེད་པར་འགྱུར་ཏེ། གཅིག་ནི་རང་སངས་རྒྱས་རྔ་སྒྲ་ཞེས་བྱ་བར་འགྱུར། ཅིག་ཤོས་ནི་རང་སངས་རྒྱས་མི་འཇིགས་སྦྱིན་ཞེས་བྱ་བར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་གྲོང་ཁྱེར་མེད་པའི་དགོན་པའི་གནས་ཤིག་ཏུ་མཚན་མོ་གནས་


DKG007_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཞལ་གྱིས་བཞེས་སོ། །བཅོམ་ལྡན་འདས་ཀྱིས་ཤིང་ལྗོན་པ་ཡང་རྒན་རིམས་ཀྱིས་བསྐོར་བར་བྱའོ་ཞེས་བཀའ་སྩལ་པས་དྲུག་སྡེ་དག་གིས་ཤིང་ལྗོན་པ་ཁོང་སྟོང་ཞིག་ཐོབ་ནས། དེ་དག་གྲང་བ་དག་གིས་ཤིང་ལྗོན་པ་ཁོང་སྟོང་དེ་ལ་མེ་བཏང་བ་དང་། ཤིང་ལྗོན་པ་ཁོང་སྟོང་དེ་ལ་སྦྲུལ་དུག་མྱུར་དུ་ཁྱབ་པར་བྱེད་པ་ཞིག་གནས་པ་དེ་དུ་བས་དཀྲུགས་ནས་སྟེང་གི་ཡལ་ག་ལ་འཛེགས་ཏེ་འཕྱང་ཞིང་འདུག་གོ། །དྲུག་སྡེ་དག་གིས་དེ་འཕྱང་ཞིང་འདུག་པ་མཐོང་ནས། དེ་དག་གིས་སྨྲས་པ། བྱུང་ངོ་བྱུང་ངོ་། །དོན་མཐུན་གྱིས་དེ་ཐོས་ནས་བསམསཔ། སེང་གེ་བྱུང་ངོ་སྙམ་ནས་དོན་མཐུན་སྐྲག་སྟེ་ཕྱོགས་བཞིར་བྲོས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཅིའི་ཕྱིར་དོན་མཐུན་འདི་ཕྱོགས་བཞིར་བྲོས། བཙུན་པ་བཅོམ་ལྡན་འདས་ཀྱིས་ཞུགས་ཤིང་ལྗོན་པ་ཡང་རྒན་རིམས་ཀྱིས་བསྐོར་བར་བྱའོ་ཞེས་བཀའ་སྩལ་པས། དྲུག་སྡེ་དག་གིས་ཞུགས་ཤིང་ལྗོན་པ་ཁོང་སྟོང་ཞིག་ཐོབ་ནས་དེ་དག་གྲང་བ་དག་གིས་ཞུགས་ཤིང་ལྗོན་པ་ཁོང་སྟོང་དེ་ལ་ཞུགས་བཏང་བ་དང་། ཞུགས་ཤིང་ལྗོན་པ་ཁོང་སྟོང་དེ་ལ་སྦྲུལ་དུག་མྱུར་དུ་ཁྱབ་པར་བགྱིད་པ་ཞིག་གནས་པ་དེ་དུ་བས་དཀྲུགས་ནས་སྟེང་གི་ཡལ་ག་ལ་འཛེགས་ཏེ་འཕྱང་ཞིང་མཆིས་པ་དྲུག་སྡེ་དག་གིས་མཐོང་ནས་དེ་དག་གིས་བྱུང་ངོ་བྱུང་ངོ་ཞེས་བགྱིས་པ་དང་། དོན་མཐུན་གྱིས་དེ་ཐོས་ནས་ཅི་སེང་གེ་བྱུང་ངོ་སྙམ་ནས་དོན་མཐུན་སྐྲག་སྟེ་ཕྱོགས་བཞིར་བྲོས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་སོང་ལ་དོན་མཐུན་ལ་དེ་བཞིན་གཤེགས་པ་ནི་སེང་གེའི་འཇིགས་པ་དང་བྲལ་བ་ཡིན་གྱིས། ཕྱིར་ལོག་ཤིག་ཅེས་བསྒོ་ཤིག །ཚེ་དང་ལྡན་པ་ཀུན་དགའ་བོས་བཙུན་པ་བཀའ་བཞིན་འཚལ་ཞེས་བཅོམ་ལྡན་འདས་ལས་མཉན་ནས་དོན་མཐུན་གྱི་གན་དུ་སོང་སྟེ། ཤེས་ལྡན་དག་དེ་བཞིན་གཤེགས་པ་ནི་སེང་གེའི་འཇིགས་པ་དང་བྲལ་བ་ཡིན་གྱིས། ཕྱིར་ལོག་ཤིག་ཅེས་སྨྲས་ནས་དེ་ཕྱིར་ལོག་པར་གྱུར་ཏོ། །དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་དྲུག་སྡེ་དག་གིས་དོན་མཐུན་སྐྲག་པར་བགྱིས་ཏེ། ཕྱོགས་བཞིར་བྲོས་པ་བཅོམ་ལྡན་འདས་ཀྱིས་དབུགས་ཕྱུང་


DKG007_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལ་གཟིགས། དགེ་སློང་དག་ད་ལྟར་དུ་མ་ཟད་དེ། འདི་ལྟར་འདས་པའི་དུས་ན་ཡང་འདི་དག་གིས་རི་དགས་ཀྱི་ཚོགས་ཆེན་པོ་སྐྲག་པར་བྱས་ཏེ་ཕྱོགས་བཞིར་བྲོས་པ་ངས་དབུགས་ཕྱུང་སྟེ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་མཚེའུ་ཞིག་གི་འགྲམ་ན་ཤིང་བིལ་བའི་ཚལ་ཡོད་དེ། ཤིང་བིལ་བའི་ཚལ་དེ་ན་རི་བོང་དྲུག་ཅིག་གནས་སོ། །ཤིང་བིལ་བའི་ཚལ་དེ་ནས་ཤིང་བིལ་བ་ཞིག་མཚེའུའི་ནང་དུ་རྡིབ་པ་ན་སྒྲ་ཅལ་ཅེས་ཟེར་བ་བྱུང་ངོ་། །རི་བོང་དྲུག་པོ་དེ་དག་གིས་སྒྲ་དེ་ཐོས་ནས་དེ་དག་ལུས་ཆུང་བས་སྐྲག་སྟེ་འབྲོས་པར་བརྩམས་སོ། །དེ་དག་འབྲོས་པ་ཝ་དག་གིས་མཐོང་ནས་དེ་དག་གིས་སྨྲས་པ། ཤེས་ལྡན་དག་ཅིའི་ཕྱིར་འབྲོས། རི་བོང་དག་གིས་སྨྲས་པ། ཅལ་ཅལ་ཟེར་བ་བྱུང་ངོ་། །དེ་ནས་ཝ་དེ་དག་གིས་ཀྱང་འབྲོས་པར་བརྩམས་སོ། །དེ་དག་འབྲོས་པ་སྦྲེ་དག་གིས་མཐོང་ནས་དེ་དག་གིས་སྨྲས་པ། ཤེས་ལྡན་དག་ཅིའི་ཕྱིར་འབྲོས། ཝ་དག་གིས་སྨྲས་པ། ཅལ་ཅལ་ཟེར་བ་བྱུང་ངོ་། །དེ་ནས་སྦྲེ་དེ་དག་གིས་ཀྱང་འབྲོས་པར་བརྩམས་སོ། །དེ་དག་འབྲོས་པ་རི་དགས་དག་གིས་མཐོང་ནས་དེ་དག་གིས་སྨྲས་པ། ཤེས་ལྡན་དག་ཅིའི་ཕྱིར་འབྲོས། སྦྲེ་དག་གིས་སྨྲས་པ། ཅལ་ཅལ་ཟེར་བ་བྱུང་ངོ་། །དེ་ནས་རི་དགས་དག་གིས་ཀྱང་འབྲོས་པར་བརྩམས་སོ། །དེ་དག་འབྲོས་པ་ཕག་དག་གིས་མཐོང་ནས་དེ་དག་གིས་སྨྲས་པ། ཤེས་ལྡན་དག་ཅིའི་ཕྱིར་འབྲོས། རི་དགས་དག་གིས་སྨྲས་པ། ཅལ་ཅལ་ཟེར་བ་བྱུང་ངོ་། །དེ་ནས་ཕག་དག་གིས་ཀྱང་འབྲོས་པར་བརྩམས་སོ། །དེ་དག་འབྲོས་པ་མ་ཧེ་དག་གིས་མཐོང་ནས་དེ་དག་གིས་སྨྲས་པ། ཤེས་ལྡན་དག་ཅིའི་ཕྱིར་འབྲོས། ཕག་དག་གིས་སྨྲས་པ། ཅལ་ཅལ་ཟེར་བ་བྱུང་ངོ་། །དེ་ནས་མ་ཧེ་དག་གིས་ཀྱང་འབྲོས་པར་བརྩམས་སོ། །དེ་དག་འབྲོས་པ་བསེ་དག་གིས་མཐོང་ནས་དེ་དག་གིས་སྨྲས་པ། ཤེས་ལྡན་དག་ཅིའི་ཕྱིར་འབྲོས། མ་ཧེ་དག་གིས་སྨྲས་པ། ཅལ་ཅལ་ཟེར་བ་བྱུང་ངོ་། །དེ་ནས་བསེ་དེ་དག་གིས་ཀྱང་འབྲོས་པར་བརྩམས་སོ། །དེ་དག་འབྲོས་པ་གླང་པོ་ཆེ་དག་གིས་མཐོང་ནས་དེ་དག་གིས་སྨྲས་པ། ཤེས་ལྡན་དག་ཅིའི་ཕྱིར་འབྲོས། བསེ་


DKG007_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

དག་གིས་སྨྲས་པ། ཅལ་ཅལ་ཟེར་བ་བྱུང་ངོ་། །དེ་ནས་གླང་པོ་ཆེ་དེ་དག་གིས་ཀྱང་འབྲོས་པར་བརྩམས་སོ། །དེ་དག་འབྲོས་པ་དོམ་དག་གིས་མཐོང་ནས་དེ་དག་གིས་སྨྲས་པ། ཤེས་ལྡན་དག་ཅིའི་ཕྱིར་འབྲོས། གླང་པོ་ཆེ་དག་གིས་སྨྲས་པ། ཅལ་ཅལ་ཟེར་བ་བྱུང་ངོ་། །དེ་ནས་དོམ་དེ་དག་གིས་ཀྱང་འབྲོས་པར་བརྩམས་སོ། །དེ་དག་འབྲོས་པ་དྲེད་དག་གིས་མཐོང་ནས་དེ་དག་གིས་སྨྲས་པ། ཤེས་ལྡན་དག་ཅིའི་ཕྱིར་འབྲོས། དོམ་དག་གིས་སྨྲས་པ། ཅལ་ཅལ་ཟེར་བ་བྱུང་ངོ་། །དེ་ནས་དྲེད་དེ་དག་གིས་ཀྱང་འབྲོས་པར་བརྩམས་སོ། །དེ་དག་འབྲོས་པ་གུང་དག་གིས་མཐོང་ནས་དེ་དག་གིས་སྨྲས་པ། ཤེས་ལྡན་དག་ཅིའི་ཕྱིར་འབྲོས། དྲེད་དག་གིས་སྨྲས་པ། ཅལ་ཅལ་ཟེར་བ་བྱུང་ངོ་། །དེ་ནས་གུང་དེ་དག་གིས་ཀྱང་འབྲོས་པར་བརྩམས་སོ། །དེ་དག་འབྲོས་པ་སྟག་དག་གིས་མཐོང་ནས་དེ་དག་གིས་སྨྲས་པ། ཤེས་ལྡན་དག་ཅིའི་ཕྱིར་འབྲོས། གུང་དག་གིས་སྨྲས་པ། ཅལ་ཅལ་ཟེར་བ་བྱུང་ངོ་། །དེ་ནས་སྟག་དེ་དག་གིས་ཀྱང་འབྲོས་པར་བརྩམས་སོ། །དེ་དག་འབྲོས་པ་སེང་གེ་དག་གིས་མཐོང་ནས་དེ་དག་གིས་སྨྲས་པ། ཤེས་ལྡན་དག་ཅིའི་ཕྱིར་འབྲོས། སྟག་དག་གིས་སྨྲས་པ། ཅལ་ཅལ་ཟེར་བ་བྱུང་ངོ་། །དེ་ནས་སེང་གེ་དེ་དག་གིས་ཀྱང་འབྲོས་པར་བརྩམས་སོ། །ཇི་ཙམ་ན་རི་དྲུང་དང་ཉེ་བ་ཞིག་ན་སེང་གེ་རལ་པ་ཅན་ཅོད་པན་ལྟ་བུ་དང་ལྡན་པ་ཞིག་འདུག་པ་དེས་སེང་གེ་དེ་དག་འབྲོས་པ་མཐོང་ནས། དེས་སྨྲས་པ། ཤེས་ལྡན་དག །ཁྱེད་ཅག་ཐམས་ཅད་ནི་སྡེར་མོའི་སྟོབས་ཅན་དང་། མཆེ་བའི་སྟོབས་ཅན་ཤ་སྟག་ཡིན་ན་ཅིའི་ཕྱིར་འབྲོས། སེང་གེ་དེ་དག་གིས་སྨྲས་པ། ཅལ་ཅལ་ཟེར་བ་བྱུང་ངོ་། །ཤེས་ལྡན་དག་ཅལ་ཅལ་ཟེར་བ་དེ་ག་ལས་བྱུང་། བདག་གིས་ཀྱང་ཅལ་ཅལ་ཟེར་བ་ག་ལས་བྱུང་མི་ཤེས་སོ། །སེང་གེ་དེས་སྨྲས་པ། ཤེས་ལྡན་དག་མ་འབྲོས་ཤིག་དང་། ཅལ་ཅལ་ཟེར་བ་ག་ལས་བྱུང་བ་བརྟག་པར་བྱའོ་ཞེས་དེས་སྟག་དག་ལ་རྨས་པ། ཁྱེད་ཅག་ལ་སུས་སྨྲས། སྟག་དག་གིས་སྨྲས་པ། གུང་དག་གིས་སོ། །དེས་གུང་དག་ལ་རྨས་པ། ཁྱེད་ཅག་ལ་སུས་སྨྲས། གུང་དག་གིས་སྨྲས་པ།


DKG007_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

དྲེད་དག་གིས་སོ། །དེས་དྲེད་དག་ལ་རྨས་པ། ཁྱེད་ཅག་ལ་སུས་སྨྲས། དྲེད་དག་གིས་སྨྲས་པ། དོམ་དག་གིས་སོ། །དེས་དོམ་དག་ལ་རྨས་པ། ཁྱེད་ཅག་ལ་སུས་སྨྲས། དོམ་དག་གིས་སྨྲས་པ། གླང་པོ་ཆེ་དག་གིས་སོ། །དེས་གླང་པོ་ཆེ་དག་ལ་རྨས་པ། ཁྱེད་ཅག་ལ་སུས་སྨྲས། གླང་པོ་ཆེ་དག་གིས་སྨྲས་པ། བསེ་དག་གིས་སོ། །དེས་བསེ་དག་ལ་རྨས་པ། ཁྱེད་ཅག་ལ་སུས་སྨྲས། བསེ་དག་གིས་སྨྲས་པ། མ་ཧེ་དག་གིས་སོ། །དེས་མ་ཧེ་དག་ལ་རྨས་པ། ཁྱེད་ཅག་ལ་སུས་སྨྲས། མ་ཧེ་དག་གིས་སྨྲས་པ། ཕག་དག་གིས་སོ། །དེས་ཕག་དག་ལ་རྨས་པ། ཁྱེད་ཅག་ལ་སུས་སྨྲས། ཕག་དག་གིས་སྨྲས་པ། རི་དགས་དག་གིས་སོ། །དེས་རི་དགས་དག་ལ་རྨས་པ། ཁྱེད་ཅག་ལ་སུས་སྨྲས། རི་དགས་དག་གིས་སྨྲས་པ། སྦྲེ་དག་གིས་སོ། །དེས་སྦྲེ་དག་ལ་རྨས་པ། ཁྱེད་ཅག་ལ་སུས་སྨྲས། སྦྲེ་དག་གིས་སྨྲས་པ། ཝ་དག་གིས་སོ། །དེས་ཝ་དག་ལ་རྨས་པ། ཁྱེད་ཅག་ལ་སུས་སྨྲས། ཝ་དག་གིས་སྨྲས་པ། རི་བོང་དག་གིས་སོ། །དེས་རི་བོང་དག་ལ་རྨས་པ། ཁྱེད་ཅག་ལ་སུས་སྨྲས། རི་བོང་དག་གིས་སྨྲས་པ། བདག་ཅག་གིས་འཇིགས་པ་དེ་མངོན་སུམ་དུ་མཐོང་གིས་ཚུར་ཤོག་དང་ཅལ་ཅལ་ཟེར་བ་དེ་ག་ལས་བྱུང་བ་བསྟན་པར་བྱའོ་ཞེས་དེ་དག་གིས་སེང་གེ་དེ་ཁྲིད་དེ་ཤིང་བིལ་བའི་ཚལ་དེ་བསྟན་ནས་ཅལ་ཅལ་ཟེར་བ་དེ་འདི་ནས་བྱུང་ངོ་ཞེས་སྨྲས་པ་དང་། ཇི་ཙམ་ན་ཤིང་བིལ་བའི་ཚལ་དེ་ནས་ཡང་བིལ་བ་ཞིག་མཚེའུ་དེའི་ནང་དུ་རྡིབ་པ་ན་སྒྲ་ཅལ་ཅེས་ཟེར་བ་བྱུང་ནས་སེང་གེ་དེས་སྨྲས་པ། ཤེས་ལྡན་དག་འདི་ནི་ཅལ་བ་ཡིན་གྱིས་མ་འཇིགས་ཤིག་ཅེས་ཐམས་ཅད་དབུགས་ཕྱུང་བ་དང་། ལྷས་ཚིགས་སུ་བཅད་པས་སྨྲས་པ། རབ་ཏུ་གྲགས་པས་འགྲོ་མི་བྱ། །བདག་ཉིད་ཀྱིས་ནི་མངོན་སུམ་བྱ། །བིལ་བ་རྡིབ་པས་ནགས་ཚལ་ནི། །རྐང་བཞི་མེད་པར་བྱས་ལ་ལྟོས། །དགེ་སློང་དག་དེའི་ཚེ་དེའི་དུས་ན་སེང་གེ་རལ་པ་ཅན་ཅོད་པན་ལྟ་བུ་དང་ལྡན་པ་གང་གིས་རི་དགས་ཀྱི་ཚོགས་ཆེན་པོ་སྐྲག་པ་ཕྱོགས་བཞིར་བྲོས་པ་དག་དབུགས་ཕྱུང་བར་གྱུར་པ་དེ་ནི་ང་ཉིད་ཡིན་ནོ། །དེའི་ཚེ་དེའི་དུས་ན་རི་བོང་དྲུག་པོ་


DKG007_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

གང་དག་གིས་རི་དགས་ཀྱི་ཚོགས་ཆེན་པོ་སྐྲག་པར་བྱས་པ་དེ་དག་ནི་དྲུག་སྡེ་དག་ཡིན་ཏེ། དགེ་སློང་དག་དེ་ལྟར་འདས་པའི་དུས་ན་ཡང་འདི་དག་གིས་རི་དགས་ཀྱི་ཚོགས་ཆེན་པོ་སྐྲག་པར་བྱས་ཏེ་ཕྱོགས་བཞིར་བྲོས་པ་ངས་དབུགས་ཕྱུང་ལ། ད་ལྟར་ཡང་འདི་དག་གིས་དོན་མཐུན་སྐྲག་པར་བྱས་ཏེ་ཕྱོགས་བཞིར་བྲོས་པ་ངས་དབུགས་ཕྱུང་ངོ་། །འདི་ནི་རེ་ཞིག་བྱུང་བ་ཡིན་ཏེ་སངས་རྒྱས་བཅོམ་ལྡན་འདས་རེ་ཞིག་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་འཆའ་བར་ནི་མི་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་སོང་ལ་དོན་མཐུན་ལ་ཁྱེད་ཅག་ལས་གང་ཡང་དོན་མཐུན་གྱི་མདུན་དུ་མ་འགྲོ་ཤིག །དེ་བཞིན་གཤེགས་པ་ཉིད་དོན་མཐུན་གྱི་མདུན་དུ་གཤེགས་སོ་ཞེས་བསྒོ་ཤིག །ཚེ་དང་ལྡན་པ་ཀུན་དགའ་བོས་བཙུན་པ་བཀའ་བཞིན་འཚལ་ཞེས་བཅོམ་ལྡན་འདས་ལས་མཉན་ནས་དོན་མཐུན་གྱི་གན་དུ་སོང་ཏེ་སྨྲས་པ། ཤེས་ལྡན་དག་དེ་བཞིན་གཤེགས་པས་བཀའ་སྩལ་པ། ཁྱེད་ཅག་ལས་གང་ཡང་དོན་མཐུན་གྱི་མདུན་དུ་མ་འགྲོ་ཤིག །དེ་བཞིན་གཤེགས་པ་ཉིད་དོན་མཐུན་གྱི་མདུན་དུ་གཤེགས་སོ་ཞེས་བྱུང་ངོ་ཞེས་བསྒོའོ། །དེ་ནས་དེ་བཞིན་གཤེགས་པ་ཉིད་དོན་མཐུན་གྱི་མདུན་དུ་གཤེགས་པ་དང་། ཇི་ཙམ་ན་སེང་གེ་རལ་པ་ཅན་ཅོད་པན་ལྟ་བུ་དང་ལྡན་པ་ཞིག་རྔམ་སྟེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདོར་ཅིང་བྱུང་བ་དང་། བཅོམ་ལྡན་འདས་ཀྱིས་ཕྱག་གཡས་པའི་མཐིལ་དུ་སེང་གེ་རལ་པ་ཅན་ཅོད་པན་ལྟ་བུ་དང་ལྡན་པ་ལྔ་སྤྲུལ་པ་མཛད་ནས། དེས་དེ་དག་གི་དྲི་ཚོར་ནས་སྐྲག་སྟེ་འབྲོས་པར་བརྩམས་པ་དང་། བཅོམ་ལྡན་འདས་ཀྱིས་ཕྱོགས་བཞིར་མེ་སྤྲུལ་པ་མཛད་དོ། །སེང་གེ་དེས་ཕྱོགས་བཞིར་འབར། རབ་ཏུ་འབར། ཀུན་དུ་རབ་ཏུ་འབར་ཏེ་མེ་ལྕེ་གཅིག་ཏུ་གྱུར་ཅིང་འབར་བར་མཐོང་ཞིང་བཅོམ་ལྡན་འདས་ཉིད་ཀྱི་ཞབས་ཀྱི་དྲུང་འབའ་ཞིག་ན་ཞི་བར་མཐོང་ནས། དེས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་གཏུགས་པ་དང་། བཅོམ་ལྡན་འདས་ཀྱི་ཕྱག་འཁོར་ལོ་དང་། བཀྲ་ཤིས་དང་། གཡུང་དྲུང་དང་། དྲ་བས་འབྲེལ་བ། བསོད་ནམས་བརྒྱ་ཕྲག་དུ་མ་ལས་འཁྲུངས་པ།


DKG007_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་པ་རྣམས་དབུགས་འབྱིན་པར་མཛད་པས་མགོ་ལ་བྱུགས་ཏེ་བཀའ་སྩལ་པ། བཞིན་བཟངས་ཁྱོད་སྔོན་གྱི་ཉེས་པར་སྤྱད་པ་དང་ལྡན་པས་དུད་འགྲོའི་སྐྱེ་གནས་སུ་སྐྱེས་ཏེ། ཁྱོད་ད་ལྟར་དྲག་ཤུལ་ཅན་ལག་པ་དམར་བསྣུན་པ་དང་རབ་ཏུ་སྣུན་པ་ལ་ཞུགས་པ། གཞན་གྱི་སྲོག་འཕྲོག་པ། གཞན་གྱི་སྲོག་གཅོད་དུ་འཇུད་པ། གཞན་གྱི་སྲོག་གཅོད་པས་འཚོ་བར་བྱེད་པ་ཡིན་པས་ཁྱོད་འདི་ནས་ཤི་འཕོས་པའི་འགྲོ་བ་ནི་ཅིར་འགྱུར། སྐྱེ་བ་ནི་ཅིར་འགྱུར། ཚེ་ཕྱི་མ་ནི་ཅིར་འགྱུར། བཞིན་བཟངས་འདི་ལྟར་འདུ་བྱེད་ཐམས་ཅད་ནི་མི་རྟག་པའོ། །ཆོས་ཐམས་ཅད་ནི་བདག་མེད་པའོ། །མྱ་ངན་ལས་འདས་པ་ནི་ཞི་བའོ་ཞེས་ཚིག་གསུམ་གྱི་ཆོས་བསྟན་ནས། བཞིན་བཟངས་ཁྱོད་ང་ལ་སེམས་མངོན་པར་དད་པར་གྱིས་ཤིག་དང་། དེས་དུད་འགྲོའི་སྐྱེ་གནས་ཀྱི་འདོད་ཆགས་དང་བྲལ་བར་འགྱུར་རོ་ཞེས་བཀའ་སྩལ་ཏོ། །དགེ་སློང་དག་སེང་གེ་དེ་ལ་རེག་པར་བྱེད་པ་ན་དེ་སྒྲ་འབྱིན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཁྱེད་སེང་གེ་ལ་མ་རེག་ཤིག །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་སེང་གེ་ནི་བཟོད་པར་དཀའ་བ་དང་། བསྙེན་པར་དཀའ་བ་ཡིན་པའི་ཕྱིར་རོ། །དགེ་སློང་དག་དེ་ལྟ་བས་ན་དགེ་སློང་གིས་སེང་གེ་ལ་རེག་པར་མི་བྱའོ། །དགེ་སློང་སེང་གེ་ལ་རེག་པར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །དེ་ནས་རི་དགས་ཀྱི་རྒྱལ་པོ་སེང་གེ་དེ་འདི་སྙམ་དུ་སེམས་ཏེ། གང་གི་ཕྱིར་བདག་གིས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཚིག་གསུམ་གྱི་ཆོས་ཐོས་ནས་ཟས་ཟ་བར་བྱེད་པ་ནི་བདག་གི་ཚུལ་དང་མཐུན་པ་མ་ཡིན་ནོ་སྙམ་ནས་དེ་ཟས་མི་ཟ་བ་ལ་ཞུགས་སོ། །དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་རྣམས་ཀྱི་མེ་ནི་རྣོ་བ་ཡིན་པས། དེ་བཀྲེས་པས་ཉམ་དམས་པ་ན་བཅོམ་ལྡན་འདས་ལ་སེམས་མངོན་པར་དད་པར་བྱས་ནས་དུས་ལ་བབ་པ་དང་། རྒྱལ་ཆེན་བཞི་པའི་ལྷ་རྣམས་ཀྱི་ནང་དུ་སྐྱེས་སོ། །ལྷའི་བུའམ་ལྷའི་བུ་མོའི་ཆོས་ཉིད་ནི་སྐྱེས་ནས་རིང་པོ་མ་ལོན་པ་ལ་སེམས་གསུམ་སྐྱེ་སྟེ། གང་ནས་ཤི་འཕོས་པ་དང་། གང་དུ་སྐྱེས་པ་དང་། ལས་གང་གིས་སྐྱེས་པའོ། །དེ་དུད་འགྲོ་རྣམས་ཀྱི་ནང་ནས་ཤི་འཕོས་པ་དང་། རྒྱལ་ཆེན་བཞི་པའི་ལྷ་


DKG007_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་ནང་དུ་སྐྱེས་པ་དང་། བཅོམ་ལྡན་འདས་ལ་སེམས་མངོན་པར་དད་པར་བྱས་པས་སྐྱེས་པར་མཐོང་ངོ་། །དེ་ནས་སྔོན་སེང་གེ་ལྷའི་བུ་དེ་འདི་སྙམ་དུ་སེམས་ཏེ། གང་གི་ཕྱིར་བདག་ཡོངས་སུ་གནས་པ་བསྟེན་ཏེ། བཅོམ་ལྡན་འདས་ལ་བལྟ་བ་དང་། བསྙེན་བཀུར་བྱ་བའི་ཕྱིར་ཉེ་བར་འགྲོ་བ་ནི་བདག་གི་ཚུལ་དང་མཐུན་པ་མ་ཡིན་གྱིས་བདག་ཡོངས་སུ་གནས་པ་མ་བསྟེན་པ་ཁོ་ནར་བཅོམ་ལྡན་འདས་ལ་བལྟ་བ་དང་། བསྙེན་བཀུར་བྱ་བའི་ཕྱིར་ཉེ་བར་འགྲོའོ་སྙམ་མོ། །དེ་ནས་སྔོན་སེང་གེ་ལྷའི་བུ་རྣ་ཆ་གདུབ་ཀོར་གཡོ་ཞིང་དྲི་མ་མེད་པ་ཐོགས་ཏེ། དོ་ཤལ་དང་། སེ་མོ་དོས་བརྒྱན་པའི་ལུས་ཀྱིས་ལྷའི་ཨུཏྤ་ལ་དང་། པད་མ་དང་། ཀུ་མུ་ད་དང་། པད་མ་དཀར་པོ་དག་གིས་ཐུ་བ་བཀང་སྟེ། ཁ་དོག་ཤིན་ཏུ་འདས་པས་མཚན་མོ་ལ་བབ་པ་དང་། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ལ་མེ་ཏོག་དག་གིས་མངོན་པར་གཏོར་ཏེ། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ནས་མཐའ་གཅིག་ཏུ་འདུག་པ་དང་། འདི་ལྟར་སྔོན་སེང་གེ་ལྷའི་བུའི་ཁ་དོག་གི་མཐུས་གྲོང་མེད་པའི་དགོན་པའི་གནས་ཐམས་ཅད་སྣང་བ་རྒྱ་ཆེན་པོས་ཁྱབ་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔོན་སེང་གེ་ལྷའི་བུའི་བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་། རང་བཞིན་ཐུགས་སུ་ཆུད་ནས་གང་ཐོས་ནས་སྔོན་སེང་གེ་ལྷའི་བུས་སྟན་དེ་ཉིད་ལ་འདུག་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་པ་དེ་ལྟ་བུར་འཕགས་པའི་བདེན་པ་བཞི་ཡང་དག་པར་སོ་སོར་རྟོག་པར་བྱེད་པའི་ཆོས་བསྟན་པ་མཛད་དོ། །དེས་བདེན་པ་མཐོང་ནས་བཙུན་པ་བཅོམ་ལྡན་འདས་ཀྱིས་བདག་ལ་གང་མཛད་པ་འདི་ལྟ་བུ་ནི་བདག་ལ་ཕས་ཀྱང་མ་བགྱིས། མས་ཀྱང་མ་བགྱིས། རྒྱལ་པོས་ཀྱང་མ་བགྱིས། ལྷ་རྣམས་ཀྱིས་ཀྱང་མ་བགྱིས། སྔོན་གྱི་ཕ་མེས་དག་གིས་ཀྱང་མ་བགྱིས། དགེ་སྦྱོང་དང་བྲམ་ཟེ་དག་གིས་ཀྱང་མ་བགྱིས། བྱམས་པ་དང་། མཛའ་བཤེས་དང་། རྩ་ལག་གི་ཚོགས་ཀྱིས་ཀྱང་མ་བགྱིས་ཏེ། ཁྲག་དང་མཆི་མའི་རྒྱ་མཚོ་ནི་བསྐམས། རུས་པའི་རི་དག་ལས་ནི་བསྒྲལ་


DKG007_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

ངན་སོང་གི་སྒོ་དག་ནི་བཀུམ། མཐོ་རིས་དང་ཐར་པའི་སྒོ་དག་ནི་ཕྱེ། སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་དག་ནས་ནི་རྐང་པ་ཕྱུང་། ལྷ་དང་མི་རྣམས་ཀྱི་ནང་དུ་ནི་བཞག་གོ་ཞེས་ལན་གསུམ་དུ་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དོ། །ཡང་སྨྲས་པ། ཁྱོད་མཐུས་རབ་དྲག་ཉེས་པ་མང་ལྡན་པའི། །ངན་སོང་ཤུལ་བཀག་བསོད་ནམས་རབ་ལྡན་པའི། །མཐོ་རིས་འགྲོ་བ་ཕྱེ་ཞིང་བདག་གིས་ནི། །མྱ་ངན་འདས་པའི་ཤུལ་ཡང་ཐོབ་པར་གྱུར། །ཤིན་ཏུ་རྣམ་དག་ཁྱོད་བརྟེན་བདག་གིས་ནི། །དེ་རིང་སྐྱོན་བྲལ་དག་པའི་མིག་ཐོབ་ཅིང་། །གོ་འཕང་ཞི་བ་འཕགས་པ་དགྱེས་ཐོབ་སྟེ། །སྡུག་བསྔལ་རྒྱ་མཚོའི་ཕ་རོལ་རྒལ་བར་འགྱུར། །འགྲོ་བར་ལྷ་མིན་མི་དང་ལྷས་མཆོད་པ། །སྐྱེ་དང་རྒ་དང་ན་འཆི་བྲལ་བ་པོ། །སྲིད་པ་སྟོང་དུ་མཐོང་བ་རབ་དཀོན་པ། །ཐུབ་པ་དེ་རིང་ཁྱོད་མཐོང་འབྲས་བུ་མཆིས། །དེ་ནས་གདུང་བྱས་དོ་ཤལ་རབ་འཕྱང་བས། །ཞབས་ལ་ཕྱག་འཚལ་རངས་པ་སྐྱེས་གྱུར་ནས། །དགྲ་ཐུལ་གཡས་ནས་ཡོངས་སུ་བསྐོར་བྱས་ཏེ། །ལྷ་ཡི་འཇིག་རྟེན་མངོན་ཕྱོགས་མཁའ་ལ་སོང་། །དེ་ནས་སྔོན་སེང་གེ་ལྷའི་བུ་ཚོང་པ་ཁེ་སྤོགས་རྙེད་པ་ལྟ་བུ་དང་། ཞིང་པ་ལོ་ཐོག་འབྱོར་པ་ལྟ་བུ་དང་། དཔའ་བོ་གཡུལ་ལས་རྣམ་པར་རྒྱལ་བ་ལྟ་བུ་དང་། ནད་པ་ནད་ཐམས་ཅད་ལས་ཡོངས་སུ་ཐར་བ་ལྟ་བུར་གྱུར་ཏེ་ཆ་ལུགས་གང་གིས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འོངས་པའི་ཆ་ལུགས་དེ་ཉིད་ཀྱིས་རང་གི་གནས་སུ་སོང་ངོ་། །དགེ་སློང་དག་ནམ་གྱི་ཆ་སྟོད་དང་། ནམ་གྱི་ཆ་སྨད་ལ་མི་ཉལ་བར་སྦྱོར་བའི་རྗེས་སུ་བརྩོན་པར་གནས་པ་དེ་དག་གིས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སྣང་བ་རྒྱ་ཆེན་པོས་ཁྱབ་པར་གྱུར་པ་མཐོང་ངོ་། །མཐོང་ནས་ཐེ་ཚོམ་ཟ་བའི་ཡིད་ཀྱིས་མཚན་མོ་ནམ་ནངས་པ་དང་། བཅོམ་ལྡན་འདས་ལ་ཞུས་པ། བཅོམ་ལྡན་འདས་ཅི་ལགས། མདང་སུམ་མི་མཇེད་ཀྱི་བདག་པོ་ཚངས་པའམ། ལྷའི་དབང་པོ་བརྒྱ་བྱིན་ནམ། འཇིག་རྟེན་སྐྱོང་བ་བཞིའམ། ལྷའི་བུ་འབྱོར་པ་ཆེ་བ། མཐུ་ཆེ་བ་གཞན་ཞིག་བཅོམ་ལྡན་འདས་ལ་བལྟ་བའི་སླད་དུ་ཉེ་བར་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་མི་མཇེད་ཀྱི་བདག་པོ་ཚངས་པ་ང་ལ་བལྟ་བའི་ཕྱིར་ཉེ་བར་འོངས་པ་


DKG007_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མ་ཡིན། ལྷའི་དབང་པོ་བརྒྱ་བྱིན་ཡང་མ་ཡིན། འཇིག་རྟེན་སྐྱོང་བ་བཞི་ཡང་མ་ཡིན། ལྷའི་བུ་འབྱོར་པ་ཆེ་བ། མཐུ་ཆེ་བ་གཞན་ཡང་མ་ཡིན་ཏེ། དགེ་སློང་དག་འདི་ལྟར་ཁྱེད་ཀྱིས་ངས་རི་དགས་ཀྱི་རྒྱལ་པོ་སེང་གེ་གང་ལ་ཚིག་གསུམ་གྱི་ཆོས་བསྟན་པ་དེ་མཐོང་ངམ། བཅོམ་ལྡན་འདས་མཐོང་ངོ་། །དགེ་སློང་དག་དེ་དེ་ནས་ཤི་འཕོས་ཏེ་རྒྱལ་ཆེན་བཞི་པའི་ལྷ་རྣམས་ཀྱི་ནང་དུ་སྐྱེས་ནས་དེ་མདང་སུམ་ངའི་གན་དུ་འོངས་ཏེ། ངས་དེ་ལ་ཆོས་བསྟན་ནས་དེས་བདེན་པ་མཐོང་སྟེ་རང་གི་གནས་སུ་སོང་ངོ་། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་སྔོན་སེང་གེ་ལྷའི་བུས་ལས་ཅི་བགྱིས་ན་ལས་དེའི་རྣམ་པར་སྨིན་པས་སེང་གེ་རྣམས་ཀྱི་ནང་དུ་སྐྱེས་པར་གྱུར། ལས་ཅི་བགྱིས་ན་ལས་དེའི་རྣམ་པར་སྨིན་པས་རྒྱལ་ཆེན་བཞི་པའི་ལྷ་རྣམས་ཀྱི་ནང་དུ་སྐྱེས་པར་གྱུར། ལས་ཅི་བགྱིས་ན་ལས་དེའི་ རྣམ་པར་སྨིན་པས་བདེན་པ་མཐོང་ནས་རང་གི་གནས་སུ་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་སྔོན་སེང་གེ་ལྷའི་བུ་ཉིད་ཀྱིས་ལས་ཚོགས་རྙེད་པ། རྐྱེན་ཡོངས་སུ་བསྒྱུར་བ། འོད་པ་བཞིན་དུ་ཉེ་བར་གནས་པ། གདོན་མི་ཟ་བར་འབྱུང་བར་འགྱུར་བ་དག་བྱས་ཤིང་བསགས་པས་སྔོན་སེང་གེ་ལྷའི་བུས་ལས་བྱས་ཤིང་བསགས་པ་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར། དགེ་སློང་དག་ལས་བྱས་ཤིང་བསགས་པ་དག་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་ལ་མི་འགྱུར། མེའི་ཁམས་ལ་མི་འགྱུར། རླུང་གི་ཁམས་ལ་མི་འགྱུར་ཏེ། འདི་ལྟར་ལས་དགེ་བ་དང་། མི་དགེ་བ་བྱས་ཤིང་བསགས་པ་དག་ནི་ཟིན་པའི་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་དག་ཁོ་ན་ལ་རྣམ་པར་སྨིན་པར་འགྱུར་རོ། །ལས་རྣམས་བསྐལ་པ་བརྒྱར་ཡང་ནི། །ཆུད་མི་ཟ་བའང་ཚོགས་དང་དུས། །རྙེད་ན་ལུས་ཅན་རྣམས་ལ་ནི། །འབྲས་བུ་དག་ཏུ་འགྱུར་བ་ཉིད། །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་ཆེན་པོ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་སྟོན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་


DKG007_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་དགེ་སློང་ཉི་ཁྲིས་བསྐོར་ཅིང་གྲོང་ཁྱེར་བཱ་རཱ་ཎ་སཱི་ན་དྲང་སྲོང་སྨྲ་བ་རི་དགས་ཀྱི་ནགས་ན་ཉེ་བར་རྟེན་ཅིང་བཞུགས་སོ། །གང་གི་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་འཇིག་རྟེན་དུ་བྱུང་བར་མ་གྱུར་པ་དེའི་ཚེ་བཱ་རཱ་ཎ་སཱི་ན་བྲམ་ཟེ་འཁོར་ཤིན་ཏུ་མང་བ། རིག་བྱེད་དང་། རིག་བྱེད་ཀྱི་ཡན་ལག་གི་ཕ་རོལ་དུ་སོན་པ། ཡུལ་ཐ་དད་པ་ན་གནས་པའི་བྲམ་ཟེ་རྣམས་ཀྱི་སྟོན་པར་གྱུར་པ་ཞིག་འདུག་པ་དེ་འཇིག་རྟེན་ཐམས་ཅད་ཀྱིས་ཤིན་ཏུ་བཀུར་སྟིར་བྱས། བླ་མར་བྱས། རྗེད་པར་བྱས། མཆོད་པར་བྱས་སོ། །གང་གི་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་འཇིག་རྟེན་དུ་བྱུང་བར་གྱུར་པ་དེའི་ཚེ་ན་དེ་ལ་ཕྱིན་ཅད་འགའ་ཡང་བཀུར་སྟིར་མི་བྱེད། བླ་མར་མི་བྱེད། རྗེད་པར་མི་བྱེད། མཆོད་པར་མི་བྱེད་དོ། །ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་འཁོར་བརྒྱ་ཕྲག་དུ་མའི་མདུན་ན་བཞུགས་ཤིང་ཆོས་སྟོན་པར་མཛད་པ་ན་བྲམ་ཟེ་འཁོར་ཤིན་ཏུ་མང་པོ་དེ་ཕྱོགས་དེ་ནས་སོང་བ་དང་། བྲམ་ཟེ་དེས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་འཁོར་བརྒྱ་ཕྲག་དུ་མའི་མདུན་ན་བཞུགས་ཤིང་ཆོས་སྟོན་པ་མཐོང་ངོ་། །མཐོང་ནས་ཀྱང་སྨྲས་པ། དགེ་སྦྱོང་འདི་ནི་སེང་གེ་བཞིན་དུ་འཇིགས་པ་མེད་པ་དང་། བག་ཚ་བ་མེད་པར་འཁོར་ལ་ཆོས་སྟོན་པར་བྱེད་ལ། ཉན་ཐོས་འདི་དག་ནི་རི་དགས་ཕྲ་མོ་དག་བཞིན་དུ་ཆོས་ཉན་པར་བྱེད་དོ། །ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་དེ་གསན་ཏོ། །གསན་ནས་ཀྱང་བྲམ་ཟེ་དེ་ལ་བཀའ་སྩལ་པ། བྲམ་ཟེ་ཁྱོད་ཀྱིས་ངག་གི་ལས་རྩུབ་པོ་སྨྲས་ཀྱིས། ཉེས་པ་ཉེས་པའི་སྒོ་ནས་ཤོགས་ཤིག་དང་། དེ་ལྟ་ན་ཁྱོད་ཀྱི་ལས་དེ་སྲབ་པ་ཉིད་དང་། ཡོངས་སུ་ཟད་པ་དང་། ཡོངས་སུ་མཐར་ཐུག་པར་འགྱུར་རོ། །བྲམ་ཟེ་དེས་ཉེས་པ་ཉེས་པའི་སྒོ་ནས་བཤགས་ཏེ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་སྤྱན་སྔར་སྐྱབས་སུ་འགྲོ་བ་དང་། བསླབ་པའི་གཞི་དག་བླངས་སོ། །དགེ་སློང་དག་དེའི་ཚེ་དེའི་དུས་ན་གང་གི་ཡང་དག་པར་རྫོགས་


DKG007_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སངས་རྒྱས་འོད་སྲུང་ལ་སེང་གེ་ཞེས་བརྗོད་པས། ཀུན་དུ་སྤྱད་པ་གང་ཡིན་པ་དེ་ནི་སྔོན་སེང་གེ་ལྷའི་བུ་འདི་ཉིད་ཡིན་ཏེ། དེའི་ཚེ་འདི་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ལ་སེང་གེ་ཞེས་བརྗོད་པས་ཀུན་དུ་སྤྱད་པའི་ལས་དེའི་རྣམ་པར་སྨིན་པས་ཚེ་རབས་ལྔ་བརྒྱར་སེང་གེ་རྣམས་ཀྱི་ནང་དུ་སྐྱེས་པར་གྱུར་ནས་ད་ལྟར་གྱི་བར་དུ་ཡང་སེང་གེ་རྣམས་ཀྱི་ནང་དུ་ཡང་སྐྱེས་པར་གྱུར་ཏོ། །འདིས་ང་ལ་སེམས་མངོན་པར་དད་པར་བྱས་པའི་ལས་དེའི་རྣམ་པར་སྨིན་པས་ནི་ཤི་ཞིང་དུས་ལ་བབ་ནས། རྒྱལ་ཆེན་བཞི་པའི་ལྷ་རྣམས་ཀྱི་ནང་དུ་སྐྱེས་སོ། །འདིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་སྤྱན་སྔར་སྐྱབས་སུ་འགྲོ་བ་དང་། བསླབ་པའི་གཞི་དག་བླངས་པའི་ལས་དེའི་རྣམ་པར་སྨིན་པས་ནི་ངའི་སྤྱན་སྔར་བདེན་པ་དག་མཐོང་ཞིང་། དེས་བདེན་པ་དག་མཐོང་ནས་རང་གི་གནས་སུ་ཕྱིན་ཏོ། །དགེ་སློང་དག་དེ་ལྟར་ན་ལས་གཅིག་ཏུ་གནག་པ་རྣམས་ཀྱི་རྣམ་པར་སྨིན་པ་ནི་གཅིག་ཏུ་གནག་པ་ཡིན་ལ། ལས་གཅིག་ཏུ་དཀར་བ་རྣམས་ཀྱི་རྣམ་པར་སྨིན་པ་ཡང་གཅིག་ཏུ་དཀར་བ་ཡིན། ལས་འདྲེན་མ་རྣམས་ཀྱི་རྣམ་པར་སྨིན་པ་ཡང་འདྲེན་མ་ཡིན་ནོ། །དགེ་སློང་དག་དེ་ལྟ་བས་ན་ལས་གཅིག་ཏུ་གནག་པ་རྣམས་དང་། འདྲེན་མ་རྣམས་སྤངས་ཏེ་ལས་གཅིག་ཏུ་དཀར་བ་རྣམས་ལ་བརྩལ་བར་བྱ་སྟེ། དགེ་སློང་དག་ཁྱོད་ཀྱིས་དེ་ལྟར་བསླབ་པར་བྱའོ། །དེ་ནས་བཅོམ་ལྡན་འདས་མ་ག་དྷཱ་དག་ཏུ་ལྗོངས་རྒྱུ་ཞིང་གཤེགས་པ་ན་རྒྱལ་པོའི་ཁབ་ཏུ་བྱོན་ནས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་ཀ་ལན་ད་ཀའི་གནས་ན་བཞུགས་སོ། །དེའི་དུས་ན་དྲུག་སྡེ་དག་གིས་མེས་གཞན་ལ་གཏོང་བས་རྩེ་བར་བྱེད་ཅིང་། ཟླ་བ་ཡང་བྱེད། ཉི་མ་ཡང་བྱེད། མགལ་མེའི་འཁོར་ལོ་ཡང་བྱེད་ནས་གཞན་མུ་སྟེགས་ཅན་དག་ཤེས་ལྡན་དག་ཤཱཀྱའི་བུའི་དགེ་སྦྱོང་འདི་དག་ནི་མེས་གཞན་ལ་གཏོང་བས་རྩེ་བར་བྱེད་ཅིང་། ཟླ་བ་ཡང་བྱེད། ཉི་མ་ཡང་བྱེད། མགལ་མེའི་འཁོར་ལོ་ཡང་བྱེད་དེ། བྱིས་པ་ཁྱེའུ་འདི་དག་ཀྱང་མེས་གཞན་ལ་གཏོང་བས་རྩེ་བར་བྱེད་ཅིང་། ཟླ་བ་ཡང་བྱེད། ཉི་མ་ཡང་བྱེད། མགལ་མེའི་འཁོར་ལོ་ཡང་བྱེད་ན། ཤེས་ལྡན་དག་བྱིས་པ་ཁྱེའུ་འདི་དག་


DKG007_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཤཱཀྱའི་བུའི་དགེ་སྦྱོང་འདི་དག་ལ་བྱེ་བྲག་ནི་ཅི་ཡོད། བསམ་པ་ནི་ཅི་ཡོད། ཐ་དད་དུ་བྱ་བ་ནི་ཅི་ཡོད། སུ་ཞིག་དགེ་སྦྱོང་མགོ་རེག་འདི་དག་ལ་བསོད་སྙོམས་སྦྱིན་པ་དང་བྱ་བར་སེམས་ཞེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་དྲུག་སྡེ་དག་ལ་རྨས་པ། དགེ་སློང་དག་ཁྱེད་མེས་གཞན་ལ་གཏོང་བས་རྩེ་བར་བྱེད་ཅིང་། ཟླ་བ་ཡང་བྱེད། ཉི་མ་ཡང་བྱེད། མགལ་མེའི་འཁོར་ལོ་ཡང་བྱེད་པ་བདེན་ནམ། བཙུན་པ་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་པར་སྨད་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་མེ་ལ་རེག་གམ། རེག་ཏུ་འཇུད་ན་ལྟུང་བྱེད་དོ་ཞེས་བཅོམ་ལྡན་འདས་ཀྱིས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་དེ་ལྟར་བཅའ་བར་མཛད་དོ། །དགེ་སློང་དག་ཕྱིན་ཅད་དེ་བཞིན་གཤེགས་པའི་དབུ་སྐྲ་དང་སེན་མོའི་མཆོད་རྟེན་དག་ལ་བདུག་སྤོས་ཀྱང་གསོལ་བར་མི་བྱེད། མར་མེ་ཡང་སྦར་བར་མི་བྱེད། སློབ་དཔོན་དང་མཁན་པོ་དག་ལ་ཡང་ཆུ་དྲོན་འབུལ་བར་མི་བྱེད། ལྷུང་བཟེད་ཀྱི་ལས་ཀྱང་མི་བྱེད། ཚོན་གྱི་ལས་ཀྱང་མི་བྱེད་དོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་


DKG007_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པ་ཡིན་པས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་རྨས་པ། ཀུན་དགའ་བོ་ཅིའི་ཕྱིར་དགེ་སློང་དག་ཕྱིན་ཅད་དེ་བཞིན་གཤེགས་པའི་དབུ་སྐྲ་དང་སེན་མོའི་མཆོད་རྟེན་དག་ལ་བདུག་སྤོས་ཀྱང་གསོལ་བར་མི་བྱེད། མར་མེ་ཡང་སྦར་བར་མི་བྱེད། སློབ་དཔོན་དང་མཁན་པོ་དག་ལ་ཡང་ཆུ་དྲོན་འབུལ་བར་མི་བྱེད། ལྷུང་བཟེད་ཀྱི་ལས་ཀྱང་མི་བྱེད། ཚོན་གྱི་ལས་ཀྱང་མི་བྱེད། བཙུན་པ་བཅོམ་ལྡན་འདས་ཀྱིས་འདི་ལྟར་ཡང་དགེ་སློང་གང་མེ་ལ་རེག་གམ། རེག་ཏུ་འཇུད་ན་ལྟུང་བྱེད་དོ་ཞེས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བ་མཛད་པས་དགེ་སློང་དེ་དག་སླན་ཅད་དེ་བཞིན་གཤེགས་པའི་དབུ་སྐྲ་དང་། སེན་མོའི་མཆོད་རྟེན་དག་ལ་བདུག་སྤོས་ཀྱང་གསོལ་བར་མི་བགྱིད། མར་མེ་ཡང་སྦར་བར་མི་བགྱིད། སློབ་དཔོན་དང་མཁན་པོ་དག་ལ་ཡང་ཆབ་དྲོན་འབུལ་བར་མི་བགྱིད། ལྷུང་བཟེད་ཀྱི་ལས་ཀྱང་མི་བགྱིད། ཚོན་གྱི་ལས་ཀྱང་མི་བགྱིད་དོ། །ཀུན་དགའ་བོ་དེ་ལྟ་བས་ན་དུས་བྱིན་གྱིས་བརླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དུས་བྱིན་གྱིས་བརླབ་པར་བྱའོ་ཞེས་བཀའ་སྩལ་ནས། དེ་དག་གིས་ཇི་ལྟར་དུས་བྱིན་གྱིས་བརླབ་པར་བྱ་བ་མི་ཤེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྟོན་པ་དང་། ཆོས་དང་། དགེ་འདུན་དང་། སློབ་དཔོན་དང་། མཁན་པོ་དང་། ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱི་ཆོས་དང་ལྡན་པའི་བྱ་བའི་དོན་ཉིད་ཀྱིས་དུས་བྱིན་གྱིས་བརླབ་པར་བྱའོ། །དགེ་སློང་དག་ལྷུང་བཟེད་ཀྱི་ལས་དང་། ཚོན་གྱི་ལས་དག་བྱེད་པ་ན་ཡང་དང་ཡང་དུ་བརྗེད་ངས་པས་མེ་ལ་རེག་ནས་དེ་དག་འགྱོད་པ་སྐྱེས་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དུས་ཡུན་རིང་དུ་བྱིན་གྱིས་བརླབ་པར་བྱའོ། །དགེ་སློང་ཞིག་ན་ཞིང་རླུང་ནད་ཅན་དུ་གྱུར་ནས་དེ་སྨན་པའི་གན་དུ་སོང་སྟེ་དྲིས་པ། བཞིན་བཟངས་ཁོ་བོ་ལ་སྨན་སྟོན་ཅིག །འཕགས་པ་ཞུགས་སྟེན་ཅིག །བཞིན་བཟངས་བཅོམ་ལྡན་འདས་ཀྱིས་བསླབ་པའི་གཞི་བཅའ་བར་མཛད་དོ། །འཕགས་པ་ཁྱོད་ཀྱི་སྟོན་པ་ནི་ཐུགས་རྗེ་ཅན་ལགས་པས་


DKG007_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལྟར་དེ་ཉིད་རྐྱེན་དུ་མཛད་ནས་རྗེས་སུ་གནང་བར་འགྱུར་བ་གང་ལགས་པ་དེ་ལྟ་བུའི་གནས་མཆིས་པར་འགྱུར་རོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་ན་བའི་དུས་མ་གཏོགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བསླབ་པ་འདོད་པ་དང་། བསླབ་པ་ལ་གུས་པ་དང་། བསླབ་པ་ལ་ཡོ་བྱད་བསྙུངས་པའི་བསྔགས་པ་བརྗོད་ནས་དགེ་སློང་རྣམས་ལ་དེ་དང་མཐུན་པ་དང་། དེའི་ཤས་ཆེ་བ་དང་། དེ་དང་འཚམ་པའི་ཆོས་དང་ལྡན་པའི་བཀའ་མཆིད་མཛད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་སྔ་མ་ནི་བཅས་པ་ཡིན་ལ། འདི་ནི་རྗེས་སུ་གནང་བ་ཡིན་ཏེ། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་མི་ན་བར་བདག་ཉིད་ཀྱི་ཕྱིར་མེ་ལ་རེག་གམ། རེག་ཏུ་འཇུད་ན་ལྟུང་བྱེད་དོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་དྲུག་སྡེའམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །མི་ན་བར་ཞེས་བྱ་བ་ནི་ན་བ་བཞག་སྟེའོ། །བདག་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་བདག་ཉིད་ཀྱི་ཆེད་དུའོ། །མེ་ལ་རེག་གམ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སོ། །རེག་ཏུ་འཇུད་ན་ཞེས་བྱ་བ་ནི་གཞན་ནོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་ངན་སོང་དང་། ངན་འགྲོ་དང་། ལོག་པར་ལྟུང་བ་དག་ཏུ་སྲེག་པར་བྱེད། འཚོད་པར་བྱེད། ལྟུང་བར་བྱེད་པའོ། །གཞན་ཡང་ཇི་སྲིད་དུ་ལྟུང་བ་དེ་མ་བཤགས་ཤིང་སོ་སོར་མ་བཤགས་ན་དགེ་བའི་ཆོས་རྣམས་ལ་སྒྲིབ་པར་བྱེད་པ་སྟེ། དེས་ན་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་གིས་མེས་གཞན་ལ་གཏོང་བས་རྩེ་བར་བྱེད་ན་ལྟུང་བྱེད་དུ་འགྱུར་རོ། །ཟླ་བ་བྱེད་ན་ལྟུང་བྱེད་དུ་འགྱུར་རོ། །ཉི་མ་བྱེད་ན་ལྟུང་བྱེད་དུ་འགྱུར་རོ། །མགལ་མེའི་འཁོར་ལོ་བྱེད་ན་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་མེ་སྦར་བར་བྱེད་ན་དེས་དུས་བྱིན་གྱིས་བརླབ་པར་བྱའོ། །དུས་བྱིན་གྱིས་མ་བརླབས་པར་སྦར་བར་བྱེད་ན་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་མེ་གསོད་པར་བྱེད་ན་དེས་དུས་བྱིན་གྱིས་བརླབ་པར་བྱའོ། །དུས་བྱིན་གྱིས་མ་བརླབས་པར་


DKG007_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

གསོད་པར་བྱེད་ན་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་བུད་ཤིང་སྐུལ་བར་བྱེད་དམ། བུད་ཤིང་འདྲེན་པར་བྱེད་ན་དེས་དུས་བྱིན་གྱིས་བརླབ་པར་བྱའོ། །དུས་བྱིན་གྱིས་མ་བརླབས་པར་བུད་ཤིང་སྐུལ་བར་བྱེད་དམ། འདྲེན་པར་བྱེད་ན་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་མདག་མ་སྤུང་བར་བྱེད་དམ། མདག་མ་འདྲུ་བར་བྱེད་ན་དེས་དུས་བྱིན་གྱིས་བརླབ་པར་བྱའོ། །དུས་བྱིན་གྱིས་མ་བརླབས་པར་མདག་མ་སྤུང་བར་བྱེད་དམ། འདྲུ་བར་བྱེད་ན་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་མེ་མ་མུར་སྤུང་བར་བྱེད་དམ། འདྲུ་བར་བྱེད་ན་དེས་དུས་བྱིན་གྱིས་བརླབ་པར་བྱའོ། །དུས་བྱིན་གྱིས་མ་བརླབས་པར་མེ་མ་མུར་སྤུང་བར་བྱེད་དམ། འདྲུ་བར་བྱེད་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་མེར་སྐྲ་དང་། སྤུ་དང་། རུས་པ་དང་། སེན་མོ་དག་འཇུད་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་མེར་མཆིལ་མ་དང་། སྣབས་དང་། སྐྱུགས་པ་དང་། རླུགས་པ་དག་འཇུད་ན་ཉེས་བྱས་སུ་འགྱུར་རོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །མེ་ལ་རེག་པའི་ལྟུང་བྱེད་དེ་ལྔ་བཅུ་རྩ་གཉིས་པ་རྫོགས་སྷོ།། །།འདུལ་བ་རྣམ་པར་འབྱེད་པ། བམ་པོ་ལྔ་བཅུ་རྩ་བདུན་པ། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །གང་གི་ཚེ་ཚེ་དང་ལྡན་པ་འཆར་ཀས་ཉོན་མོངས་པ་ཐམས་ཅད་སྤངས་པས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་པ་དང་། ཚེ་དང་ལྡན་པ་འདུན་པ་ནི་ཀཽ་ཤཱམྦཱིར་སོང་སྟེ་ཡིད་དལ་དུ་འདུག་པ་དང་། འགྲོ་མགྱོགས་དང་ནབ་སོ་གཉིས་དུས་ལ་བབ་པ་དང་། དགའ་བོ་དང་ཉེ་དགའ་གཉིས་ནི་དགེ་འདུན་གྱི་ནང་ན་གནས་པ་དེའི་ཚེ་ན་བཅུ་བདུན་སྡེ་དག་གདུག་པ་དང་ཕ་རོལ་གནོན་པར་གྱུར་ཅིང་། མདོ་སྡེ་འཛིན་པ་དང་། འདུལ་བ་འཛིན་པ་དང་། མ་མོ་འཛིན་པ་ཡང་ཡིན་པས་དེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་དག་བདག་ཅག་ཡུན་རིང་པོ་ནས་དྲུག་སྡེ་དག་གིས་ཐོ་བཙམས་ཏེ། ཇི་ལྟར་དགའ་བོ་དང་ཉེ་དགའ་གཉིས་ཀྱིས་ཐོ་བཙམས་པ་ལྟར་ཡང་གཞན་དག་གིས་ཐོ་མ་བཙམས་ལ། ཇི་ལྟར་ཉེ་དགའས་ཐོ་བཙམས་པ་ལྟར་ཡང་དགའ་བོས་ཐོ་


DKG007_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

མ་བཙམས་ཀྱིས་ཚུར་ཤོག །དེ་གནས་ནས་དབྱུང་བའི་ལས་བྱའོ། །དེ་ན་གཅིག་གིས་སྨྲས་པ། ཕུ་ནུ་བོ་དག་དེའི་ཕུ་ནུ་བོ་དགའ་བོ་རྩོད་པ་ལ་མཁས་པས་བདག་ཅག་གིས་ཉེ་དགའ་གནས་ནས་དབྱུང་བའི་ལས་བྱ་བར་མི་ནུས་སོ། །དེ་བྲེལ་བ་བསྐྱེད་པར་བྱའོ་ཞེས་དེ་དག་དགའ་བོའི་གན་དུ་སོང་སྟེ་སྨྲས་པ། གནས་བརྟན་ཕྱག་འཚལ་ལོ། །ཚེ་དང་ལྡན་པ་དག་ཨ་རོག་གྱ། གནས་བརྟན་གྱི་ཆོས་གོས་དག་དྲི་མ་ཅན་དུ་གྱུར་ཏོ། །བུ་དག་ཁོ་བོ་རྒས་པར་གྱུར་པས་དགེ་སློང་ལྷན་ཅིག་གནས་པ་དང་། ཉེ་གནས་དག་གིས་ཀྱང་རྒས་པའི་ཕྱིར་བརྙས་ཏེ་ཕྱིན་ཆད་ཆོས་གོས་ཀྱི་ལས་བྱེད་དུ་མི་བཏུབ་བོ། །བདག་ཅག་གིས་གནས་བརྟན་གྱི་ཆོས་གོས་དག་བཀྲུ་བར་བགྱི་ཡིས་ཆོས་གོས་དག་ཚུར་སྩོལ། དགའ་བོས་བཅུ་བདུན་སྡེ་དག་ལ་ཆོས་གོས་དག་བྱིན་ནོ། །དེ་དག་གིས་ཡང་སྨྲས་པ། གནས་བརྟན་ཆོས་གོས་དག་ཅིག་ཅར་བཀྲུས་ཆོས་གོས་ཐམས་ཅད་ཚུར་སྩོལ། དགའ་བོ་རྙང་རྙིང་དག་གྱོན་ཏེ་ཆོས་གོས་ཐམས་ཅད་བཅུ་བདུན་སྡེ་དག་ལ་བྱིན་ནོ། །བཅུ་བདུན་སྡེ་དག་གིས་ཆོས་གོས་དེ་དག་འགྱུར་བྱེད་ཀྱིས་བཙལ་ནས་གནས་མལ་བཤམས་ཏེ། གཎྜཱི་བརྡུངས་ནས་དགའ་བོའི་གན་དུ་སོང་སྟེ་སྨྲས་པ། གནས་བརྟན་དགེ་འདུན་གྱི་བྱ་བ་ཅུང་ཞིག་མཆིས་ཏེ། གཎྜཱི་བརྡུངས་ཀྱིས་ཚུར་སྤྱོན། དགའ་བོས་སྨྲས་པ། བུ་དག་ཁོ་བོ་འདི་འདྲ་བའི་གནས་སྐབས་ཀྱིས་དགེ་འདུན་གྱི་ནང་དུ་ཇི་ལྟར་འགྲོ་བར་བྱ། དགེ་འདུན་གྱི་བྱ་བ་ཆོས་དང་ལྡན་པ་ལ་འདུན་པ་འབུལ་ལོ། །དེ་ནས་དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ན་དགེ་སློང་གླེང་བ་པོ་རྒན་པའི་མཐའ་ལོགས་སུ་འདུག་སྟེ་ཉེ་དགའ་ལ་རྨས་པ། བཙུན་པ་ཉེ་དགའ་ཁྱོད་ཀྱིས་བཅུ་བདུན་སྡེ་དག་གི་ལྟོ་དྲལ་ཏེ་རྒྱུ་མ་དག་གིས་རྒྱལ་བྱེད་ཀྱི་ཚལ་བསྐོར་བར་བྱའོ་ཞེས་བྱ་བ་དེ་ལྟ་བུའི་ཚིག་སྨྲས་པ་གང་ཡིན་པ་དེ་དྲན་ནམ། ཚེ་དང་ལྡན་པ་དག་རྨ་སོས་པ་དག་དྲལ་ཏེ་ཅི་བྱ། དེ་ནི་འདས་པའི་དོན་ཡིན་ནོ། །དེ་དག་གིས་སྨྲས་པ། བཅོམ་ལྡན་འདས་ཀྱིས་འདས་པའི་དུས་ཁོ་ན་ལས་བརྩམས་ཏེ་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བ་མཛད་དོ་ཞེས་དེ་དག་གིས་ཉེ་དགའ་ལ་གྱ་ཚོམ་དུ་ནན་གྱིས་གནས་ནས་དབྱུང་བའི་ལས་བྱས་སོ། །ཉེ་དགའ་གནས་


DKG007_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

ནས་དབྱུང་བའི་ལས་བྱས་ནས་ཕུ་བོ་དགའ་བོའི་གན་དུ་སོང་སྟེ་ངུ་བར་བརྩམས་པ་དང་། དགའ་བོས་སྨྲས་པ། ཉེ་དགའ་ཅིའི་ཕྱིར་ངུ་། ཉེ་དགའས་སྨྲས་པ། ལྷུང་བཟེད་ནག་པོ་ཅན་དག་གིས་ཁོ་བོ་གནས་ནས་དབྱུང་བའི་ལས་བྱས་སོ། །དགའ་བོས་སྨྲས་པ། གང་དག་གིས་ཁོ་བོའི་ནུ་བོ་གནས་ནས་དབྱུང་བའི་ལས་བྱས་པ་དེ་དག་གྲོང་དང་། གྲོང་ཁྱེར་དང་། ལྗོངས་དང་། ཁམས་གསུམ་ནས་གནས་ནས་ཕྱུང་བར་གྱུར་ཅིག །འོན་ཀྱང་གནས་ནས་དབྱུང་བའི་ལས་བྱས་པ་རྣམས་ལ་གྲོང་དང་། གྲོང་ཁྱེར་མེད་དམ་ཅི་སྡོད་ཅིག་དང་བཟོད་པ་གསོལ་བར་བྱའོ། །འདི་ལྟར་དེ་དག་གིས་མི་མཐུན་པ་ཁོ་ནར་ལས་བྱས་སོ། །གང་ཞིག་དེར་མ་འདུས། ཁོ་བོའོ། །སློབ་དཔོན་གྱིས་དེར་འདུན་པ་ཕུལ་ལོ། །ཅི་ཁོ་བོས་བདག་གི་ནུ་བོ་གནས་ནས་དབྱུང་བའི་ལས་བྱེད་པར་ཤེས་སམ། ཁོ་བོ་དགེ་འདུན་གྱི་བྱ་བ་དེ་ལྟ་བུ་ལ་འདུན་པ་མི་འབུལ་གྱིས་ཁོ་བོས་འདུན་པ་མ་ཕུལ་ལོ། །ཁོ་བོས་འདུན་པ་ཉེས་པར་ཕུལ་ལོ། །དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་དགེ་འདུན་གྱི་བྱ་བ་ཆོས་དང་ལྡན་པ་ལ་དགེ་སློང་ལ་འདུན་པ་ཕུལ་ནས་དེའི་འོག་ཏུ་ཁྲོས་འཁྲུགས་རྔམ་པར་གྱུར་ཏེ་ཡི་མ་རངས་ནས་སྤོང་བའི་ཆོས་སུ་བྱེད་ཅིང་འདི་སྐད་ཅེས་དགེ་སློང་འདུན་པ་ཕྱིར་བྱིན་ཅིག །ཁྱོད་ལ་མི་སྦྱིན་ནོ་ཞེས་ཟེར་ཞེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་རྨས་པ། དགའ་བོ་ཁྱོད་དགེ་འདུན་གྱི་བྱ་བ་ཆོས་དང་ལྡན་པ་ལ་དགེ་སློང་ལ་འདུན་པ་ཕུལ་ནས། དེའི་འོག་ཏུ་ཁྲོས་འཁྲུགས་རྔམ་པར་གྱུར་ཏེ་ཡི་མ་རངས་ནས་སྤོང་བའི་ཆོས་སུ་བྱེད་ཅིང་འདི་སྐད་ཅེས་དགེ་སློང་འདུན་པ་ཕྱིར་བྱིན་ཅིག །ཁྱོད་ལ་མི་སྦྱིན་ནོ་ཞེས་ཟེར་བ་བདེན་ནམ། བཙུན་པ་མད་དོ། །སངས་རྒྱས་བཅོམ་ལྡན་


DKG007_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་པར་སྨད་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་དགེ་འདུན་གྱི་བྱ་བ་ཆོས་དང་ལྡན་པ་ལ་དགེ་སློང་ལ་འདུན་པ་ཕུལ་ནས་དེའི་འོག་ཏུ་ཁྲོས་འཁྲུགས་རྔམ་པར་གྱུར་ཏེ་ཡི་མ་རངས་ནས་སྤོང་བའི་ཆོས་སུ་བྱེད་ཅིང་འདི་སྐད་ཅེས་དགེ་སློང་འདུན་པ་ཕྱིར་བྱིན་ཅིག །ཁྱོད་ལ་མི་སྦྱིན་ནོ་ཞེས་ཟེར་ན་ལྟུང་བྱེད་དོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་ཤཱཀྱའི་བུ་དགའ་བོའམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །དགེ་འདུན་གྱི་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་གྱིའོ། །བྱ་བ་ཆོས་དང་ལྡན་པ་ལ་ཞེས་བྱ་བ་ནི་ལས་ཆོས་དང་ལྡན་པ་ལའོ། །དགེ་སློང་ལ་ཞེས་བྱ་བ་ནི་ཆོས་འདི་པ་ལའོ། །འདུན་པ་ཕུལ་ནས་ཞེས་བྱ་བ་ནི་འདུན་པ་བྱིན་ནས་སོ། །དེའི་འོག་ཏུ་ཞེས་བྱ་བ་ནི་དུས་གཞན་ནའོ། །ཁྲོས་འཁྲུགས་རྔམ་པར་གྱུར་ཏེ་ཡི་མ་རངས་ནས་ཞེས་བྱ་བ་ནི་ཁྲོས་ཤིང་ཁྲོ་བའི་ཟིལ་གྱིས་ནོན་ནས་སོ། །སྤོང་བའི་ཆོས་སུ་བྱེད་ཅིང་ཞེས་བྱ་བ་ནི་བསྙོན་པའི་ཆོས་སུ་བྱེད་ཅིང་ངོ་། །འདི་སྐད་ཅེས་ཞེས་བྱ་བ་ནི་འདི་སྐད་ཅེས་ཟེར་ནའོ། །དགེ་སློང་འདུན་པ་ཕྱིར་བྱིན་ཅིག །ཁྱོད་ལ་མི་སྦྱིན་ནོ་ཞེས་ཟེར་ན་ཞེས་བྱ་བ་ནི་འདི་སྐད་ཅེས་ཟེར་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་ངན་སོང་དང་། ངན་འགྲོ་དང་། ལོག་པར་ལྟུང་བ་དག་ཏུ་སྲེག་པར་བྱེད། འཚོད་པར་བྱེད། ལྟུང་བར་བྱེད་པའོ། །གཞན་ཡང་ཇི་སྲིད་དུ་ལྟུང་བ་དེ་མ་བཤགས་ཤིང་སོ་སོར་མ་བཤགས་ན་དགེ་བའི་ཆོས་རྣམས་ལ་སྒྲིབ་པར་བྱེད་པ་སྟེ། དེས་ན་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན།


DKG007_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་སློང་གིས་ཇི་ཙམ་ཅུང་ཟད་དགེ་འདུན་གྱི་བྱ་བ་ཆོས་དང་ལྡན་པ་ལ་དགེ་སློང་ལ་འདུན་པ་ཕུལ་ནས་དེའི་འོག་ཏུ་ཁྲོས་འཁྲུགས་རྔམ་པར་གྱུར་ཏེ་ཡི་མ་རངས་ནས་སྤོང་བའི་ཆོས་སུ་བྱེད་ཅིང་འདི་སྐད་ཅེས་དགེ་སློང་འདུན་པ་ཕྱིར་བྱིན་ཅིག །ཁྱོད་ལ་མི་སྦྱིན་ནོ་ཞེས་ཟེར་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །འདུན་པ་ཕྱིར་སྒྱུར་བའི་ལྟུང་བྱེད་དེ་ལྔ་བཅུ་རྩ་གསུམ་པ་རྫོགས་སོ།། །།བར་སྡོམ་ལ། ཆོས་ཉན་པ་དང་སྒྲ་ཅན་ཟིན། །ན་དང་དགེ་སློང་སྡིག་ཅན་ལ། ། དོན་མཐུན་གཉིས་སུ་བྱས་པ་དང་། ། མདུན་དུ་བཏུད་དང་དགེ་ཚུལ་ལོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གཙུག་ལག་ཁང་དུ་ལྷགས་ནས་དགེ་སློང་རྣམས་ལ་སྨྲས་པ། འཕགས་པ་དག་ཆོས་བསྟན་དུ་གསོལ། དགེ་སློང་རྣམས་ཀྱིས་སྨྲས་པ། བཞིན་བཟངས་དག་བཅོམ་ལྡན་འདས་ཀྱི་སྤྱན་སྔར་དེང་ཤིག་དང་། བཅོམ་ལྡན་འདས་ཁྱེད་ཅག་ལ་ཆོས་སྟོན་པར་མཛད་དོ། །དེ་དག་གིས་སྨྲས་པ། འཕགས་པ་དག་སྟོན་པ་ཉག་གཅིག་ཏུ་བས་པས་རེ་ཞིག་ལྷ་རྣམས་ལ་ཆོས་སྟོན་པར་མཛད་དམ། འོན་ཏེ་ཀླུ་རྣམས་ལའམ། གནོད་སྦྱིན་རྣམས་ལའམ། མི་རྣམས་ལ་ཆོས་སྟོན་པར་མཛད་སུས་འཚལ་གྱིས། ཁྱེད་ཅག་གིས་ཀྱང་ཆོས་བསྟན་དུ་གསོལ། བཞིན་བཟངས་དག་བཅོམ་ལྡན་འདས་ཀྱིས་མ་གནང་ངོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་རྣམས་ཀྱིས་ཀྱང་ཆོས་བསྟན་པར་བྱ་བར་གནང་ངོ་། །བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ཀྱིས་ཀྱང་ཆོས་བསྟན་པར་བྱའོ་ཞེས་བཀའ་སྩལ་ནས། དེ་དག་ཉིན་མོ་ཆོས་སྟོན་པར་བྱེད་དོ། །དེ་ན་གང་དག་བསོད་ནམས་ཀྱི་འབྲས་བུས་འཚོ་བ་དེ་དག་ནི་ཉིན་མོ་ཆོས་མཉན་ནས་མཚན་མོ་རྩོལ་བའི་འབྲས་བུས་འཚོ་བ་རྣམས་ལ་ཤེས་ལྡན་དག་འཕགས་པ་དག་ཆོས་སྙན་པ་སྙན་པ་སྟོན་པར་མཛད་ཅིང་སྦྲང་


DKG007_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

རྩི་བྱེད་པའི་སྦྲང་བུ་བཞིན་དུ་ཆོས་སྦྲང་རྩི་ལྟ་བུ་སྟོན་ཅིང་སྟོབས་པར་མཛད་དོ་ཞེས་རྗོད་པར་བྱེད་དོ། །རྩོལ་བའི་འབྲས་བུས་འཚོ་བ་དག་གིས་སྨྲས་པ། ཁྱེད་ཅག་ལས་གང་དག་ཆོས་ཉན་པ་དེ་དག་གི་སངས་རྒྱས་འབྱུང་བ་ནི་འབྲས་བུ་དང་བཅས་པ་ཡིན་ནོ། །འོ་ན་ཁྱོད་ཅག་ཀྱང་ཅིའི་ཕྱིར་ཆོས་ཉན་པར་མི་བྱེད། ཁྱེད་ཅག་ནི་བསོད་ནམས་ཀྱི་འབྲས་བུས་འཚོ་བ་དག་ཡིན་པས་ཉིན་མོ་ཆོས་ཉན་པར་བྱེད་ཀྱི། ཁོ་བོ་ཅག་ནི་རྩོལ་བའི་འབྲས་བུས་འཚོ་བ་དག་ཡིན་པས་གལ་ཏེ་ཉིན་མོ་ལས་དག་མ་བྱས་ན་ལྟོགས་ཏེ་འཆི་བར་འགྱུར། གལ་ཏེ་འཕགས་པ་དག་མཚན་མོ་ཆོས་སྟོན་པར་འགྱུར་ན་དེ་ལྟ་ན་བདག་ཅག་གིས་ཀྱང་ཆོས་མཉན་པར་བྱའོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཚན་མོ་ཆོས་བསྟན་པར་བྱའོ། །དེ་དག་མཚན་མོ་ཐམས་ཅད་ཁོ་ནར་ཆོས་སྟོན་པར་བྱེད་ཅིང་དེ་དག་ངལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཚན་ཐམས་ཅད་ཁོ་ནར་ཆོས་བསྟན་པར་མི་བྱའོ། །དེ་དག་ནམ་ཕྱེད་ཀྱི་བར་དུ་ཆོས་སྟོན་པར་བྱེད་པ་ན་དེ་ལྟ་ན་ཡང་ངལ་བར་གྱུར་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚེས་བརྒྱད་དང་། ཚེས་བཅུ་བཞི་ལ་ཆོས་བསྟན་པར་བྱའོ། །དེ་དག་ཚེས་བརྒྱད་དང་། ཚེས་བཅུ་བཞི་ལ་ཆོས་སྟོན་པར་བྱེད་པ་ན་བསོད་སྙོམས་པ་ཞིག་གཙུག་ལག་ཁང་དུ་ཆོས་ཉན་དུ་འོངས་ནས་དགེ་སློང་རྣམས་ཀྱིས་ནམ་ཕྱེད་ཀྱི་བར་དུ་ཆོས་བསྟན་པ་དང་། བསོད་སྙོམས་པ་དེས་བསམས་པ། ད་ནི་འགྲོ་བའི་དུས་མ་ཡིན་གྱིས་འདི་ཉིད་དུ་འདུག་པར་བྱའོ་ཞེས་དེ་མཐའ་གཅིག་ཏུ་སོང་ནས་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་གོ །དེར་ལྷགས་པའི་ཁྱིམ་པ་དེ་དག་ཀྱང་དེ་ཉིད་དུ་ཉལ་ནས་དགེ་སྐོས་ཀྱིས་མར་མེ་བསད་པར་བརྩམས་པ་དང་། དེ་དག་གིས་སྨྲས་པ། འཕགས་པ་ཞུགས་མར་མ་དགུམ་ཞིག་དང་བདག་ཅག་གིས་འབྲུ་མར་དབུལ་ལོ། །དགེ་སྐོས་ཀྱིས་མར་མེ་གསོས་ཏེ་སོང་ནས་ཁྱིམ་པ་དེ་དག་དེ་ན་འཁོད་ཅིང་དེ་དག་གིས་སྨྲས་པ། འཕགས་པ་ཆེ་གེ་མོ་ཞིག་གིས་ནི་ཆོས་སྙན་པ་སྙན་པ་དག་བསྟན་ཏོ། །འཕགས་པ་ཆེ་གེ་མོ་ཞིག་གིས་ནི་ཆོས་ཆེས་སྙན་པ་སྙན་པ་དག་བསྟན་ཏོ་ཞེས་ཟེར་རོ། །དེ་ན་དགེ་སློང་


DKG007_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

རྒན་ཞུགས་བརྗེད་ངས་པ་ཞིག་ཉལ་བ་དེས་རྨི་ལམ་ན་སྔོན་གྱི་རྙིང་པ་དང་ལྷན་ཅིག་ཉལ་བར་རྨི་ནས་དེས་ཅི་དང་ཅི་དག་ཅིག་བརྡོལ་བར་བརྩམས་པ་དང་། ཁྱིམ་པ་དེ་དག་གིས་སྨྲས་པ། ཤེས་ལྡན་དག་ཁྱིམ་པ་ཅི་དང་ཅི་དག་བརྡོལ་བ་འདི་སུ་ཡིན་ཞེས་དེ་དག་གིས་དེ་བསྐྱོད་པར་བརྩམས་པ་དང་། ཇི་ཙམ་ན་རྒན་ཞུགས་དེ་ཕྱིས་གན་དུ་ཉལ་ཞིང་ཅི་དང་ཅི་དག་བརྡོལ་བ་མཐོང་ནས་དེ་དག་གིས་སྨྲས་པ། ཤེས་ལྡན་དག་རྒན་པོ་རྣམས་ཀྱི་གནས་སྐབས་ཀྱང་རེ་ཞིག་འདི་འདྲ་ན་འདི་དག་ནི་རབ་ཏུ་བྱུང་བ་གཞོན་ནུ་དག་ཡིན་པས་འདི་དག་གི་གནས་སྐབས་ཇི་ལྟ་བུར་འགྱུར་ཞེས་མ་དད་པ་གོ་བར་བྱེད་དོ། །བསོད་སྙོམས་པ་དེ་ནང་པར་སྔར་ལངས་ཏེ་དགོན་པའི་གནས་སུ་སོང་བ་དང་། དགེ་སློང་སྤོང་བ་པ་དག་གིས་དེ་མཐོང་ནས་སྨྲས་པ། ཚེ་དང་ལྡན་པ་ཇི་ལྟ་ཚངས་པ་མཚུངས་པར་སྤྱོད་པ་དག་གིས་ཆོས་སྙན་པ་སྙན་པ་དག་བསྟན་ཅིང་སྐྱེ་བོ་ཕལ་པོ་ཆེའི་ཚོགས་མངོན་པར་དད་པར་བྱས་སམ། དེས་སྨྲས་པ། ཚངས་པ་མཚུངས་པར་སྤྱོད་པ་དག་གིས་ཆོས་སྙན་པ་སྙན་པ་དག་བསྟན་པས་སྐྱེ་བོ་ཕལ་པོ་ཆེའི་ཚོགས་ཏེ་པོར་མངོན་པར་དད་པར་བྱས་སོ། །རྒན་ཞུགས་ཤིག་གིས་ནི་སྐྱེ་བོ་ཕལ་པོ་ཆེའི་ཚོགས་མངོན་པར་མ་དད་པར་བྱས་སོ། །ཇི་ལྟར་གྱུར། དེས་སྐབས་དེ་དགེ་སློང་རྣམས་ལ་བརྗོད་ནས་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་རྒྱས་པར་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ། ཉེས་དམིགས་གང་ཅུང་ཟད་བྱུང་བ་ནི། དགེ་སློང་རྣམས་རྫོགས་པར་མ་བསྙེན་པ་དང་ལྷན་ཅིག་ཉལ་བར་བྱེད་པ་དང་། སྣང་བ་ལ་ཉལ་བར་བྱེད་པ་ལས་གྱུར་ཏོ་སྙམ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་གིས་གང་ཟག་རྫོགས་པར་མ་བསྙེན་པ་དང་ལྷན་ཅིག་ཉལ་བར་མི་བྱ་ཞིང་། སྣང་བ་ལ་ཡང་ཉལ་བར་མི་བྱའོ། །ཉལ་བར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །འདི་ནི་རེ་ཞིག་བྱུང་བ་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས་རེ་ཞིག་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་འཆའ་བར་ནི་མི་མཛད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་དགེ་ཚུལ་སྒྲ་ཅན་ཟིན་དང་། སྐུལ་བྱེད་ཅེས་བྱ་བ་གཉིས་ཡོད་དེ། དགེ་སློང་བློ་བུར་དུ་འོངས་པ་ཞིག་འོངས་པ་ན་ཚེ་དང་ལྡན་


DKG007_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྒྲ་ཅན་ཟིན་ཉིན་མོ་སྤྱོད་དུ་སོང་བའི་གཙུག་ལག་ཁང་དུ་དགེ་སློང་བློ་བུར་དུ་འོངས་པ་དེའི་གཙུག་ལག་ཁང་དུ་བསྐོས་ནས་དགེ་སློང་དེས་ཚེ་དང་ལྡན་པ་སྒྲ་ཅན་ཟིན་གྱི་ལྷུང་བཟེད་དང་ཆོས་གོས་ཕྱི་རོལ་དུ་ཕྱུང་སྟེ་མཐའ་གཅིག་ཏུ་བཞག་གོ །ཚེ་དང་ལྡན་པ་སྒྲ་ཅན་ཟིན་ཉིན་མོ་སྤྱོད་པ་ནས་ཕྱིར་འོངས་པ་དང་། ཇི་ཙམ་ན་རང་གི་ལྷུང་བཟེད་དང་། ཆོས་གོས་ཕྱི་རོལ་དུ་ཕྱུང་སྟེ་མཐའ་གཅིག་ཏུ་བཞག་པ་མཐོང་ནས་དེ་སེམས་ཁོང་དུ་ཆུད་ཅིང་འདུག་གོ །ཇི་ཙམ་ན་དགེ་ཚུལ་སྐུལ་བྱེད་འོངས་ནས་དེས་སྨྲས་པ། ཚེ་དང་ལྡན་པ་སྒྲ་ཅན་ཟིན་ཅིའི་ཕྱིར་སེམས་ཁོང་དུ་ཆུད་ཅིང་འདུག །སྒྲ་ཅན་ཟིན་གྱིས་སྨྲས་པ། ཁོ་བོ་ཉིན་མོ་སྤྱོད་དུ་སོང་བའི་གཙུག་ལག་ཁང་དགེ་སློང་བློ་བུར་དུ་འོངས་པའི་གཙུག་ལག་ཁང་དུ་བསྐོས་ནས་དེས་ཁོ་བོའི་ལྷུང་བཟེད་དང་ཆོས་གོས་ཕྱི་རོལ་དུ་ཕྱུང་སྟེ་མཐའ་གཅིག་ཏུ་བཞག་ན་སྤྲིན་ཁ་དོག་ལྔ་པ་འདུས་པས་ཁོ་བོ་དང་མལ་གང་དུ་བཤམ་པར་བྱ་བ་མི་ཤེས་སོ། །སྐུལ་བྱེད་ཀྱིས་སྨྲས་པ། ཚེ་དང་ལྡན་པ་སྒྲ་ཅན་ཟིན་ཅིའི་ཕྱིར་སེམས་ཁོང་དུ་ཆུད་ཅིང་འདུག་ཏུ་ཡོད། གར་ཡང་རུང་བར་ཉོལ་ཅིག །སྒྲ་ཅན་ཟིན་གྱིས་སྨྲས་པ། ཚེ་དང་ལྡན་པ་སྐུལ་བྱེད་ཁྱོད་ནི་རྫུ་འཕྲུལ་ཆེ་བ་དང་མཐུ་ཆེ་བ་ཡིན་པས་ལོ་མ་མ་ཡིན་པའི་སྤྱིལ་བུ་སྤྲུལ་ཏེ་མལ་འཆའ་བར་བྱེད་མོད། ཁོ་བོས་ཇི་ལྟར་བྱ། དེའི་ཚེ་ན་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་བཅོམ་ལྡན་འདས་ཀྱི་སྣམ་ཕྱི་ས་སྤོས་ཀྱི་བྱུག་པས་བསྐུས་ནས། ཚེ་དང་ལྡན་པ་སྒྲ་ཅན་ཟིན་གྱིས་བསམས་པ། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་དུས་མ་ཡིན་པར་བཤང་བ་མཛད་པར་འགྱུར་བ་གང་ཡིན་པ་དེ་ནི་གནས་མེད་ཅིང་སྐབས་མ་ཡིན་གྱིས་སོང་ལ་དེར་ཉལ་བར་བྱའོ་སྙམ་ནས་དེ་དེར་སོང་སྟེ། སྣམ་ཕྱི་སའི་ཞབས་རྟེན་ལ་མགོ་བཞག་སྟེ་ཉལ་ལོ། །དེའི་མཚན་མོ་སྤྲིན་ཁ་དོག་ལྔ་པ་འདུས་ནས་དེས་ཆར་འབབ་པར་བརྩམས་པ་དང་། སྣམ་ཕྱི་ས་དེ་དང་ཧ་ཅང་ཐག་མི་རིང་བ་ན་སྦྲུལ་དུག་མྱུར་དུ་ཁྱབ་པར་བྱེད་པའི་གཙོ་བོ་ཞིག་གི་ཚང་འདུག་པ་དེར་ཆར་བབ་པའི་ཆུས་གང་ནས། སྦྲུལ་དུག་མྱུར་དུ་ཁྱབ་པར་བྱེད་པའི་གཙོ་བོ་དེ་བཅོམ་ལྡན་འདས་ཀྱི་སྣམ་ཕྱི་ས་ག་ལ་བ་དེར་འཕགས་སོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་བསྙེལ་བ་མི་མངའ་


DKG007_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཆོས་ཉིད་ཅན་ཡིན་པས། བཅོམ་ལྡན་འདས་ཀྱིས་དགོངས་པ། གལ་ཏེ་སྦྲུལ་དུག་མྱུར་དུ་ཁྱབ་པར་བྱེད་པའི་གཙོ་བོ་དེས་སྒྲ་ཅན་ཟིན་རྙེད་པར་གྱུར་ན་མིང་གི་ལྷག་མ་ཙམ་ལས་པར་བྱེད་པར་འགྱུར་ཏེ། ཤཱཀྱ་ང་རྒྱལ་ཅན་དག་གལ་ཏེ་གཞོན་ནུ་སྒྲ་ཅན་ཟིན་བཟང་པོ་རབ་ཏུ་བྱུང་བར་མ་གྱུར་ན། རྒྱལ་པོ་དངོས་བརྩན་པར་འགྱུར་བ་ཞིག་ན། དེ་རབ་ཏུ་བྱུང་ནས་མགོན་མེད་པའི་བྱ་བས་དུས་ལ་བབ་བོ་ཞེས་མ་དད་པ་གོ་བར་བྱེད་པར་འགྱུར་བར་ཐུགས་སུ་ཆུད་ནས་གླང་པོ་ཆེའི་སྣ་འདྲ་བའི་ཕྱག་བརྐྱང་སྟེ་སྒྲ་ཅན་ཟིན་བླངས་ནས་ཉིད་ཀྱི་གཟིམས་མལ་དུ་བསྙལ་ཏེ་བཞག་གོ །སངས་རྒྱས་བཅོམ་ལྡན་འདས་རྣམས་གང་ཟག་རྫོགས་པར་མ་བསྙེན་པ་དང་ལྷན་ཅིག་གནས་གཅིག་ན་གཟིམས་པར་འགྱུར་བ་ནི་གནས་མ་ཡིན་ཞིང་སྐབས་མེད་པས་བཅོམ་ལྡན་འདས་ཀྱིས་དགུང་ལ་འཆག་པ་དང་བཞུགས་པ་གཉིས་ཀྱིས་ཤས་ཆེར་མཚན་མོ་འདའ་བར་མཛད་དོ། །དགེ་སློང་གནས་བརྟན་གནས་བརྟན་དག་ནང་པར་སྔར་ལངས་ཏེ་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་དུ་འོངས་པ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཉིད་ནི་གལ་ཏེ་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་འཆའ་བར་བཞེད་ན་དེའི་ཚེ་དགེ་སློང་མ་འོངས་པ་རྣམས་ལ་ནི་གཞེས་པར་མཛད་ལ། དགེ་སློང་འོངས་པ་རྣམས་ནི་ཕྱིར་གཏོང་བར་མི་མཛད་པས། ཚེ་དང་ལྡན་པ་སྐུལ་བྱེད་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་དུ་སོང་བ་དང་། ཇི་ཙམ་ན་ཚེ་དང་ལྡན་པ་སྒྲ་ཅན་ཟིན་བཅོམ་ལྡན་འདས་ཀྱི་གཟིམས་མལ་ན་ཉལ་བ་མཐོང་ངོ་། །མཐོང་ནས་ཀྱང་སེ་གོལ་གྱི་སྒྲས་ཚེ་དང་ལྡན་པ་སྒྲ་ཅན་ཟིན་སད་པར་བྱས་ཏེ་སྨྲས་པ། ཚེ་དང་ལྡན་པ་སྒྲ་ཅན་ཟིན་ཁྱོད་གང་དུ་ཉལ། དེ་སད་པ་དང་ཇི་ཙམ་ན་བདག་ཉིད་བཅོམ་ལྡན་འདས་ཀྱི་གཟིམས་མལ་ན་ཉལ་བར་མཐོང་ནས་དེ་མྱུར་བ་མྱུར་བ་ཁོ་ནར་ལངས་ཏེ་བཅོམ་ལྡན་འདས་ཀྱི་གཟིམས་མལ་ནས་བབས་པ་དང་། སྐུལ་བྱེད་ཀྱིས་སྨྲས་པ། ཚེ་དང་ལྡན་པ་སྒྲ་ཅན་ཟིན་གལ་ཏེ་ཁྱོད་ལ་བཅོམ་ལྡན་འདས་ཀྱིས་མ་དགོངས་སུ་ཟིན་ན་སྦྲུལ་དུག་མྱུར་དུ་ཁྱབ་པར་བྱེད་པའི་གཙོ་བོས་ཁྱོད་མིང་གི་ལྷག་མ་ཙམ་ལས་པར་བྱེད་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་


DKG007_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་སྩལ་པ། དགེ་སློང་དག་དགེ་ཚུལ་འདི་དག་ལ་ནི་མ་ཡང་མེད། ཕ་ཡང་མེད། བྱམས་པ་དང་མཛའ་བཤེས་ཀྱི་ཚོགས་གཞན་འགའ་ཡང་མེད་དེ། ཚངས་པ་མཚུངས་པར་སྤྱོད་པ་ཁྱེད་ཅག་འབའ་ཞིག་ཏུ་ཟད་ཅིང་0A འདི་དག་ནི་དགྲ་བཅོམ་པའི་སྒོ་ང་དང་ལྡན་པ་དག་ཡིན་ཏེ། གལ་ཏེ་ཁྱེད་ཅག་གིས་འདི་དག་ཡོངས་སུ་སྐྱོང་བར་མི་བྱེད་ན་གཞན་སུ་ཞིག་བྱེད་པར་འགྱུར། དགེ་སློང་དག་དེ་ལྟ་བས་ན་གང་ཟག་རྫོགས་པར་མ་བསྙེན་པ་དང་ལྷན་ཅིག་ནུབ་གཉིས་ཚུན་ཅད་གནས་གཅིག་ཏུ་ཉལ་བར་རྗེས་སུ་གནང་ངོ་། །དགེ་སློང་ཞིག་ལ་འཁྲུ་བའི་ནད་བྱུང་ནས་དེ་མུན་པའི་ནང་དུ་བཤང་བ་བྱེད་པ་ན་རྐང་པ་གཉིས་ལ་གོས་ནས་རྐང་པ་གཉིས་བརྐྱང་སྟེ་ཉལ་བ་དང་། དེའི་གན་དུ་ནང་པར་སྔར་དགེ་སློང་ལྷན་ཅིག་གནས་པ་དང་། ཉེ་གནས་དག་འོངས་ནས་དེ་དག་གིས་དྲིས་པ། མཁན་པོ་ཐུགས་བདེའམ། དེས་སྨྲས་པ། མི་བདེའོ། །ཇི་ལྟར་མི་བདེ། དེས་སྐབས་དེ་རྒྱས་པར་བརྗོད་ནས་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་སྣང་བ་བྱའོ། །སྣང་བ་བྱས་པ་དང་། དེ་འགྱོད་པས་མི་ཉལ་ནས་ཉེས་དམིགས་དེ་ཉིད་དུ་གྱུར་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉལ་བར་བྱ་སྟེ། འདི་ལ་འགྱོད་པར་མི་བྱའོ། །དགེ་སློང་ནད་གཡོག་དག་འགྱོད་པས་མི་ཉལ་བ་ན་དེ་དག་ན་བར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དག་གིས་ཀྱང་ཉལ་བར་བྱའོ། །དེར་བྱིན་ལེན་སྟོབས་པས་བྱ་བ་བྱུང་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྫོགས་པར་མ་བསྙེན་པས་ཀྱང་དེར་ཉལ་བར་བྱའོ། །དེ་དག་ནུབ་གཉིས་འདས་ནས་ཕྱིར་འབྱིན་པར་བྱེད་པ་ན་ནད་པ་ལ་གནོད་པར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནུབ་གསུམ་པ་ལ་ཡང་ཉལ་བར་བྱའོ། །ནད་པ་འགྱོད་པར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་ལ་འགྱོད་པར་མི་བྱ་བར་ཉལ་བར་བྱའོ། །ནད་གཡོག་དག་འགྱོད་པས་མི་ཉལ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉལ་བར་བྱ་སྟེ་འདི་ལ་འགྱོད་པར་མི་བྱའོ། །དགེ་སློང་གནས་བརྟན་དག་ན་བར་གྱུར་ནས་དེ་དག་ལངས་ཤིང་རང་ཉིད་ཀྱིས་བྱིན་ལེན་བྱས་


DKG007_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་ཟ་བར་མི་ནུས་ནས་བཅོམ་ལྡན་འདས་ཀྱིས་བཀའ་0B སྩལ་པ། དེ་དག་གི་ནད་གཡོག་དག་གིས་ལག་པ་བསྙལ་ཏེ་བྱིན་ལེན་བྱས་ནས་ལྷན་ཅིག་འདུག་སྟེ་བཟའ་བར་བྱའོ། །དེ་དག་གི་ནད་གཡོག་དག་གཞོན་པ་ཡིན་ན་ཡང་དེ་དག་གིས་ཀྱང་དེ་བཞིན་དུ་བཟའ་བར་བྱའོ། །རྫོགས་པར་བསྙེན་པ་དག་མེད་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྫོགས་པར་མ་བསྙེན་པས་བཟའ་བར་བྱའོ། །ཇི་ལྟར་རྒན་པ་རྣམས་ལ་གསར་བུ་རྣམས་དང་། རྫོགས་པར་མ་བསྙེན་པ་རྣམས་ནད་གཡོག་བྱེད་པ་དེ་བཞིན་དུ་རྒན་པ་རྣམས་ཀྱིས་ཀྱང་གསར་བུ་རྣམས་དང་རྫོགས་པར་མ་བསྙེན་པ་རྣམས་ཀྱི་ནད་གཡོག་བྱའོ། །ཟླ་བའི་སྣང་བ་དང་། ཉི་མའི་སྣང་བ་བྱུང་ནས་དགེ་སློང་དག་འགྱོད་པས་ཉལ་བར་མི་བྱེད་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དག་ནི་ཐ་སྙད་དུ་བྱ་བ་མ་ཡིན་པས་ཉལ་བར་བྱ་སྟེ། འདི་ལ་འགྱོད་པར་མི་བྱའོ། །བཅོམ་ལྡན་འདས་ཀྱིས་གང་ཟག་རྫོགས་པར་མ་བསྙེན་པ་དང་ལྷན་ཅིག་ནུབ་གཉིས་ལས་ལྷག་པར་གནས་གཅིག་ཏུ་ཉལ་བར་མི་བྱའོ་ཞེས་བཀའ་སྩལ་ནས། དགེ་སློང་རྣམས་ཀྱིས་གང་ཟག་རྫོགས་པར་མ་བསྙེན་པ་དེ་དག་གཙུག་ལག་ཁང་ནས་ཕྱིར་ཕྱུང་ནས་ཆོམ་རྐུན་པ་དག་དང་། གཡོན་ཅན་དག་དང་། སེང་གེ་དག་དང་། སྟག་དག་དང་། གུང་དག་གིས་བགྲོད་པར་གྱུར་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དག་གཙུག་ལག་ཁང་ནས་ཕྱིར་འབྱུང་བར་མི་བྱའོ། །དགེ་སློང་རྣམས་ཀྱིས་དེ་དག་ཁྱམས་ནས་ཕྱིར་ཕྱུང་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱམས་ནས་ཕྱིར་དབྱུང་བར་མི་བྱ་བར་འདི་ལྟར་ཉེན་ཀོར་དུ་སྤང་བར་བྱའོ། །དགེ་སློང་ཞིག་ལ་དགེ་ཚུལ་ཞིག་ཡོད་དེ་གཙུག་ལག་ཁང་དེར་དགེ་སློང་སྡིག་ཅན་འོངས་ནས་དེས་དགེ་ཚུལ་དེ་ལ་སྨྲས་པ། དགེ་ཚུལ་ཁྱོད་གང་དུ་ཉལ། དེས་སྨྲས་པ། སྒོ་གང་འདིར་རོ། །དགེ་ཚུལ་དེའི་མཁན་པོ་དེས་ཐོས་ནས། དེས་དགེ་ཚུལ་དེ་ལ་དྲིས་པ། ཁྱོད་སྨྲས་པ་དེ་ཅི། དེས་སྨྲས་པ། འདི་བདག་ལ་ཁྱོད་གང་དུ་ཉལ་ཞེས་འདྲིའོ། །མཁན་པོ་དེས་དགེ་ཚུལ་དེ་བདག་ཉིད་ཀྱི་གནས་ཁང་དུ་བསྙལ་ནས། མཁན་པོ་དེས་ཀྱང་འཆག་པ་དང་། འདུག་པ་དག་གིས་མཚན་མོ་འདའ་བར་


DKG007_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་སོ། །དེ་ནང་པར་སྔར་ལངས་ནས་དགེ་སློང་ལྷན་ཅིག་གནས་པ་དང་། ཉེ་གནས་དག་འོངས་ཏེ་དྲིས་པ། མཁན་པོ་ཐུགས་བདེའམ། དེས་སྨྲས་པ། མི་བདེའོ། །ཅིའི་སླད་དུ། དེས་སྐབས་དེ་རྒྱས་པར་བརྗོད་པ་དང་། དེ་དག་གིས་སྨྲས་པ། མཁན་པོ་བཅོམ་ལྡན་འདས་ཀྱིས་སྐྱེས་བུ་དམ་པ་ནི་གཉིས་ཏེ། གང་ཁུར་མ་བླངས་པལེན་པར་མི་བྱེད་པ་དང་། གང་ཁུར་བླངས་པ་མཐར་ཕྱིན་པར་བྱེད་པའོ་ཞེས་བཀའ་སྩལ་པས་ཁུར་བླངས་པ་འདི་མཐར་ཕྱིན་པར་བགྱི་འཚལ་ལོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གལ་ཏེ་གནས་པར་ཁས་མ་བླངས་པ་རྣམས་ཀྱི་ནང་དུ་དགེ་སློང་སྡིག་ཅན་འོངས་ཤིང་དགེ་སློང་སྡིག་ཅན་དེ་རེ་ཞིག་སྐྲོད་པར་ནུས་ན་དེ་བསྐྲད་པར་བྱའོ། །གལ་ཏེ་སྐྲོད་པར་མི་ནུས་ན་དགེ་ཚུལ་ཁྲིད་དེ་གཙུག་ལག་ཁང་གཞན་དུ་འགྲོ་བར་བྱའོ། །གལ་ཏེ་གནས་པར་ཁས་བླངས་པ་རྣམས་ཀྱི་ནང་དུ་དགེ་སློང་སྡིག་ཅན་འོངས་ཤིང་དགེ་སློང་སྡིག་ཅན་དེ་སྐྲོད་པར་ནུས་ན་དེས་བསྐྲད་པར་བྱའོ། །གལ་ཏེ་སྐྲོད་པར་མི་ནུས་ན་དགེ་ཚུལ་དགེ་སློང་མཛའ་བོའི་གན་དུ་གཞག་པར་བྱའོ། །གལ་ཏེ་དགེ་སློང་མཛའ་བོ་མེད་ན་གནས་གཅིག་ཏུ་ལྷན་ཅིག་ཟླ་བ་གསུམ་འདའ་བར་བྱའོ། །དགག་དབྱེ་བྱས་ནས་གལ་ཏེ་དགེ་སློང་སྡིག་ཅན་དེ་སྐྲོད་པར་ནུས་ན་དེ་བསྐྲད་པར་བྱའོ། །གལ་ཏེ་མི་ནུས་ན་དགེ་ཚུལ་ཁྲིད་དེ་གཙུག་ལག་ཁང་གཞན་དུ་འགྲོ་བར་བྱའོ། །དགེ་སློང་དག་ལམ་དུ་འདོང་བ་ན་དེ་ན་དགེ་ཚུལ་ཡང་འདོང་ནས་དགེ་སློང་རྣམས་ཀྱིས་དགེ་ཚུལ་དེ་དག་ནུབ་གཉིས་འདས་ཤིང་དོན་མཐུན་གྱི་ཕྱི་རོལ་དུ་འབྱིན་པར་བྱེད་པ་ན་དེ་དག་ཆོམ་རྐུན་པ་དག་དང་། གཡོན་ཅན་དག་དང་། སེང་གེ་དག་དང་། སྟག་དག་དང་། གུང་དག་གིས་བགྲོད་པར་གྱུར་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕྱི་རོལ་དུ་དབྱུང་བར་མི་བྱ་བར་འདི་ལྟར་དོན་མཐུན་གཉིས་སུ་བྱའོ། །དོན་མཐུན་གཉིས་སུ་བྱས་པ་དང་། དེ་དག་དཔུང་ཆུང་བས་ཆོམ་རྐུན་པ་དག་དང་། གཡོན་ཅན་དག་དང་། སེང་གེ་དག་དང་། སྟག་དག་དང་། གུང་དག་གིས་བགྲོད་པར་གྱུར་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གལ་ཏེ་དོན་མཐུན་དཔུང་ཆུང་ན་


DKG007_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སུ་མི་བྱ་བར་དགེ་སློང་རྣམས་ཀྱིས་མི་ཉལ་བར་ཏྲོན་བྱའོ། །དགེ་སློང་རྣམས་མཚན་ཐམས་ཅད་དུ་མི་ཉལ་བར་ཏྲོན་བྱེད་པ་ན་ངལ་བར་གྱུར་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཚན་ཐམས་ཅད་དུ་ཏྲོན་མི་བྱ་བར་ཐུན་གསུམ་མམ། གཉིས་སམ། གཅིག་གམ། ཐ་ན་སྐྱ་རེངས་འཆར་ཀར་ཏྲོན་བྱའོ། །དེ་ལྟ་ན་ཡང་ངལ་བར་གྱུར་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉལ་བར་བྱ་སྟེ་འདི་ལ་འགྱོད་པར་མི་བྱའོ། །དགེ་སློང་རྣམས་ཀྱིས་དགེ་ཚུལ་དག་ལམ་ཀར་རྗེས་སུ་བོར་ཏེ་དོང་བ་ན་དེ་དག་ཆོམ་རྐུན་པ་དག་དང་། གཡོན་ཅན་དག་དང་། སེང་གེ་དག་དང་། སྟག་དག་དང་། གུང་དག་གིས་བགྲོད་པར་གྱུར་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མདུན་དུ་བཏང་སྟེ་འགྲོ་བར་བྱའོ། །དགེ་ཚུལ་དེ་དག་ནང་པར་སྔ་བ་ཁོ་ནར་བཀྲེས་པར་གྱུར་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དག་ལ་གཡར་ཚུས་སྦྱིན་པར་བྱའོ། །དགེ་ཚུལ་དེ་དག་དྲོ་ཀར་ཡང་ཟན་སློང་ནས་དགེ་སློང་རྣམས་ཀྱིས་ཁྱེད་ཅག་ད་ནང་གཡར་ཚུས་བྱིན་ཟིན་ན་ད་ཡང་སློང་ངམ་ཅི་ཞེས་ཟེར་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་ཚུལ་དག་ནི་མེའི་ཁམས་ཆེ་བ་ཡིན་གྱིས་དེ་དག་ལ་དྲོ་ཀར་ཡང་ཟན་སྦྱིན་པར་བྱའོ། །ཉེ་དགའ་ལ་དགེ་ཚུལ་ཚེར་མ་དང་། ཆེན་པོ་པ་ཞེས་བྱ་བ་གཉིས་ཡོད་དེ། དེ་དེ་གཉིས་དང་ལྷན་ཅིག་ནུབ་གཉིས་ལས་ལྷག་པར་གནས་གཅིག་ཏུ་ཉལ་བར་བྱེད་ནས། དགེ་སློང་རྣམས་ཀྱིས་དེ་ལ་སྨྲས་པ། ཚེ་དང་ལྡན་པ་ཉེ་དགའ་བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་གང་ཟག་རྫོགས་པར་མ་བསྙེན་པ་དང་ལྷན་ཅིག་ནུབ་གཉིས་ལས་ལྷག་པར་གནས་གཅིག་ཏུ་ཉལ་བར་མི་བྱའོ་ཞེས་བཀའ་སྩལ་གྱིས་ཁྱོད་གང་ཟག་རྫོགས་པར་མ་བསྙེན་པ་དང་ལྷན་ཅིག་ནུབ་གཉིས་ལས་ལྷག་པར་གནས་གཅིག་ཏུ་མ་ཉལ་ཅིག །ཉེ་དགའས་སྨྲས་པ། གང་ལ་ནུབ་གཉིས་རུང་བ་དེ་ལ་ནུབ་གསུམ་པ་ཡང་རུང་མོད། ནུབ་གསུམ་པས་ཆང་འཐུངས་སམ། ཀུན་དོང་ཟོས་སམ་ཅི་ཉེས། དགེ་སློང་དོན་ཉུང་ངུ་དག་བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་གང་ཟག་རྫོགས་པར་མ་བསྙེན་པ་དང་ལྷན་ཅིག་ནུབ་གཉིས་ལས་ལྷག་པར་གནས་གཅིག་ཏུ་ཉལ་བར་མི་བྱའོ་ཞེས་


DKG007_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་སྩལ་ན། ཅིའི་ཕྱིར་དགེ་སློང་དག་ཆེད་དུ་བསམས་ཏེ་ནུབ་གཉིས་ལས་ལྷག་པར་འདའ་བར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཉེ་དགའ་ལ་རྨས་པ། ཉེ་དགའ་ངས་དགེ་སློང་གིས་གང་ཟག་རྫོགས་པར་མ་བསྙེན་པ་དང་ལྷན་ཅིག་ནུབ་གཉིས་ལས་ལྷག་པར་གནས་གཅིག་ཏུ་ཉལ་བར་མི་བྱའོ་ཞེས་གསུངས་ན། ཁྱོད་ཆེད་དུ་བསམས་ཏེ་ནུབ་གཉིས་ལས་ལྷག་པར་འདའ་བར་བྱེད་པ་བདེན་ནམ། བཙུན་པ་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་པར་སྨད་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་གང་ཟག་རྫོགས་པར་མ་བསྙེན་པ་དང་ལྷན་ཅིག་ནུབ་གཉིས་ལས་ལྷག་པར་གནས་གཅིག་ཏུ་ཉལ་ན་ལྟུང་བྱེད་དོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་ཤཱཀྱའི་བུ་ཉེ་དགའམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །གང་ཟག་རྫོགས་པར་མ་བསྙེན་པ་དང་ལྷན་ཅིག་ཅེས་བྱ་བ་ལ། རྫོགས་པར་བསྙེན་པ་ནི་གཉིས་ཏེ། དགེ་སློང་དང་། དགེ་སློང་མའོ། །དེ་ལས་གཞན་པ་ནི་རྫོགས་པར་མ་བསྙེན་པའོ། །ནུབ་གཉིས་ལས་ལྷག་པར་ཞེས་བྱ་བ་ནི་ནུབ་གཉིས་ལས་འདས་པར་རོ། །གནས་གཅིག་ཏུ་ཉལ་ན་ཞེས་བྱ་བ་ནི་གནས་བཞི་པོ་ཐམས་ཅད་གཡོགས་ཤིང་ཐམས་ཅད་བསྐོར་བ་དང་།


DKG007_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་གཡོགས་ཤིང་ཕལ་ཆེར་བསྐོར་བ་དང་། ཕལ་ཆེར་གཡོགས་ཤིང་ཐམས་ཅད་བསྐོར་བ་དང་། ཕལ་ཆེར་གཡོགས་ཤིང་ཕལ་ཆེར་བསྐོར་བ་དག་ཏུ་ཉལ་བས་སྐྱ་རེངས་འཆར་བར་བྱེད་ནའོ། །ཐམས་ཅད་གཡོགས་ཤིང་ཐམས་ཅད་བསྐོར་བ་ནི་གནས་ཁང་ངམ། འཁོར་གྱི་ཁྱམས་སམ། ཁང་པ་བརྩེགས་པ་དག་གོ །ཐམས་ཅད་གཡོགས་ཤིང་ཕལ་ཆེར་བསྐོར་བ་ནི་སྒོ་བཅུ་པ་དང་། སྒོ་བཅུ་གཉིས་པ་དག་གོ །ཕལ་ཆེར་གཡོགས་ཤིང་ཐམས་ཅད་བསྐོར་བ་ནི་ཁྱམས་ངོས་བཞི་པ་དག་གོ །ཕལ་ཆེར་གཡོགས་ཤིང་ཕལ་ཆེར་བསྐོར་བ་ནི་ཁྱམས་ངོས་གསུམ་པ་དང་། འཁོར་གྱི་ཁྱམས་དག་གོ །ལྟུང་བྱེད་དོ་ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་ངན་སོང་དང་། ངན་འགྲོ་དང་། ལོག་པར་ལྟུང་བ་དག་ཏུ་སྲེག་པར་བྱེད། འཚོད་པར་བྱེད། ལྟུང་བར་བྱེད་པའོ། །གཞན་ཡང་ཇི་སྲིད་དུ་ལྟུང་བ་དེ་མ་བཤགས་ཤིང་སོ་སོར་མ་བཤགས་ན་དགེ་བའི་ཆོས་རྣམས་ལ་སྒྲིབ་པར་བྱེད་པ་སྟེ། དེས་ན་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་གིས་གང་ཟག་རྫོགས་པར་མ་བསྙེན་པ་ལ་རྫོགས་པར་མ་བསྙེན་པར་འདུ་ཤེས་ཤིང་ལྷན་ཅིག་ནུབ་གཉིས་ལས་ལྷག་པར་གནས་གཅིག་ཏུ་ཉལ་ན་ལྟུང་བྱེད་དུ་འགྱུར་རོ། །གང་ཟག་རྫོགས་པར་མ་བསྙེན་པ་ལ་ཡིད་གཉིས་ཟ་བས་ལྷན་ཅིག་ནུབ་གཉིས་ལས་ལྷག་པར་གནས་གཅིག་ཏུ་ཉལ་ན་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་གང་ཟག་རྫོགས་པར་བསྙེན་པ་ལ་རྫོགས་པར་མ་བསྙེན་པར་འདུ་ཤེས་པས་ལྷན་ཅིག་ནུབ་གཉིས་ལས་ལྷག་པར་གནས་གཅིག་ཏུ་ཉལ་ན་ཉེས་བྱས་སུ་འགྱུར་རོ། །རྫོགས་པར་བསྙེན་པ་ལ་ཡིད་གཉིས་ཟ་བས་ལྷན་ཅིག་ནུབ་གཉིས་ལས་ལྷག་པར་གནས་གཅིག་ཏུ་ཉལ་ན་ཉེས་བྱས་སུ་འགྱུར་རོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །རྫོགས་པར་མ་བསྙེན་པ་དང་ལྷན་ཅིག་ཉལ་བའི་ལྟུང་བྱེད་དེ་ལྔ་བཅུ་རྩ་བཞི་པ་རྫོགས་སོ།། །།སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ན་སྔོན་བོང་རྫི་


DKG007_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་སློང་འཆི་ལྟས་ལ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་བྱུང་སྟེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་དག་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པ་མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་གིས་ཤེས་སོ་ཞེས་ཟེར་རོ། །དགེ་སློང་རབ་ཏུ་མང་པོ་དག་གིས་སྔོན་བོང་རྫི་དགེ་སློང་འཆི་ལྟས་ལ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་བྱུང་སྟེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་དག་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་གིས་ཤེས་སོ་ཞེས་ཟེར་བ་ཐོས་ནས་དགེ་སློང་རྣམས་ཀྱིས་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཀྱིས་སྔོན་བོང་རྫི་དགེ་སློང་འཆི་ལྟས་དང་། གཞན་ཡང་དེ་ལྟ་བུ་གང་ཡིན་པ་ལ་བཞམས་ཏེ་བསྒོ་བར་བྱའོ། །འདི་སྐད་ཅེས་བསྒོ་བར་བྱ་སྟེ། ཚེ་དང་ལྡན་པ་འཆི་ལྟས་ཁྱོད་ཇི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་དག་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་གིས་ཤེས་སོ་ཞེས་དེ་སྐད་མ་ཟེར་ཅིག །བཅོམ་ལྡན་འདས་ལ་སྐུར་པ་མ་འདེབས་ཤིག །བཅོམ་ལྡན་འདས་ལ་སྐུར་པས་ལེགས་པར་མི་འགྱུར་རོ། །བཅོམ་ལྡན་འདས་ནི་དེ་སྐད་མི་གསུང་ངོ་། །འཆི་ལྟས་བར་དུ་གཅོད་པའི་ཆོས་རྣམས་ནི་བར་དུ་གཅོད་པ་ཉིད་དོ་ཞེས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མར་གསུངས་ཏེ། དེ་དག་བསྟེན་ན་བར་དུ་གཅོད་པར་འགྱུར་གྱིས། འཆི་ལྟས་ཁྱོད་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་བསྒོ་བར་བྱའོ། །དགེ་སློང་རྣམས་ཀྱིས་བཙུན་པ་བཀའ་བཞིན་འཚལ་ཞེས་བཅོམ་ལྡན་འདས་ལས་མཉན་ནས་འཆི་ལྟས་ལ་ཚེ་དང་ལྡན་པ་འཆི་ལྟས་ཁྱོད་ཇི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་དག་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་གིས་ཤེས་སོ་ཞེས་དེ་སྐད་མ་ཟེར་ཅིག །བཅོམ་ལྡན་འདས་ལ་སྐུར་པ་མ་འདེབས་


DKG007_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

ཤིག །བཅོམ་ལྡན་འདས་ལ་སྐུར་པས་ལེགས་པར་མི་འགྱུར་རོ། །བཅོམ་ལྡན་འདས་ནི་དེ་སྐད་མི་གསུང་ངོ་། །འཆི་ལྟས་བར་དུ་གཅོད་པའི་ཆོས་རྣམས་ནི་བར་དུ་གཅོད་པ་ཉིད་དོ་ཞེས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མར་གསུངས་ཏེ། དེ་དག་བསྟེན་ན་བར་དུ་གཅོད་པར་འགྱུར་གྱིས་འཆི་ལྟས་ཁྱོད་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་བཞམས་ཏེ་བསྒོའོ། །དགེ་སློང་རབ་ཏུ་མང་པོ་དག་གིས་དེ་ལ་བཞམས་ཏེ་བསྒོ་ཡང་གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་རྒྱས་པར་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཀྱིས་སྔོན་བོང་རྫི་དགེ་སློང་འཆི་ལྟས་དང་། གཞན་ཡང་དེ་ལྟ་བུ་གང་ཡིན་པ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བར་བྱའོ། །འདི་ལྟར་བསྒོ་བར་བྱ་སྟེ་གནས་མལ་བཤམས་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས་དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ་དགེ་སློང་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འཆི་ལྟས་འདི་ལ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་བྱུང་སྟེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་དག་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་གིས་ཤེས་སོ་ཞེས་མཆི་ནས། འདི་ལ་དགེ་སློང་རབ་ཏུ་མང་པོས་བཞམས་ཏེ་བསྒོ་ན་འདི་ལ་བཞམས་ཏེ་བསྒོ་ཡང་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་ནས། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་འཆི་ལྟས་ལ་འཆི་ལྟས་ཁྱོད་ཇི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་དག་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་


DKG007_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ཀྱིས་ཆོས་བསྟན་པ་བདག་གིས་ཤེས་སོ་ཞེས་དེ་སྐད་མ་ཟེར་ཅིག །བཅོམ་ལྡན་འདས་ལ་སྐུར་པ་མ་འདེབས་ཤིག །བཅོམ་ལྡན་འདས་ལ་སྐུར་པས་ལེགས་པར་མི་འགྱུར་རོ། །བཅོམ་ལྡན་འདས་ནི་དེ་སྐད་མི་གསུང་ངོ་། །འཆི་ལྟས་བར་དུ་གཅོད་པའི་ཆོས་རྣམས་ནི་བར་དུ་གཅོད་པ་ཉིད་དོ་ཞེས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མར་གསུངས་ཏེ། དེ་དག་བསྟེན་ན་བར་དུ་གཅོད་པར་འགྱུར་གྱིས། འཆི་ལྟས་ཁྱོད་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་དོ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འཆི་ལྟས་འདི་ལ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་བྱུང་སྟེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་དག་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་གིས་ཤེས་སོ་ཞེས་མཆི་ནས། འདི་ལ་དགེ་སློང་རབ་ཏུ་མང་པོས་བཞམས་ཏེ་བསྒོ་ན། འདི་ལ་བཞམས་ཏེ་བསྒོ་ཡང་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་དུ་འདོགས་ཏེ། དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་འཆི་ལྟས་ལ་འཆི་ལྟས་ཁྱོད་ཇི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་དག་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་གིས་ཤེས་སོ་ཞེས་དེ་སྐད་མ་ཟེར་ཅིག །བཅོམ་ལྡན་འདས་ལ་སྐུར་པ་མ་འདེབས་ཤིག །བཅོམ་ལྡན་འདས་ལ་སྐུར་པས་ལེགས་པར་མི་འགྱུར་རོ། །བཅོམ་ལྡན་འདས་ནི་དེ་སྐད་མི་གསུང་ངོ་། །འཆི་ལྟས་བར་དུ་གཅོད་པའི་ཆོས་རྣམས་ནི་བར་དུ་གཅོད་པ་ཉིད་དོ་ཞེས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མར་གསུངས་ཏེ་དེ་དག་བསྟེན་ན་བར་དུ་གཅོད་པར་འགྱུར་གྱིས། འཆི་ལྟས་ཁྱོད་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་ན། ཚེ་དང་ལྡན་པ་གང་དག་དགེ་སློང་འཆི་ལྟས་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་པར་བཟོད་


DKG007_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུང་ཤིག །འདི་ནི་ལས་བརྗོད་པ་དང་པོ་སྟེ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་དགེ་སློང་འཆི་ལྟས་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དགེ་སློང་རྣམས་ཀྱིས་བཙུན་པ་བཀའ་བཞིན་འཚལ་ཞེས་བཅོམ་ལྡན་འདས་ལས་མཉན་ནས་འཆི་ལྟས་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོའོ། །གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་ཡང་གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཁྱོད་ཀྱིས་དགེ་སློང་འཆི་ལྟས་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་མི་གཏོང་བ་དང་། གཞན་ཡང་དེ་ལྟ་བུ་གང་ཡིན་པ་ལ་སྨད་པའི་ལས་བྱའོ། །འདི་ལྟར་བྱ་སྟེ། གནས་མལ་བཤམས་པ་བྱས་ནས། གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས་དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ་དགེ་སློང་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འཆི་ལྟས་འདི་ལ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་བྱུང་སྟེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་དག་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་གིས་ཤེས་སོ་ཞེས་མཆི་ནས། འདི་ལ་དགེ་སློང་རབ་ཏུ་མང་པོས་བཞམས་ཏེ་བསྒོ་ན་འདི་ལ་དགེ་སློང་རབ་ཏུ་མང་པོས་བཞམས་ཏེ་བསྒོ་ཡང་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་


DKG007_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་ཏེ། འདི་ལ་དགེ་འདུན་གྱིས་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་ན། འདི་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་ཡང་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་ན་གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་འཆི་ལྟས་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་མི་གཏོང་བ་ལ་སྨད་པའི་ལས་བགྱི་སྟེ། ཇི་སྲིད་དུ་དགེ་སློང་འཆི་ལྟས་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་ཐམས་ཅད་ཀྱི་ཐམས་ཅད་དང་། རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་མི་གཏོང་བ་དེ་སྲིད་དུ་གཏམ་འདྲེ་བར་མི་བགྱི། ཕེབས་པར་སྨྲ་བར་མི་བགྱི་ཞིང་དཔེར་ན་གདོལ་བུ་བཞིན་དུ་སྨད་པར་བགྱི་ཞིང་མཆོག་ཏུ་སྨད་པར་བགྱིའོ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འཆི་ལྟས་འདི་ལ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་བྱུང་སྟེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་དག་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་གིས་ཤེས་སོ་ཞེས་མཆི་ནས། འདི་ལ་དགེ་སློང་རབ་ཏུ་མང་པོས་བཞམས་ཏེ་བསྒོ་ན་འདི་ལ་དགེ་སློང་རབ་ཏུ་མང་པོས་བཞམས་ཏེ་བསྒོ་ཡང་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་ཏེ། འདི་ལ་དགེ་འདུན་གྱིས་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་ན་འདི་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་ཡང་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་ན། དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་འཆི་ལྟས་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་མི་གཏོང་བ་ལ་སྨད་པའི་ལས་བགྱི་སྟེ། ཇི་སྲིད་དུ་དགེ་སློང་འཆི་ལྟས་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་ཐམས་ཅད་ཀྱི་ཐམས་ཅད་དང་། རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་མི་གཏོང་བ་དེ་སྲིད་དུ་གཏམ་འདྲེ་བར་མི་བགྱི། ཕེབས་པར་སྨྲ་བར་མི་བགྱི་ཞིང་དཔེར་ན་གདོལ་བུ་བཞིན་དུ་སྨད་པར་བགྱི་ཞིང་མཆོག་ཏུ་སྨད་པར་བགྱི་ན། ཚེ་དང་ལྡན་པ་གང་དག་དགེ་སློང་འཆི་ལྟས་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་མི་གཏོང་བ་ལ་སྨད་པའི་ལས་བགྱི་ཞིང་ཇི་སྲིད་


DKG007_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

དུ་དགེ་སློང་འཆི་ལྟས་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་ཐམས་ཅད་ཀྱི་ཐམས་ཅད་དང་། རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་མི་གཏོང་བ་དེ་སྲིད་དུ་གཏམ་འདྲེ་བར་མི་བགྱི། ཕེབས་པར་སྨྲ་བར་མི་བགྱི་ཞིང་དཔེར་ན་གདོལ་བུ་བཞིན་དུ་སྨད་པར་བགྱི་ཞིང་མཆོག་ཏུ་སྨད་པར་བགྱི་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུང་ཤིག །འདི་ནི་ལས་བརྗོད་པ་དང་པོ་སྟེ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་དགེ་སློང་འཆི་ལྟས་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་མི་གཏོང་བ་ལ་སྨད་པའི་ཕྲིན་ལས་མཛད་ཅིང་ཇི་སྲིད་དུ་དགེ་སློང་འཆི་ལྟས་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་ཐམས་ཅད་ཀྱི་ཐམས་ཅད་དང་། རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་མི་གཏོང་བ་དེ་སྲིད་དུ་གཏམ་འདྲེ་བར་མི་བགྱི། ཕེབས་པར་སྨྲ་བར་མི་བགྱི་ཞིང་དཔེར་ན་གདོལ་བུ་བཞིན་དུ་སྨད་པར་བགྱིས་ཤིང་མཆོག་ཏུ་སྨད་པར་བགྱི་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དགེ་སློང་རྣམས་ཀྱིས་བཙུན་པ་བཀའ་བཞིན་འཚལ་ཞེས་བཅོམ་ལྡན་འདས་ལས་མཉན་ནས། དགེ་སློང་འཆི་ལྟས་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་མི་གཏོང་བ་ལ་སྨད་པའི་ལས་བྱས་ཤིང་། ཇི་སྲིད་དུ་དགེ་སློང་འཆི་ལྟས་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་དེ་ལྟ་བུ་དེ་ཐམས་ཅད་ཀྱི་ཐམས་ཅད་དང་། རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་མི་གཏོང་བ་དེ་སྲིད་དུ་གཏམ་འདྲེ་བར་མི་བྱ། ཕེབས་པར་སྨྲ་བར་མི་བྱ་ཞིང་དཔེར་ན་གདོལ་བུ་བཞིན་དུ་སྨད་པར་བྱས་ཤིང་མཆོག་ཏུ་སྨད་པར་བྱས་སོ། །དགེ་སློང་དེ་དག་གིས་དགེ་སློང་འཆི་ལྟས་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་མི་གཏོང་བ་ལ་སྨད་པའི་ལས་བྱས་ཤིང་ཇི་སྲིད་དུ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་དེ་ལྟ་བུ་དེ་ཐམས་ཅད་ཀྱི་ཐམས་ཅད་དང་། རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་མི་གཏོང་བ་དེ་སྲིད་དུ་གཏམ་འདྲེ་བར་མི་བྱ། ཕེབས་པར་སྨྲ་བར་མི་བྱ་ཞིང་དཔེར་ན་གདོལ་བུ་བཞིན་དུ་སྨད་པར་བྱས་ཤིང་མཆོག་ཏུ་སྨད་པར་བྱས་ཀྱང་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པའི་སྐབས་དེ་དགེ་སློང་


DKG007_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་འཆི་ལྟས་ལ་རྨས་པ། འཆི་ལྟས་ཁྱོད་ཇི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་དག་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་གིས་ཤེས་སོ་ཞེས་ཟེར་བ་བདེན་ནམ། བཙུན་པ་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་པར་སྨད་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་འདི་སྐད་ཅེས་ཇི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་དག་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་གིས་ཤེས་སོ་ཞེས་ཟེར་ན། དགེ་སློང་དེ་ལ་དགེ་སློང་རྣམས་ཀྱིས་འདི་སྐད་ཅེས་ཚེ་དང་ལྡན་པ་ཁྱོད་ཇི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་དག་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་གིས་ཤེས་སོ་ཞེས་དེ་སྐད་མ་ཟེར་ཅིག །བཅོམ་ལྡན་འདས་ལ་སྐུར་པ་མ་འདེབས་ཤིག །བཅོམ་ལྡན་འདས་ལ་སྐུར་པས་ལེགས་པར་མི་འགྱུར་རོ། །བཅོམ་ལྡན་འདས་ནི་དེ་སྐད་མི་གསུང་ངོ་། །ཚེ་དང་ལྡན་པ་བར་དུ་གཅོད་པའི་ཆོས་རྣམས་ནི་བར་དུ་གཅོད་པ་ཉིད་དོ་ཞེས་བཅོམ་ལྡན་


DKG007_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ཀྱིས་རྣམ་གྲངས་དུ་མར་གསུངས་ཏེ། དེ་དག་བསྟེན་ན་བར་དུ་གཅོད་པར་འགྱུར་གྱིས། ཚེ་དང་ལྡན་པ་ཁྱོད་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་བསྒོ་བར་བྱའོ། །དགེ་སློང་དེ་ལ་དགེ་སློང་རྣམས་ཀྱིས་དེ་སྐད་བསྒོ་བ་ན་གལ་ཏེ་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་གཞི་དེ་གཏང་བར་བྱ་བའི་ཕྱིར་ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱའོ། །ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ། ཡང་དག་པར་བསྟན་པ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་ལྟུང་བྱེད་དོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་འཆི་ལྟས་སམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །འདི་སྐད་ཅེས་ཞེས་བྱ་བ་ནི་འདི་སྐད་ཅེས་ཟེར་ནའོ། །ཇི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་དག་ཡིན་པ་ཞེས་བྱ་བ་ལ། བར་དུ་གཅོད་པའི་ཆོས་ཞེས་བྱ་བ་ནི་ཕམ་པར་འགྱུར་བའི་ཆོས་བཞི་དང་། དགེ་འདུན་ལྷག་མའི་ཆོས་བཅུ་གསུམ་དང་། མ་ངེས་པའི་ཆོས་གཉིས་དང་། སྤང་བའི་ལྟུང་བྱེད་ཀྱི་ཆོས་སུམ་བཅུ་དང་། ལྟུང་བྱེད་ཀྱི་ཆོས་དགུ་བཅུ་དང་། སོ་སོར་བཤགས་པར་བྱ་བའི་ཆོས་བཞི་དང་། བསླབ་པའི་ཆོས་མང་པོ་དང་། རྩོད་པ་ཞི་བར་བྱ་བའི་ཆོས་བདུན་པོ་གང་དག་བཅོམ་ལྡན་འདས་ཀྱིས་གསུངས་པ་དག་གོ །དེ་དག་བསྟེན་ཀྱང་ཞེས་བྱ་བ་ནི་དེ་དག་ལྷག་པར་སྤྱད་ཀྱང་ངོ་། །བར་དུ་གཅོད་པར་མི་འགྱུར་ཏེ་ཞེས་བྱ་བ་ནི་དེས་དགེ་སྦྱོང་གི་ཚུལ་གྱི་བར་དུ་གཅོད་པར་མི་འགྱུར་ཏེ་ཞེས་ཟེར་བའོ། །དེ་ལྟར་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིའོ། །ཆོས་ཞེས་བྱ་བ་ནི་སངས་རྒྱས་ཀྱིས་གསུངས་པ་དང་། ཉན་ཐོས་ཀྱིས་བཤད་པའོ། །བསྟན་པ་ཞེས་བྱ་བ་ནི་རབ་ཏུ་བསྟན་པའོ། །བདག་གིས་ཤེས་སོ་ཞེས་ཟེར་ན་ཞེས་བྱ་བ་ནི་བདག་གིས་ཀུན་ཤེས་སོ་ཞེས་ཟེར་ནའོ། །དགེ་སློང་དེ་ལ་ཞེས་བྱ་བ་ནི་འཆི་ལྟས་ལའོ། །དགེ་སློང་རྣམས་ཀྱིས་ཞེས་བྱ་བ་ནི་ཆོས་འདི་པ་རྣམས་ཀྱིས་སོ། །འདི་སྐད་ཅེས་ཞེས་བྱ་བ་ནི་བཞམས་ཏེ་བསྒོ་བ་ཇི་སྐད་སྔར་བསྟན་པ་ལྟར་བསྒོ་བར་བྱའོ། །དགེ་སློང་དེ་ལ་དགེ་སློང་རྣམས་ཀྱིས་དེ་སྐད་བསྒོ་


DKG007_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

བ་ན་ཞེས་བྱ་བ་ནི་བཞམས་ཏེ་བསྒོ་བ་ནའོ། །གལ་ཏེ་གཞི་དེ་གཏོང་ན་ཞེས་བྱ་བ་ནི་ལྟ་བའི་རྣམ་པ་དེ་ཡོངས་སུ་གཏོང་ནའོ། །དེ་ལྟ་ན་ལེགས་ཞེས་བྱ་བ་ནི་དེ་ལྟ་ན་བཟང་བའོ། །གལ་ཏེ་མི་གཏོང་ན་ཞེས་བྱ་བ་ནི་ཡོངས་སུ་མི་གཏོང་ནའོ། །ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱའོ་ཞེས་བྱ་བ་ནི་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་ཇི་སྐད་དུ་སྔར་བསྟན་པ་ལྟར་བསྒོ་བར་བྱ་བ་སྟེ། ཡང་དག་པར་བསྒོ་བ་དེ་ནི་དེ་ཡིན། ཡང་དག་པར་བསྟན་པ་དེ་ནི་དེ་ཡིན་ནོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་ངན་སོང་དང་། ངན་འགྲོ་དང་ལོག་པར་ལྟུང་བ་དག་ཏུ་སྲེག་པར་བྱེད། འཚོད་པར་བྱེད། ལྟུང་བར་བྱེད་པའོ། །གཞན་ཡང་ཇི་སྲིད་དུ་ལྟུང་བ་དེ་མ་བཤགས་ཤིང་སོ་སོར་མ་བཤགས་ན་དགེ་བའི་ཆོས་རྣམས་ལ་སྒྲིབ་པར་བྱེད་པ་སྟེ། དེས་ན་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་ཇི་ཙམ་ཅུང་ཟད་འདི་སྐད་ཅེས་ཇི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་དག་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་གིས་ཤེས་སོ་ཞེས་ཟེར་ན་ཐམས་ཅད་དུ་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་བཞམས་ཏེ་བསྒོ་བ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་ཉེས་བྱས་སུ་འགྱུར་རོ། །གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་གསོལ་བ་བྱེད་པ་ན་ཉེས་བྱས་སུ་འགྱུར་རོ། །ལས་བརྗོད་པ་དང་པོ་བརྗོད་པ་ན་མ་རྫོགས་པར་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་རྫོགས་པར་བརྗོད་པ་ན་ཉེས་བྱས་སུ་འགྱུར་རོ། །ལས་བརྗོད་པ་གཉིས་པ་བརྗོད་པ་ན་མ་རྫོགས་པར་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་རྫོགས་པར་བརྗོད་པ་ན་ཉེས་བྱས་སུ་འགྱུར་རོ། །ལས་བརྗོད་པ་གསུམ་པ་བརྗོད་པ་ན་མ་རྫོགས་པར་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་རྫོགས་པར་བརྗོད་པ་ན་གལ་ཏེ་མི་མཐུན་པ་དང་ཆོས་མ་ཡིན་པས་སྒོ་བར་བྱེད་ན་ལྟུང་བ་མེད་དོ། །མི་མཐུན་པ་དང་ཆོས་ཀྱིས་སྒོ་བར་བྱེད་ན་ལྟུང་བ་མེད་དོ། །མཐུན་པ་དང་


DKG007_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ལྟར་བཅོས་པས་སྒོ་བར་བྱེད་ན་ལྟུང་བ་མེད་དོ། །མི་མཐུན་པ་དང་ཆོས་མ་ཡིན་པ་ལྟར་བཅོས་པས་སྒོ་བར་བྱེད་ན་ལྟུང་བ་མེད་དོ། །ཆོས་ཇི་ལྟ་བ་དང་། འདུལ་བ་ཇི་ལྟ་བ་དང་། སྟོན་པའི་བསྟན་པ་ཇི་ལྟ་བ་དེ་ལྟར་སྒོ་བར་མི་བྱེད་ན་ལྟུང་བ་མེད་དོ། །ཆོས་ཇི་ལྟ་བ་དང་། འདུལ་བ་ཇི་ལྟ་བ་དང་། སྟོན་པའི་བསྟན་པ་ཇི་ལྟ་བ་དེ་ལྟར་མཐུན་པས་སྒོ་བར་བྱེད་ན་རྫོགས་པར་བརྗོད་པ་ན་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་དེས་སྟན་དེ་ལ་འདུག་བཞིན་དུ་འདི་སྐད་ཅེས་ཚེ་དང་ལྡན་པ་དག་བདག་ལ་ལྟུང་བྱེད་ཀྱི་ལྟུང་བ་བྱུང་ངོ་ཞེས་བརྗོད་པར་བྱ་སྟེ། གལ་ཏེ་དེ་སྐད་བརྗོད་ན་དེ་ལྟ་ན་ལེགས། གལ་ཏེ་མི་བརྗོད་ན་དེ་ཕྱིན་ཅད་ནས་དེས་འཆབ་པའི་ཉེས་པ་འབྱུང་བར་འགྱུར་རོ། །དེ་བས་ན་དགེ་སློང་གིས་ཇི་ཙམ་དུ་གཞི་དེས་མ་བཤགས་ཤིང་སོ་སོར་མ་བཤགས་པར་གསོལ་བ་དང་། གསོལ་བ་དང་། གཉིས་དང་། གསོལ་བ་དང་བཞིའི་ལས་ཉམས་སུ་མྱོང་བར་བྱེད་ན་ཐམས་ཅད་དུ་ཉེས་བྱས་སུ་འགྱུར་རོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །ལྟ་བའི་རྣམ་པ་མི་གཏོང་བའི་ལྟུང་བྱེད་དེ་ལྔ་བཅུ་རྩ་ལྔ་པ་རྫོགས་སོ།། །།སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །འཆི་ལྟས་དེ་གནས་ནས་དབྱུང་བའི་ལས་བྱས་པ་ན་ངུ་ཞིང་ཉེ་དགའི་གན་དུ་སོང་བ་དང་། ཉེ་དགའས་སྨྲས་པ། འཆི་ལྟས་ཁྱོད་ཅིའི་ཕྱིར་ངུ་། འཆི་ལྟས་ཀྱིས་སྨྲས་པ། ལྷུང་བཟེད་ནག་པོ་ཅན་དག་གིས་ཁོ་བོ་གནས་ནས་དབྱུང་བའི་ལས་བྱས་སོ། །ཉེ་དགའས་སྨྲས་པ། གང་དག་གིས་འཆི་ལྟས་གནས་ནས་དབྱུང་བའི་ལས་བྱས་པ་དེ་དག་གྲོང་དང་། གྲོང་ཁྱེར་དང་། ལྗོངས་དང་། ཁམས་གསུམ་ནས་གནས་ནས་ཕྱུང་བར་གྱུར་ཅིག །འོན་ཀྱང་གནས་ནས་དབྱུང་བའི་ལས་བྱས་པ་རྣམས་ལ་གྲོང་ངམ། གྲོང་རྡལ་དག་མེད་དམ་ཅི། སྡོད་ལ་བཟོད་པ་གསོལ་ཅིག་ཅེས་ཉེ་དགའས་འཆི་ལྟས་དང་ལྷན་ཅིག་གཏམ་འདྲེ་བར་བྱེད། ཕེབས་པར་སྨྲ་བར་བྱེད། ཀུན་དུ་གནས་པར་བྱེད། ཀུན་དུ་ལོངས་སྤྱོད་པར་བྱེད་ཅིང་དེ་དང་ལྷན་ཅིག་གནས་གཅིག་ཏུ་ཉལ་བར་བྱེད་དོ། །དགེ་སློང་


DKG007_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་ཤེས་བཞིན་དུ་དེ་སྐད་ཟེར་བའི་གང་ཟག་ཆོས་བཞིན་དུ་མ་བྱས་པ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་དེ་མ་སྤངས་པ་དང་གཏམ་འདྲེ་བར་བྱེད། ཕེབས་པར་སྨྲ་བར་བྱེད། ཀུན་དུ་གནས་པར་བྱེད། ཀུན་དུ་ལོངས་སྤྱོད་པར་བྱེད་ཅིང་དེ་དང་ལྷན་ཅིག་གནས་གཅིག་ཏུ་ཉལ་བར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཉེ་དགའ་ལ་རྨས་པ། ཉེ་དགའ་ཁྱོད་ཤེས་བཞིན་དུ་དེ་སྐད་ཟེར་བའི་གང་ཟག་ཆོས་བཞིན་མ་བྱས་པ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་དེ་མ་སྤངས་པ་དང་གཏམ་འདྲེ་བར་བྱེད། ཕེབས་པར་སྨྲ་བར་བྱེད། ཀུན་དུ་གནས་པར་བྱེད། ཀུན་དུ་ལོངས་སྤྱོད་པར་བྱེད་ཅིང་དེ་དང་ལྷན་ཅིག་གནས་གཅིག་ཏུ་ཉལ་བ་བདེན་ནམ། བཙུན་པ་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་པར་སྨད་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་ཤེས་བཞིན་དུ་དེ་སྐད་ཟེར་བའི་གང་ཟག་ཆོས་བཞིན་མ་བྱས་པ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་དེ་མ་སྤངས་པ་དང་གཏམ་འདྲེ་བར་བྱེད། ཕེབས་པར་སྨྲ་བར་བྱེད། ཀུན་དུ་གནས་པར་བྱེད། ཀུན་དུ་ལོངས་སྤྱོད་པར་བྱེད་ཅིང་དེ་དང་ལྷན་ཅིག་གནས་གཅིག་ཏུ་ཉལ་ན་ལྟུང་བྱེད་དོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་ཤཱཀྱའི་བུ་ཉེ་དགའམ།


DKG007_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །ཤེས་བཞིན་དུ་ཞེས་བྱ་བ་ནི་དེ་རང་ཉིད་ཀྱིས་རིག་པར་གྱུར་པའམ། གཞན་དག་གིས་བརྗོད་པས་སོ། །དེ་སྐད་ཟེར་བའི་གང་ཟག་ཅེས་བྱ་བ་ནི་འཆི་ལྟས་སོ། །ཆོས་བཞིན་མ་བྱས་པ་ཞེས་བྱ་བ་ནི་ཆོས་དང་མཐུན་པར་མ་བྱས་པའོ། །སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་དེ་མ་སྤངས་པ་ཞེས་བྱ་བ་ནི་ལྟ་བའི་རྣམ་པ་གང་ཡིན་པ་དེའོ། །གཏམ་འདྲེ་བར་བྱེད་ཅེས་བྱ་བ་ནི་ལུང་དབོག་པ་སྦྱིན་པར་བྱེད་པའོ། །ཕེབས་པར་སྨྲ་བར་བྱེད་ཅེས་བྱ་བ་ནི་དམིགས་ཀྱིས་འདྲི་བ་སྦྱིན་པར་བྱེད་པའོ། །ཀུན་དུ་གནས་པར་བྱེད་ཅེས་བྱ་བ་ནི་གནས་སྦྱིན་པར་བྱེད་པའོ། །ཀུན་དུ་ལོངས་སྤྱོད་པར་བྱེད་ཅིང་ཞེས་བྱ་བ་ནི་དེ་ལས་བསྙེན་བཀུར་བདག་གིར་བྱེད་ཅིང་ངོ་། །དེ་དང་ལྷན་ཅིག་གནས་གཅིག་ཏུ་ཉལ་ན་ཞེས་བྱ་བ་ནི་གནས་བཞི་པོ་ཐམས་ཅད་གཡོགས་ཤིང་ཐམས་ཅད་བསྐོར་བ་དང་། ཐམས་ཅད་གཡོགས་ཤིང་ཕལ་ཆེར་བསྐོར་བ་དང་། ཕལ་ཆེར་གཡོགས་ཤིང་ཐམས་ཅད་བསྐོར་བ་དང་། ཕལ་ཆེར་གཡོགས་ཤིང་ཕལ་ཆེར་བསྐོར་བ་དག་ཏུ་ཉལ་བས་སྐྱ་རེངས་འཆར་བར་བྱེད་ནའོ། །གནས་ཐམས་ཅད་གཡོགས་ཤིང་ཐམས་ཅད་བསྐོར་བ་ནི་གནས་ཁང་དང་། འཁོར་གྱི་ཁྱམས་དང་། ཁང་པ་བརྩེགས་པ་དག་གོ །ཐམས་ཅད་གཡོགས་ཤིང་ཕལ་ཆེར་བསྐོར་བ་ནི་སྒོ་བཅུ་པ་དང་། སྒོ་བཅུ་གཉིས་པ་དག་གོ །ཕལ་ཆེར་གཡོགས་ཤིང་ཐམས་ཅད་བསྐོར་བ་ནི་ཁྱམས་ངོས་བཞི་པ་དག་གོ །ཕལ་ཆེར་གཡོགས་ཤིང་ཕལ་ཆེར་བསྐོར་བ་ནི་ཁྱམས་ངོས་གསུམ་པ་དང་། འཁོར་གྱི་ཁྱམས་དག་གོ །ལྟུང་བྱེད་དོ་ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་ངན་སོང་དང་། ངན་འགྲོ་དང་ལོག་པར་ལྟུང་བ་དག་ཏུ་སྲེག་པར་བྱེད། འཚོད་པར་བྱེད། ལྟུང་བར་བྱེད་པའོ། །གཞན་ཡང་ཇི་སྲིད་དུ་ལྟུང་བ་དེ་མ་བཤགས་ཤིང་སོ་སོར་མ་བཤགས་ན་དགེ་བའི་ཆོས་རྣམས་ལ་སྒྲིབ་པར་བྱེད་པ་སྟེ། དེས་ན་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་གིས་ཇི་ཙམ་ཅུང་ཟད་ཤེས་བཞིན་དུ་དེ་སྐད་ཟེར་བའི་གང་ཟག་ཆོས་བཞིན་མ་བྱས་པ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་དེ་མ་སྤངས་པ་དང་གཏམ་འདྲེ་བར་བྱེད་ན་


DKG007_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

ལྟུང་བྱེད་དུ་འགྱུར་རོ། །ཕེབས་པར་སྨྲ་བར་བྱེད་ན་ལྟུང་བྱེད་དུ་འགྱུར་རོ། །ཀུན་དུ་གནས་པར་བྱེད་ན་ལྟུང་བྱེད་དུ་འགྱུར་རོ། །ཀུན་དུ་ལོངས་སྤྱོད་པར་བྱེད་ན་ལྟུང་བྱེད་དུ་འགྱུར་རོ། །དེ་དང་ལྷན་ཅིག་གནས་བཞི་པོ་དག་ཏུ་ཉལ་བས་སྐྱ་རེངས་འཆར་བར་བྱེད་ན་ལྟུང་བྱེད་དུ་འགྱུར་རོ། །ན་བར་གྱུར་པ་དང་། སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་དེ་དང་དབྲལ་བར་འདོད་པ་ལ་ལྟུང་བ་མེད་དོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །སྤངས་པའི་རྗེས་སུ་ཕྱོགས་པའི་ལྟུང་བྱེད་དེ་ལྔ་བཅུ་རྩ་དྲུག་པ་རྫོགས་སྷོ།། །།འདུལ་བ་རྣམ་པར་འབྱེད་པ། བམ་པོ་ལྔ་བཅུ་རྩ་བརྒྱད་པ། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །ཉེ་དགའ་ལ་དགེ་ཚུལ་ཚེར་མ་དང་། ཆེན་པོ་པ་ཞེས་བྱ་བ་གཉིས་ཤིག་ཡོད་དེ། འདོད་ཆགས་དང་བྲལ་བ་མེད་པ་ན་དགེ་སློང་རྣམས་དེ་གཉིས་དང་ལྷན་ཅིག་གཞོགས་སྟེགས་བྱེད། འཕྱར་གཡེང་བྱེད། ཐོ་འཚམ་པར་བྱེད། ཀུན་དུ་རྩེ་བར་བྱེད། ཅ་ཅོ་འདོན་པར་བྱེད། རྒོད་པ་དང་། དྲེགས་པ་དང་། ལུས་སྒྱུར་བར་བྱེད་དོ། །ཕྱིས་དེ་དག་གིས་བསྡམ་པར་བྱ་བའི་ལྟུང་བ་གང་དག་ཡིན་པ་དེ་དག་ཀྱང་བསྡམ་པ་བྱས། བཤགས་པར་བྱ་བའི་ལྟུང་བ་གང་དག་ཡིན་པ་དེ་དག་ཀྱང་བཤགས་པ་བྱས་ཏེ། སྤྲོ་བར་བྱེད། འབད་པར་བྱེད། རྩོལ་བར་བྱེད་པ་དག་གིས་ཉོན་མོངས་པ་ཐམས་ཅད་སྤངས་པས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཤིང་རྫུ་འཕྲུལ་ཡང་མངོན་པར་བསྒྲུབས་སོ། །དུས་གཞན་ཞིག་ན་དགེ་ཚུལ་ཚེར་མ་དང་། ཆེན་པོ་པ་གཉིས་མེ་ཏོག་དག་ཐུ་ཞིང་འཁོད་པ་ན་ནམ་མཁའ་ལས་དགེ་སློང་དག་ཅིག་རྫུ་འཕྲུལ་གྱིས་འདོང་བ་མཐོང་ནས་དེ་གཉིས་ཀྱིས་སྨྲས་པ། ཁྱེད་ཅག་སུ་དག་ཡིན། དེ་དག་གིས་སྨྲས་པ། ཁོ་བོ་ཅག་མིང་འདི་ཞེས་བྱ་བ་དག་ཡིན་ནོ། །དེ་གཉིས་ཀྱིས་སྨྲས་པ། ཁྱེད་ཅག་གིས་ཁོ་བོ་ཅག་གཉིས་དང་ལྷན་ཅིག་འདི་དང་འདི་ལྟ་བྱས་སོ། །དེ་དག་གིས་སྨྲས་པ། དེ་ལྟ་ཡིན་མོད་ཀྱི། འོན་ཀྱང་ཁོ་བོ་ཅག་གིས་བསྡམ་པར་བྱ་བའི་ལྟུང་བ་གང་དག་ཡིན་པ་དེ་དག་ཀྱང་བསྡམ་པ་བྱས། བཤགས་པར་བྱ་བའི་


DKG007_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

ལྟུང་བ་གང་དག་ཡིན་པ་དེ་དག་ཀྱང་བཤགས་པར་བྱས་ཏེ་སྤྲོ་བར་བྱེད། འབད་པར་བྱེད། རྩོལ་བར་བྱེད་པ་དག་གིས་ཉོན་མོངས་པ་ཐམས་ཅད་སྤངས་པས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཤིང་རྫུ་འཕྲུལ་ཡང་མངོན་པར་བསྒྲུབས་སོ། །དེ་ན་དགེ་ཚུལ་ཚེར་མ་དང་། ཆེན་པོ་པ་གཉིས་ལ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་བྱུང་སྟེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་འདོད་པ་དག་ནི་བར་དུ་གཅོད་པའོ་ཞེས་གསུངས་པ་གང་དག་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་ཅག་གིས་ཤེས་སོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཀྱིས་དགེ་ཚུལ་ཚེར་མ་དང་། ཆེན་པོ་པ་དང་། གཞན་ཡང་དེ་ལྟ་བུ་གང་ཡིན་པ་ལ་བཞམས་ཏེ་བསྒོ་བར་བྱའོ། །འདི་སྐད་ཅེས་བསྒོ་བར་བྱ་སྟེ། ཚེར་མ་དང་། ཆེན་པོ་པ་ཁྱེད་གཉིས་ཇི་ལྟར་བཅོམ་ལྡན་འདས་ཀྱིས་འདོད་པ་དག་ནི་བར་དུ་གཅོད་པའོ་ཞེས་གསུངས་པ་གང་དག་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ། འདི་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་ཅག་གིས་ཤེས་སོ་ཞེས་དེ་སྐད་མ་ཟེར་ཅིག །བཅོམ་ལྡན་འདས་ལ་སྐུར་པ་མ་འདེབས་ཤིག །བཅོམ་ལྡན་འདས་ལ་སྐུར་པས་ལེགས་པར་མི་འགྱུར་རོ། །བཅོམ་ལྡན་འདས་ནི་དེ་སྐད་མི་གསུང་ངོ་། །ཚེར་མ་དང་ཆེན་པོ་པ་འདོད་པ་བར་དུ་གཅོད་པ་རྣམས་ནི་བར་དུ་གཅོད་པ་ཉིད་དོ་ཞེས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མར་གསུངས་ཏེ། དེ་དག་བསྟེན་ན་བར་དུ་གཅོད་པར་འགྱུར་གྱིས། ཚེར་མ་དང་ཆེན་པོ་པ་ཁྱེད་གཉིས་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་བསྒོ་བར་བྱའོ། །དགེ་སློང་རྣམས་ཀྱིས་བཙུན་པ་བཀའ་བཞིན་འཚལ་ཞེས་དགེ་ཚུལ་ཚེར་མ་དང་། ཆེན་པོ་པ་གཉིས་ལ་ཚེར་མ་དང་། ཆེན་པོ་པ་ཁྱེད་གཉིས་ཇི་ལྟར་བཅོམ་ལྡན་འདས་ཀྱིས་འདོད་པ་དག་ནི་བར་དུ་གཅོད་པའོ་ཞེས་གསུངས་པ་གང་དག་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་ཅག་གིས་ཤེས་སོ་ཞེས་དེ་སྐད་ཅེས་མ་ཟེར་ཅིག །བཅོམ་ལྡན་འདས་ལ་སྐུར་པ་མ་


DKG007_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས་ཤིག །བཅོམ་ལྡན་འདས་ལ་སྐུར་པས་ལེགས་པར་མི་འགྱུར་རོ། །བཅོམ་ལྡན་འདས་ནི་དེ་སྐད་མི་གསུང་ངོ་། །ཚེར་མ་དང་། ཆེན་པོ་པ་འདོད་པ་བར་དུ་གཅོད་པ་རྣམས་ནི་བར་དུ་གཅོད་པ་ཉིད་དོ་ཞེས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མར་གསུངས་ཏེ། དེ་དག་བསྟེན་ན་བར་དུ་གཅོད་པར་འགྱུར་གྱི། ཚེར་མ་དང་། ཆེན་པོ་པ་ཁྱེད་གཉིས་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་བཞམས་སྟེ་བསྒོའོ། །དགེ་སློང་རབ་ཏུ་མང་པོ་དག་གིས་དགེ་ཚུལ་ཚེར་མ་དང་། ཆེན་པོ་པ་ལ་བཞམས་ཏེ་བསྒོ་ན། དེ་གཉིས་ལ་བཞམས་ཏེ་བསྒོ་ཡང་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཀྱིས་དགེ་ཚུལ་ཚེར་མ་དང་། ཆེན་པོ་པ་དང་། གཞན་ཡང་དེ་ལྟ་བུ་གང་ཡིན་པ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བར་བྱའོ། །འདི་ལྟར་བསྒོ་བར་བྱ་སྟེ། གནས་མལ་བཤམས་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས་དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ན་དགེ་ཚུལ་ཚེར་མ་དང་། ཆེན་པོ་པ་གཉིས་ཐོས་པའི་ཉེན་ཀོར་ནས་སྤངས་ཏེ་མཐོང་བའི་ཉེན་ཀོར་དུ་བཞག་ནས་དེའི་འོག་ཏུ་དགེ་སློང་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་ཚུལ་ཚེར་མ་དང་། ཆེན་པོ་པ་འདི་གཉིས་ལ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་བྱུང་སྟེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་འདོད་པ་དག་ནི་བར་དུ་གཅོད་པའོ་ཞེས་གསུངས་པ་གང་དག་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་ཅག་གིས་ཤེས་སོ་ཞེས་མཆི་ནས་འདི་གཉིས་ལ་དགེ་སློང་རབ་ཏུ་མང་པོས་བཞམས་ཏེ་བསྒོ་ན་འདི་གཉིས་ལ་བཞམས་ཏེ་བསྒོ་ཡང་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་ན།


DKG007_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱི་དགེ་ཚུལ་ཚེར་མ་དང་། ཆེན་པོ་པ་ལ་ཚེར་མ་དང་། ཆེན་པོ་པ་ཁྱེད་གཉིས་ཇི་ལྟར་བཅོམ་ལྡན་འདས་ཀྱིས་འདོད་པ་དག་ནི་བར་དུ་གཅོད་པའོ་ཞེས་གསུངས་པ་གང་དག་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་ཅག་གིས་ཤེས་སོ་ཞེས་དེ་སྐད་ཅེས་མ་ཟེར་ཅིག །བཅོམ་ལྡན་འདས་ལ་སྐུར་པ་མ་འདེབས་ཤིག །བཅོམ་ལྡན་འདས་ལ་སྐུར་པས་ལེགས་པར་མི་འགྱུར་རོ། །བཅོམ་ལྡན་འདས་ནི་དེ་སྐད་མི་གསུང་ངོ་། །ཚེར་མ་དང་། ཆེན་པོ་པ་འདོད་པ་རྣམས་ནི་བར་དུ་གཅོད་པ་ཉིད་དོ་ཞེས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མར་གསུངས་ཏེ། དེ་དག་བསྟེན་ན་བར་དུ་གཅོད་པར་འགྱུར་གྱིས། ཚེར་མ་དང་ཆེན་པོ་པ་ཁྱེད་གཉིས་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་དོ། །འདི་ནི་གསོལ་བའོ། །དེའི་འོག་ཏུ་དགེ་སློང་གཅིག་གིས་དེ་གཉིས་ལ་ཁྱེད་གཉིས་ལ་དགེ་འདུན་གྱིས་གསོལ་བ་དང་བཞིའི་ལས་མཛད་པར་འགྱུར་བ་ལས་གསོལ་བ་མཛད་ལགས་ཀྱིས། ཁྱེད་གཉིས་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་བསྒོ་བར་བྱའོ། །དེ་སྐད་བསྒོ་བ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་དེའི་འོག་ཏུ་ལས་བྱའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་ཚུལ་ཚེར་མ་དང་། ཆེན་པོ་པ་འདི་གཉིས་ལ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་བྱུང་སྟེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་འདོད་པ་དག་ནི་བར་དུ་གཅོད་པའོ་ཞེས་གསུངས་པ་གང་དག་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་ཅག་གིས་ཤེས་སོ་ཞེས་མཆི་ནས་འདི་གཉིས་ལ་དགེ་སློང་རབ་ཏུ་མང་པོས་བཞམས་ཏེ་བསྒོ་ན། འདི་གཉིས་ལ་བཞམས་ཏེ་བསྒོ་ཡང་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་ནས་དེའི་སླད་དུ་དགེ་འདུན་གྱི་དགེ་ཚུལ་ཚེར་མ་དང་


DKG007_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་པ་ལ་ཚེར་མ་དང་། ཆེན་པོ་པ་ཁྱེད་གཉིས་ཇི་ལྟར་བཅོམ་ལྡན་འདས་ཀྱིས་འདོད་པ་དག་ནི་བར་དུ་གཅོད་པའོ་ཞེས་གསུངས་པ་གང་དག་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་ཅག་གིས་ཤེས་སོ་ཞེས་དེ་སྐད་མ་ཟེར་ཅིག །བཅོམ་ལྡན་འདས་ལ་སྐུར་པ་མ་འདེབས་ཤིག །བཅོམ་ལྡན་འདས་ལ་སྐུར་པས་ལེགས་པར་མི་འགྱུར་རོ། །བཅོམ་ལྡན་འདས་ནི་དེ་སྐད་མི་གསུང་ངོ་། །ཚེར་མ་དང་། ཆེན་པོ་པ་འདོད་པ་བར་དུ་གཅོད་པ་རྣམས་ནི་བར་དུ་གཅོད་པ་ཉིད་དོ་ཞེས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མར་གསུངས་ཏེ། དེ་དག་བསྟེན་ན་བར་དུ་གཅོད་པར་འགྱུར་གྱིས། ཚེར་མ་དང་། ཆེན་པོ་པ་ཁྱོད་གཉིས་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་ན། ཚེ་དང་ལྡན་པ་གང་དག་དགེ་ཚུལ་ཚེར་མ་དང་། ཆེན་པོ་པ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་པར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུང་ཤིག། འདི་ནི་ལས་བརྗོད་པ་དང་པོའོ། །དེའི་འོག་ཏུ་དགེ་སློང་གཅིག་གིས་དེ་གཉིས་ལ་ཁྱེད་གཉིས་ལ་དགེ་འདུན་གྱིས་གསོལ་བ་དང་བཞིའི་ལས་མཛད་པར་འགྱུར་བ་ལས་ལས་བརྗོད་པ་དང་པོ་ཡང་མཛད་ལགས་ཀྱིས། ཁྱེད་གཉིས་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་བསྒོ་བར་བྱའོ། །དེ་སྐད་བསྒོ་བ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་དེའི་འོག་ཏུ་ལས་བརྗོད་པ་གཉིས་པ་བྱའོ། །ལས་བརྗོད་པ་གཉིས་པ་བྱས་ནས་ཀྱང་དེའི་འོག་ཏུ་དགེ་སློང་གཅིག་གིས་དེ་གཉིས་ལ་ཁྱེད་གཉིས་ལ་དགེ་འདུན་གྱིས་གསོལ་བ་དང་བཞིའི་ལས་མཛད་པར་འགྱུར་བ་ལས་ལས་བརྗོད་པ་གཉིས་པ་ཡང་མཛད་ལགས་ཀྱིས། ཁྱེད་གཉིས་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་བསྒོ་བར་བྱའོ། །དེ་སྐད་བསྒོ་བ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་དེའི་འོག་ཏུ་ལས་བརྗོད་པ་གསུམ་པ་བྱའོ། །ལས་བརྗོད་པ་གསུམ་པ་བྱས་ནས་ཀྱང་། དེའི་འོག་ཏུ་དགེ་སློང་གཅིག་གིས་དེ་གཉིས་ལ་ཁྱེད་གཉིས་ལ་དགེ་འདུན་གྱིས་གསོལ་བ་དང་བཞིའི་ལས་མཛད་པར་འགྱུར་བ་ལས་


DKG007_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བརྗོད་པ་གསུམ་པ་ཡང་མཛད་ལགས་ཀྱིས། ཁྱེད་གཉིས་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་བསྒོ་བར་བྱའོ། །དེ་སྐད་བསྒོ་བ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་དེའི་འོག་ཏུ་མཇུག་བསྡུ་བ་བྱ་སྟེ། དགེ་འདུན་གྱིས་བཟོད་ཅིང་གནང་ནས། དགེ་འདུན་གྱིས་དགེ་ཚུལ་ཚེར་མ་དང་། ཆེན་པོ་པ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ་ཞེས་བརྗོད་པར་བྱའོ། །དགེ་སློང་རྣམས་ཀྱིས་བཙུན་པ་བཀའ་བཞིན་འཚལ་ཞེས་བཅོམ་ལྡན་འདས་ཀྱི་ལྟར་མཉན་ནས་དགེ་ཚུལ་ཚེར་མ་དང་། ཆེན་པོ་པ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོའོ། །དགེ་སློང་རྣམས་ཀྱིས་དགེ་ཚུལ་ཚེར་མ་དང་། ཆེན་པོ་པ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་ན། དེ་གཉིས་ལ་བསྒོ་ཡང་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཀྱིས་དགེ་ཚུལ་ཚེར་མ་དང་། ཆེན་པོ་པ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་མི་གཏོང་བ་དང་། གཞན་ཡང་དེ་ལྟ་བུ་གང་ཡིན་པ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྙིལ་བའི་ལས་བྱའོ། །འདི་ལྟར་བྱ་སྟེ། གནས་མལ་བཤམས་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས་དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ན་དགེ་ཚུལ་ཚེར་མ་དང་། ཆེན་པོ་པ་གཉིས་ཐོས་པའི་ཉེན་ཀོར་ནས་སྤངས་ཏེ་མཐོང་བའི་ཉིན་ཀོར་དུ་བཞག་ནས་དེའི་འོག་ཏུ་དགེ་སློང་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་ཚུལ་ཚེར་མ་དང་། ཆེན་པོ་པ་འདི་གཉིས་ལ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་བྱུང་སྟེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་འདོད་པ་དག་ནི་བར་དུ་གཅོད་པའོ་ཞེས་གསུངས་པ་གང་དག་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་ཅག་


DKG007_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ཤེས་སོ་ཞེས་མཆི་ནས་འདི་གཉིས་ལ་དགེ་སློང་རབ་ཏུ་མང་པོས་བཞམས་ཏེ་བསྒོ་ན་འདི་གཉིས་ལ་དགེ་སློང་རབ་ཏུ་མང་པོས་བཞམས་ཏེ་བསྒོ་ཡང་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་ནས་འདི་གཉིས་ལ་དགེ་འདུན་གྱིས་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་ན། འདི་གཉིས་ལ་དགེ་འདུན་གྱིས་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་ཡང་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་ཚུལ་ཚེར་མ་དང་། ཆེན་པོ་པ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་མི་གཏོང་བ་ལ་དེང་ཕྱིན་ཅད་དགེ་ཚུལ་ཁྱེད་གཉིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ལ་སྟོན་པའོ་ཞེས་མ་ཟེར་ཅིག །ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་བླ་མའི་གནས་ལྟ་བུ་གང་ཡང་རུང་བའི་ཕྱི་བཞིན་ཕྱི་བཞིན་དུ་ཡང་མ་འགྲོ་ཤིག །དགེ་སློང་རྣམས་དང་དགེ་ཚུལ་ལྷན་ཅིག་ནུབ་གཉིས་ཚུན་ཆད་གནས་གཅིག་ཏུ་ཉལ་དུ་དབང་བ་གང་ཡིན་པ་དེ་ཡང་དེང་ཕྱིན་ཆད་ཁྱེད་ལ་མེད་དེ། མི་གཏི་མུག་ཅན་ཁྱེད་གཉིས་བསྙིལ་གྱིས་གཞན་དུ་སོང་ཤིག་ཅེས་བསྙིལ་བའི་ཕྲིན་ལས་མཛད་དོ། །འདི་ནི་གསོལ་བའོ། །དེའི་འོག་ཏུ་དགེ་སློང་གཅིག་གིས་དེ་གཉིས་ལ་ཁྱེད་གཉིས་ལ་དགེ་འདུན་གྱིས་གསོལ་བ་དང་བཞིའི་ལས་མཛད་པར་འགྱུར་བ་ལས་གསོལ་བ་མཛད་ལགས་ཀྱིས་ཁྱེད་གཉིས་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་ནི་ཐོང་ཤིག་ཅེས་བསྒོ་བར་བྱའོ། །དེ་སྐད་བསྒོ་བ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་དེའི་འོག་ཏུ་ལས་བྱའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་ཚུལ་ཚེར་མ་དང་ཆེན་པོ་པ་འདི་གཉིས་ལ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་བྱུང་སྟེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་འདོད་པ་དག་ནི་བར་དུ་གཅོད་པའོ་ཞེས་གསུངས་པ་གང་དག་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་


DKG007_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

གཅོད་པར་མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་ཅག་གིས་ཤེས་སོ་ཞེས་མཆི་ནས་འདི་གཉིས་ལ་དགེ་སློང་རབ་ཏུ་མང་པོས་བཞམས་ཏེ་བསྒོ་ནས་འདི་གཉིས་ལ་བཞམས་ཏེ་བསྒོ་ཡང་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་ནས་འདི་གཉིས་ལ་དགེ་འདུན་གྱིས་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་ན། འདི་གཉིས་ལ་དགེ་འདུན་གྱིས་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་ཡང་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་ཏེ། དེའི་སླད་དུ་དགེ་འདུན་གྱིས་དགེ་ཚུལ་ཚེར་མ་དང་། ཆེན་པོ་པ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་མི་གཏོང་བ་ལ་ཚེར་མ་དང་། ཆེན་པོ་པ་ཁྱེད་གཉིས་དེང་ཕྱིན་ཆད་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ལ་སྟོན་པའོ་ཞེས་མ་ཟེར་ཅིག །ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་བླ་མའི་གནས་ལྟ་བུ་གང་ཡང་རུང་བའི་ཕྱི་བཞིན་དུ་ཡང་མ་འགྲོ་ཤིག །དགེ་སློང་རྣམས་དང་དགེ་ཚུལ་ལྷན་ཅིག་ནུབ་གཉིས་ཚུན་ཆད་གནས་གཅིག་ཏུ་ཉལ་དུ་དབང་བ་གང་ཡིན་པ་དེ་ཡང་དེར་ཕྱིན་ཆད་ཁྱེད་ལ་མེད་དེ། མི་གཏི་མུག་ཅན་ཁྱེད་གཉིས་བསྙིལ་གྱིས་གཞན་དུ་སོང་ཤིག་ཅེས་བསྙིལ་བའི་ཕྲིན་ལས་མཛད་ན། ཚེ་དང་ལྡན་པ་གང་དག་དགེ་ཚུལ་ཚེར་མ་དང་། ཆེན་པོ་པ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་མི་གཏོང་བ་ལ་བསྙིལ་བའི་ཕྲིན་ལས་མཛད་པར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུང་ཤིག །འདི་ནི་ལས་བརྗོད་པ་དང་པོའོ། །དེའི་འོག་ཏུ་དགེ་སློང་གཅིག་གིས་དེ་གཉིས་ལ་ཁྱེད་གཉིས་ལ་དགེ་འདུན་གྱིས་གསོལ་བ་དང་བཞིའི་ལས་མཛད་པར་གྱུར་པ་ལས་ལས་བརྗོད་པ་དང་པོ་ཡང་མཛད་ལགས་ཀྱིས། ཁྱེད་གཉིས་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་བསྒོ་བར་བྱའོ། །དེ་སྐད་བསྒོ་བ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་དེའི་འོག་ཏུ་ལས་བརྗོད་པ་གཉིས་པ་བྱའོ། །ལས་


DKG007_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་པ་གཉིས་པ་བྱས་ནས་ཀྱང་དེའི་འོག་ཏུ་དགེ་སློང་གཅིག་གིས་དེ་གཉིས་ལ་ཁྱེད་གཉིས་ལ་དགེ་འདུན་གྱིས་གསོལ་བ་དང་བཞིའི་ལས་མཛད་པར་འགྱུར་བ་ལས་ལས་བརྗོད་པ་གཉིས་པ་ཡང་མཛད་ལགས་ཀྱིས། ཁྱེད་གཉིས་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་བསྒོ་བར་བྱའོ། །དེ་སྐད་བསྒོ་བ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་དེའི་འོག་ཏུ་ལས་བརྗོད་པ་གསུམ་པ་བྱའོ། །ལས་བརྗོད་པ་གསུམ་པ་བྱས་ནས་ཀྱང་དེའི་འོག་ཏུ་དགེ་སློང་གཅིག་གིས་དེ་གཉིས་ལ་ཁྱེད་གཉིས་ལ་དགེ་འདུན་གྱིས་གསོལ་བ་དང་བཞིའི་ལས་མཛད་པར་འགྱུར་བ་ལས་ལས་བརྗོད་པ་གསུམ་པ་ཡང་མཛད་ལགས་ཀྱིས། ཁྱེད་གཉིས་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་བསྒོ་བར་བྱའོ། །དེ་སྐད་བསྒོ་བ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་དེའི་འོག་ཏུ་མཇུག་བསྡུ་བ་བྱ་སྟེ། དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་དགེ་ཚུལ་ཚེར་མ་དང་། ཆེན་པོ་པ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྙིལ་བའི་ཕྲིན་ལས་མཛད་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ་ཞེས་བརྗོད་པར་བྱའོ། །དགེ་སློང་རྣམས་ཀྱིས་བཙུན་པ་བཀའ་བཞིན་འཚལ་ཞེས་བཅོམ་ལྡན་འདས་ལས་མཉན་ནས། དགེ་ཚུལ་ཚེར་མ་དང་ཆེན་པོ་པ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྙིལ་བའི་ལས་བྱས་སོ། །དེ་གཉིས་བསྙིལ་བའི་ལས་བྱས་པ་ན་ངུ་ཞིང་ཉེ་དགའི་གན་དུ་དོང་བ་དང་། ཉེ་དགའས་སྨྲས་པ། ཚེར་མ་དང་ཆེན་པོ་པ་ཁྱེད་གཉིས་ཅིའི་ཕྱིར་ངུ་། དེ་གཉིས་ཀྱིས་སྨྲས་པ། ལྷུང་བཟེད་ནག་པོ་ཅན་དག་གིས་བདག་ཅག་གཉིས་བསྙིལ་བའི་ལས་བྱས་སོ། །ཉེ་དགའས་སྨྲས་པ། གང་དག་གིས་ཁྱེད་གཉིས་བསྙིལ་བའི་ལས་བྱས་པ་དེ་དག་གྲོང་དང་། གྲོང་ཁྱེར་དང་། ལྗོངས་དང་། ཁམས་གསུམ་ནས་བསྙིལ་བར་གྱུར་ཅིག །འོན་ཀྱང་བསྙིལ་བའི་ལས་བྱས་པ་དག་ལ་གྲོང་དང་། གྲོང་ཁྱེར་དག་མེད་དམ་ཅི། སྡོད་ལ་བཟོད་པ་གསོལ་ཅིག་ཅེས་དེས་དེ་གཉིས་ཉེ་བར་འཇོག་པར་བྱེད། ཉེ་བར་སྟེན་པར་བྱེད་ཅིང་དེ་གཉིས་དང་ལྷན་ཅིག་གནས་གཅིག་ཏུ་ཉལ་བར་བྱེད་དོ། །དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་ཤེས་བཞིན་


DKG007_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

དུ་དེ་ལྟར་བསྙིལ་བའི་དགེ་ཚུལ་དག་ཉེ་བར་འཇོག་པར་བྱེད། ཉེ་བར་སྟེན་པར་བྱེད་ཅིང་དེ་དག་དང་ལྷན་ཅིག་གནས་གཅིག་ཏུ་ཉལ་བར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཉེ་དགའ་ལ་རྨས་པ། ཉེ་དགའ་ཁྱོད་ཤེས་བཞིན་དུ་དེ་ལྟར་བསྙིལ་བའི་དགེ་ཚུལ་དག་ཉེ་བར་འཇོག་པར་བྱེད། ཉེ་བར་སྟེན་པར་བྱེད་ཅིང་དེ་དག་དང་ལྷན་ཅིག་གནས་གཅིག་ཏུ་ཉལ་བ་བདེན་ནམ། བཙུན་པ་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་པར་སྨད་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། དགེ་ཚུལ་ཞིག་ཀྱང་འདི་སྐད་ཅེས་ཇི་ལྟར་བཅོམ་ལྡན་འདས་ཀྱིས་འདོད་པ་དག་ནི་བར་དུ་གཅོད་པའོ་ཞེས་གསུངས་པ་གང་དག་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་གིས་ཤེས་སོ་ཞེས་ཟེར་ན་དགེ་ཚུལ་དེ་ལ་དགེ་སློང་རྣམས་ཀྱིས་འདི་སྐད་ཅེས་དགེ་ཚུལ་ཁྱོད་ཇི་ལྟར་བཅོམ་ལྡན་འདས་ཀྱིས་འདོད་པ་དག་ནི་བར་དུ་གཅོད་པའོ་ཞེས་གསུངས་པ་གང་དག་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་གིས་ཤེས་སོ་ཞེས་དེ་སྐད་མ་ཟེར་ཅིག །བཅོམ་ལྡན་འདས་


DKG007_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྐུར་པ་མ་འདེབས་ཤིག །བཅོམ་ལྡན་འདས་ལ་སྐུར་པས་ལེགས་པར་མི་འགྱུར་རོ། །བཅོམ་ལྡན་འདས་ནི་འདི་སྐད་མི་གསུང་ངོ་། །ཚེ་དང་ལྡན་པ་དགེ་ཚུལ་འདོད་པ་བར་དུ་གཅོད་པ་རྣམས་ནི་བར་དུ་གཅོད་པ་ཉིད་དོ་ཞེས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མར་གསུངས་ཏེ། དེ་དག་བསྟེན་ན་བར་དུ་གཅོད་པར་འགྱུར་གྱིས། དགེ་ཚུལ་ཁྱོད་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་བསྒོ་བར་བྱའོ། །དགེ་ཚུལ་དེ་ལ་དགེ་སློང་རྣམས་ཀྱིས་དེ་སྐད་བསྒོ་བ་ན་གལ་ཏེ་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་གཞི་དེ་གཏང་བར་བྱ་བའི་ཕྱིར་ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱའོ། །ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ། ཡང་དག་པར་བསྟན་པ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་དགེ་ཚུལ་དེ་ལ་དགེ་སློང་རྣམས་ཀྱིས་དེང་ཕྱིན་ཆད་དགེ་ཚུལ་ཁྱོད་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ལ་སྟོན་པའོ་ཞེས་མ་ཟེར་ཅིག །ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་བླ་མའི་གནས་ལྟ་བུ་གང་ཡང་རུང་བའི་ཕྱི་བཞིན་ཕྱི་བཞིན་དུ་ཡང་མ་འགྲོ་ཞིག །དགེ་སློང་རྣམས་དང་དགེ་ཚུལ་ལྷན་ཅིག་ནུབ་གཉིས་ཚུན་ཆད་གནས་གཅིག་ཏུ་ཉལ་དུ་དབང་བ་གང་ཡིན་པ་དེ་ཡང་དེང་ཕྱིན་ཆད་ཁྱོད་ལ་མེད་དེ། མི་གཏི་མུག་ཅན་ཁྱོད་བསྙིལ་གྱིས་གཞན་དུ་སོང་ཤིག་ཅེས་བསྒོ་བར་བྱའོ། །ཡང་དགེ་སློང་གང་ཤེས་བཞིན་དུ་དེ་ལྟར་བསྙིལ་བའི་དགེ་ཚུལ་ཉེ་བར་འཇོག་པར་བྱེད་དམ། ཉེ་བར་སྟེན་པར་བྱེད་དམ། དེ་དང་ལྷན་ཅིག་གནས་གཅིག་ཏུ་ཉལ་ན་ལྟུང་བྱེད་དོ། །དགེ་ཚུལ་ཞིག་ཀྱང་ཞེས་བྱ་བ་ནི་ཚེར་མ་དང་། ཆེན་པོ་པའམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །འདི་སྐད་ཅེས་ཞེས་བྱ་བ་ནི་འདི་སྐད་ཅེས་ཟེར་ནའོ། །ཇི་ལྟར་བཅོམ་ལྡན་འདས་ཀྱིས་འདོད་པ་དག་ནི་བར་དུ་གཅོད་པའོ་ཞེས་གསུངས་པ་གང་དག་ཡིན་པ་ཞེས་བྱ་བ་ལ། འདོད་པ་དག་ཅེས་བྱ་བ་ནི་འདོད་པའི་ཡོན་ཏན་ལྔ་པོ་དག་གོ །དེ་དག་བསྟེན་ཀྱང་ཞེས་བྱ་བ་ནི་དེ་དག་ལྷག་པར་སྤྱད་ཀྱང་ངོ་། །བར་དུ་གཅོད་པར་མི་འགྱུར་ཏེ་ཞེས་བྱ་བ་ནི་དགེ་སྦྱོང་གི་ཚུལ་གྱི་བར་དུ་གཅོད་


DKG007_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

པར་མི་འགྱུར་ཏེ་ཞེས་ཟེར་བའོ། །དེ་ལྟར་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིའོ། །ཆོས་ཞེས་བྱ་བ་ནི་སངས་རྒྱས་ཀྱིས་གསུངས་པའམ། ཉན་ཐོས་ཀྱིས་བཤད་པའོ། །བསྟན་པ་ཞེས་བྱ་བ་ནི་རབ་ཏུ་བསྟན་པའོ། །བདག་གིས་ཤེས་སོ་ཞེས་ཟེར་ན་ཞེས་བྱ་བ་ནི་བདག་གིས་ཀུན་ཤེས་སོ་ཞེས་ཟེར་ནའོ། །དགེ་ཚུལ་དེ་ལ་ཞེས་བྱ་བ་ནི་ཚེར་མ་དང་། ཆེན་པོ་པ་ལའོ། །དགེ་སློང་རྣམས་ཀྱིས་ཞེས་བྱ་བ་ནི་ཆོས་འདི་པ་རྣམས་ཀྱིས་སོ། །འདི་སྐད་ཅེས་ཞེས་བྱ་བ་ནི་བཞམས་ཏེ་བསྒོ་བ་ཇི་ལྟར་སྔར་བསྟན་པ་ལྟར་བསྒོ་བར་བྱའོ། །དགེ་ཚུལ་དེ་ལ་དགེ་སློང་རྣམས་ཀྱིས་དེ་སྐད་བསྒོ་བ་ན་ཞེས་བྱ་བ་ནི་བཞམས་ཏེ་བསྒོ་བ་ནའོ། །གལ་ཏེ་གཞི་དེ་གཏོང་ན་ཞེས་བྱ་བ་ནི་ལྟ་བའི་རྣམ་པ་དེ་ཡོངས་སུ་གཏོང་ནའོ། །དེ་ལྟ་ན་ལེགས་ཞེས་བྱ་བ་ནི་དེ་ལྟ་ན་བཟང་བའོ། །གལ་ཏེ་མི་གཏོང་ན་ཞེས་བྱ་བ་ནི་ཡོངས་སུ་མི་གཏོང་ནའོ། །ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱའོ་ཞེས་བྱ་བ་ནི་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་ཇི་ལྟར་སྔར་བསྟན་པ་ལྟར་བསྒོ་བར་བྱ་བ་སྟེ། ཡང་དག་པར་བསྒོ་བ་དེ་ནི་དེ་ཡིན་ནོ། །ཡང་དག་པར་བསྟན་པ་དེ་ནི་དེ་ཡིན་ནོ། །དགེ་ཚུལ་དེ་ལ་ཞེས་བྱ་བ་ནི་ཚེར་མ་དང་། ཆེན་པོ་པ་ལའོ། །དགེ་སློང་རྣམས་ཀྱིས་ཞེས་བྱ་བ་ནི་ཆོས་འདི་པ་རྣམས་ཀྱིས་སོ། །དེང་ཕྱིན་ཆད་དགེ་ཚུལ་ཁྱོད་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ལ་སྟོན་པའོ་ཞེས་མ་ཟེར་ཅིག །ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་བླ་མའི་གནས་ལྟ་བུ་གང་ཡང་རུང་བའི་ཕྱི་བཞིན་དུ་ཡང་མ་འགྲོ་ཤིག །དགེ་སློང་རྣམས་དང་དགེ་ཚུལ་ལྷན་ཅིག་ནུབ་གཉིས་ཚུན་ཆད་གནས་གཅིག་ཏུ་ཉལ་དུ་དབང་བ་གང་ཡིན་པ་དེ་ཡང་དེང་ཕྱིན་ཆད་ཁྱོད་ལ་མེད་དེ། མི་གཏི་མུག་ཅན་ཁྱོད་བསྙིལ་གྱིས། གཞན་དུ་སོང་ཤིག་ཅེས་བསྒོ་བར་བྱའོ་ཞེས་བྱ་བ་ནི་གསོལ་བ་དང་བཞིའི་ལས་ཀྱིས་བསྙིལ་བར་བྱ་བ་ཇི་སྐད་སྔར་བསྟན་པ་ལྟར་བསྒོ་བར་བྱའོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་ཤཱཀྱའི་བུ་ཉེ་དགའམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །ཤེས་བཞིན་དུ་


DKG007_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ནི་དེ་རང་ཉིད་ཀྱིས་རིག་པར་གྱུར་པའམ། གཞན་དག་གིས་བརྗོད་པས་སོ། །དེ་ལྟར་བསྙིལ་བའི་དགེ་ཚུལ་ཞེས་བྱ་བ་ནི་ཚེར་མ་དང་ཆེན་པོ་པ་ཇི་ལྟ་བར་རོ། །ཉེ་བར་འཇོག་པར་བྱེད་ཅེས་བྱ་བ་ནི་གནས་སྦྱིན་པར་བྱེད་པའོ། །ཉེ་བར་སྟེན་པར་བྱེད་ཅེས་བྱ་བ་ནི་ལྷུང་བཟེད་དང་། ཆོས་གོས་དང་། དྲ་བ་དང་། ཕོར་བུ་དང་། སྐ་རགས་དང་། ལུང་འབོག་པ་དང་། ཀློག་པ་དང་། ཁ་ཏོན་དང་། དམིགས་ཀྱིས་དྲི་བ་སྦྱིན་པས་སོ། །དེ་དང་ལྷན་ཅིག་གནས་གཅིག་ཏུ་ཉལ་ན་ཞེས་བྱ་བ་ནི་གནས་བཞི་པོ་ཐམས་ཅད་གཡོགས་ཤིང་ཐམས་ཅད་བསྐོར་བ་དང་། ཐམས་ཅད་གཡོགས་ཤིང་ཕལ་ཆེར་བསྐོར་བ་དང་། ཕལ་ཆེར་གཡོགས་ཤིང་ཐམས་ཅད་བསྐོར་བ་དང་། ཕལ་ཆེར་གཡོགས་ཤིང་ཕལ་ཆེར་བསྐོར་བ་དག་ཏུ་ཉལ་བས་སྐྱ་རེངས་འཆར་བར་བྱེད་ནའོ། །གནས་ཐམས་ཅད་གཡོགས་ཤིང་ཐམས་ཅད་བསྐོར་བ་ནི་གནས་ཁང་དང་། འཁོར་གྱི་ཁྱམས་དང་། ཁང་པ་བརྩེགས་པ་དག་གོ །ཐམས་ཅད་གཡོགས་ཤིང་ཕལ་ཆེར་བསྐོར་བ་ནི་སྒོ་བཅུ་པ་དང་། སྒོ་བཅུ་གཉིས་པ་དག་གོ །ཕལ་ཆེར་གཡོགས་ཤིང་ཐམས་ཅད་བསྐོར་བ་ནི་ཁྱམས་ངོས་བཞི་པ་དག་གོ །ཕལ་ཆེར་གཡོགས་ཤིང་ཕལ་ཆེར་བསྐོར་བ་ནི་ཁྱམས་ངོས་གསུམ་པ་དང་། འཁོར་གྱི་ཁྱམས་དག་གོ །ལྟུང་བྱེད་དོ་ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་ངན་སོང་དང་། ངན་འགྲོ་དང་། ལོག་པར་ལྟུང་བ་དག་ཏུ་སྲེག་པར་བྱེད། འཚོད་པར་བྱེད། ལྟུང་བར་བྱེད་པའོ། །གཞན་ཡང་ཇི་སྲིད་དུ་ལྟུང་བ་དེ་མ་བཤགས་ཤིང་སོ་སོར་མ་བཤགས་ན་དགེ་བའི་ཆོས་རྣམས་ལ་སྒྲིབ་པར་བྱེད་པ་སྟེ། དེས་ན་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་གིས་ཇི་ཙམ་ཅུང་ཟད་ཤེས་བཞིན་དུ་དེ་ལྟར་བསྙིལ་བའི་དགེ་ཚུལ་ཉེ་བར་འཇོག་པར་བྱེད་ན་ལྟུང་བྱེད་དུ་འགྱུར་རོ། །ཉེ་བར་སྟེན་པར་བྱེད་ན་ལྟུང་བྱེད་དུ་འགྱུར་རོ། །དེ་དང་ལྷན་ཅིག་གནས་གཅིག་ཏུ་ཉལ་ན་ལྟུང་བྱེད་དུ་འགྱུར་རོ། །ན་བ་དང་། སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་དེ་དང་ཕྲལ་བར་འདོད་པ་ལ་ལྟུང་བ་མེད་དོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །


DKG007_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

བསྙིལ་བ་སྡུད་པའི་ལྟུང་བྱེད་དེ་ལྔ་བཅུ་རྩ་བདུན་པ་རྫོགས་སོ།། །།སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་ཀ་ལན་ད་ཀའི་གནས་ན་བཞུགས་སོ། །རྒྱལ་པོའི་ཁབ་ན་ཀླུའི་རྒྱལ་པོ་རི་བོ་དང་། ཡིད་འོང་ཞེས་བྱ་བ་གཉིས་ཤིག་གནས་པ་དེ་གཉིས་ཀྱི་མཐུས་རྒྱལ་པོའི་ཁབ་ཀྱི་ཆུ་དྲོན་ལྔ་བརྒྱ་དང་། འབབ་ཆུ་དག་དང་། མཚོ་དག་དང་། ལྟེང་ཀ་དག་ཏུ་ལྷས་དུས་དང་དུས་སུ། ཆུའི་རྒྱུན་ལེགས་པར་འབེབས་ཤིང་ལོ་ཐོག་ཀྱང་ཤིན་ཏུ་ཕུན་སུམ་ཚོགས་པར་གྱུར་ཏོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ཀླུའི་རྒྱལ་པོ་དགའ་བོ་དང་། ཉེ་དགའ་གཉིས་བཏུལ་བ་དེའི་ཚེ་ན་དེ་གཉིས་ཚེས་བརྒྱད་དང་། བཅུ་བཞི་དང་། ཚེས་བཅྭ་ལྔ་ལ་རི་རབ་ཀྱི་བང་རིམ་དུ་འོངས་ཏེ། བཅོམ་ལྡན་འདས་ལ་བསྙེན་བཀུར་བྱེད་དོ། །དེ་ནས་ཀླུའི་རྒྱལ་པོ་རི་བོ་དང་། ཡིད་འོང་གཉིས་འདི་སྙམ་དུ་སེམས་ཏེ། ཀླུའི་རྒྱལ་པོ་དགའ་བོ་དང་། ཉེ་དགའ་གཉིས་ཚེས་བརྒྱད་དང་། ཚེས་བཅུ་བཞི་དང་། བཅྭ་ལྔ་ལ་རི་རབ་ཀྱི་བང་རིམ་དུ་འོངས་ཏེ། བཅོམ་ལྡན་འདས་ལ་བསྙེན་བཀུར་བྱེད་ན། བདག་ཅག་གཉིས་འདི་ན་འཁོད་པས་བཅོམ་ལྡན་འདས་ལ་བསྙེན་བཀུར་མ་བྱས་ཀྱིས། བཅོམ་ལྡན་འདས་ལ་བསྙེན་བཀུར་བྱེད་དུ་འདོང་ངོ་སྙམ་མོ། །དེ་ནས་ཀླུའི་རྒྱལ་པོ་རི་བོ་དང་ཡིད་འོང་གཉིས་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འཁོད་དོ། །མཐའ་གཅིག་ཏུ་འཁོད་ནས་བཅོམ་ལྡན་འདས་ཀྱིས་ཀླུའི་རྒྱལ་པོ་རི་བོ་དང་། ཡིད་འོང་གཉིས་སྐྱབས་སུ་འགྲོ་བ་དང་། བསླབ་པའི་གཞི་དག་ལ་བཀོད་དོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་དེ་གཉིས་སྐྱབས་སུ་འགྲོ་བ་དང་། བསླབ་པའི་གཞི་དག་ལ་བཀོད་པ་དེའི་ཚེ་ན་དེ་གཉིས་ལུས་དང་ལོངས་སྤྱོད་དག་གིས་ཤིན་ཏུ་མངོན་པར་མཐོ་བར་གྱུར་ཏོ། །གང་གི་ཚེ་དེ་གཉིས་ལུས་དང་ལོངས་སྤྱོད་དག་གིས་ཤིན་ཏུ་མངོན་པར་མཐོ་བར་གྱུར་པ་དེའི་ཚེ་ན་དེ་གཉིས་ཀྱིས་བསམས་པ། རྒྱ་མཚོ་ཆེན་པོར་འཇུག་ཏུ་འདོང་ངོ་སྙམ་ནས། དེ་གཉིས་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་


DKG007_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་འཁོད་དོ། །མཐའ་གཅིག་ཏུ་འཁོད་ནས་བཅོམ་ལྡན་འདས་ལ་ཀླུའི་རྒྱལ་པོ་རི་བོ་དང་། ཡིད་འོང་གཉིས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་གང་གི་ཚེ་བདག་ཅག་གཉིས་སྐྱབས་སུ་འགྲོ་བ་དང་། བསླབ་པའི་གཞི་དག་ལ་བཀོད་པ་དེའི་ཚེ་ན་བདག་ཅག་གཉིས་ལུས་དང་ལོངས་སྤྱོད་དག་གིས་ཤིན་ཏུ་མངོན་པར་མཐོ་བར་གྱུར་པས། གལ་ཏེ་བཅོམ་ལྡན་འདས་ཀྱིས་གནང་ན་བདག་ཅག་གཉིས་རྒྱ་མཚོ་ཆེན་པོར་འཇུག་ཏུ་མཆིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀླུའི་དབང་པོ་ཁྱེད་གཉིས་མ་ག་དྷཱར་བྱུང་བའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོའི་ཡུལ་ན་གནས་པ་དག་ཡིན་པས་ན། མ་ག་དྷཱར་བྱུང་བའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་ལ་ཞུས་ཤིག །དེ་གཉིས་ཀྱིས་བསམས་པ། དོན་གྱིས་ན་བཅོམ་ལྡན་འདས་ཀྱིས་བདག་ཅག་གཉིས་རྒྱ་མཚོ་ཆེན་པོར་འཇུག་ཏུ་འགྲོར་མ་གནང་ངོ་སྙམ་མོ། །དེ་གཉིས་གང་གི་ཚེ་མཚན་མོ་བཅོམ་ལྡན་འདས་ལ་བསྙེན་བཀུར་བྱེད་པ་དེའི་ཚེ་ན་ནི་གཞལ་མེད་ཁང་པའི་ཆ་ལུགས་ཀྱིས་བསྙེན་བཀུར་བྱེད་ཅིང་། གང་གི་ཚེ་ཉིན་མོ་བཅོམ་ལྡན་འདས་ལ་བསྙེན་བཀུར་བྱེད་པ་དེའི་ཚེ་ན་ནི་ཁྱིམ་བདག་གི་ཆ་ལུགས་ཀྱིས་བསྙེན་བཀུར་བྱེད་དོ། །དེ་ནས་མ་ག་དྷཱར་བྱུང་བའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་འོད་མའི་ཚལ་ཀ་ལན་ད་ཀའི་གནས་ག་ལ་བ་དེར་སོང་ངོ་། །རྒྱལ་རིགས་ནི་མངོན་པའི་ང་རྒྱལ་ཅན་ཡིན་པས་རྒྱལ་པོ་དེ་ལམ་ཀར་བསྡད་དེ་མི་དག་པའི་མཐའ་ཅན་ཞིག་ལ་སྨྲས་པ། ཀྭའི་ནང་རྗེ་སོང་ལ་བཅོམ་ལྡན་འདས་ལ་སུ་དག་བསྙེན་བཀུར་བྱེད་པ་ལྟོས་ཤིག །མི་དག་པའི་མཐའ་ཅན་དེས་ལྷ་བཀའ་བཞིན་འཚལ་ཞེས་མ་ག་དྷཱར་བྱུང་བའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་ལས་མཉན་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་བ་དང་། ཇི་ཙམ་ན་ཁྱིམ་བདག་གཉིས་ཤིག་བཅོམ་ལྡན་འདས་ལ་བསྙེན་བཀུར་བྱེད་པ་མཐོང་ངོ་། །མཐོང་ནས་ཀྱང་མ་ག་དྷཱར་བྱུང་བའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་མ་ག་དྷཱར་བྱུང་བའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་ལ་འདི་སྐད་ཅེས་སྨྲས་སོ། །ལྷ་ཁྱིམ་བདག་གཉིས་ཤིག་བཅོམ་ལྡན་འདས་ལ་བསྙེན་བཀུར་བགྱིད་དེ། དེ་གཉིས་ལྷའི་ཡུལ་ན་གནས་


DKG007_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

པ་དག་ལགས་གོར་མ་བཀུམ་མོ། །རྒྱལ་པོས་བསམས་པ། ཁྱིམ་བདག་དེ་གཉིས་བདག་གི་ཡུལ་ན་གནས་པ་ཡིན་པས། དེ་གཉིས་ཀྱིས་བདག་མཐོང་ན་མངོན་དུ་ལྡང་བར་འགྱུར་གྲང་སྙམ་ནས་དེ་བཅོམ་ལྡན་འདས་ག་ལ་བ་དེར་སོང་ངོ་། །ཀླུའི་རྒྱལ་པོ་རི་བོ་དང་། ཡིད་འོང་གཉིས་ཀྱིས་མ་ག་དྷཱར་བྱུང་བའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་ཐག་རིང་པོ་ཁོ་ན་ནས་མཐོང་ངོ་། །མཐོང་ནས་ཀྱང་དེ་གཉིས་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་ཅི་ལགས་རེ་ཞིག་དམ་པའི་ཆོས་ལ་བསྙེན་བཀུར་བགྱིའམ། འོན་ཏེ་རྒྱལ་པོ་ལ་བསྙེན་བཀུར་བགྱི། ཀླུའི་རྒྱལ་པོ་གཉིས་རེ་ཞིག་དམ་པའི་ཆོས་ལ་བསྙེན་བཀུར་གྱིས་ཤིག །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་དམ་པའི་ཆོས་ལ་གུས་པར་མཛད་དེ། དགྲ་བཅོམ་པ་དག་ཀྱང་ཆོས་བླ་མར་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་ལ་ཚིགས་སུ་བཅད་པ་དག་བཀའ་སྩལ་པ། སངས་རྒྱས་གང་དག་འདས་པ་དང་། །སངས་རྒྱས་གང་དག་མ་བྱོན་དང་། །སངས་རྒྱས་མྱ་ངན་སེལ་མཛད་པ། །ད་ལྟར་མང་པོ་གང་བཞུགས་དག །ཐམས་ཅད་དམ་པའི་ཆོས་ལ་ནི། །གུས་པར་གནས་གྱུར་གནས་འགྱུར་ཞིང་། །དེ་བཞིན་གུས་པར་གནས་མཛད་དེ། །དེ་ནི་སངས་རྒྱས་ཆོས་ཉིད་ཡིན། །དེ་ཕྱིར་བདག་ལ་ལེགས་འདོད་ཅིང་། །བདག་ཉིད་ཆེན་པོ་མངོན་འདོད་པས། །སངས་རྒྱས་བསྟན་པ་དྲན་བྱེད་ན། །འདི་ལ་དམ་ཆོས་གུས་པར་བྱ། །དེ་གཉིས་ཀྱིས་མ་ག་དྷཱར་བྱུང་བའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་ལ་མངོན་དུ་ལྡང་བ་མ་བྱས་པ་དང་། རྒྱལ་པོ་ཁྲོས་ཏེ་བསམས་པ། ཁྱིམ་བདག་འདི་གཉིས་བདག་གི་ཡུལ་ན་གནས་པ་དག་ཡིན་ན་བདག་ལ་མངོན་དུ་ལྡང་བ་མི་བྱེད་དོ་སྙམ་ནས། དེས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ །མཐའ་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་མ་ག་དྷཱར་བྱུང་བའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་བསྟན་དུ་གསོལ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་ལ་ཚིགས་སུ་བཅད་པ་དག་བཀའ་སྩལ་པ། རབ་ཏུ་དང་སེམས་མེད་པ་དང་། །ཞེ་སྡང་ཅན་དང་འཁྲུགས་པ་ཡིས། །


DKG007_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་རྫོགས་སངས་བསྟན་པ་ཡི། །དམ་ཆོས་ཀུན་ཤེས་བྱ་མི་ནུས། །གང་གིས་ཉེས་རྩོམ་བརྟུལ་བྱས་ཤིང་། །རབ་དང་མེད་པའི་སེམས་བསལ་ཏེ། །ཀུན་ནས་མནར་སེམས་འདིར་སྤོང་བ། །དེས་ནི་ལེགས་གསུང་ཤེས་པར་འགྱུར། །རྒྱལ་པོས་བསམས་པ། ཁྱིམ་བདག་འདི་གཉིས་ལ་བརྟེན་ནས་བཅོམ་ལྡན་འདས་ཀྱིས་ཆོས་མཉན་པ་ཡང་རྒྱུན་དགུམ་མོ་སྙམ་མོ། །དེ་ནས་མ་ག་དྷཱར་བྱུང་བའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་ནས་དེས་འོད་མའི་ཚལ་ནས་ཕྱིར་བྱུང་བ་ན་ཞོ་ཤས་འཚོ་བ་རྣམས་ལ་བསྒོ་བ། གང་གི་ཚེ་ཁྱིམ་བདག་འདི་གཉིས་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་ཕྱིར་བྱུང་བར་གྱུར་པ་དེའི་ཚེ་ན་འདི་སྐད་ཅེས་རྒྱལ་པོའི་ཞལ་ནས་ཁྱེད་གཉིས་ངའི་ཡུལ་ན་མ་འདུག་ཤིག་ཅེས་བྱུང་ངོ་ཞེས་གྱིས་ཤིག་ཅེས་སྨྲས་ཏེ་རྒྱལ་པོ་སོང་ངོ་། །ཞོ་ཤས་འཚོ་བ་དག་གིས། ལྷ་བཀའ་བཞིན་འཚལ་ཞེས་རྒྱལ་པོ་ལས་མཉན་ནས་དེ་ཉིད་དུ་བསྡད་པ་དང་། ཀླུའི་རྒྱལ་པོ་རི་བོ་དང་། ཡིད་འོང་གཉིས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་ཕྱིར་བྱུང་ནས། དེ་གཉིས་འོད་མའི་ཚལ་ནས་ཕྱིར་བྱུང་བ་ན་རྒྱལ་པོའི་ཞོ་ཤས་འཚོ་བ་དག་གིས་སྨྲས་པ། ཁྱིམ་བདག་གཉིས་རྒྱལ་པོའི་ཞལ་ནས་ཁྱོད་གཉིས་ངའི་ཡུལ་ན་མ་འདུག་ཅིག་ཅེས་བྱུང་ངོ་། །དེ་སྐད་ཅེས་སྨྲས་པ་དང་། ཀླུའི་རྒྱལ་པོ་རི་བོ་དང་། ཡིད་འོང་གཉིས་ཀྱིས་བསམས་པ། བདག་ཅག་གཉིས་ཡུན་རིང་པོ་ནས་སྨོན་པ་གང་ཡིན་པ་དེ་ཚེགས་ཆུང་ངུས་གྲུབ་བོ་སྙམ་དུ་རིག་ནས་དེ་ཉིད་དུ་ཆུའི་འོད་པ་ཆེན་པོ་ཀུན་དུ་རབ་ཏུ་བསྐྱེད་ནས། ངམ་གྲོག་ཆུང་ངུ་དག་ཏུ་ཞུགས་སོ། །ངམ་གྲོག་ཆུང་ངུ་དག་ནས་ངམ་གྲོག་ཆེན་པོ་དག་ཏུ་ཞུགས་སོ། །ངམ་གྲོག་ཆེན་པོ་དག་ནས་ཆུ་ཀླུང་ཆུང་ངུ་དག་ཏུ་ཞུགས་སོ། །ཆུ་ཀླུང་ཆུང་ངུ་དག་ནས་ཆུ་ཀླུང་ཆེན་པོ་དག་ཏུ་ཞུགས་སོ། །ཆུ་ཀླུང་ཆེན་པོ་དག་ནས་རྒྱ་མཚོ་ཆེན་པོར་ཞུགས་ཏེ། གང་གི་ཚེ་དེ་གཉིས་རྒྱ་མཚོ་ཆེན་པོར་ཞུགས་པ་དེའི་ཚེ་ན་ལུས་དང་ལོངས་སྤྱོད་དག་གིས་ཆོས་ཤིན་ཏུ་མངོན་པར་མཐོ་བར་གྱུར་ཏོ། །གང་གི་ཚེ་དེ་གཉིས་རྒྱ་མཚོ་ཆེན་པོར་ཞུགས་པ་དེའི་ཚེ་ན་རྒྱལ་པོའི་ཁབ་ཀྱི་ཆུ་དྲོན་ལྔ་བརྒྱ་


DKG007_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དག་ཀྱང་བསྐམ་པར་བརྩམས། འབབ་ཆུ་དག་དང་། མཚོ་དག་དང་། ལྟེང་ཀ་དག་ཏུ་ཡང་ལྷས་དུས་དང་དུས་སུ་ཆུའི་རྒྱུན་ལེགས་པར་འབེབས་པར་མི་བྱེད། ལོ་ཐོག་དག་ཀྱང་ཤིན་ཏུ་རྒུད་པར་གྱུར་ནས་རྒྱལ་པོས་བསམས་པ། རྒྱལ་པོའི་ཁབ་འདི་ན་ཀླུའི་རྒྱལ་པོ་རི་བོ་དང་། ཡིད་འོང་ཞེས་བྱ་བ་གཉིས་ཤིག་གནས་པ་དེ་གཉིས་ཀྱི་མཐུས་རྒྱལ་པོའི་ཁབ་ཀྱི་ཆུ་དྲོན་ལྔ་བརྒྱ་དང་། འབབ་ཆུ་དག་དང་། མཚོ་དག་དང་། ལྟེང་ཀ་དག་ཏུ་ལྷས་དུས་དང་དུས་སུ་ཆུའི་རྒྱུན་ལེགས་པར་འབེབས་ཤིང་ལོ་ཐོག་ཀྱང་ཤིན་ཏུ་ཕུན་སུམ་ཚོགས་པར་གྱུར་ན། ད་ལྟར་རྒྱལ་པོའི་ཁབ་ཀྱི་ཆུ་དྲོན་ལྔ་བརྒྱ་པོ་དེ་དག་ཀྱང་བསྐམ་པར་བརྩམས། འབབ་ཆུ་དག་དང་། མཚོ་དག་དང་། ལྟེང་ཀ་དག་ཏུ་ཡང་ལྷས་དུས་དང་དུས་སུ་ཆུའི་རྒྱུན་ལེགས་པར་མི་འབེབས། ལོ་ཐོག་དག་ཀྱང་ཤིན་ཏུ་རྒུད་པར་གྱུར་པ་ལས་ན་ཀླུའི་རྒྱལ་པོ་རི་བོ་དང་། ཡིད་འོང་གཉིས་ཉམས་པའམ། ཤི་བའམ། འབྲོས་པའམ། སྦྲུལ་ཁས་སྡིགས་པས་བཟུང་བའམ་གཅིག་ཏུ་མ་གྱུར་ཏམ། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་འདི་ཐམས་ཅད་མཁྱེན་པ། ཐམས་ཅད་གཟིགས་པ། མཁྱེན་པ་དང་ཤེས་བྱ་ལ་བླ་ན་མེད་པའི་མངའ་བརྙེས་པ་ཡིན་གྱིས་སངས་རྒྱས་བཅོམ་ལྡན་འདས་ལ་ཞུར་འགྲོའོ་སྙམ་མོ། །དེ་ནས་མ་ག་དྷཱར་བྱུང་བའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ །མཐའ་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་མ་ག་དྷཱར་བྱུང་བའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་རྒྱལ་པོའི་ཁབ་འདི་ན་ཀླུའི་རྒྱལ་པོ་རི་བོ་དང་། ཡིད་འོང་ཞེས་བགྱི་བ་གཉིས་ཤིག་གནས་པ་དེ་གཉིས་ཀྱི་མཐུས་རྒྱལ་པོའི་ཁབ་ཀྱི་ཆབ་དྲོན་ལྔ་བརྒྱ་དང་། འབབ་ཆུ་དག་དང་། མཚོ་དག་དང་། ལྟེང་ཀ་དག་ཏུ་ལྷས་དུས་དང་དུས་སུ་ཆབ་ཀྱི་རྒྱུན་ལེགས་པར་འབེབས་ཤིང་། ལོ་ཐོག་དག་ཀྱང་ཤིན་ཏུ་ཕུན་སུམ་ཚོགས་པར་གྱུར་ན། ད་ལྟར་རྒྱལ་པོའི་ཁབ་ཀྱི་ཆབ་དྲོན་ལྔ་བརྒྱ་པོ་དག་ཀྱང་བསྐམ་པར་བརྩམས། འབབ་ཆུ་དག་དང་། མཚོ་དག་དང་། ལྟེང་ཀ་དག་ཏུ་ཡང་


DKG007_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

ལྷས་དུས་དང་དུས་སུ་ཆབ་ཀྱི་རྒྱུན་ལེགས་པར་མི་འབེབས། ལོ་ཐོག་དག་ཀྱང་ཤིན་ཏུ་རྒུད་པར་གྱུར་པ་ལས་ན་ཀླུའི་རྒྱལ་པོ་རི་བོ་དང་། ཡིད་འོང་གཉིས་ཉམས་པའམ། གུམ་པའམ། བྲོས་པའམ། སྦྲུལ་ཁས་སྡིགས་པས་བཟུང་བའམ། གཅིག་ཏུ་མ་གྱུར་ཏམ། རྒྱལ་པོ་ཆེན་པོ་ཀླུའི་རྒྱལ་པོ་རི་བོ་དང་། ཡིད་འོང་གཉིས་ནི་ཉམས་པར་ཡང་མ་གྱུར། ཤི་བར་ཡང་མ་གྱུར། བྲོས་པར་ཡང་མ་གྱུར། སྦྲུལ་ཁས་སྡིགས་པས་བཟུང་བར་ཡང་མ་གྱུར་ཏེ། འདི་ལྟར་ཁྱོད་ཉིད་ཀྱིས་བསྐྲད་དོ། །བཙུན་པ་བདག་གིས་ཀླུའི་རྒྱལ་པོ་རི་བོ་དང་། ཡིད་འོང་གཉིས་མཐོང་བར་ཡང་མི་དྲན་ན་བསྐྲད་པར་ལྟ་ག་ལ་འགྱུར། རྒྱལ་པོ་ཆེན་པོ་ངས་ཁྱོད་དྲན་པར་བྱའོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་དྲན་པར་མཛད་དུ་གསོལ། རྒྱལ་པོ་ཆེན་པོ་དེའི་ཚེ་ཁྱོད་ཀྱིས་ཁྱིམ་བདག་དེ་གཉིས་ལ་ཇི་སྐད་སྨྲས། བཙུན་པ་བདག་གིས་ཞོ་ཤས་འཚོ་བ་དག་ལ་གང་གི་ཚེ་ཁྱིམ་བདག་འདི་གཉིས་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་ཕྱིར་བྱུང་བར་གྱུར་པ་དེའི་ཚེ་ན་འདི་སྐད་ཅེས་རྒྱལ་པོའི་ཞལ་ནས་ཁྱེད་གཉིས་ངའི་ཡུལ་ན་མ་འདུག་ཤིག་ཅེས་བྱུང་ངོ་ཞེས་གྱིས་ཤིག་ཅེས་མཆིད་སྩལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ཁྱིམ་བདག་དེ་གཉིས་ནི་ཀླུའི་རྒྱལ་པོ་རི་བོ་དང་། ཡིད་འོང་གཉིས་ཡིན་ནོ། །རྒྱལ་པོས་གསོལ་པ། བཙུན་པ་དེའི་ཚེ་དེ་གཉིས་གང་དུ་མཆིས། རྒྱ་མཚོ་ཆེན་པོར་ཞུགས་སོ། །རྒྱལ་པོས་གསོལ་པ། བཙུན་པ་བཅོམ་ལྡན་འདས་དེ་ལྟ་ན་བདག་གི་ཡུལ་མ་རུང་དུ་བས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ཁྱོད་ཀྱི་ཡུལ་མ་རུང་བར་མི་འགྱུར་ཏེ། འདི་ལྟར་ཁྱོད་ཀྱིས་དེ་གཉིས་ལ་བཟོད་པ་གསོལ་བར་བྱ་འོ། །རྒྱལ་པོས་གསོལ་པ། བཙུན་པ་དེ་གཉིས་ནི་རྒྱ་མཚོ་ཆེན་པོར་ཞུགས་ལ་བདག་ནི་འདི་ན་མཆིས་ན་བདག་གིས་ཇི་ལྟར་དེ་གཉིས་ལ་བཟོད་པ་གསོལ་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དེ་གཉིས་ཚེས་བརྒྱད་དང་། ཚེས་བཅུ་བཞི་དང་། བཅྭ་ལྔ་ལ་ངའི་རྐང་པ་ལ་ཕྱག་འཚལ་དུ་འདིར་འོང་གིས། ཁྱོད་ཀྱང་ཚེས་བརྒྱད་དང་། ཚེས་བཅུ་བཞི་དང་། བཅྭ་ལྔ་ལ་འདིར་ཤོག་ཤིག་དང་ངས་ཁྱོད་ལ་དེ་གཉིས་བསྟན་པར་བྱའི་ཁྱོད་


DKG007_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བཟོད་པ་གསོལ་ཅིག །བཙུན་པ་ཅི་ལགས། བདག་གིས་དེ་གཉིས་ཀྱི་རྐང་པ་གཉིས་ལ་གཏུགས་པར་བགྱིའམ། རྒྱལ་པོ་ཆེན་པོ་རྐང་པ་གཉིས་ལ་གཏུགས་པར་མི་བྱ་སྟེ། འདི་ལྟར་མི་མ་རབས་དག་གི་རྐང་པ་ལ་ཕྱག་འཚལ་བ་གང་ཡིན་པ་དེ་ནི་མི་གཙོ་བོ་དག་གི་ལག་པ་ནས་བཟུང་བ་ཡིན་གྱིས་ཁྱོད་ཀྱི་ལག་པ་གཡས་པ་རྐྱོང་ལ་ཀླུའི་དབང་པོ་གཉིས་བཟོད་པ་མཛོད་ཅིག་ཅེས་བཟོད་པ་གསོལ་ཅིག །དེ་ནས་དུས་གཞན་ཞིག་ན་ཀླུའི་རྒྱལ་པོ་རི་བོ་དང་། ཡིད་འོང་གཉིས་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འཁོད་དོ། །དེའི་ཚེ་མ་ག་དྷཱར་བྱུང་བའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་ཡང་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་པ་དང་། བཅོམ་ལྡན་འདས་ཀྱིས་བརྡ་མཛད་དོ། །དེ་ནས་མ་ག་དྷཱར་བྱུང་བའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོས་ལག་པ་གཡས་པ་བརྐྱང་སྟེ་སྨྲས་པ། ཀླུའི་དབང་པོ་གཉིས་བཟོད་པ་མཛོད་ཅིག །དེ་གཉིས་ཀྱིས་སྨྲས་པ། རྒྱལ་པོ་ཆེན་པོ་བཟོད་པར་བགྱིའོ། །ཀླུའི་དབང་པོ་གཉིས་གལ་ཏེ་བཟོད་ན་བདག་གི་ཡུལ་དུ་ཚུར་སྤྱོན་ཅིག །དེ་གཉིས་ཀྱིས་སྨྲས་པ། རྒྱལ་པོ་ཆེན་པོ་གང་གི་ཚེ་བདག་ཅག་གཉིས་རྒྱ་མཚོ་ཆེན་པོར་ཞུགས་པ་དེའི་ཚེ་ན་ལུས་དང་ལོངས་སྤྱོད་དག་གིས་ཆེས་ཤིན་ཏུ་མངོན་པར་མཐོ་བར་གྱུར་པས་ད་གལ་ཏེ་བདག་ཅག་གཉིས་འདིར་མཆི་བར་གྱུར་ན་འདིར་བདག་ཅག་གཉིས་ཀྱི་གོ་སྐབས་ཉིད་ཀྱང་མ་མཆིས་པར་འགྱུར་རོ། །རྒྱལ་པོས་སྨྲས་པ། ཀླུའི་དབང་པོ་གཉིས་དེ་ལྟ་ན་བདག་གི་ཡུལ་མ་རུང་དུ་བས་སོ། །དེ་གཉིས་ཀྱིས་སྨྲས་པ། རྒྱལ་པོ་ཆེན་པོ་ཁྱོད་ཀྱི་ཡུལ་མ་རུང་བར་མི་འགྱུར་ཏེ། འདི་ལྟར་ཁྱོད་ཀྱིས་ལྷ་ཁང་གཉིས་རྩིག་ཏུ་སྩོལ་ལ་གཅིག་ནི་རི་བོའི་སླད་དུ། ཅིག་ཤོས་ནི་ཡིད་འོང་གི་སླད་དུ་རྩིག་ཏུ་སྩོལ་ཅིག་དང་དེར་བདག་ཅག་གཉིས་ཀྱི་ཞོ་ཤས་འཚོ་བ་དག་གཞག་པར་བགྱིའོ། །ཟླ་བ་དྲུག་དྲུག་ཅིང་དུས་སྟོན་བགྱིད་དུ་སྩོལ་ཅིག་དང་དེར་བདག་ཅག་གཉིས་ཀྱང་རང་ཉིད་མཆིས་ནས་གཡར་སྔར་བྲིམ་པར་བགྱིའོ། །དེ་ནས་མ་ག་དྷཱར་བྱུང་བའི་རྒྱལ་པོ་


DKG007_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

བཟོ་སྦྱངས་གཟུགས་ཅན་སྙིང་པོས་ལྷ་ཁང་གཉིས་རྩིག་ཏུ་བཙུག་སྟེ། གཅིག་ནི་རི་བོའི་ཕྱིར། ཅིག་ཤོས་ནི་ཡིད་འོང་གི་ཕྱིར་རྩིག་ཏུ་བཅུག་ནས་ཟླ་བ་དྲུག་དྲུག་ཅིང་དུས་སྟོན་བྱེད་དུ་བཅུག་གོ །གང་གི་ཚེ་དེར་དུས་སྟོན་བྱུང་བ་དེའི་ཚེ་ན་གྲོང་ཁྱེར་ཆེན་པོ་དྲུག་པོ་དག་ནས་སྐྱེ་བོ་ཕལ་པོ་ཆེའི་ཚོགས་དག་ལྷགས་ཏེ་འདུག་ཅིང་མཐུན་པར་གྱུར་ཏོ། །དེ་ནས་དུས་གཞན་ཞིག་ན་རྒྱལ་པོའི་ཁབ་ན་ཀླུའི་རྒྱལ་པོ་རི་བོ་དང་། ཡིད་འོང་གཉིས་ཀྱི་དུས་སྟོན་ལ་བབ་པ་དང་། ལྷོ་ལམ་ནས་གར་མཁན་ཞིག་ཀྱང་རྒྱལ་པོའི་ཁབ་ཏུ་འོངས་ནས་དེས་བསམས་པ། གང་གི་སྐྱེ་བོ་ཕལ་པོ་ཆེའི་ཚོགས་ཀྱང་མངོན་པར་དགའ་བར་འགྱུར་ཞིང་རྙེད་པ་མང་པོ་ཡང་འགྲུབ་པར་འགྱུར་བའི་ཐབས་ཅི་ཡོད་སྙམ་ནས་དེས་ཡང་བསམས་པ། གལ་ཏེ་སྐྱེས་བུ་གཙོ་བོའི་བསྔགས་པ་བརྗོད་ན་དེ་ལྟ་ན་སྐྱེ་བོ་ཕལ་པོ་ཆེའི་ཚོགས་ཀྱང་མངོན་པར་དགའ་བར་འགྱུར་ཞིང་རྙེད་པ་མང་པོ་ཡང་འགྲུབ་པར་འགྱུར་རོ་སྙམ་མོ། །དེའི་ཚེ་ན་སྐྱེ་བོ་ཕལ་པོ་ཆེའི་ཚོགས་ཕལ་ཆེར་བཅོམ་ལྡན་འདས་ལ་མངོན་པར་དད་པར་གྱུར་ནས་གར་མཁན་དེས་བསམས་པ། རེ་ཞིག་ལྷ་དང་བཅས་པའི་འཇིག་རྟེན་འདི་ནི་བཅོམ་ལྡན་འདས་ལ་མངོན་པར་དད་པ་ཡིན་པས་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྔགས་པ་བརྗོད་ན་སྐྱེ་བོ་ཕལ་པོ་ཆེའི་ཚོགས་ཀྱང་མངོན་པར་དགའ་བར་འགྱུར་ཞིང་རྙེད་པ་མང་པོ་ཡང་འགྲུབ་པར་འགྱུར་བས་བདག་གིས་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྔགས་པ་བརྗོད་པར་བྱའོ་སྙམ་ནས་དེ་དགའ་བོའི་གན་དུ་སོང་སྟེ་སྨྲས་པ། འཕགས་པ་གང་གི་ཚེ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་ན་བཞུགས་པས་གཟིགས་པ་ལྔ་པོ་རིགས་དང་། རུས་དང་། ཡུལ་དང་། དུས་དང་། བུད་མེད་ལ་གཟིགས་པ་དག་གིས་འཇིག་རྟེན་ལ་གཟིགས་ནས་འདོད་པ་ན་སྤྱོད་པའི་ལྷ་དྲུག་པོ་དག་ལན་གསུམ་ཡོངས་སུ་སྦྱང་བ་བགྱིད་དུ་སྩལ་ཏེ། གླང་པོ་ཆེར་སྣང་བ་བསྒྱུར་ནས་ཤེས་བཞིན་དུ་ཡུམ་གྱི་ལྷུམས་སུ་ཞུགས་པ་དེའི་ཚེ་ན་ས་ཆེན་པོ་འདི་ཤིན་ཏུ་གཡོས་པར་གྱུར་ཅིང་འཇིག་རྟེན་གྱི་འཇིག་རྟེན་གྱི་བར་གང་ན་ཉི་མ་དང་ཟླ་བ་འདི་ལྟར་རྫུ་འཕྲུལ་ཆེ་བ། འདི་ལྟར་མཐུ་ཆེ་བ་འདི་གཉིས་ཀྱི་འོད་དག་ཉམས་སུ་མི་མྱོང་བའི་མུན་པ་མུན་ནག་མུན་པར་བྱེད་པས་གནག་པར་གྱུར་པ་གང་དག་ལགས་པ་དེ་དག་ཀྱང་དེའི་ཚེ་ན་སྣང་བ་རྒྱ་


DKG007_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོས་ཁྱབ་པར་གྱུར་ནས། སེམས་ཅན་གང་དག་དེར་སྐྱེས་པ་དག་གིས་རང་གི་ལག་པ་བརྐྱང་བ་ཡང་མི་མཐོང་བ་དེ་དག་གིས་ཀྱང་འོད་དེས་སེམས་ཅན་གཅིག་གིས་གཅིག་མཐོང་ནས་ཤེས་ལྡན་དག་སེམས་ཅན་གཞན་ཡང་འདིར་སྐྱེས་སོ། །ཤེས་ལྡན་དག་སེམས་ཅན་གཞན་ཡང་འདིར་སྐྱེས་སོ་ཞེས་འཚལ་བར་གྱུར་པ་དང་། གང་གི་ཚེ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཟླ་བ་བཅུ་འདས་ནས་ཡུམ་གྱི་ལྷུམས་ནས་བལྟམ་པ་དེའི་ཚེ་ཡང་ས་ཆེན་པོ་ཤིན་ཏུ་གཡོས་པར་གྱུར་ཅིང་། འཇིག་རྟེན་གྱི་འཇིག་རྟེན་གྱི་བར་གང་ན་ཉི་མ་དང་ཟླ་བ་འདི་ལྟར་རྫུ་འཕྲུལ་ཆེ་བ་འདི་ལྟར་མཐུ་ཆེ་བ་འདི་གཉིས་ཀྱི་འོད་དག་ཉམས་སུ་མི་མྱོང་བའི་མུན་པ་མུན་ནག་མུན་པར་བྱེད་པས་གནག་པར་གྱུར་པ་གང་དག་ཡིན་པ་དེ་དག་ཀྱང་དེའི་ཚེ་ན་སྣང་བ་རྒྱ་ཆེན་པོས་ཁྱབ་པར་གྱུར་ནས་སེམས་ཅན་གང་དག་དེར་སྐྱེས་པ་དག་གིས་རང་གི་ལག་པ་བརྐྱང་བ་ཡང་མི་མཐོང་བ་དེ་དག་གིས་ཀྱང་འོད་དེས་སེམས་ཅན་གཅིག་གིས་གཅིག་མཐོང་ནས་ཤེས་ལྡན་དག་སེམས་ཅན་གཞན་ཡང་འདིར་སྐྱེས་སོ། །ཤེས་ལྡན་དག་སེམས་ཅན་གཞན་ཡང་འདིར་སྐྱེས་སོ་ཞེས་འཚལ་བར་གྱུར་པ་དང་། གང་གི་གདུགས་ལ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་བལྟམ་པར་གྱུར་པ་དེའི་གདུགས་ལ་རྒྱལ་པོ་ཆེན་པོ་བཞི་དག་གི་བུ་ཡང་བཙས་པར་གྱུར་ཏེ། མཉན་ཡོད་ན་རྒྱལ་པོ་ཆེན་པོ་རྩིབས་ཀྱིས་འཕུར་ཚངས་བྱིན་གྱི་བུ་བཙས་ནས་དེ་འདི་སྙམ་དུ་སེམས་ཏེ། བདག་གི་བུ་བཙས་པ་ན་འཇིག་རྟེན་གསལ་བ་གསལ་བ་ལྟར་སྣང་བས་གཞོན་ནུ་འདིའི་མིང་གསལ་རྒྱལ་དུ་གདགས་སོ་སྙམ་ནས་བུ་དེའི་མིང་གསལ་རྒྱལ་ཞེས་བགྱི་བར་བཏགས་པ་དང་། རྒྱལ་པོའི་ཁབ་ན་རྒྱལ་པོ་པད་མ་ཆེན་པོའི་བུ་བཙས་ནས་དེ་འདི་སྙམ་དུ་སེམས་ཏེ། བདག་གི་བུ་བཙས་པ་ན་འཇིག་རྟེན་ཉི་མའི་གཟུགས་ཤར་བ་ལྟར་སྣང་ཞིང་འདི་བཙུན་མོ་གཟུགས་ཅན་གྱི་དུ་ཡིན་པས་གཞོན་ནུ་འདིའི་མིང་གཟུགས་ཅན་སྙིང་པོར་གདགས་སོ་སྙམ་ནས་བུ་དེའི་མིང་གཟུགས་ཅན་སྙིང་པོ་ཞེས་བགྱི་བར་བཏགས་པ་དང་། ཀཽ་ཤཱམྦཱི་ན་རྒྱལ་པོ་ཆེན་པོ་དམག་བརྒྱ་པའི་བུ་བཙས་ནས་དེ་འདི་སྙམ་དུ་སེམས་ཏེ། བདག་གི་བུ་བཙས་པ་ན་འཇིག་རྟེན་ཉི་མ་ཤར་བ་ལྟར་སྣང་བར་གྱུར་པས་གཞོན་ནུ་འདིའི་


DKG007_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

མིང་ཤར་བར་གདགས་སོ་སྙམ་ནས་བུ་དེའི་མིང་ཤར་བ་ཞེས་བགྱི་བར་བཏགས་པ་དང་། འཕགས་རྒྱལ་ན་རྒྱལ་པོ་ཆེན་པོ་མུ་ཁྱུད་མཐའ་ཡས་ཀྱི་བུ་བཙས་ནས་དེ་འདི་སྙམ་དུ་སེམས་ཏེ། བདག་གི་བུ་བཙས་པ་ན་འཇིག་རྟེན་རབ་ཏུ་སྣང་བས་སྣང་བར་གྱུར་པས་བུ་འདིའི་མིང་རབ་སྣང་ཞེས་བྱ་བར་གདགས་སོ་སྙམ་ནས་བུ་དེའི་མིང་རབ་སྣང་ཞེས་བགྱི་བར་བཏགས་པ་དང་། གང་གི་ཚེ་གདུགས་ལ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་བལྟམ་པ་དེ་ཉིད་ཀྱི་གདུགས་ལ་ཤཱཀྱ་གཞོན་ནུ་བཟང་ལྡན་ལ་སོགས་པ་ལྔ་བརྒྱ་དང་། བསྙེན་བཀུར་བ་འདུན་བྱེད་ལ་སོགས་པ་ལྔ་བརྒྱ་ཡང་བཙས། རྟ་རྒོད་མ་ལྔ་བརྒྱ་ལས་ཀྱང་རྟེའུ་བསྔགས་ལྡན་ལ་སོགས་པ་ལྔ་བརྒྱ་འབྲངས་ལྷ་རྣམས་ཀྱིས་ཀྱང་གཏེར་ལྔ་བརྒྱ་ཉེ་བར་བསྟན་པ་དང་། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དེ་བྲམ་ཟེ་ལྟས་པ་དང་། མཚན་མཁན་དག་གིས་ལུང་བསྟན་པ། གལ་ཏེ་གཞོན་ནུ་ཕོ་བྲང་གི་ནང་ན་བཞུགས་པར་གྱུར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་མཐའ་བཞིར་རྒྱལ་བ། ཆོས་ཀྱི་རྒྱལ་པོ། ཆོས་དང་ལྡན་པ། རིན་པོ་ཆེ་སྣ་བདུན་དང་ལྡན་པར་འགྱུར་ཏེ། དེའི་རིན་པོ་ཆེ་སྣ་བདུན་པོ་དེ་དག་ནི་འདི་ལྟ་བུར་འགྱུར་ཏེ། འདི་ལྟ་སྟེ། འཁོར་ལོ་རིན་པོ་ཆེ་དང་། གླང་པོ་རིན་པོ་ཆེ་དང་། རྟ་རིན་པོ་ཆེ་དང་། ནོར་བུ་རིན་པོ་ཆེ་དང་། བུད་མེད་རིན་པོ་ཆེ་དང་། ཁྱིམ་བདག་རིན་པོ་ཆེ་དང་། དམག་དཔོན་རིན་པོ་ཆེ་ཉིད་ནི་བདུན་པ་ཡིན་ནོ། །འདི་ལ་བུ་དཔའ་བ། རྟུལ་ཕོད་པ། ཡན་ལག་མཆོག་གི་གཟུགས་དང་ལྡན་པ། ཕ་རོལ་གྱི་སྡེ་རབ་ཏུ་འཇོམས་པ་སྟོང་ཚང་བ་ཡོད་པར་འགྱུར་རོ། །དེ་རྒྱ་མཚོ་ལ་ཐུག་པའི་ས་ཆེན་པོ་མ་ལུས་པ་གནོད་པར་སྡོ་བ་མེད་ཅིང་འཚེ་བ་མེད་པ་འདི་ཉིད་ཆད་པ་མེད་ཅིང་མཚོན་གྱིས་བདའ་བ་མེད་ལ། ཆོས་དང་མཐུན་ཞིང་སྙོམས་པས་ལེགས་པར་ཕབ་སྟེ་གནས་པར་འགྱུར་རོ། །གལ་ཏེ་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་དག་བགོས་ནས་ཡང་དག་པ་ཁོ་ནར་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ན་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིན་རྟེན་དུ་རྣམ་པར་གྲགས་པའི་སྒྲ་དང་ལྡན་པར་འགྱུར་རོ་ཞེས་ལུང་བསྟན་པ་དང་། གང་གི་ཚེ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་འཇིག་རྟེན་དུ་བང་བྱུ་དེའི་ཚེ་ན་ཐམས་ཅད་དུ་གངས་རིའི་ངོས་དང་ཉེ་བ་ཆུ་ཀླུང་སྐལ་ལྡན་ཤིང་རྟའི་འགྲམ། དྲང་སྲོང་སེར་


DKG007_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱའི་བསྟི་གནས་དང་ཧ་ཅང་མི་རིང་བར་ཤཱཀྱ་རྣམས་ཀྱི་གཞོན་ནུ་བྱུང་སྟེ། དེ་བྲམ་ཟེ་ལྟས་པ་དང་། མཚན་མཁན་དག་གིས་དེ་སྐད་ལུང་བསྟན་ཏོ་ཞེས་སྒྲ་གྲགས་པར་གྱུར་པ་དང་། ཉི་འོག་གི་ཁམས་ཀྱི་རྒྱལ་པོ་དག་གིས་ཀྱང་གངས་རིའི་ངོས་དང་ཉེ་བ་ཆུ་ཀླུང་སྐལ་ལྡན་ཤིང་རྟའི་འགྲམ་དྲང་སྲོང་སེར་སྐྱའི་བསྟི་གནས་དང་ཧ་ཅང་མི་རིང་བར་ཤཱཀྱ་རྣམས་ཀྱི་གཞོན་ནུ་བྱུང་སྟེ། དེ་བྲམ་ཟེ་ལྟས་པ་དང་། མཚན་མཁན་དག་གིས་དེ་སྐད་ལུང་བསྟན་ཏོ་ཞེས་ཐོས་པ་དང་། ཐོས་ནས་ཀྱང་ཉི་འོག་གི་ཁམས་ཀྱི་རྒྱལ་པོ་དེ་དག་འདི་སྙམ་དུ་སེམས་ཏེ། དེ་ནས་གཞོན་ནུ་བསྟེན་ན་དུས་སུ་འབྲས་བུ་སྟེར་བར་འགྱུར་བས་གང་བསྟེན་ན་གཞོན་ནུ་བསྟེན་པར་འགྱུར་སྙམ་ནས་དེ་དག་གིས་བསམས་པ། རྒྱལ་པོ་ཟས་གཙང་བསྟེན་པར་བྱ་སྟེ་དེ་བསྟེན་ན་གཞོན་ནུ་བསྟེན་པར་འགྱུར་རོ་སྙམ་ནས་དེ་དག་གིས་རྒྱལ་པོ་ཟས་གཙང་བསྟེན་པར་བརྩམས་ཏེ། དུས་དང་མཐུན་པའི་དུས་སུ་ཕོ་ཉ་དང་དཀོར་སྒྲོམ་དག་གཏོང་ཞིང་བཀུར་བར་བགྱིད་པ་དང་། དེ་ནས་རྒྱལ་པོ་ཟས་གཙང་འདི་སྙམ་དུ་སེམས་ཏེ། བདག་གི་བུ་བཙས་པ་ན་དོན་ཐམས་ཅད་དང་ལས་ཀྱི་མཐའ་ཐམས་ཅད་གྲུབ་པས་དེའི་ཕྱིར་གཞོན་ནུ་འདིའི་མིང་དོན་ཐམས་ཅད་གྲུབ་པ་ཞེས་བྱ་བར་གདགས་སོ་སྙམ་ནས་དེའི་མཚན་དོན་ཐམས་ཅད་གྲུབ་པ་ཞེས་བགྱི་བར་གསོལ་པ་དང་། ཤཱཀྱ་རྣམས་ཀྱི་ལྷ་གནོད་སྦྱིན་ཤཱཀྱ་སྤེལ་བ་ཞེས་བྱ་བ་ལ་ཕྱག་འཚལ་དུ་ཁྲིད་པ་ན་ཤཱཀྱ་དེ་ཐུབ་ཅིང་དེས་ཕྱག་བྱས་པས་ཤཱཀྱ་ཐུབ་པ་ཞེས་བགྱི་བ་དང་། ལྷའི་ཡང་ལྷ་ཞེས་བགྱི་བར་མཚན་གསོལ་བ་དང་། གང་གི་ཚེ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སྐུ་ཆེན་པོར་འཁྲུངས་པའི་ཚེ་རིག་པའི་གནས་ཐམས་ཅད་ཀྱི་མཐར་བྱོན་ཅིང་གཞོན་ནུ་རོལ་པའི་ནང་ན་རོལ་པར་གྱུར་པ་དང་། རྒན་པོ་དང་། ནད་པ་དང་། ཤི་བ་གཟིགས་ནས་ཐུགས་བྱུང་སྟེ། ནགས་ཀྱི་ནང་དུ་གཤེགས་ཏེ་ལོ་དྲུག་ཏུ་དཀའ་བ་སྤྱད་པ་དང་། དེའི་ཚེ་རྒྱལ་པོ་ཟས་གཙང་དང་། ཤཱཀྱ་ལེགས་པར་རབ་རྟོགས་ཀྱི་བཀའ་མཆིད་གསོལ་བའི་མི་ཉིས་བརྒྱ་ལྔ་བཅུ་ཉིས་བརྒྱ་ལྔ་བཅུ་བཀྱེ་སྟེ། དེ་དག་གིས་ཉི་མ་རེ་རེ་ཞིང་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་བཀའ་མཆིད་འཚལ་ཏེ་མཆི་བ་དང་། གང་གི་ཚེ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ལོ་དྲུག་ཏུ་དཀའ་བ་སྤྱད་དེ། དཀའ་


DKG007_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

བ་སྤྱད་པ་ཅི་ཡང་མེད་པར་རིག་ནས་ཅི་བདེར་དབུགས་རྔུབ་པར་མཛད། ཅི་བདེར་དབུགས་འབྱིན་པར་མཛད་ཅིང་འབྲས་ཆན་དང་། ཟན་དྲོན་ལ་སོགས་པ་ཞལ་ཟས་རྒྱ་ཆེན་པོ་དག་ཀྱང་གསོལ་བར་མཛད། ཞུན་མར་དང་། འབྲུ་མར་དག་གིས་སྐུ་དག་ཀྱང་སྐུད་པར་མཛད་ཅིང་ཆབ་དྲོན་པོས་ཀྱང་སྐུ་བསིལ་བར་མཛད་པ་དང་། གྲོང་སྡེ་འདོང་དུ་གཤེགས་ནས་གྲོང་བའི་བུ་མོ་དགའ་མོ་དང་། དགའ་སྟོབས་མ་གཉིས་ལས་ཀྱང་ལན་བཅུ་དྲུག་བཟླས་པའི་འོ་མ་སྦྲང་རྩི་དང་བསྲེས་པ་གསོལ་ཏེ། ཀླུའི་རྒྱལ་པོ་ནག་པོས་མངོན་པར་བསྟོད་པ་ན་རྩྭ་བཀྲ་ཤིས་འཚོང་བ་ལས་རྩྭ་གསེར་གྱི་མདོག་ལྟ་བུ་དག་བཞེས་ནས་བྱང་ཆུབ་ཀྱི་གཞི་ག་ལ་བ་དེར་གཤེགས་ཏེ་བྱོན་ནས་ཉིད་ཀྱིས་རྩྭ་མ་འཁྲུགས་པའི་གདན་བཤམས་ནས་སྐྱིལ་མོ་ཀྲུང་བཅས་ཏེ། སྐུ་དྲང་པོར་བསྲངས་ནས་དྲན་པ་ཕྱོགས་པར་བཞག་སྟེ་བཞུགས་ནས། ཇི་སྲིད་ཟག་མེད་མ་ཐོབ་པར། །དེ་སྲིད་སྐྱིལ་ཀྲུང་གཞིག་མི་བྱ། །ཞེས་ཐུགས་བསྐྱེད་ཅིང་གསུང་བརྗོད་པ་དང་། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་མཚན་མོའི་གུང་ཐུན་ལ་བདུད་འབྱུང་པོ་དུང་ཕྱུར་ཕྲག་གསུམ་དང་བྱེ་བ་ཕྲག་དྲུག་གི་འཁོར་དང་ལྡན་པ་བྱམས་པའི་སྟོབས་ཀྱིས་མངོན་པར་བཏུལ་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཇི་ལྟར་མངོན་པར་རྫོགས་པར་སངས་རྒྱས་པ་རྒྱ་ཆེར་བསྟན་དུ་གསོལ། དགའ་བོས་སྨྲས་པ། དེས་ཁྱོད་ལ་ཅི་བྱ། གར་མཁན་གྱིས་སྨྲས་པ། འཕགས་པ་གར་ཐབས་སྦྱར་བར་བགྱིའོ། །དགའ་བོས་སྨྲས་པ། བཀྲེན་པ་ཁྱོད་ཁོ་བོ་ཅག་གིས་སྟོན་པ་ལྟར་འཆོས་སམ། མི་སྨྲས་ཕར་སོང་ཤིག། དེ་ནས་གར་མཁན་དེ་ཉེ་དགའི་གན་དུ་སོང་སྟེ་དེ་སྐད་དྲིས་ན་དེས་ཀྱང་དེ་སྐད་ལན་བཏབ་བོ། །དེ་ནས་འགྲོ་མགྱོགས་དང་། ནབ་སོ་དང་། འདུན་པ་དང་། འཆར་ཀ་དག་གི་གན་དུ་རིམ་གྱིས་སོང་སྟེ་དེ་སྐད་དྲིས་ན། དེ་དག་ཐམས་ཅད་ཀྱིས་ཀྱང་སོ་སོ་ནས་དེ་སྐད་ལན་བཏབ་སྟེ་མ་བསྟན་ཏོ། །དེ་ནས་གར་མཁན་དེ་དགེ་སློང་མ་བཅུ་གཉིས་སྡེ་དག་གི་གན་དུ་སོང་སྟེ། དང་པོར་དགེ་སློང་མ་སྦོམ་དགའ་མོ་ལ་དེ་སྐད་ཅེས་དྲིས་པ་དང་། སྦོམ་དགའ་མོས་སྨྲས་པ། དེས་ཁྱོད་ལ་ཅི་བྱ། གར་མཁན་གྱིས་སྨྲས་པ། གར་ཐབས་སྦྱར་བར་བགྱིའོ། །ཁོ་མོ་ལ་བཅའ་བའི་རིན་སྦྱིན་ནམ། གསོལ་


DKG007_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

ལོ། །སྦོམ་དགའ་མོ་དེ་མང་དུ་ཐོས་པ། སྡེ་སྣོད་གསུམ་དང་ལྡན་པ། རིགས་པ་དང་གྲོལ་བའི་སྤོབས་པ་ཅན་ཡིན་པས། དེས་དེ་ལ་གང་གི་ཚེ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་ན་བཞུགས་པས་གཟིགས་པ་ལྔ་པོ་རིགས་དང་། རུས་དང་། ཡུལ་དང་། དུས་དང་། བུད་མེད་ལ་གཟིགས་པ་དག་གིས་འཇིག་རྟེན་ལ་གཟིགས་ནས་འདོད་པ་ན་སྤྱོད་པའི་ལྷ་དྲུག་པོ་དག་ལན་གསུམ་ཡོངས་སུ་སྤྱད་པ་བྱེད་དུ་བཅུག་སྟེ། གླང་པོ་ཆེར་སྣང་བ་བསྒྱུར་ནས་ཤེས་བཞིན་དུ་ཡུམ་གྱི་ལྷུམས་སུ་བཞུགས་པ་དེའི་ཚེ་ན་ས་ཆེན་པོ་ཤིན་ཏུ་གཡོས་པར་གྱུར་ཅིང་འཇིག་རྟེན་གྱི་བར་གང་ན་ཉི་མ་དང་ཟླ་བ་འདི་ལྟར་རྫུ་འཕྲུལ་ཆེ་བ། འདི་ལྟར་མཐུ་ཆེ་བ་འདི་གཉིས་ཀྱི་འོད་དག་ཉམས་སུ་མི་མྱོང་བའི་མུན་པ་མུན་ནག་མུན་པར་བྱེད་པས་གནག་པར་གྱུར་པ་གང་དག་ཡིན་པ་དེ་དག་ཀྱང་དེའི་ཚེ་ན་སྣང་བ་རྒྱ་ཆེན་པོས་ཁྱབ་པར་གྱུར་ནས། སེམས་ཅན་གང་དག་དེར་སྐྱེས་པ་དག་གིས། རང་གི་ལག་པ་བརྐྱང་བ་ཡང་མི་མཐོང་བ་དེ་དག་གིས་ཀྱང་འོད་དེས་སེམས་ཅན་གཅིག་གིས་གཅིག་མཐོང་ནས། ཤེས་ལྡན་དག་སེམས་ཅན་གཞན་ཡང་འདིར་སྐྱེས་སོ། །ཤེས་ལྡན་དག་སེམས་ཅན་གཞན་ཡང་འདིར་སྐྱེས་སོ་ཞེས་ཤེས་པར་གྱུར་པ་ནས་གང་གི་ཚེ་བཅོམ་ལྡན་འདས་ཀྱི་མཚན་མོའི་གུང་ཐུན་ལ་བདུད་འབྱུང་པོ་དུང་ཕྱུར་ཕྲག་གསུམ་དང་། བྱེ་བ་ཕྲག་དྲུག་གི་འཁོར་དང་ལྡན་པ་བྱམས་པའི་སྟོབས་ཀྱིས་མངོན་པར་བཏུལ་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཇི་ལྟར་མངོན་པར་རྫོགས་པར་སངས་རྒྱས་པའི་བར་དག་མངོན་པར་འབྱུང་བའི་མདོ་ལས་རྒྱ་ཆེར་ཇི་སྐད་གསུངས་པ་བཞིན་ཐམས་ཅད་རྒྱས་པར་བསྟན་ཏོ། །དེ་ནས་གར་མཁན་དེས་གར་ཐབས་སྦྱར་ནས་ཡང་བསམས་པ། བདག་གིས་འདིས་སྐྱེ་བོ་ཕལ་པོ་ཆེའི་ཚོགས་དད་པ་དང་ལྡན་པ་རྣམས་ནི་དད་པ་སྤེལ་བར་ནུས་ན་གང་གིས་མ་དད་པ་དག་ཀྱང་དད་པ་སྐྱེ་བར་འགྱུར་བའི་ཐབས་ཅི་ཡོད་སྙམ་ནས། དེ་དགེ་སློང་དྲུག་སྡེ་དག་ལ་སྙིང་ན་བས་གླན་ཀ་ཚོལ་ཞིང་དེ་དག་གི་ཕྱི་བཞིན་ཕྱི་བཞིན་རྗེས་སུ་འབྲང་ཞིང་སོང་བ་དང་། ཇི་ཙམ་ན་ཚེ་དང་ལྡན་པ་འདུན་པ་ཟས་ཟོས་ཟིན་ཞིང་སྤངས་པས་བཅའ་བ་དང་། བཟའ་བ་བསོད་པ་ཞིག་རྙེད་ཅིང་དེ་ཟ་བར་འདོད་ནས་དེས་ལག་པ་གཉིས་བསྙལ་ཏེ་བཅའ་


DKG007_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་། བཟའ་བ་བསོད་པ་དེ་བྱིན་ལེན་བྱས་ནས་ཚེ་དང་ལྡན་པ་འཆར་ཀ་ཟན་ཟ་བ་ན་འདུན་པས་དེའི་མདུན་དུ་ཙོག་པུར་འདུག་སྟེ་སྨྲས་པ། བཙུན་པ་འཆར་ཀ་དགོངས་སུ་གསོལ། བདག་དགེ་སློང་འདུན་པ་ཞེས་བགྱི་བ་འཚལ་མ་འཚལ་ལགས་ཤིང་སྤངས་ཏེ་ཡོངས་སུ་རྫོགས་ཤིང་མཐར་ཐུག་པར་བགྱིས་པ་ལས་བཅའ་བ་དང་། བཟའ་བ་རྙེད་ཅིང་འཚལ་བར་འཚལ་ན་ལྷག་པོར་བགྱི་སྟེ་བདག་ལ་སྩལ་དུ་གསོལ། འཆར་ཀས་དེ་ལས་ཁམ་གཉིས་སམ་གསུམ་ཟོས་ནས་ཁྱོད་ཀྱིར་གྱུར་གྱིས་བཞུད་ཅིག་ཅེས་སྨྲས་པ་གར་མཁན་དེས་མཐོང་ནས་དེས་བསམས་པ། བདག་གིས་འདིས་མ་དད་པ་དག་ཀྱང་དད་པར་འགྱུར་བར་ནུས་སོ་སྙམ་ནས་དེ་ནས་ཕྱིར་སོང་ངོ་།། །།འདུལ་བ་རྣམ་པར་འབྱེད་པ། བམ་པོ་ལྔ་བཅུ་རྩ་དགུ་པ། དེ་ནས་གར་མཁན་དེས་རྒྱལ་པོའི་ཁབ་ཏུ་ཀླུའི་རྒྱལ་པོ་རི་བོ་དང་། ཡིད་འོང་གཉིས་ཀྱི་དུས་སྟོན་བརྩམས་པ་དེའི་ཉིན་མོ་བླ་རེ་བྲེས་ཏེ་རྫ་རྔ་ཆེན་པོ་བརྡུངས་པ་དང་། སྐྱེ་བོ་ཕལ་པོ་ཆེའི་ཚོགས་དེར་ལྷགས་ཏེ་འདུག་ཅིང་མཐུན་པར་གྱུར་པའི་ཚེ་དེས་གང་གི་ཚེ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་ན་བཞུགས་པས་གཟིགས་པ་ལྔ་པོ་རིགས་དང་། རུས་དང་། ཡུལ་དང་། དུས་དང་། བུད་མེད་ལ་གཟིགས་པ་དག་གིས་འཇིག་རྟེན་ལ་གཟིགས་ནས་འདོད་པ་ན་སྤྱོད་པའི་ལྷ་དྲུག་པོ་དག་ལན་གསུམ་ཡོངས་སུ་སྦྱང་བ་བྱེད་དུ་བཅུག་སྟེ། གླང་པོ་ཆེར་སྣང་བ་བསྒྱུར་ནས་ཤེས་བཞིན་དུ་ཡུམ་གྱི་ལྷུམས་སུ་ཞུགས་པ་དེའི་ཚེ་ན་ས་ཆེན་པོ་ཤིན་ཏུ་གཡོས་པར་གྱུར་ཅིང་འཇིག་རྟེན་གྱི་འཇིག་རྟེན་གྱི་བར་གང་ན་ཉི་མ་དང་ཟླ་བ་འདི་ལྟར་རྫུ་འཕྲུལ་ཆེ་བ། འདི་ལྟར་མཐུ་ཆེ་བ་འདི་གཉིས་ཀྱི་འོད་དག་ཉམས་སུ་མི་མྱོང་བའི་མུན་པ་མུན་ནག་མུན་པར་བྱེད་པས་གནག་པར་གྱུར་པ་གང་དག་ཡིན་པ་དེ་དག་ཀྱང་དེའི་ཚེ་ན་སྣང་བ་རྒྱ་ཆེན་པོས་ཁྱབ་པར་གྱུར་ནས། སེམས་ཅན་གང་དག་དེར་སྐྱེས་པ་དག་གིས་རང་གི་ལག་པ་བརྐྱང་བ་ཡང་མི་མཐོང་བ་དེ་དག་གིས་ཀྱང་འོད་དེས་སེམས་ཅན་གཅིག་གིས་གཅིག་མཐོང་ནས་ཤེས་ལྡན་དག་སེམས་ཅན་གཞན་ཡང་འདིར་སྐྱེས་སོ། །ཤེས་ལྡན་དག་སེམས་ཅན་གཞན་ཡང་འདིར་སྐྱེས་སོ་ཞེས་ཤེས་པར་གྱུར་པ་ནས། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་མཚན་མོའི་གུང་ཐུན་ལ་བདུད་འབྱུང་པོ་དུང་


DKG007_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུར་ཕྲག་གསུམ་དང་། བྱེ་བ་ཕྲག་དྲུག་གི་འཁོར་དང་ལྡན་པ་བྱམས་པའི་སྟོབས་ཀྱིས་མངོན་པར་བཏུལ་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཇི་ལྟར་མངོན་པར་རྫོགས་པར་སངས་རྒྱས་པའི་བར་དག་མངོན་པར་འགྱུར་བའི་མདོ་ལས་རྒྱ་ཆེར་ཇི་སྐད་གསུངས་པ་དང་འདྲ་བར་དེ་ལྟར་བཅོས་པ་ཐམས་ཅད་གར་ཐབས་སུ་རྒྱ་ཆེར་སྦྱར་ཏེ་གར་བྱེད་པ་དང་། སྐྱེ་བོ་ཕལ་པོ་ཆེའི་ཚོགས་དད་པ་དང་ལྡན་པ་དག་དད་པ་མངོན་པར་འཕེལ་བར་གྱུར་ནས་ཨེ་མའོ་གར་བྱས་སོ། །ཨེ་མའོ་གར་བྱས་སོ་ཞེས་ཟེར་ཞིང་གར་མཁན་དེས་ཀྱང་རྙེད་པ་མང་པོ་གྲུབ་པར་གྱུར་ཏོ། །དེ་ནས་གར་མཁན་དེས་ཡང་བསམས་པ། བདག་གིས་སྐྱེ་བོ་ཕལ་པོ་ཆེའི་ཚོགས་དད་པ་དང་ལྡན་པ་དག་ནི་དད་པ་མངོན་པར་འཕེལ་བར་བྱས་ཟིན་གྱིས། ད་ནི་མ་དད་པ་དག་ཀྱང་དད་པར་འགྱུར་བར་བྱའོ་སྙམ་ནས་དེའི་འོག་ཏུ་གར་མཁན་གཅིག་གིས་འཆར་ཀའི་ཆ་ལུགས་སུ་བྱས་ཤིང་གར་མཁན་ཅིག་ཤོས་ཀྱིས་འདུན་པའི་ཆ་ལུགས་སུ་བྱས་ཏེ་དེས་ཁམ་ཕོར་ཐལ་བས་བཀང་ནས། སྟེང་དུ་བུ་རམ་གྱི་དུམ་བུ་གཉིས་སམ་གསུམ་བཞག་སྟེ་འཆར་ཀའི་ཆ་ལུགས་ཅན་ཟན་ཟ་བའི་མདུན་དུ་ཙོག་པུར་འདུག་སྟེ་སྨྲས་པ། བཙུན་པ་འཆར་ཀ་དགོངས་སུ་གསོལ། བདག་དགེ་སློང་འདུན་པ་ཞེས་བགྱི་བ་འཚལ་མ་འཚལ་ཞིང་སྤངས་ཏེ་ཡོངས་སུ་རྫོགས་ཤིང་མཐར་ཐུག་པར་བགྱི་བ་ལས་བཅའ་བ་དང་། བཟའ་བ་རྙེད་ཅིང་འཚལ་བར་འཚལ་ན་ལྷག་པོར་བགྱིས་ཏེ་བདག་ལ་སྩལ་དུ་གསོལ། འཆར་ཀའི་ཆ་ལུགས་ཅན་དེས་དེ་ནས་བུ་རམ་གྱི་དུམ་བུ་གཉིས་སམ་གསུམ་པོ་དག་བླངས་ཏེ་ཟོས་ནས་ཁམ་ཕོར་གྱི་ཐལ་བ་འདུན་པའི་ཆ་ལུགས་ཅན་གྱིས་མགོའི་སྟེང་དུ་གཏོར་ཏེ་ཁྱོད་ཀྱིར་གྱུར་གྱིས་བཞུད་ཅིག་ཅེས་སྨྲས་པ་དང་། སྐྱེ་བོ་ཕལ་པོ་ཆེའི་ཚོགས་ཐམས་ཅད་ཀྱིས་ཧ་ཧ་ཞེས་གད་མོའི་སྒྲ་ཆེན་པོ་ཕྱུང་སྟེ། མ་དད་པ་དག་ཀྱང་དད་པ་མངོན་པར་འཕེལ་བར་གྱུར་ནས་ཨེ་མའོ་སྨྱོན་ཐབས་བྱས་སོ། །ཨེ་མའོ་སྨྱོན་ཐབས་བྱས་སོ་ཞེས་ཟེར་ཞིང་གར་མཁན་དེས་ཀྱང་རྙེད་པ་མང་པོ་གྲུབ་པར་གྱུར་ཏོ། །དེ་ན་སྐྱེ་བོ་ཕལ་པོ་ཆེའི་ཚོགས་དད་པ་དང་ལྡན་པ་དག་ནི། ཤེས་ལྡན་དག་ལྟོས་ཤིག། གར་མཁན་འདིས་གང་གི་ཚེ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་ན་བཞུགས་


DKG007_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

པས་གཟིགས་པ་ལྔ་པོ་རིགས་དང་། རུས་དང་། ཡུལ་དང་། དུས་དང་། བུད་མེད་ལ་གཟིགས་པ་དག་གིས་འཇིག་རྟེན་ལ་གཟིགས་ནས་འདོད་པ་ན་སྤྱོད་པའི་ལྷ་དྲུག་པོ་དག་ལན་གསུམ་ཡོངས་སུ་སྦྱང་བ་བྱེད་དུ་བཅུག་སྟེ། གླང་པོ་ཆེར་སྣང་བ་བསྒྱུར་ནས་ཤེས་བཞིན་དུ་ཡུམ་གྱི་ལྷུམས་སུ་ཞུགས་པ་དེའི་ཚེ་ན་ས་ཆེན་པོ་ཤིན་ཏུ་གཡོས་པར་གྱུར་ཅིང་འཇིག་རྟེན་གྱི་འཇིག་རྟེན་གྱི་བར་གང་ན་ཉི་མ་དང་ཟླ་བ་འདི་ལྟར་རྫུ་འཕྲུལ་ཆེ་བ། འདི་ལྟར་མཐུ་ཆེ་བ་འདི་གཉིས་ཀྱི་འོད་དག་ཉམས་སུ་མི་མྱོང་བའི་མུན་པ་མུན་ནག་མུན་པར་བྱེད་པས་གནག་པར་གྱུར་པ་གང་དག་ཡིན་པ་དེ་དག་ཀྱང་དེའི་ཚེ་ན་སྣང་བ་རྒྱ་ཆེན་པོས་ཁྱབ་པར་གྱུར་ནས་སེམས་ཅན་གང་དག་དེར་སྐྱེས་པ་དག་གིས་རང་གི་ལག་པ་བརྐྱང་བ་ཡང་མི་མཐོང་བ་དེ་དག་གིས་ཀྱང་འོད་དེས་སེམས་ཅན་གཅིག་གིས་གཅིག་མཐོང་ནས། ཤེས་ལྡན་དག་སེམས་ཅན་གཞན་ཡང་འདིར་སྐྱེས་སོ། །ཤེས་ལྡན་དག་སེམས་ཅན་གཞན་ཡང་འདིར་སྐྱེས་སོ་ཞེས་ཤེས་པར་གྱུར་པ་ནས། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་མཚན་མོའི་གུང་ཐུན་ལ་བདུད་འབྱུང་པོ་དུང་ཕྱུར་ཕྲག་གསུམ་དང་། བྱེ་བ་ཕྲག་དྲུག་གི་འཁོར་དང་ལྡན་པ་བྱམས་པའི་སྟོབས་ཀྱིས་མངོན་པར་བཏུལ་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཇི་ལྟར་མངོན་པར་རྫོགས་པར་སངས་རྒྱས་པའི་བར་དག་མངོན་པར་འབྱུང་བའི་མདོ་ལས་རྒྱ་ཆེར་ཇི་སྐད་གསུངས་པ་དང་འདྲ་བར་དེ་ལྟར་བཅོས་པ་ཐམས་ཅད་གར་ཐབས་སུ་རྒྱ་ཆེར་སྦྱར་ཏེ་གར་བྱས་སོ་ཞེས་ཟེར་ཞིང་དད་པ་མངོན་པར་འཕེལ་བར་གྱུར་ཏོ། །སྐྱེ་བོ་ཕལ་པོ་ཆེའི་ཚོགས་མ་དད་པ་དག་ཀྱང་ཤེས་ལྡན་དག་ལྟོས་ཤིག། གར་མཁན་འདིས་དགེ་སྦྱོང་ཧྲལ་པོ་དྲུག་སྡེ་དག་མི་བྱེད་དགུ་བྱེད་པ་དེ་ལྟར་བཅོས་པ་ཐམས་ཅད་སྨྱོན་ཐབས་སུ་རྒྱ་ཆེར་སྦྱར་ཏེ་བཞད་གད་བྱེད་དོ་ཞེས་དད་པ་མངོན་པར་འཕེལ་བར་གྱུར་ཏོ། །ཇི་ཙམ་ན་མཐར་གྱིས་དྲུག་སྡེ་དག་གིས་གར་མཁན་དེས་བདག་ཅག་ལྟར་བཅོས་ཞེས་གྲག་གོ་ཞེས་ཐོས་ནས་དེ་དག་གིས་སྨྲས་པ། བདག་ཅག་གིས་གར་མཁན་དེ་མི་དགའ་བར་བྱས། སྲིང་མོ་དག་གི་གན་དུ་གྲོས་བྱེད་དུ་འདོང་ངོ་ཞེས་དེ་དག་དགེ་སློང་མ་བཅུ་གཉིས་སྡེ་དག་གི་གན་དུ་དོང་ནས་སྨྲས་པ། སྲིང་མོ་དག་བདག་ཅག་གིས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་


DKG007_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

ན་སྒྲ་མི་སྙན་ཞེས་བྱ་བའི་གར་ཐབས་བྱས་པ་གང་ཡིན་པ་དེ་ལས་ཅུང་ཟད་ཅི་དྲན་པ་བགྲོའོ་ཞེས་དེ་རྣམས་དེ་དག་དང་ལྷན་ཅིག་སྐྱེད་མོས་ཚལ་དུ་དོང་སྟེ་བགྲོ་བར་བརྩམས་པ་དང་། ཇི་ཙམ་ན་ཅུང་ཟད་ཀྱང་མ་བརྗེད་ནས་དེ་དག་གིས་རྒྱལ་པོའི་ཕོ་བྲང་ནས་རྒྱན་དང་ཆ་ལུགས་བླངས་ཏེ་གར་མཁན་དེ་དང་ཧ་ཅང་ཐག་མི་རིང་བར་བླ་རེ་བྲེས་ནས། ཉེ་དགའ་མགོ་རས་ཀྱིས་དཀྲིས་ཏེ་རྫ་རྔ་ཆེན་པོ་བརྡུངས་པ་དང་། གར་ལ་ལྟ་བ་དང་དེའི་ནང་ནས་སྐྱེ་བོ་ཕལ་པོ་ཆེའི་ཚོགས་ཕྱིར་བྱུང་སྟེ་དེར་ལྷགས་སོ། །གར་མཁན་དེ་ཡང་དེར་སོང་བ་དང་། ཇི་ཙམ་ན་ལྷའི་གར་ཐབས་ལྟ་བུ་མཐོང་ནས་དེས་བསམས་པ། འདི་དག་ལྷ་དག་གར་བྱེད་པ་ཡིན་ནམ། འོན་ཏེ་ཀླུ་དག་གམ། འོན་ཏེ་གནོད་སྦྱིན་དག་གམ། དྲི་ཟ་དག་གམ། མི་འམ་ཅི་དག་གམ། ལྟོ་འཕྱེ་ཆེན་པོ་དག་གར་བྱེད་པ་ཡིན་སྙམ་དུ་རིག་ནས་ཡ་མཚན་སྐྱེས་པར་གྱུར་ཏོ། །དྲུག་སྡེ་དག་གིས་ཀྱང་གར་བྱས་ནས་ཆ་བྱད་བརྟུལ་ཏེ་དོང་བ་དང་། གར་མཁན་དེས་བསམས་པ། འདི་དག་སུ་ཞིག་ཡིན་སྙམ་ནས་དེ་དག་གི་ཕྱི་བཞིན་འབྲང་ཞིང་སོང་བ་དང་། ཇི་ཙམ་ན་དེ་དག་འོད་མའི་ཚལ་དུ་ཞུགས་ནས་གར་མཁན་དེས་སྒོར་བསྡད་པ་དང་། ཇི་ཙམ་ན་འཆར་ཀ་རྣ་བ་བབ་པ་བླས་བསྐུས་བཞིན་དུ་སྒོར་བྱུང་ནས་གར་མཁན་དེས་དེ་ལ་སྨྲས་པ། འཕགས་པ་གར་དེ་ཁྱོད་ཀྱིས་བགྱིས་སམ། འཆར་ཀས་སྨྲས་པ། ཁོ་བོ་ཅག་གིས་ཁྱོད་དེ་ལྟར་མི་དགའ་བར་བྱའོ། །བཀྲེན་པ་ཁྱོད་ཁོ་བོ་ཅག་ཁོ་ནའི་སྒྱུ་རྩལ་གྱིས་ཉེ་བར་འཚོ་ལ། ཁོ་བོ་ཅག་ཉིད་ལྟར་འཆོས་པས་ཁྱོད་གང་དང་གང་དུ་གར་བྱེད་པ་དེ་དང་དེར་ཁོ་བོ་ཅག་དོང་ལ་ཁྱོད་ལ་ཐོ་བཙམ་པར་བྱ་སྟེ། ཁོ་བོ་ཅག་གིས་རྫ་རྔ་ཆེན་པོ་དང་ཆ་སྤྱད་གཞན་ཡང་ཅི་ཡང་བཀུར་མི་དགོས་པར་འོང་ངོ་། །གར་མཁན་དེས་སྨྲས་པ། འཕགས་པ་དེ་ནི་བདག་ཅག་གིས་འཚོ་བ་ལགས་ཀྱིས་བཟོད་པ་མཛོད་ཅིག །འཆར་ཀས་སྨྲས་པ། གལ་ཏེ་ཁྱོད་ཀྱི་རྙེད་པ་ཅི་རྙེད་པ་དེ་དག་ཐམས་ཅད་ཁོ་བོ་ཅག་ལ་བྱིན་ན་བཟོད་པར་བྱའོ། །དེས་བསམས་པ། འདི་དག་ཡང་དང་ཡང་དུ་ཐོ་འཚམ་པར་འགྱུར་གྱིས་སྦྱིན་ནོ་སྙམ་ནས། དེས་རྙེད་པ་ཐམས་ཅད་དེ་དག་ལ་བྱིན་ནས་སེམས་ཁོང་དུ་ཆུད་ཅིང་འདུག་གོ །ཇི་ཙམ་ན་དེའི་ཆུང་པོ་གྲོགས་འོངས་ནས་དེས་


DKG007_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་དྲིས་པ། གྲོགས་པོ་ཁྱོད་ཅིའི་ཕྱིར་སེམས་ཁོང་དུ་ཆུད་ཅིང་འདུག །དེས་སྨྲས་པ། ཁོ་བོ་ཆད་པས་བཅད་དོ། །སུས། ཤཱཀྱའི་བུའི་དགེ་སྦྱོང་དག་གིས་སོ། །ཅིའི་ཕྱིར། དེས་སྐབས་དེ་རྒྱས་པར་བརྗོད་པ་དང་། དེ་ཤཱཀྱའི་བུའི་དགེ་སྦྱོང་རྣམས་ཀྱི་དགེ་སྦྱོང་གི་ཚུལ་ནི་ཚིག་གོ །བྲམ་ཟེའི་ཚུལ་ནི་ཚིག་སྟེ། འདི་ལྟར་གར་མཁན་དག་ལ་ཡང་ཆད་པས་གཅོད་པར་བྱེད་དོ་ཞེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་ནས་དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་མི་མཛེས་པ་དེ་ལྟ་བུ་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ། ཉེས་དམིགས་གང་ཅུང་ཟད་བྱུང་བ་དེ་ནི་དགེ་སློང་དག་ཁྱིམ་པའི་གོས་གྱོན་པ་ལས་གྱུར་པས་དེའི་ཕྱིར་དགེ་སློང་གིས་ཁྱིམ་པའི་གོས་བགོ་བར་མི་བྱའོ་སྙམ་དུ་དགོངས་ནས། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་དྲུག་སྡེ་དག་ལ་རྨས་པ། དགེ་སློང་དག་ཁྱེད་ཀྱིས་མི་མཛེས་པ་དེ་ལྟ་བུ་དེ་བྱས་པ་བདེན་ནམ། བཙུན་པ་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་པར་སྨད་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་འདུལ་བ་ལ་ངའི་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། དགེ་སློང་གིས་གོས་སར་པ་ཞིག་རྙེད་ན་ཁ་བསྒྱུར་བ་གསུམ་པོ་སྔོན་པོའམ། དམར་


DKG007_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

པོའམ། ངུར་སྨྲིག་ལས་གང་ཡང་རུང་བར་ཁ་བསྒྱུར་བར་བྱའོ། །གལ་ཏེ་དགེ་སློང་གིས་གོས་སར་པ་ཁ་བསྒྱུར་བ་གསུམ་པོ་སྔོན་པོའམ། དམར་པོའམ། ངུར་སྨྲིག་ལས་གང་ཡང་རུང་བར་ཁ་མ་བསྒྱུར་བར་སྤྱོད་ན་ལྟུང་བྱེད་དོ། །དེ་ལ་དགེ་སློང་གིས་ཞེས་བྱ་བ་ནི་དྲུག་སྡེས་སོ། །གོས་ཞེས་བྱ་བ་ནི་བདུན་པོ་བལ་གོས་དང་། ཤ་ནའི་གོས་དང་། ཟར་མའི་གོས་དང་། དུ་གུ་ལའི་གོས་དང་། ཀོ་ཏམ་པའི་གོས་དང་། རས་བལ་གྱི་གོས་དང་། ཉི་འོག་གི་གོས་ལས་གང་ཡང་རུང་བའོ། །སར་པ་ཞིག་ཅེས་བྱ་བ་ནི་སར་པ་གཉིས་ཏེ། གསར་པས་སར་པ་དང་། རྙེད་པས་གསར་པ་སྟེ། དོན་འདིར་ནི་གསར་པས་སར་པ་ཡིན་པར་དགོངས་སོ། །རྙེད་ན་ཞེས་བྱ་བ་ནི་གཞན་ལས་སོ། །ཁ་བསྒྱུར་བ་གསུམ་པོ་སྔོན་པོའམ། དམར་པོའམ། ངུར་སྨྲིག་ལས་གང་ཡང་རུང་བ་ཞེས་བྱ་བ་ལ། སྔོན་པོ་ཞེས་བྱ་བ་ནི་རམས་སོ། །དམར་པོ་ཞེས་བྱ་བ་ནི་བཙག་གོ །ངུར་སྨྲིག་ཅེས་བྱ་བ་ནི་ཤིང་ཤུན་ནོ། །ཁ་བསྒྱུར་བར་བྱའོ་ཞེས་བྱ་བ་ནི་ཁ་དོག་ངན་པར་བྱ་བའོ། །གལ་ཏེ་དགེ་སློང་གིས་གོས་སར་པ་ཁ་བསྒྱུར་བ་གསུམ་པོ་སྔོན་པོའམ། དམར་པོའམ། ངུར་སྨྲིག་ལས་གང་ཡང་རུང་བར་ཁ་མ་བསྒྱུར་བར་སྤྱོད་ན་ཞེས་བྱ་བ་ནི་གྱོན་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་ངན་སོང་དང་། ངན་འགྲོ་དང་། ལོག་པར་ལྟུང་བ་དག་ཏུ་སྲེག་པར་བྱེད། འཚོད་པར་བྱེད། ལྟུང་བར་བྱེད་པའོ། །གཞན་ཡང་ཇི་སྲིད་དུ་ལྟུང་བ་དེ་མ་བཤགས་ཤིང་སོ་སོར་མ་བཤགས་ན་དགེ་བའི་ཆོས་རྣམས་ལ་སྒྲིབ་པར་བྱེད་པ་སྟེ། དེས་ན་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་གིས་ཇི་ཙམ་ཅུང་ཟད་གོས་སར་པ་ཞིག་རྙེད་ན་ཐ་ན་ལྷུང་བཟེད་ཀྱི་ཁ་གཡོགས་ཀྱང་རུང་སྟེ། ཁ་བསྒྱུར་བ་གསུམ་པོ་སྔོན་པོའམ། དམར་པོའམ། ངུར་སྨྲིག་ལས་གང་ཡང་རུང་བར་ཁ་བསྒྱུར་བར་བྱའོ། །གལ་ཏེ་དགེ་སློང་གིས་གོས་སར་པ་ཁ་བསྒྱུར་བ་གསུམ་པོ་སྔོན་པོའམ། དམར་པོའམ། ངུར་སྨྲིག་ལས་གང་ཡང་རུང་བར་ཁ་མ་བསྒྱུར་བར་སྤྱོད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་


DKG007_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

ཉེན་པ་ལ་ལྟུང་བ་མེད་དོ། །ཁ་མ་བསྒྱུར་བའི་གོས་གྱོན་པའི་ལྟུང་བྱེད་དེ་ལྔ་བཅུ་རྩ་བརྒྱད་པ་རྫོགས་སོ།། །།བར་སྡོམ་ལ། བྱ་རྒོད་ཕུང་པོ་འཕོང་དང་ནི། །རོལ་མོ་ལིཙྪ་ཆེན་པོ་དང་། །སིལ་སྙན་རི་དགས་འཛིན་མ་ཡི། །སྡེ་ཚན་ཡང་དག་བསྡུས་པ་ཡིན། །སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཕུང་པོའི་རི་ལ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་སྔ་དྲོ་ཤམ་ཐབས་གསོལ། ལྷུང་བཟེད་དང་། ཆོས་གོས་བསྣམས་ཏེ། བྱ་རྒོད་ཀྱི་ཕུང་པོའི་རི་ལས་བབས་ནས་སླད་བཞིན་འབྲང་བའི་དགེ་སྦྱོང་ཚེ་དང་ལྡན་པ་ཀུན་དགའ་བོ་དང་། རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ལ་གཤེགས་པ་དང་། བཅོམ་ལྡན་འདས་ཀྱིས་བསྐལ་པ་དང་པོའི་མི་རྣམས་ཀྱིས་གཏེར་སྦས་པ་ལྷས་ཆར་ཕབ་པས་ཕྱོགས་དེར་ཆུའི་འོད་པ་བབ་ཅིང་དེ་ཡང་ལམ་ལམ་ལམ་འབར་ཞིང་འདུག་པ་གཟིགས་སོ། །གཟིགས་ནས་ཀྱང་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་སྦྲུལ་དུག་མྱུར་དུ་ཁྱབ་པར་བྱེད་པ་ཡིན་ནོ། །བཅོམ་ལྡན་འདས་སྦྲུལ་དུག་དྲག་པོ་ལགས་སོ། །ཀུན་དགའ་བོ་སྦྲུལ་དུག་མྱུར་དུ་ཁྱབ་པར་བྱ་བ་ཡིན་ནོ། །བདེ་བར་གཤེགས་པ་སྦྲུལ་དུག་དྲག་པོ་ལགས་སོ། །དེ་ན་ཧ་ཅང་ཐག་མི་རིང་བ་ན་མི་འབྲས་བུ་དང་རྩ་བ་ཐུ་བ་ཞིག་འདུག་པ་དེས་དེ་ཐོས་ནས་དེས་བསམས་པ། བདག་གིས་སྦྲུལ་དུག་མྱུར་དུ་ཁྱབ་པར་བྱེད་པ་ནི་མཐོང་ན་སྦྲུལ་དུག་དྲག་པོ་ནི་མ་མཐོང་བས། ཤཱཀྱའི་བུའི་དགེ་སྦྱོང་རྣམས་ཀྱི་སྦྲུལ་དུག་དྲག་པོ་ཅི་འདྲ། བདག་ཀྱང་ཕྱོགས་འདིར་ཉིན་མཚན་དུ་རྒྱུ་བས་བདག་སྦྲུལ་དུག་དྲག་པོས་ཟིན་པར་གྱུར་ན་མི་རུང་གིས་ཇི་ལྟར་འགྲོའོ་སྙམ་ནས་དེ་དེར་སོང་བ་དང་། ཇི་ཙམ་ན་གཏེར་ཞིག་ལམ་ལམ་ལམ་འབར་ཞིང་འདུག་པ་མཐོང་ནས་དེས་བསམས་པ། ཤཱཀྱའི་བུའི་དགེ་སྦྱོང་རྣམས་ཀྱི་སྦྲུལ་དུག་དྲག་པོ་ནི་མཛེས་པ་ཡིན་ནོ། །ཤཱཀྱའི་བུའི་དགེ་སྦྱོང་རྣམས་ཀྱི་སྦྲུལ་དུག་དྲག་པོ་ནི་ཤིན་ཏུ་བཟང་བ་ཡིན་ཏེ། འདི་ལྟར་སྦྲུལ་དུག་དྲག་པོ་འདི་ལྟ་བུས་ནི་ཕ་དང་མ་སྡུག་པ་ཡང་ཟིན་ཀྱང་སླའོ། །བུ་དང་། ཆུང་མ་དང་། བྲན་མོ་དང་། ལས་མི་དང་། ཞོ་ཤས་འཚོ་བ་དང་། མཛའ་བཤེས་དང་། བློན་པོ་དང་། ཉེ་དུ་དང་། སྣག་གི་གཉེན་མཚམས་


DKG007_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་པ་ཡང་ཟིན་ཀྱང་བླའོ་སྙམ་ནས་མི་དེས་གཏེར་དེ་ལོ་མའི་ཆུན་པོ་དག་གིས་གཡོགས་ཏེ། ཁད་ཀྱིས་ཁད་ཀྱིས་རིམ་གྱིས་རང་གི་ཁྱིམ་དུ་བསྐྱས་སོ། །གང་གི་ཚེ་ལུས་འཕགས་མའི་བུ་མ་ག་དྷཱར་བྱུང་བའི་རྒྱལ་པོ་མ་སྐྱེས་དགྲ་སྡིག་པའི་གྲོགས་པོ་ལྷ་སྦྱིན་གྱིས་ཉེ་བར་བསྐོར་བས་ཕ་ཆོས་དང་ལྡན་པ་ཆོས་ཀྱི་རྒྱལ་པོ་གཟུགས་ཅན་སྙིང་པོ་སྲོག་དང་ཕྲལ་ཏེ། རང་ཉིད་ཅོད་པན་བཅིངས་ནས་རྒྱལ་སྲིད་ཀྱི་དབང་ཕྱུག་གི་བདག་པོར་བཞག་པ་དེའི་ཚེ་ན་དེས་ཞོ་ཤས་འཚོ་བ་རྣམས་ལ་བསྒོ་བ། ཤེས་ལྡན་དག་སོང་ལ་གང་ལ་འདུ་བ་ནི་ཅི་ཡོད། འགོད་པ་ནི་ཅི་ཡོད། གང་ནི་ཅི་ཞིག་གིས་འཚོ་བར་བྱེད་པ་དག་ལྟོས་ཤིག །དེ་ནས་ཞོ་ཤས་འཚོ་བའི་མི་དེ་དག་གིས་ལྷ་བཀའ་བཞིན་འཚལ་ཞེས་ལུས་འཕགས་མའི་བུ་མ་ག་དྷཱར་བྱུང་བའི་རྒྱལ་པོ་མ་སྐྱེས་དགྲ་ལས་མཉན་ནས། རྒྱལ་པོའི་ཞོ་ཤས་འཚོ་བའི་མི་དེ་དག་གིས་ཕྱོགས་སུ་བྱུལ་བ་ན་མི་དེ་ཁྱིམ་གྱི་འབྱོར་པ་དག་བྱེད་པ་མཐོང་ནས། དེ་དག་གིས་དེ་ལ་སྨྲས་པ། ཀྱེ་ནང་རྗེ་ཁྱོད་དབུལ་པོ་རྩ་བ་དང་འབྲས་བུ་ཐུ་བ་རྩ་བ་དང་འབྲས་བུ་དག་བཙོངས་ཤིང་འཚོ་བ་དག་སྦྱོར་བར་བྱེད་པ་ཡིན་ན། ཁྱོད་ཀྱི་ཁྱིམ་གྱི་འབྱོར་པ་འདི་ག་ལས་འོངས། ཁྱོད་ཀྱིས་གཏེར་མ་རྙེད་དམ། དེས་སྨྲས་པ། བདག་གིས་གཏེར་མ་རྙེད་དེ། བདག་ཉིད་ལ་འབྱོར་པ་འདི་ལྟ་བུ་དག་ཡོད་མོད་ཀྱིས་སྔན་ཆད་ནི་རྒྱལ་པོ་ཆོས་དང་མི་ལྡན་པ་བྱུང་བ་དེའི་ཕྱིར་བདག་གིས་མ་ཕྱུང་ངོ་། །ད་ནི་རྒྱལ་པོ་ཆོས་དང་ལྡན་པ་བྱུང་བས། དེའི་ཕྱིར་བདག་གིས་ཁྱིམ་གྱི་འབྱོར་པ་བྱེད་དེ་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་ཕོ་བྲང་འཁོར་དང་ལྗོངས་ཀྱི་མི་དག་རྗེས་སུ་དགའ་བར་ཟད་ཀྱི་དེ་ཆོས་དང་ལྡན་པ་མ་ཡིན་ནོ། །རྒྱལ་པོ་མ་སྐྱེས་དགྲ་ལ་ནི་ཕོ་བྲང་འཁོར་དང་ལྗོངས་ཀྱི་མི་དག་རྗེས་སུ་མི་དགའ་ཡང་དེ་ཆོས་དང་ལྡན་པའི་རྒྱལ་པོ་ཡིན་ནོ། །དེ་དག་གིས་སྨྲས་པ། ཀྱེ་ནང་རྗེ་རྒྱལ་པོ་གཟུགས་ཅན་སྙིང་པོ་ཆོས་དང་ལྡན་པ་མ་ཡིན་ན་གང་ཆོས་དང་ལྡན་པ་དེ་ཆོས་དང་ལྡན་པ་མ་ཡིན་པར་གྱུར་ལ། ཕ་གསོད་པ་གང་ཡིན་པ་དེ་ཆོས་དང་ལྡན་པར་གྱུར་ཏམ། ཁྱོད་ཀྱིས་ཁོ་བོ་ཅག་སུ་ཡིན་ཤེས་སམ། དེས་སྨྲས་པ། ཤེས་ཏེ་རྒྱལ་པོའི་ཞོ་ཤས་འཚོ་བ་དག་ཡིན་པས་ཁྱེད་ཀྱི་མིག་གིས་རྒྱལ་པོ་མཐོང་ངོ་། །


DKG007_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་གིས་སྨྲས་པ། ཀྱེ་ནང་རྗེ་ཁོ་བོ་ཅག་བརྫུན་གྱིས་མ་བསླུ་ཤིག །ཁྱོད་ཀྱིས་གཏེར་རྙེད་ཀྱི་ཕྱེད་ནི་ཁྱེད་ཁྱེར་ལ་ཕྱེད་ནི་ཁོ་བོ་ཅག་ལ་བྱིན་ཅིག །དེས་སྨྲས་པ། ཁོ་བོས་གཏེར་མ་རྙེད་དེ། འདི་ནི་ཁོ་བོ་ཉིད་ཀྱི་ཡིན་མོད་ཀྱི་འོན་ཀྱང་སུམ་ཆ་སྦྱིན་གྱི་ཁ་རོག་པར་དེངས་ཤིག །དེ་དག་གིས་དེ་སྤྱོས་ཏེ་ལག་པ་གཉིས་ཕྱིང་ཀ་ལོག་ཏུ་བཅིངས་ནས་གཉའ་ཟུངས་རྒྱུད་མོས་རྒྱལ་པོའི་དྲུང་དུ་ཁྲིད་དེ་སྨྲས་པ། ལྷ་མི་འདིས་གཏེར་རྙེད་དོ། །རྒྱལ་པོས་སྨྲས་པ། ཀྭའི་ནང་རྗེ་ང་སུ་ཡིན་ཤེས་སམ། ལྷ་འཚལ་ཏེ་འཇིག་རྟེན་སྐྱོང་བ་བཞི་ནི་འཇིག་རྟེན་སྐྱོང་བར་བགྱིད་པ་ལགས་ཁྱོད་ནི་རྒྱལ་པོ་རྒྱལ་རིགས་སྤྱི་བོར་དབང་བསྐུར་བ་འཇིག་རྟེན་སྐྱོང་བ་ལྔ་པ་ལགས་ཏེ་སྐྱེ་དགུ་སྐྱོང་བར་མཛད་པ་ལགས་སོ། །ཀྭའི་ནང་རྗེ་ཁྱོད་ཀྱིས་གཏེར་རྙེད་ཀྱི་ང་ལ་བརྫུན་གྱིས་མ་བསླུ་བར་བདེན་པ་སྨྲོས་ལ་ཕྱེད་ནི་ཁྱོད་ཁྱེར་ཅིག །ཕྱེད་ནི་ང་ལ་བྱིན་ཅིག། ལྷ་བདག་གིས་གཏེར་མ་རྙེད་དོ། །ཀྭའི་ནང་རྗེ་ཁྱོད་ཀྱིས་གཏེར་རྙེད་ཀྱིས་སུམ་ཆ་ང་ལ་བྱིན་ཅིག །ལྷ་བདག་གིས་གཏེར་མ་རྙེད་དོ། །རྒྱལ་པོ་ཁྲོས་ཏེ་བློན་པོ་རྣམས་ལ་སྨྲས་པ། ཤེས་ལྡན་དག་གང་གི་རྒྱལ་པོ་རྒྱལ་རིགས་སྤྱི་བོར་དབང་བསྐུར་བའི་བཀའ་ལན་གསུམ་གྱི་བར་དུ་བཅག་པ་དེ་ལ་ཆད་པ་ཅི་ཡོད། དེ་དག་གིས་སྨྲས་པ། ལྷ་དགུམ་པ་ལ་ཐུག་པའི་ཆད་པ་མཆིས་སོ། །རྒྱལ་པོས་སྨྲས་པ། ཤེས་ལྡན་དག་ངས་མི་འདི་ཡོངས་སུ་བཏང་གིས། འདིའི་ཉེ་དུ་རྣམས་ཀྱང་ཕྱག་སྦལ་དུ་ཆུག་ལ། འདིའི་ནོར་ཐམས་ཅད་ཀྱང་རྒྱལ་པོའི་ཕོ་བྲང་དུ་ཕུལ་ཅིག །དེ་ནས་བློན་པོ་རྣམས་ཀྱིས་ལྷ་བཀའ་བཞིན་འཚལ་ཞེས་ལུས་འཕགས་མའི་བུ་མ་ག་དྷཱར་བྱུང་བའི་རྒྱལ་པོ་མ་སྐྱེས་དགྲ་ལས་མཉན་ནས་མི་དེའི་ཉེ་དུ་རྣམས་ཀྱང་བཙོན་རར་བཅུག །དེའི་ནོར་ཐམས་ཅད་ཀྱང་རྒྱལ་པོའི་ཕོ་བྲང་དུ་ཕུལ། མི་དེ་ཉིད་ཀྱང་མི་གོས་སྔོན་པོ་གྱོན་པ། ལག་ན་རལ་གྲི་ཐོགས་པ་དག་གིས་ཀར་བཱི་རའི་མེ་ཏོག་དམར་པོ་དག་གིས་མགྲིན་པ་བཅིངས་ཏེ་གསད་སར་ཁྲིད་པ་དང་། མི་དེ་བྱུང་རྒྱལ་དུ་སྨྲས་པ། ཀུན་དགའ་བོ་སྦྲུལ་དུག་མྱུར་དུ་ཁྱབ་པར་བྱེད་པ་ཡིན་ནོ། །བཅོམ་ལྡན་འདས་སྦྲུལ་དུག་དྲག་པོ་ལགས་སོ། །ཀུན་དགའ་བོ་སྦྲུལ་དུག་མྱུར་དུ་ཁྱབ་པར་བྱེད་པ་ཡིན་ནོ། །བདེ་བར་


DKG007_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པ་སྦྲུལ་དུག་དྲག་པོ་ལགས་སོ། །རྒྱལ་པོ་དེའི་ཆོས་ཉིད་ནི་གསད་པར་བྱ་བའི་མི་གང་གཞན་དྲིས་པ་ལ་ལན་གཞན་འདེབས་པར་བྱེད་དེ། ཇི་སྲིད་དུ་རྒྱལ་པོ་ལ་མ་ཞུས་ཀྱི་བར་དུ་རེ་ཞིག་གསོད་པར་མི་བྱེད་པས་བློན་པོ་རྣམས་ཀྱིས་རྒྱལ་པོ་ལ་སྨྲས་པ། ལྷ་མི་དེ་གཞན་དྲིས་ན་ལན་གཞན་འདེབས་པར་བགྱིད་དོ། །རྒྱལ་པོས་སྨྲས་པ། ཁྲིད་དེ་ཤོག་ཤིག །བློན་པོ་རྣམས་ཀྱིས་ཁྲིད་དེ་སོང་ནས། རྒྱལ་པོས་དྲིས་པ། ཀྭའི་ནང་རྗེ་ཁྱོད་ཅི་ཟེར། དེས་སྨྲས་པ། ཀུན་དགའ་བོ་སྦྲུལ་དུག་མྱུར་དུ་ཁྱབ་པར་བྱེད་པ་ཡིན་ནོ། །བཅོམ་ལྡན་འདས་སྦྲུལ་དུག་དྲག་པོ་ལགས་སོ། །ཀུན་དགའ་བོ་སྦྲུལ་དུག་མྱུར་དུ་ཁྱབ་པར་བྱེད་པ་ཡིན་ནོ། །བདེ་བར་གཤེགས་པ་སྦྲུལ་དུག་དྲག་པོ་ལགས་སོ། །རྒྱལ་པོས་སྨྲས་པ། ཀྭའི་ནང་རྗེ་སྨྲས་པ་དེའི་དོན་ཅི། ལྷ་ཇེ་མི་འཇིགས་པ་སྩལ་དུ་གསོལ། བྱིན་ནོ། །དེས་སྐབས་དེ་རྒྱས་པར་བརྗོད་ནས་འདི་སྐད་ཅེས་ཀྱང་སྨྲས་སོ། །གལ་ཏེ་སྦྲུལ་དུག་མྱུར་དུ་ཁྱབ་པར་བགྱིད་པས་བདག་ཟིན་པར་གྱུར་ན་བདག་གཅིག་པུ་དུས་ལ་བབ་པར་འགྱུར་བ་ཞིག་ན། སྦྲུལ་དུག་དྲག་པོས་བདག་ཟིན་པས་དེའི་སླད་དུ་བདག་དང་། ཉེ་དུ་དང་། ནོར་ཐམས་ཅད་ཀྱང་ཚུལ་མ་ལགས་པས་སྡུག་བསྔལ་བར་གྱུར་ཏོ། །དེའི་ཚེ་ན་ལུས་འཕགས་མའི་བུ་མ་ག་དྷཱར་བྱུང་བའི་རྒྱལ་པོ་མ་སྐྱེས་དགྲས་བཅོམ་ལྡན་འདས་ལ་དད་པ་ཐོབ་ནས་རིང་པོ་མ་ལོན་པས་དེས་སྨྲས་པ། ཀྭའི་ནང་རྗེ་ཁྱོད་བཅོམ་ལྡན་འདས་ལ་མངོན་པར་དད་དམ། ལྷ་མངོན་པར་དད་དོ། །དེ་ནས་ལུས་འཕགས་མའི་བུ་མ་ག་དྷཱར་བྱུང་བའི་རྒྱལ་པོ་མ་སྐྱེས་དགྲ་མཆི་མས་བརྣངས་པར་གྱུར་ནས། དེས་སྨྲས་པ། ཀྭའི་ནང་རྗེ་དེ་ཁྱོད་ཀྱིས་ཡིན་གྱི་སོང་ཤིག །དེ་ནས་རྒྱལ་པོས་ཞོ་ཤས་འཚོ་བ་རྣམས་ལ་བསྒོ་བ། མི་འདིའི་ཉེ་དུ་རྣམས་ཀྱང་ཐོང་ལ་འདིའི་ནོར་ཐམས་ཅད་ཀྱང་ཕྱིར་བྱིན་ཅིག །ཞོ་ཤས་འཚོ་བ་རྣམས་ཀྱིས་དེའི་ཉེ་དུ་རྣམས་ཀྱང་བཏང་། དེའི་ནོར་ཐམས་ཅད་ཀྱང་ཕྱིར་བྱིན་ནོ། །དེ་ནས་མི་དེ་འདི་སྙམ་དུ་སེམས་ཏེ། བདག་གི་ཁྱིམ་ན་དཔལ་དང་སྐལ་བ་བཟང་པོ་ཕུན་སུམ་ཚོགས་པ་གང་ཅུང་ཟད་ཅི་ཡོད་པ་དེ་ཐམས་ཅད་བཅོམ་ལྡན་འདས་ལ་བརྟེན་པ་ཡིན་པས་བདག་གིས་སངས་རྒྱས་


DKG007_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པ་དགེ་སློང་གི་དགེ་འདུན་ཁྱིམ་གཞན་དུ་སྤྱན་དྲངས་ཏེ་གདུགས་ཚོད་གསོལ་ལོ་སྙམ་ནས། དེ་ནས་མི་དེ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ །མཐའ་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་མི་དེ་ལ་ཆོས་དང་ལྡན་པའི་བཀའ་མཆིད་ཀྱིས་ཡང་དག་པར་སྟོན་པར་མཛད། ཡང་དག་པར་འཛིན་དུ་འཇུད་པར་མཛད། ཡང་དག་པར་གཟེངས་སྟོད་པར་མཛད། ཡང་དག་པར་རབ་ཏུ་དགའ་བར་མཛད་དོ། །རྣམ་གྲངས་དུ་མར་ཆོས་དང་ལྡན་པའི་བཀའ་མཆིད་ཀྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་ཅང་མི་གསུང་ངོ་། །དེ་ནས་མི་དེ་སྟན་ལས་ལངས་ཏེ་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་སང་བདག་གི་སྡུམ་པར་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་གདུགས་ཚོད་གསོལ་བར་ཅི་གནང་། བཅོམ་ལྡན་འདས་ཀྱིས་མི་དེ་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་མི་དེས་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་བར་རིག་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་ངོ་། །དེ་ནས་མི་དེས་དེ་ཉིད་ཀྱི་མཚན་མོ་བཅའ་བ་དང་། བཟའ་བ་གཙང་ཞིང་བསོད་པ་སྟ་གོན་བྱས་ནས་ནང་པར་སྔར་ལངས་ཏེ་གདན་བཤམས་ནས་ཆུ་ར་བཞག་སྟེ། བཅོམ་ལྡན་འདས་ལ་སྤྱན་འདྲེན་གྱིས་བཙུན་པ་གདུགས་ཚོད་གཡར་དགོངས་འཚལ་ན་བཅོམ་ལྡན་འདས་ཀྱིས་ད་དེའི་དུས་ལ་བབ་པར་དགོངས་སུ་གསོལ་ཞེས་སྤྱན་དྲངས་སོ། །དེ་ནས་བཅོམ་ལྡན་འདས་སྔ་དྲོ་ཤམ་ཐབས་གསོལ། ལྷུང་བཟེད་དང་ཆོས་གོས་བསྣམས་ཏེ་དགེ་སློང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་ཞིང་། དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བདར་ཏེ་མི་དེའི་བཀད་ས་ག་ལ་བ་དེར་གཤེགས་ཏེ་བྱོན་ནས། དགེ་སློང་གི་དགེ་འདུན་གྱི་གོང་དུ་གདན་བཤམས་པ་ཉིད་ལ་བཞུགས་སོ། །དེ་ནས་མི་དེས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་བདེ་བར་བཞུགས་


DKG007_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

པར་རིག་ནས་བཅའ་བ་དང་། བཟའ་བ་གཙང་ཞིང་བསོད་པས་རང་གི་ལག་ནས་ཚིམ་པར་བྱེད། སྟོབས་པར་བྱེད་དོ། །རྣམ་གྲངས་དུ་མར་བཅའ་བ་དང་། བཟའ་བ་གཙང་ཞིང་བསོད་པས་རང་གི་ལག་ནས་བསྟབས་ཤིང་ཚིམ་པར་བྱས་ནས་བཅོམ་ལྡན་འདས་གདུགས་ཚོད་གསོལ་ཞིང་ཕྱག་བཅབས་ཏེ་ལྷུང་བཟེད་བཞག་པར་རིག་ནས། སྟན་ཆེས་དམའ་བ་ཞིག་བླངས་ཏེ་ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ །དེ་ནས་བཅོམ་ལྡན་འདས་ཀྱིས་མི་དེའི་བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་། རང་བཞིན་ཐུགས་སུ་ཆུད་པས། འདི་ལྟར་མི་དེ་ཆུང་མ་དང་བཅས་པས་སྟན་དེ་ཉིད་ལ་འདུག་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་པ་དེ་ལྟར་ཆོས་བསྟན་པ་མཛད་དོ། །དེས་བདེན་པ་མཐོང་ནས་གསོལ་བ། བཙུན་པ་བདག་གིས་དགེ་བའི་བཤེས་གཉེན་བཅོམ་ལྡན་འདས་ལ་བརྟེན་ནས་བཅོམ་ལྡན་འདས་ཀྱིས་བདག་ལ་གང་མཛད་པ་འདི་ལྟ་བུ་འདི་བདག་ལ་ཕས་ཀྱང་མ་བགྱིས། མས་ཀྱང་མ་བགྱིས། རྒྱལ་པོས་ཀྱང་མ་བགྱིས། ལྷ་རྣམས་ཀྱིས་ཀྱང་མ་བགྱིས། སྔོན་གྱི་ཕ་མེས་དག་གིས་ཀྱང་མ་བགྱིས། བྱམས་པ་དང་། མཛའ་བཤེས་དང་། རྩ་ལག་གི་ཚོགས་ཀྱིས་ཀྱང་མ་བགྱིས་ཏེ། ཁྲག་དང་མཆི་མའི་རྒྱ་མཚོ་ནི་བསྐམས། རུས་པའི་རི་བོ་དག་ལས་ནི་བསྒྲལ། ངན་སོང་གི་སྒོ་དག་ནི་བཀུམ། མཐོ་རིས་དང་ཐར་པའི་སྒོ་དག་ནི་ཕྱེ། སེམས་ཅན་དམྱལ་བ་དང་། ཡི་དགས་དང་། དུད་འགྲོ་དག་ནས་ནི་རྐང་པ་ཕྱུང་། ལྷ་དང་མི་རྣམས་ཀྱི་ནང་དུ་ནི་བཞག །འཁོར་བ་ནི་མཐར་བགྱིས། ཐོག་མ་མ་མཆིས་པའི་དུས་ནས་བསགས་པའི་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ། རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་སྟེ་བཙུན་པ་བདག་ནི་མངོན་པར་ཞུགས་པ་ལགས། བཙུན་པ་བདག་ནི་མངོན་པར་ཞུགས་པ་ལགས་ཏེ། བཙུན་པ་བདག་བཅོམ་ལྡན་འདས་དང་། ཆོས་དང་དགེ་སློང་གི་དགེ་འདུན་ལ་སྐྱབས་སུ་མཆིས། བདག་


DKG007_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བསྙེན་དུ་གཟུང་དུ་གསོལ། དེང་སླན་ཆད་ཇི་སྲིད་འཚོའི་བར་དུ་གློ་བ་ཐག་པ་ནས་དད་པས་སྐྱབས་སུ་མཆིའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་མི་དེ་ལ་ཆོས་དང་ལྡན་པའི་བཀའ་མཆིད་ཀྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་གདན་ལས་བཞེངས་ཏེ་གཤེགས་སོ། །འདི་ནི་རེ་ཞིག་བྱུང་བ་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས་རེ་ཞིག་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་འཆའ་བར་ནི་མི་མཛད་དོ། །སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་ཀ་ལན་ད་ཀའི་གནས་ན་བཞུགས་སོ། །ཚེ་དང་ལྡན་པ་འཆར་ཀས་སྔ་དྲོ་ཤམ་ཐབས་བགོས། ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ལ་ཞུགས་པ་དང་། ཇི་ཙམ་ན་དེས་བསོད་སྙོམས་བརྒྱུས་ནས་འཕོང་གི་དཔོང་ས་མཐོང་ནས་དེ་དེར་ཞུགས་པ་དང་། འཕོང་གི་སློབ་དཔོན་ནི་མེད། ཁྱེའུ་དག་འཁོད་ནས་དེས་དྲིས་པ། ཁྱེའུ་དག་ཅི་བྱེད། དེ་དག་གིས་སྨྲས་པ། འཕགས་པ་འཕོང་སློབ་བོ། །འཆར་ཀས་སྨྲས་པ། བུ་དག་ལེགས་ཏེ་ཁྱེད་ཅག་གིས་སྒྱུ་རྩལ་མཆོག་ལས་རྒལ་ཏོ། །བུ་དག་བལྟས་གཡོན་འཕོངས་དང་། གཡས་འཕོངས་དང་། གོམ་སྟབས་དང་། འཛིན་སྟབས་དང་། ཞགས་པ་གདབ་པ་དང་། མདའ་བོ་ཆེ་འཕང་བ་དང་། གཅད་པ་དང་། དྲལ་བ་དང་། དབུག་པ་དང་། རྡོ་རྗེ་རྩེ་གཅིག་པ་དང་། མཚོན་རྩེ་གཅིག་འཕང་བ་གྱིས་ཤིག །དེ་དག་གིས་གཡོན་འཕོངས་དང་། གཡས་འཕོངས་དང་། གོམ་སྟབས་དང་། འཛིན་སྟབས་དང་། ཞགས་པ་གདབ་པ་དང་། མདའ་བོ་ཆེ་འཕང་བ་དང་། གཅད་པ་དང་། དྲལ་བ་དང་། དབུག་པ་དང་། རྡོ་རྗེ་རྩེ་གཅིག་པ་དང་། མཚོན་རྩེ་གཅིག་འཕང་བར་བརྩམས་པ་དང་། འཆར་ཀ་ལག་པ་གཉིས་འདྲིལ་བར་བྱེད། བཞིན་སྒྱུར་བར་བྱེད་ནས་དེ་དག་གིས་སྨྲས་པ། འཕགས་པ་ཅིའི་སླད་དུ་ཕྱག་གཉིས་འདྲིལ་བར་མཛད། ཞལ་སྒྱུར་བར་མཛད། འཆར་ཀས་སྨྲས་པ། ད་དུང་ཁྱེད་ཅག་གི་སློབ་དཔོན་གྱིས་ཀྱང་མི་ཤེས་ན། ཁྱེད་ཅག་གིས་ལྟ་ཤེས་པར་འགྱུར་རེ་སྐན། དེ་


DKG007_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

དག་གིས་སྨྲས་པ། འཕགས་པ་འདི་ལ་ཅུང་ཟད་མཁྱེན་པ་མངའ་འམ། འཆར་ཀས་སྨྲས་པ། ཁྱེའུ་དག་སའི་སྟེང་ན་གང་ཁོ་བོས་མི་ཤེས་པའི་ལས་ཀྱི་གནས་དང་། བཟོའི་གནས་དེ་གང་ཡིན། དེ་དག་གིས་སྨྲས་པ། འཕགས་པ་གཡར་སྔ་བྲིམ་གྱིས་གཡོན་འཕོངས་དང་། གཡས་འཕོངས་དང་། གོམ་སྟབས་དང་། འཛིན་སྟབས་དང་། ཞགས་པ་གདབ་པ་དང་། མདའ་བོ་ཆེ་འཕང་བ་དང་། གཅད་པ་དང་། དྲལ་བ་དང་། དབུག་པ་དང་། རྡོ་རྗེ་རྩེ་གཅིག་པ་དང་། མཚོན་རྩེ་གཅིག་པ་འཕང་བ་མཛད་དུ་གསོལ། འཆར་ཀས་གཡོན་འཕོངས་དང་། གཡས་འཕོངས་དང་། གོམ་སྟབས་དང་། འཛིན་སྟབས་དང་། ཞགས་པ་གདབ་པ་དང་། མདའ་བོ་ཆེ་འཕང་བ་སུས་ཀྱང་བྱེད་མི་ནུས་པ་བྱས་ཤིང་རྐེད་ཆིངས་ཀྱིས་བཅིངས་ཏེ་ཕུབ་ཟླུམ་ཐོགས་ནས་གཅད་པ་དང་། དྲལ་བ་དང་། དབུག་པ་ཡང་བྱས་པ་དང་། དེ་དག་ཡ་མཚན་སྐྱེས་ནས་སྨྲས་པ་དང་། འཕགས་པ་ལེགས་སོ་ལེགས་སོ། །འཆར་ཀས་སྨྲས་པ། ཁྱེའུ་དག་བཟོའི་གནས་དེ་ལྟར་བསླབ་པར་བྱ་བའམ། ཡང་ན་སློབ་དཔོན་གཞན་བཙལ་བར་བྱའི་འབྲས་བུ་མེད་པའི་སྦུན་པ་འཕྱར་ཞིང་འཁོད་དེ་ཅི་རུང་ཞེས་སྨྲས་ཏེ་སོང་ངོ་། །ཇི་ཙམ་ན་དེ་དག་གི་སློབ་དཔོན་འོངས་ནས་དེས་སྨྲས་པ། ཁྱེའུ་དག་འཁོད་དེ་ཅི་རུང་། གཡོན་འཕོངས་དང་། གཡས་འཕོངས་དང་། གོམ་སྟབས་དང་། འཛིན་སྟབས་དང་། ཞགས་པ་གདབ་པ་དང་། མདའ་བོ་ཆེ་འཕང་བ་དང་། གཅད་པ་དང་། དྲལ་བ་དང་། དབུག་པ་དང་། རྡོ་རྗེ་རྩེ་གཅིག་དང་། མཚོན་རྩེ་གཅིག་འཕང་བ་གྱིས་ཤིག །དེ་དག་ལག་པ་གཉིས་འདྲིལ་བར་བྱེད། བཞིན་སྒྱུར་བར་བྱེད་ཅིང་སྨྲས་པ། སློབ་དཔོན་ཡང་ད་དུང་ཅི་ཡང་མི་མཁྱེན་ན་བདག་ཅག་གིས་ལྟ་འཚལ་བར་འགྱུར་རེ་སྐན། སློབ་དཔོན་གྱིས་སྨྲས་པ། ཁྱེའུ་དག་སྔོན་མ་བྱུང་བའི་རྣམ་པར་འགྱུར་བ་འདི་ལྟ་བུ་བྱུང་ན་འགའ་ཞིག་འདིར་འོངས་པར་མ་གྱུར་ཏམ། དེ་དག་གིས་སྨྲས་པ། མཆིས་སོ། །སུ། འཕགས་པ་འཆར་ཀ་སྟེ། དེས་གཡོན་འཕོངས་དང་། གཡས་འཕོངས་དང་། གོམ་སྟབས་དང་། འཛིན་སྟབས་དང་། ཞགས་


DKG007_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

པ་གདབ་པ་དང་། མདའ་བོ་ཆེ་འཕང་བ་དང་། གཅད་པ་དང་། དྲལ་བ་དང་། དབུག་པ་དང་། རྡོ་རྗེ་རྩེ་གཅིག་དང་། མཚོན་རྩེ་གཅིག་འཕང་བ་སུས་ཀྱང་བགྱི་བར་རྔོ་མི་ཐོག་པ་དེ་ལྟ་བུ་བགྱིས་སོ། །དེས་དེ་དག་ལ་སྨྲས་པ། བྱང་ཆུབ་སེམས་དཔའ་འཕོང་གི་དཔོང་ས་གང་དུ་འཕོང་བསླབ་པ་དེའི་དྲུང་དུ་དེས་ཀྱང་བསླབས་སོ། །གལ་ཏེ་དེ་རབ་ཏུ་བྱུང་བར་མ་གྱུར་ན་འཛམ་བུའི་གླིང་མཐའ་དག་ཏུ་འཕོང་གི་སློབ་དཔོན་གྱི་མཆོག་ཏུ་འགྱུར་རོ། །འོན་ཀྱང་ཁོ་བོས་ཅི་ཤེས་པ་དེ་ཇེ་ཁོ་བོ་ལས་སློབས་ལ། ལྷག་མ་གཞན་ལས་སློབས་ཤིག །སློབ་དཔོན་དེས་བསམས་པ། དེ་ཡང་དང་ཡང་དུ་བདག་ལ་ཐོ་འཚམ་པར་འགྱུར་གྱིས་དེ་བལྟར་འགྲོའོ་སྙམ་ནས། དེ་འཆར་ཀའི་གན་དུ་སོང་སྟེ་སྨྲས་པ། འཕགས་པ་འཆར་ཀ་བདག་ཅག་གི་འཕོང་གི་དཔོང་སར་བྱོན་པར་གྱུར་ཏམ། འཆར་ཀས་སྨྲས་པ། སོན་ཏོ། །འཕགས་པས་ཁྱེའུ་དག་ཅུང་ཟད་ཚར་བཀུམ་མམ། འཆར་ཀས་སྨྲས་པ། ཚར་བཅད་དོ། །དེས་སྨྲས་པ། འཕགས་པ་དེ་ནི་བདག་གི་འཚོ་བ་ལགས་ཀྱིས་ཁྱེའུ་དག་ཚར་མ་དགུམ་ཤིག །བཀྲེན་པ་ཁྱོད་ཁོ་བོ་ཅག་གི་སྒྱུ་རྩལ་གྱིས་འཚོ་ལ། ཁོ་བོ་ཅག་ལ་བཅའ་བའི་རིན་ཅུང་ཟད་ཀྱང་མི་སྦྱིན་ནམ། དེས་སྨྲས་པ། འཕགས་པ་བདག་ནི་དབུལ་པོ་ལགས་སོ། །འཆར་ཀས་སྨྲས་པ། བཀྲེན་པ་གལ་ཏེ་མི་སྦྱིན་ན་ཡང་དང་ཡང་དུ་ཁོ་བོ་སོང་ལ་ཚར་གཅད་པར་བྱའོ། །དེས་བསམས་པ། འདི་ལ་བཅའ་བའི་རིན་མ་བྱིན་ན་ཡང་དང་ཡང་དུ་སོང་སྟེ་ཁྱེའུ་དག་ཚར་གཅོད་པར་འགྱུར་རོ་སྙམ་ནས། དེ་འཕོང་གི་ཡོ་བྱད་ཐམས་ཅད་བཙོངས་ཏེ་དེ་ལ་བཅའ་བའི་རིན་བྱིན་ནས་སེམས་ཁོང་དུ་ཆུད་ཅིང་འདུག་གོ །ཇི་ཙམ་ན་དེའི་ཆུང་པོ་གྲོགས་འོངས་ནས་དེས་དྲིས་པ། གྲོགས་པོ་ཅིའི་ཕྱིར་སེམས་ཁོང་དུ་ཆུད་ཅིང་འདུག །དེས་སྨྲས་པ། ཁོ་བོ་ཆད་པས་བཅད་དོ། །སུས། ཤཱཀྱའི་བུའི་དགེ་སྦྱོང་དག་གིས་སོ། །ཅིའི་ཕྱིར། དེས་སྐབས་དེ་རྒྱས་པར་བརྗོད་པ་དང་། དེས་ཤཱཀྱའི་བུའི་དགེ་སྦྱོང་རྣམས་ཀྱི་དགེ་སྦྱོང་གི་ཚུལ་ནི་ཚིག་གོ །བྲམ་ཟེའི་ཚུལ་ནི་ཚིག་སྟེ། འདི་ལྟར་འཕོང་གི་སློབ་དཔོན་དག་ཀྱང་ཆད་པས་གཅོད་པར་བྱེད་དོ་ཞེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་དོ། །འདི་ཡང་རེ་ཞིག་བྱུང་བ་ཡིན་ཏེ། སངས་


DKG007_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་བཅོམ་ལྡན་འདས་རེ་ཞིག་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་འཆའ་བར་ནི་མི་མཛད་དོ། །སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་ཀ་ལན་ད་ཀའི་གནས་ན་བཞུགས་སོ། །ཚེ་དང་ལྡན་པ་འཆར་ཀས་སྔ་དྲོ་ཤམ་ཐབས་བགོས། ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ། རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ལ་ཞུགས་པ་དང་། ཇི་ཙམ་ན་དེས་བསོད་སྙོམས་བརྒྱུས་ནས་རོལ་མོའི་དཔོང་ས་མཐོང་ནས་དེ་དེར་ཞུགས་པ་དང་། རོལ་མོའི་སློབ་དཔོན་ནི་མེད། ཁྱེའུ་དག་འཁོད་ནས་དེས་དྲིས་པ། ཁྱེའུ་དག་ཅི་བྱེད། དེ་དག་གིས་སྨྲས་པ། འཕགས་པ་རོལ་མོ་སློབ་བོ། །འཆར་ཀས་སྨྲས་པ། བུ་དག་ལེགས་ཏེ་ཁྱེད་ཅག་གིས་སྒྱུ་རྩལ་མཆོག་ལས་རྒལ་ཏོ། །བུ་དག་བལྟས་དྲུག་ལྡན་དང་། དྲང་སྲོང་པ་དང་། ས་འཛིན་པ་དང་། བློ་གསལ་དང་། འཁོར་ཉན་དང་། བར་མ་པ་དང་། ཀེ་ཤི་ཀ་གྱིས་ཤིག །དེ་དག་གིས་དྲུག་ལྡན་དང་། དྲང་སྲོང་པ་དང་། ས་འཛིན་པ་དང་། བློ་གསལ་དང་། འཁོར་ཉན་དང་། བར་མ་པ་དང་། ཀེ་ཤི་ཀ་བྱ་བར་བརྩམས་པ་དང་། འཆར་ཀ་ལག་པ་གཉིས་འདྲིལ་བར་བྱེད། བཞིན་བསྒྱུར་བར་བྱས་ནས། དེ་དག་གིས་སྨྲས་པ། འཕགས་པ་ཅིའི་སླད་དུ་ཕྱག་གཉིས་འདྲིལ་བར་མཛད། ཞལ་སྒྱུར་བར་མཛད། འཆར་ཀས་སྨྲས་པ། ད་དུང་ཁྱེད་ཅག་གི་སློབ་དཔོན་གྱིས་ཀྱང་མ་ཤེས་ན་ཁྱེད་ཅག་གིས་ལྟ་ཤེས་པར་འགྱུར་རེ་སྐན། དེ་དག་གིས་སྨྲས་པ། འཕགས་པ་འདི་ལ་ཅུང་ཟད་མཁྱེན་པ་མངའ་འམ། འཆར་ཀས་སྨྲས་པ། ཁྱེའུ་དག་སའི་སྟེང་ན་གང་ཁོ་བོས་མི་ཤེས་པའི་བཟོའི་གནས་དང་། ལས་ཀྱི་གནས་དེ་གང་ཡིན། དེ་དག་གིས་སྨྲས་པ། འཕགས་པ་གཡར་སྔ་བྲིམ་གྱིས་དྲུག་ལྡན་དང་། དྲང་སྲོང་པ་དང་། ས་འཛིན་པ་དང་། བློ་གསལ་དང་། འཁོར་ཉན་དང་། བར་མ་པ་དང་། ཀེ་ཤི་ཀ་མཛོད་ཅིག །འཆར་ཀས་དྲུག་ལྡན་དང་། དྲང་སྲོང་པ་དང་། ས་འཛིན་པ་དང་། བློ་གསལ་དང་། འཁོར་ཉན་དང་། བར་མ་པ་དང་། ཀེ་ཤི་ཀ་སུས་ཀྱང་བྱ་བར་མི་ནུས་པ་བྱས་པ་དང་། དེ་དག་ཡ་མཚན་སྐྱེས་ནས་སྨྲས་པ། འཕགས་པ་ལེགས་སོ་ལེགས་སོ། །འཆར་ཀས་སྨྲས་པ། ཁྱེའུ་དག་བཟོའི་གནས་དེ་ལྟར་བསླབ་པར་


DKG007_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བའམ། ཡང་ན་སློབ་དཔོན་གཞན་བཙལ་བར་བྱའི་འབྲས་བུ་མེད་པའི་སྦུན་པ་འཕྱར་ཞིང་འཁོད་དེ་ཅི་རུང་ཞེས་སྨྲས་ཏེ་སོང་ངོ་། །ཇི་ཙམ་ན་དེ་དག་གི་སློབ་དཔོན་འོངས་ནས་དེས་སྨྲས་པ། ཁྱེའུ་དག་འཁོད་དེ་ཅི་རུང་དྲུག་ལྡན་དང་། དྲང་སྲོང་པ་དང་། ས་འཛིན་པ་དང་། བློ་གསལ་དང་། འཁོར་ཉན་དང་། བར་མ་པ་དང་། ཀེ་ཤི་ཀ་གྱིས་ཤིག །དེ་དག་ལག་པ་གཉིས་འདྲིལ་བར་བྱེད། བཞིན་སྒྱུར་བར་བྱེད་ཅིང་སྨྲས་པ། སློབ་དཔོན་ཡང་ད་དུང་ཅི་ཡང་མི་མཁྱེན་ན་བདག་ཅག་གིས་ལྟ་འཚལ་བར་འགྱུར་ཏེ་སྐན། སློབ་དཔོན་གྱིས་སྨྲས་པ། ཁྱེའུ་དག་སྔོན་མ་བྱུང་བའི་རྣམ་པར་འགྱུར་བ་འདི་ལྟ་བུ་བྱུང་ན་འགའ་ཞིག་འདིར་འོངས་པར་མ་གྱུར་ཏམ། དེ་དག་གིས་སྨྲས་པ། མཆིས་སོ། །སུ། འཕགས་པ་འཆར་ཀ་སྟེ། དེས་གླུ་དང་གར་སུས་ཀྱང་བརྗོད་པར་རྔོ་མི་ཐོག་པ་དེ་ལྟ་བུ་བགྱིས་སོ། །དེས་དེ་དག་ལ་སྨྲས་པ། བྱང་ཆུབ་སེམས་དཔའ་རོལ་མོའི་དཔོང་ས་གང་དུ་རོལ་མོ་བསླབས་པ་དེའི་དྲུང་དུ་དེས་ཀྱང་བསླབས་ཏེ། གལ་ཏེ་དེ་རབ་ཏུ་བྱུང་བར་མ་གྱུར་ན་འཛམ་བུའི་གླིང་མཐའ་དག་ཏུ་རོལ་མོ་མཁན་གྱི་སློབ་དཔོན་གྱི་མཆོག་ཏུ་འགྱུར་རོ། །འོན་ཀྱང་ཁོ་བོས་ཅི་ཤེས་པ་དེ་ཇེ་ཁོ་བོ་ལས་སློབས་ལ་ལྷག་མ་གཞན་ལས་སློབས་ཤིག །སློབ་དཔོན་དེས་བསམས་པ། དེ་ཡང་དང་ཡང་དུ་བདག་ལ་ཐོ་འཚམ་པར་འགྱུར་གྱིས་དེ་ལྟར་འགྲོའོ་སྙམ་ནས་དེ་འཆར་ཀའི་གན་དུ་སོང་སྟེ་སྨྲས་པ། འཕགས་པ་འཆར་ཀ་བདག་ཅག་གི་རོལ་མོའི་དཔོང་སར་བྱོན་པར་གྱུར་ཏམ། འཆར་ཀས་སྨྲས་པ། སོན་ཏོ། །འཕགས་པས་ཁྱེའུ་དག་ཅུང་ཟད་ཚར་བཀུམ་མམ། འཆར་ཀས་སྨྲས་པ། ཚར་བཅད་དོ། །དེས་སྨྲས་པ། འཕགས་པ་དེ་ནི་བདག་གི་འཚོ་བ་ལགས་ཀྱིས་ཁྱེའུ་དག་ཚར་མ་དགུམ་ཤིག །བཀྲེན་པ་ཁྱོད་ཁོ་བོ་ཅག་གིས་སྒྱུ་རྩལ་གྱིས་འཚོ་ལ། ཁོ་བོ་ཅག་ལ་བཅའ་བའི་རིན་ཅུང་ཟད་ཀྱང་མི་སྦྱིན་ནམ། དེས་སྨྲས་པ། འཕགས་པ་བདག་ནི་དབུལ་པོ་ལགས་སོ། །འཆར་ཀས་སྨྲས་པ། བཀྲེན་པ་གལ་ཏེ་མི་སྦྱིན་ན་ཡང་དང་ཡང་དུ་ཁོ་བོ་སོང་ལ་ཚར་གཅད་པར་བྱའོ། །དེས་བསམས་པ། འདི་ལ་བཅའ་བའི་རིན་མ་བྱིན་ན་ཡང་དང་ཡང་དུ་སོང་སྟེ་ཁྱེའུ་དག་ཚར་གཅོད་པར་འགྱུར་རོ་སྙམ་ནས། དེས་རོལ་མོའི་ཡོ་བྱད་ཐམས་ཅད་བཙོངས་ཏེ་དེ་ལ་བཅའ་བའི་རིན་བྱིན་ནས་སེམས་ཁོང་དུ་ཆུད་ཅིང་འདུག་


DKG007_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

གོ། །ཇི་ཙམ་ན་དེའི་ཆུང་པོ་གྲོགས་འོངས་ནས་དེས་དྲིས་པ། གྲོགས་པོ་ཅིའི་ཕྱིར་སེམས་ཁོང་དུ་ཆུད་ཅིང་འདུག །དེས་སྨྲས་པ། ཁོ་བོ་ཆད་པས་བཅད་དོ། །སུས། ཤཱཀྱའི་བུའི་དགེ་སྦྱོང་དག་གིས་སོ། །ཅིའི་ཕྱིར། དེས་སྐབས་དེ་རྒྱས་པར་བརྗོད་པ་དང་། དེ་ཤཱཀྱའི་བུའི་དགེ་སྦྱོང་གི་ཚུལ་ནི་ཚིག་གོ །བྲམ་ཟེའི་ཚུལ་ནི་ཚིག་སྟེ། འདི་ལྟར་རོལ་མོ་མཁན་གྱི་སློབ་དཔོན་དག་ཀྱང་ཆད་པས་གཅོད་པར་བྱེད་དོ་ཞེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་དོ། །འདི་ཡང་རེ་ཞིག་བྱུང་བ་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས་རེ་ཞིག་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་འཆའ་བར་ནི་མི་མཛད་དོ། །དེ་ནས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཏུ་ཅི་དགྱེས་པར་བཞུགས་ནས་ཡངས་པ་ཅན་ག་ལ་བ་དེ་ལོགས་སུ་ལྗོངས་རྒྱུ་ཞིང་གཤེགས་ཏེ་མཐར་གྱིས་རྒྱུ་ཞིང་གཤེགས་པ་ན་ཡངས་པ་ཅན་དུ་བྱོན་ནས་ཡངས་པ་ཅན་ན་སྤྲེའུ་རྫིང་གི་འགྲམ་ཁང་པ་བརྩེགས་པའི་ཁང་བཟངས་ན་བཞུགས་སོ། །ཉེ་དགའ་སྔ་དྲོ་ཤམ་ཐབས་བགོས། ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་ཡངས་པ་ཅན་དུ་བསོད་སྙོམས་ལ་ཞུགས་པ་དང་། ལི་ཙྪ་བཱིའི་ཁྱེའུ་རབ་ཏུ་མང་པོ་དག་ཀྱང་ཡངས་པ་ཅན་ནས་བྱུང་སྟེ། ཡངས་པ་ཅན་གྱི་ཕྱི་རོལ་དུ་རྒྱན་ཐམས་ཅད་ཕྱོགས་གཅིག་ཏུ་བཞག་སྟེ་རྩེ་བར་བརྩམས་སོ། །ཉེ་དགའས་དེ་མཐོང་ནས་དེས་དེ་གནོད་སྦྱིན་གྱི་ནོར་ཡིན་ནོ་ཞེས་རྒྱན་དེ་དག་ཐམས་ཅད་ཁྱེར་ཏེ་སོང་བ་དང་། ཡངས་པ་ཅན་གྱི་ལིཙྪ་བཱིའི་ཁྱེའུ་དེ་དག་གིས་ཉེ་དགའ་ལ་ལས་ནི་ལག་པ་ནས་བཟུང་། ལ་ལས་ནི་རྐང་པ་ནས་བཟུང་། ལ་ལས་ནི་ཆོས་གོས་ནས་བཟུང་སྟེ་འཕགས་པ་ཅིའི་ཕྱིར་ཁོ་བོ་ཅག་གི་རྒྱན་འཕྲོག་པར་བྱེད་ཅེས་ཟེར་རོ། །ལིཙྪ་བཱི་ཆེན་པོས་ཡངས་པ་ཅན་གྱི་ལིཙྪ་བཱིའི་ཁྱེའུ་དག་གིས་ཉེ་དགའ་བཟུང་སྟེ་ཐོ་འཚམ་པ་མཐོང་ནས། དེས་སྨྲས་པ། ཁྱེའུ་དག་ཅིའི་ཕྱིར་འཕགས་པ་ཉེ་དགའ་ལ་ཐོ་འཚམ་པར་བྱེད། དེ་དག་གིས་སྨྲས་པ། འདིས་བདག་ཅག་གི་རྒྱན་དག་ཕྲོགས་སོ། །དེས་སྨྲས་པ། འཕགས་པ་ཉེ་དགའ་ཅིའི་སླད་དུ་ཁྱེའུ་དག་གི་རྒྱན་འཕྲོག་པར་མཛད། ཉེ་དགའས་སྨྲས་པ། ཁོ་བོ་གནོད་སྦྱིན་གྱི་ནོར་འདི་རྙེད་དོ། །དེས་སྨྲས་པ། འདི་འདྲ་བ་གནོད་སྦྱིན་གྱི་ནོར་ལགས་རེ་སྐན། གཞོན་ནུ་དག་གི་རྒྱན་ལགས་ཀྱིས་མ་འཕྲོག་པར་


DKG007_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

འོར་ཅིག །ཉེ་དགའས་དེ་བོར་ཏེ་རྡུལ་གྱིས་གོས་པའི་ཆོས་གོས་དག་གིས་གཙུག་ལག་ཁང་དུ་སོང་བ་དང་། དགེ་སློང་རྣམས་ཀྱིས་དེ་ལ་སྨྲས་པ། བཙུན་པ་ཉེ་དགའ་ཅིའི་ཕྱིར་རྡུལ་གྱི་ཚོགས་ཀྱིས་གོས། ཉེ་དགའས་སྨྲས་པ། ལིཙྪ་བཱི་ཆེན་པོ་ནད་མེད་པར་གྱུར་ཅིག །ཁོ་བོས་གནོད་སྦྱིན་གྱི་ནོར་ཐོབ་པ་དེས་འདོར་དུ་བཅུག་གོ །འདི་ཡང་རེ་ཞིག་བྱུང་བ་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས་རེ་ཞིག་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་འཆའ་བར་ནི་མི་མཛད་དོ། །སངས་རྒྱས་བཅོམ་ལྡན་འདས་ཡངས་པ་ཅན་ན་སྤྲེའུ་རྫིང་གི་འགྲམ་ཁང་པ་བརྩེགས་པའི་ཁང་བཟངས་ན་བཞུགས་སོ། །དྲུག་སྡེ་དག་སྔ་དྲོ་ཤམ་ཐབས་བགོས། ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་ཡངས་པ་ཅན་དུ་བསོད་སྙོམས་ལ་ཞུགས་སོ། །ལམ་གྱི་བར་ན་ཡངས་པ་ཅན་གྱི་ལིཙྪ་བཱི་རྣམས་ཀྱི་སྐྱེད་མོས་ཚལ་དག་ཡོད་ནས་དེ་དག་གིས་སྨྲས་པ། དགའ་བོ་ཉེ་དགའ་བཅོམ་ལྡན་འདས་ཀྱིས་ཡངས་པ་ཅན་གྱི་ལིཙྪ་བཱིདག་གི་དཔེ་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ལས་བླངས་ཀྱིས་དེ་དག་གི་སྐྱེད་མོས་ཚལ་དག་ཅི་འདྲ་བ་བལྟས་འདོང་ངོ་ཞེས་དེ་དག་དེར་ཞུགས་པ་དང་། ཇི་ཙམ་ན་དེ་ན་ཡོ་བྱད་རྣམ་པ་སྣ་ཚོགས་འདི་ལྟ་སྟེ། ཁྲུས་ཀྱི་ཚལ་དག་དང་། སོ་ཕག་དག་དང་། བསྐུ་བ་དག་དང་། ཕྲུག་སྤྱད་དག་དང་། ས་གར་དག་དང་། སྐྱུ་རུ་ར་དག་དང་། མགོ་བཀྲུ་བ་དག་དང་། པི་བང་དང་། འོད་མ་དང་། མ་ཧ་ཏི་དང་། བལ་ལ་རི་དང་། སུ་གྷོ་ཤ་ཀ་དག་བཞག་པ་དག་མཐོང་ནས་དེ་དག་གིས་སྨྲས་པ། དགའ་བོ་ཉེ་དགའ་ཇེ་དང་པོར་ཁྲུས་བྱའམ། འོན་ཏེ་གླུ་བླང་ཞིང་བྲོ་བརྡུང་བར་བྱ། དེ་དག་གིས་སྨྲས་པ། བདག་ཅག་གིས་ཡུན་རིང་པོ་ནས་གླུ་བླངས་ཤིང་བྲོ་བརྡུངས་ཀྱིས་ཇེ་གླུ་བླང་ཞིང་བྲོ་བརྡུང་བར་བྱའོ་ཞེས་དེ་དག་གིས་གླུ་བླང་ཞིང་བྲོ་བརྡུང་བར་བརྩམས་སོ། །རྒྱལ་པོ་ཟས་གཙང་གི་སྐྱེད་མོས་ཚལ་དུ་སྤྱད་པའི་རོལ་མོའི་སྒྲ་གང་ཡིན་པ་དེ་ནི་ལུས་འཕགས་མའི་བུ་མ་ག་དྷཱར་བྱུང་བའི་རྒྱལ་པོ་མ་སྐྱེས་དགྲའི་གཡུལ་ངོར་སྤྱད་པའི་རོལ་མོའི་སྒྲ་ཡིན་པས་དེ་དག་གིས་རོལ་མོའི་སྒྲ་དབྱུང་བར་བརྩམས་པ་དང་། ཡངས་པ་ཅན་གྱི་ལིཙྪ་བཱི་དག་གིས་ཐོས་སོ། །ཐོས་ནས་དེ་དག་དངངས་ཏེ་སྨྲས་པ། ཤེས་ལྡན་དག་ཕ་གསོད་


DKG007_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

པས་མ་སྦྲན་པར་དམག་དྲངས་ཏེ་འོངས་སོ་ཞེས་དེ་དག་གོ་བགོས་ཏེ་ཕྱིར་འབྱུང་བར་བརྩམས་སོ། །དྲུག་སྡེ་དག་ཀྱང་སྐྱེད་མོས་ཚལ་དེ་ནས་ཕྱིར་བྱུང་བ་དང་། དེ་དག་གིས་ཡངས་པ་ཅན་གྱི་ལིཙྪ་བཱི་དག་གོ་བགོས་ཏེ་ཕྱིར་བྱུང་བ་མཐོང་ནས་དྲུག་སྡེ་དག་གིས་དེ་དག་ལ་དྲིས་པ། ཤེས་ལྡན་དག་གར་འདོང་། དེ་དག་གིས་སྨྲས་པ། འདིར་ཕ་གསོད་པ་འོངས་པས་དེ་དང་གཡུལ་དགྱེ་བའི་ཕྱིར་སུར་འདོང་ངོ་། །དེ་ག་ལ་འདུག །དེ་དག་གིས་སྨྲས་པ། འདིར་ལུས་འཕགས་མའི་བུ་མ་ག་དྷཱར་བྱུང་བའི་རྒྱལ་པོ་མ་སྐྱེས་དགྲའི་གཡུལ་ངོར་སྤྱད་པའི་རོལ་མོའི་སྒྲ་བྱུང་ངོ་། །ཤེས་ལྡན་དག་དེ་ནི་ཁོ་བོ་ཅག་གིས་བཞད་གད་བྱས་པ་ཡིན་ན་ཁྱེད་ཅག་དེ་ལྟར་བྲེད་ངས་སམ། དེ་དག་གིས་སྨྲས་པ། འཕགས་པ་དག་ཁྱེད་ཀྱི་རོལ་མོའི་སྒྲའི་ཡོ་བྱད་དེ་དག་སྒྲ་ཕྱུང་ངམ། དྲུག་སྡེ་དག་གིས་སྨྲས་པ། ཁོ་བོ་ཅག་གིས་སྒྲ་ཕྱུང་ངོ་། །དེ་དག་གིས་སྨྲས་པ། འཕགས་པ་དག་ཡངས་པ་ཅན་གྱི་ལིཙྪ་བཱི་དག་སྔངས་པས་ཁྱེད་ལ་གནོད་པ་བྱེད་ན་མི་རུང་གིས་སླར་ལོག་ཤིག །དེ་དག་ཕྱིར་ལོག་པ་དང་། དགེ་སློང་རྣམས་ཀྱིས་དེ་དག་ལ་སྨྲས་པ། ཚེ་དང་ལྡན་པ་དག་ཁྱེད་ཅག་ཇི་སྟེ་ཕྱིར་ལོག །དྲུག་སྡེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་དག་ཁོ་བོ་ཅག་དེའུ་གསད་དོ། །སུས། ཡངས་པ་ཅན་གྱི་ལིཙྪ་བཱི་དག་གིས་སོ། །ཅིའི་ཕྱིར། དེ་དག་གིས་སྐབས་དེ་རྒྱས་པར་བརྗོད་པ་དང་། དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་མི་མཛེས་པ་དེ་ལྟ་བུ་དེ་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་དྲུག་སྡེ་དག་ལ་རྨས་པ། དགེ་སློང་དག་ཁྱེད་ཀྱིས་མི་མཛེས་པ་དེ་ལྟ་བུ་བྱས་པ་བདེན་ནམ། བཙུན་པ་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སློང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་


DKG007_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་པར་སྨད་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་རིན་པོ་ཆེའམ། རིན་པོ་ཆེར་སྨོས་པ་རང་གི་ལག་གིས་ལེན་ཏམ། ལེན་དུ་འཇུད་ན་ལྟུང་བྱེད་དོ་ཞེས་བཅོམ་ལྡན་འདས་ཀྱིས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་དེ་ལྟར་བཅའ་བར་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཡངས་པ་ཅན་དུ་ཅི་དགྱེས་པར་བཞུགས་ནས་མཉན་ཡོད་ག་ལ་དེ་ལོགས་སུ་ལྗོངས་རྒྱུ་ཞིང་གཤེགས་ནས་མཐར་གྱིས་རྒྱུ་ཞིང་གཤེགས་པ་ན་མཉན་ཡོད་དུ་བྱོན་ནས་མཉན་ཡོད་ན་ཤར་གྱི་ཀུན་དགའ་ར་བ་ན་རི་དགས་འཛིན་གྱི་མའི་ཁང་བཟངས་ན་བཞུགས་སོ། །རི་དགས་འཛིན་གྱི་མ་ས་གས་བཅོམ་ལྡན་འདས་ཀོ་ས་ལ་དག་ཏུ་ལྗོངས་རྒྱུ་ཞིང་གཤེགས་པ་ན་མཉན་ཡོད་དུ་བྱོན་ནས་མཉན་ཡོད་ན་བདག་གི་ཁང་བཟངས་ན་བཞུགས་ཞེས་ཐོས་སོ། །ཐོས་ནས་ཀྱང་རྒྱན་ཐམས་ཅད་ཀྱིས་བརྒྱན་ཏེ་མཉན་ཡོད་ནས་བྱུང་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་ངོ་། །དེ་ངོ་ཚ་དང་ལྡན་པ་ཡིན་པས་དེས་རྒྱན་བཀྲོལ་ཏེ། ཐུམ་པོར་བཅིངས་ནས་བུ་མོའི་ལག་ཏུ་བྱིན་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོང་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ །དེ་ན་ཧ་ཅང་ཐག་མི་རིང་བ་ན་སྣ་མའི་ཡལ་ག་མེ་ཏོག་རྒྱས་པ་ཞིག་འདུག་ནས་བུ་མོ་དེས་དེ་མཐོང་ནས་བསམས་པ། འདི་ལས་མེ་ཏོག་དག་བཏོགས་ཏེ་བཅོམ་ལྡན་འདས་ལ་མེ་ཏོག་སིལ་མ་དག་གིས་གཏོར་གྱིས་འཐོག་ཏུ་འགྲོའོ་སྙམ་ནས་དེས་རྒྱན་དེ་མཐའ་གཅིག་ཏུ་བཞག་སྟེ། སྣ་མའི་ཡལ་ག་དེ་ལས་མེ་ཏོག་དག་བཏོགས་ནས། བཅོམ་ལྡན་འདས་ལ་མེ་ཏོག་སིལ་མ་དག་གིས་གཏོར་ཏེ་མཐའ་གཅིག་ཏུ་འདུག་གོ །བཅོམ་ལྡན་འདས་ཀྱིས་དེ་ལ་ཡུན་རིང་དུ་ཆོས་བསྟན་ནས་དེས་


DKG007_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ་སོང་བ་དང་། རྒྱན་གྱི་ཐུམ་པོ་དེ་དེ་ཉིད་དུ་བརྗེད་དེ་ལུས་སོ། །ཚེ་དང་ལྡན་པ་ཀུན་དགའ་བོས་དེས་རྒྱན་དེ་བོར་ཏེ་སོང་བ་མཐོང་ནས་དེས་བསམས་པ། འདི་ལྟར་བཅོམ་ལྡན་འདས་ཀྱིས་མ་གནང་མོད་ཀྱིས་འདི་ཉིད་རྐྱེན་དུ་མཛད་དེ་གནང་བར་འགྱུར་བ་གང་ཡིན་པ་དེ་ལྟ་བུའི་གནས་ཡོད་པར་འགྱུར་རོ་སྙམ་ནས། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་རྒྱན་དེ་སྦེད་དུ་བཅུག་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ །མཐའ་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་རི་དགས་འཛིན་གྱི་མ་ས་གས་རྒྱན་བསྐྱུད་དེ་དེ་མཆིས་ནས་བདག་ལ་བློ་སྐྱེས་པ། འདི་ལྟར་བཅོམ་ལྡན་འདས་ཀྱིས་མ་གནང་མོད་ཀྱི་འདི་ཉིད་རྐྱེན་དུ་མཛད་དེ་གནང་བར་འགྱུར་བ་གང་ལགས་པ་དེ་ལྟ་བུའི་གནས་མཆིས་པར་འགྱུར་རོ་སྙམ་ནས་བདག་གིས་རྒྱན་དེ་སྦེད་དུ་སྩལ་ཏོ། །ཀུན་དགའ་བོ་འདི་ལྟར་ངས་གནང་བར་འགྱུར་བ་གང་ཡིན་པ་དེ་ཁྱོད་ཀྱིས་ཤེས་པ་ལེགས་སོ། །ལེགས་སོ། །ཀུན་དགའ་བོ་དེ་ལྟ་བས་ན་ཀུན་དགའི་ར་བར་གཏོགས་པ་ན་འདུག་པའམ། གནས་ཁང་དུ་གཏོགས་པ་ན་འདུག་པ་མ་གཏོགས་སོ། །བུད་མེད་ཀྱི་ཡུལ་ནི་རྒྱན་ལ་ཉེ་བར་སྤྱོད་པ་ཡིན་པས་ས་གས་ཕྱི་དེ་ཉིན་པར་རྒྱན་དེ་དྲན་ནས། དེས་བུ་མོ་དེ་ལ་སྨྲས་པ། བུ་མོ་རྒྱན་ག་རེ། བུ་མོས་སྨྲས་པ། ཇོ་མོ་དེ་ཉིད་དུ་བསྐྱུད་དོ། །དེས་སྨྲས་པ། སོང་ལ་ལོང་ཤིག །དེའི་བུ་དག་གིས་དེ་ཐོས་ནས། དེ་དག་གིས་སྨྲས་པ། ཡུམ་མཛོད་ཁང་དུ་བཞག་པར་མཁྱེན་ནམ། ཅི་ག་ལས་བླངས་ཏེ་མཆི་བར་འགྱུར། ས་གས་བུ་རྣམས་ལ་སྨྲས་པ། བུ་དག་ཁོ་མོ་ནི་ནོར་ཆུད་མི་ཟ་བ་ཡིན་ནོ། །དེ་ནས་བུ་མོ་དེ་ཚེ་དང་ལྡན་པ་ཀུན་དགའ་བོའི་གན་དུ་སོང་བ་དང་། ཚེ་དང་ལྡན་པ་ཀུན་དགའ་བོས་སྨྲས་པ། བུ་མོ་ཅི་ལ་འོངས། བུ་མོས་སྨྲས་པ། འཕགས་པ་ཇོ་མོའི་རྒྱན་བསྐྱུད་དོ། །ཚེ་དང་ལྡན་པ་ཀུན་དགའ་བོས་སྨྲས་པ། འདི་ན་འདུག་གིས་


DKG007_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེར་ཏེ་སོང་ཤིག །བུ་མོ་དེས་དེ་ཁྱེར་ཏེ་སོང་ནས་ས་ག་ལ་སྨྲས་པ། ཇོ་མོ་རྒྱན་དེ་འཚལ་ཏེ་མཆིས་པ་འདི་ལགས་སོ། །ས་གས་བུ་རྣམས་ལ་སྨྲས་པ། བུ་དག་རྒྱན་དེ་ཁྱེར་ཏེ་འོངས་པ་འདི་ཡིན་ཏེ། ཁོ་མོས་ཁོ་མོ་ནི་ནོར་ཆུད་མི་ཟ་བ་ཡིན་ནོ་ཞེས་མ་སྨྲས་སམ། བུ་དེ་དག་གིས་བུ་མོ་དེ་ལ་དྲིས་པ། བུ་མོ་འཕགས་པ་གང་གིས་སྦེད་དུ་བཅུག་པར་གྱུར། བུ་མོས་སྨྲས་པ། འཕགས་པ་ཀུན་དགའ་བོས་སོ། །དེ་དག་གིས་སྨྲས་པ། འཕགས་པ་ཀུན་དགའ་བོས་གཟིགས་པས་དེས་ན་ཐོབ་པར་ཟད་ཀྱི། གལ་ཏེ་དྲུག་སྡེ་དག་གིས་མཐོང་བར་གྱུར་དུ་ཟིན་ན། དེ་དག་གིས་བཅའ་བའི་རིན་དུ་བྱིན་གྱིས་བརླབས་པར་འགྱུར་བ་གང་ཡིན་པ་དེ་ལྟ་བུའི་གནས་ཡོད་པར་འགྱུར་རོ། །དེ་དག་གིས་ད་བདག་ཅག་གིས་མ་འདི་ནོར་ཆུད་ཟ་བ་ཡིན་ནམ་མ་ཡིན་པ་བརྟགས་ན་ཤེས་པར་འགྱུར་རོ་སྙམ་ནས། དེ་དག་གིས་མའི་སོར་གདུབ་རྒྱ་བླངས་ཏེ། ཁྲོན་པའི་ནང་དུ་བཅུག་པ་དང་། ས་གས་བུ་མོ་མངག་གཞུག་མ་ལ་སྨྲས་པ། བུ་མོ་ཆུ་ཆུས་ཤིག་དང་ཁྲུས་བྱའོ། །བུ་མོ་དེས་ཆུ་བཅུ་བར་བརྩམས་པ་དང་། དེའི་བུམ་པའི་ནང་དུ་སོར་གདུབ་རྒྱ་དེ་ཆུད་ནས། ས་ག་ཁྲུས་བྱེད་པ་ན་སོར་གདུབ་རྒྱ་དེ་པང་པར་ལྷུང་ནས། ས་གས་བུ་རྣམས་ལ་བསྟན་ཏེ་སྨྲས་པ། བུ་དག་ཁོ་མོས་ཁོ་མོ་ནི་ནོར་ཆུད་མི་ཟ་བ་ཡིན་ནོ་ཞེས་མ་སྨྲས་སམ། ཡང་དེ་དག་གིས་སོར་གདུབ་རྒྱ་དེ་ཆུ་ཀླུང་གནས་ཅན་གྱི་ནང་དུ་འཕངས་པ་དང་། དེ་ཉ་བོ་ཆེས་མིད་ནས་ཉ་བོ་ཆེ་དེ་ཉ་པ་དག་གིས་རྒྱ་མོས་བཅུས་ཏེ་ཕྱུང་ངོ་། །ས་གའི་བུ་མོ་མངག་གཞུག་མ་ཉ་ཤའི་ཕྱིར་ཚོང་དུས་སུ་སོང་ནས། དེས་ཉ་པ་ལས་ཉ་བོ་ཆེ་དེ་ཉོས་ཏེ་བཤས་པ་དང་། ཇི་ཙམ་ན་དེའི་ལྟོ་ནས་སོར་གདུབ་རྒྱ་དེ་བྱུང་བ་མཐོང་ནས། དེས་ས་ག་ལ་སྨྲས་པ། ཇོ་མོ་སོར་གདུབ་རྒྱ་དེ་འདི་ལགས་སོ། །ས་གས་བུ་རྣམས་ལ་དེ་བསྟན་ཏེ་སྨྲས་པ། བུ་དག་ཁོ་མོས་ཁོ་མོ་ནི་ནོར་ཆུད་མི་ཟ་བ་ཡིན་ནོ་ཞེས་མ་སྨྲས་སམ། བུ་དེ་དག་གིས་སྨྲས་པ། ཡུམ་ནོར་ཆུད་མི་ཟ་བ་ལགས་སམ་མ་ལགས་པ་ད་དུང་ཡང་བརྟག་པར་བགྱིའོ་ཞེས་དེ་དག་གིས་དེའི་


DKG007_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ན་ར་དག་གིས་སྲེ་མོ་ལྟ་བུའི་རྐྱལ་བུ་བཀང་སྟེ་ལམ་པོ་ཆེའི་བཞི་མདོར་བོར་བ་དང་། སྐྱེ་བོ་ཕལ་པོ་ཆེ་དེ་ནས་འགྲོ་བས་མཐོང་ནས་སྦྲུལ་དུག་མྱུར་དུ་ཁྱབ་པར་བྱེད་པ་ཡིན་ནོ་ཞེས་ཡོངས་སུ་སྤངས་ཏེ་འགྲོ་ཞིང་འགའ་ཡང་ལེན་པར་མི་བྱེད་ནས། དེ་དག་གིས་སྨྲས་པ། འདི་ན་སྲེ་མོ་ལྟ་བུའི་རྐྱལ་བུ་དེ་ན་ར་དག་གིས་གང་བ་འདུག་ན་མི་ལེན་ཏམ། དེ་དག་གིས་སྨྲས་པ། འདི་ནི་སྦྲུལ་དུག་མྱུར་དུ་ཁྱབ་པར་བྱེད་པ་ཡིན་གྱི་སྲེ་མོ་ལྟ་བུའི་རྐྱལ་བུ་དི་ན་ར་དག་གིས་གང་བ་མ་ཡིན་གྱིས་མི་ལེན་ཏོ། །དེ་ནས་བུ་དེ་དག་ལྷགས་ཏེ་མ་ལ་སྨྲས་པ། ཡུམ་ཁྱོད་ནི་ནོར་ཆུད་མི་ཟ་བ་ལགས་མད་དོ། །ཐམས་ཅད་དུ་ཡང་རི་དགས་འཛིན་གྱི་མ་ས་ག་ནི་ནོར་ཆུད་མི་ཟ་བ་ཡིན། བདེན་ནོ་ཞེས་སྒྲ་གྲགས་པར་གྱུར་ཏོ། །དགེ་སློང་གིས་ཀུན་དགའི་ར་བར་གཏོགས་པར་སྲེ་མོ་ལྟ་བུའི་རྐྱལ་བུ་དི་ན་ར་དག་གིས་གང་བ་ཞིག་ལྷུང་བ་མཐོང་ནས་ཕྱོགས་དེར་མི་ཞིག་འོངས་པ་དང་། དགེ་སློང་དེས་མི་དེ་ལ་སྨྲས་པ། ཀྱེ་ནང་རྗེ་སྲེ་མོ་ལྟ་བུའི་རྐྱལ་བུ་འདི་ཁྱོད་ཀྱི་མ་ཡིན་ནམ། འཕགས་པ་ལགས་སོ། །ཁྱེར་ཏེ་སོང་ཤིག །དེས་དེ་ཁྱེར་ཏེ་མྱུར་བ་མྱུར་བར་སོང་བ་དང་། མི་གཞན་ཞིག་མགོ་རྡུལ་གྱིས་གང་སྟེ་ངུ་ཞིང་འོངས་ནས་དེས་སྨྲས་པ། འཕགས་པ་ཁྱོད་ཀྱིས་སྲེ་མོ་ལྟ་བུའི་རྐྱལ་བུ་ཞིག་གཟིགས་སམ། དགེ་སློང་དེས་སྨྲས་པ། མི་ཞིག་གིས་ཁྱེར་ཏེ་སོང་ངོ་། །དེས་སྲེ་མོ་ལྟ་བུའི་རྐྱལ་བུ་དེ་མ་རྙེད་པ་ན་སྨྱོས་ཤིང་སེམས་འཁྲུགས་པས་དེ་དང་དེར་ཚོལ་བ་ན་ཚུལ་མ་ཡིན་པས་སྡུག་བསྔལ་བར་གྱུར་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་དུ་གྱ་ཚོམ་དུ་སྨྲ་བར་མི་བྱ་བར་དེ་ལ་སྲེ་མོ་ལྟ་བུའི་རྐྱལ་བུ་ཅི་འདྲ་བ་ཞིག །སྲང་དུ་པ་ཞིག་ཅེས་དྲི་བར་བྱའོ། །གལ་ཏེ་རྟགས་ལ་བབ་པར་སྨྲ་ན་སྦྱིན་པར་བྱའོ། །གལ་ཏེ་རྟགས་ལ་མ་བབ་པར་སྨྲ་ན་སྦྱིན་པར་མི་བྱའོ། །དེ་དག་གིས་དེར་བོར་ཏེ་དོང་བ་ན་དེ་གཞན་དག་གིས་བརྐུས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་དུ་བོར་ཏེ་འདོང་བར་མི་བྱ་བར་འགྲོ་བའི་ལམ་ལོགས་སུ་སའམ། ལོ་མའི་


DKG007_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་དག་གིས་གཡོག་པར་བྱའོ། །དེ་དག་གིས་དེ་ཡལ་བ་ཁོ་ནར་བོར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ཡལ་བར་དོར་བར་མི་བྱ་བར་ཞག་བདུན་ནམ་བརྒྱད་དུ་དེར་སོང་སྟེ་བསྡད་པར་བྱའོ། །གལ་ཏེ་བདག་པོ་འོངས་ཤིང་རྟགས་ལ་བབ་པ་སྨྲ་ན་སྦྱིན་པར་བྱའོ། །གལ་ཏེ་མ་འོངས་ན་དེའི་འོག་ཏུ་དགེ་འདུན་གྱི་མཛོད་དུ་བཅུག་སྟེ་གཞག་པར་བྱའོ། །གལ་ཏེ་བདག་པོ་ཟླ་བ་དྲུག་འདས་ནས་འོངས་ཤིང་། རྟགས་ལ་བབ་པར་སྨྲ་ན་སྦྱིན་པར་བྱའོ། །གལ་ཏེ་མ་འོངས་ན་དེའི་འོག་ཏུ་དངོས་པོ་བརྟན་པོར་བཙོངས་ཏེ་གཞག་པར་བྱའོ། །གལ་ཏེ་དེའི་ཚེ་བདག་པོ་འོངས་པར་གྱུར་ན་དེ་ལ་དེ་དངོས་པོ་འདིར་བཙོངས་ཀྱིས། རྗེས་སུ་ཡི་རང་བར་གྱིས་ཤིག་ཅེས་བརྗོད་པར་བྱའོ། །གལ་ཏེ་རྗེས་སུ་ཡི་རང་ན་དེ་ལྟ་ན་ལེགས། གལ་ཏེ་རྗེས་སུ་ཡི་རང་བར་མི་བྱེད་ན་སྦྱིན་པར་བྱའོ། །གལ་ཏེ་སྐྱེད་སློང་ན་ཁོ་བོ་ཅག་གིས་ཡོངས་སུ་བསྐྱངས་པ་གང་ཡིན་པ་དེ་ཉིད་དྲིན་ཆེ་བར་མི་སེམས་སམ། ཁྱེར་ཏེ་སོང་ཤིག་ཅེས་བརྗོད་པར་བྱའོ། །དེ་ལྟ་བས་ན་ཀུན་དགའི་ར་བར་གཏོགས་པ་ན་འདུག་པའམ། གནས་ཁང་དུ་གཏོགས་པ་ན་འདུག་པ་མ་གཏོགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བསླབ་པ་འདོད་པ་དང་། བསླབ་པ་ལ་གུས་པ་དང་། བསླབ་པ་ལ་ཡོ་བྱད་བསྙུངས་པའི་བསྔགས་པ་བརྗོད་ནས། དགེ་སློང་རྣམས་ལ་དེ་དང་མཐུན་པ་དང་། དེའི་ཤས་ཆེ་བ་དང་། དེ་དང་འཚམ་པའི་ཆོས་དང་ལྡན་པའི་བཀའ་མཆིད་མཛད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་སྔ་མ་ནི་བཅས་པ་ཡིན་ལ། འདི་ནི་གནང་བ་ཡིན་ཏེ། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་རིན་པོ་ཆེའམ། རིན་པོ་ཆེར་སྨོས་པ་རང་གི་ལག་གིས་ལེན་ཏམ། ལན་དུ་འཇུད་ན་ཀུན་དགའི་ར་བར་གཏོགས་པ་ན་འདུག་པའམ། གནས་ཁང་དུ་གཏོགས་པ་ན་འདུག་པ་མ་གཏོགས་ཏེ་ལྟུང་བྱེད་དོ། །དགེ་སློང་གིས་ཀུན་དགའི་ར་བར་གཏོགས་པའམ། གནས་ཁང་དུ་གཏོགས་པ་ན་རིན་པོ་ཆེའམ། རིན་པོ་ཆེར་སྨོས་པ་འདུག་པ་ལ་འདི་སུའི་


DKG007_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པ་དེ་ལེན་པར་འགྱུར་གྲང་སྙམ་པ་དེ་ལྟ་བུའི་སེམས་ཀྱིས་བླང་བར་བྱ་སྟེ། དེ་ལ་དེ་ནི་ཆོ་ག་ཡིན་ནོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་དྲུག་སྡེའམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །རིན་པོ་ཆེའམ་ཞེས་བྱ་བ་ལ། རིན་པོ་ཆེ་ཞེས་བྱ་བ་ནི་ནོར་བུ་དང་། མུ་ཏིག་དང་། བཻ་ཌཱུརྱ་དང་། མན་ཤེལ་དཀར་པོ་དང་། བྱི་རུ་དང་། གསེར་དང་། དངུལ་དང་། རྡོའི་སྙིང་པོ་དང་། སྤུག་དང་། དམར་པོ་དང་། གཡས་སུ་འཁྱིལ་པའོ། །རིན་པོ་ཆེར་སྨོས་པ་ཞེས་བྱ་བ་ལ། རིན་པོ་ཆེར་སྨོས་པ་ཞེས་བྱ་བ་ནི་གཡུལ་ངོར་སྤྱད་པའི་མཚོན་ཆ་ཐམས་ཅད་དང་། རོལ་མོར་སྤྱད་པའི་ཡོ་བྱད་ཐམས་ཅད་དོ། །རང་གི་ལག་གིས་ཞེས་བྱ་བ་ནི་ལག་པས་ལག་པར་རོ། །ལེན་ཏམ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སོ། །ལེན་དུ་འཇུད་ན་ཞེས་བྱ་བ་ནི་གཞན་ནོ། །ཀུན་དགའི་ར་བར་གཏོགས་པ་ན་འདུག་པ་ཞེས་བྱ་བ་ནི་ཀུན་དགའི་ར་བའི་ཕྱི་རོལ་ནའོ། །གནས་ཁང་དུ་གཏོགས་པ་ན་འདུག་པ་ཞེས་བྱ་བ་ནི་ཀུན་དགའི་ར་བའི་ནང་ནའོ། །མ་གཏོགས་ཏེ་ཞེས་བྱ་བ་ནི་ཀུན་དགའི་ར་བར་གཏོགས་པ་ན་འདུག་པའམ། གནས་ཁང་དུ་གཏོགས་པ་ན་འདུག་པ་བཞག་སྟེའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་ངན་སོང་དང་། ངན་འགྲོ་དང་། ལོག་པར་ལྟུང་བ་དག་ཏུ་སྲེག་པར་བྱེད། འཚོད་པར་བྱེད། ལྟུང་བར་བྱེད་པའོ། །གཞན་ཡང་ཇི་སྲིད་དུ་ལྟུང་བ་དེ་མ་བཤགས་ཤིང་སོ་སོར་མ་བཤགས་ན་དགེ་བའི་ཆོས་རྣམས་ལ་སྒྲིབ་པར་བྱེད་པ་སྟེ། དེས་ན་ལྟུང་བྱེད་དོ་ཞེས་གསུངས་སོ། །དགེ་སློང་གིས་ཞེས་བྱ་བ་ནི་ཆོས་འདི་པས་སོ། །ཀུན་དགའི་ར་བར་གཏོགས་པ་དང་། གནས་ཁང་དུ་གཏོགས་པ་ན་རིན་པོ་ཆེའམ། རིན་པོ་ཆེར་སྨོས་པ་འདུག་པ་ལ་འདི་སུའི་ཡིན་པ་དེ་ལེན་པར་འགྱུར་གྲང་སྙམ་པ་དེ་ལྟ་བུའི་སེམས་ཀྱིས་བླང་བར་བྱ་སྟེ། དེ་ལ་དེ་ནི་ཆོ་ག་ཡིན་ནོ་ཞེས་བྱ་བ་ལ། དེ་ལ་དེ་ནི་ཆོ་ག་ཡིན་ནོ་ཞེས་བྱ་བ་ནི་དེ་ལ་དེ་ནི་རྗེས་སུ་མཐུན་པའི་ཆོས་ཡིན་པའོ།། །།དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། བར་སྡོམ་ལ། ནོར་བུ་མགུལ་


DKG007_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན་པི་བང་དང་། །དུང་དང་གཞུ་དང་མདའ་དང་ནི། །སྐུ་གཟུགས་སྐུ་གདུང་བཅས་པ་དང་། །སྔོན་གྱི་ཚུལ་ནི་ཐ་མ་ཡིན། །དགེ་སློང་གིས་ནོར་བུ་ལེན་ན་བདར་བ་ལེན་ན་ལྟུང་བྱེད་དུ་འགྱུར་ལ། མ་བདར་བ་ལེན་ན་ཉེས་བྱས་སུ་འགྱུར་རོ། །ནོར་བུ་ཇི་ལྟ་བ་བཞིན་དུ་མུ་ཏིག་དང་། བཻ་ཌཱུརྱ་དང་། མན་ཤེལ་དཀར་པོ་དང་། བྱི་རུ་དང་། དངུལ་དང་། གསེར་དང་། རྡོའི་སྙིང་པོ་དང་། སྤུག་དང་། དམར་པོ་དང་། གཡས་སུ་འཁྱིལ་པ་དག་ཀྱང་དེ་བཞིན་ནོ། །ཐ་ན་ནོར་བུ་མཆིང་བུ་ལེན་ན་ཡང་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་མགུལ་རྒྱན་ལེན་ན་ལྟུང་བྱེད་དུ་འགྱུར་རོ། །མགུལ་རྒྱན་ཇི་ལྟ་བ་བཞིན་དུ་གདུ་བུ་རྒྱན་ཅན་དང་། དཔུང་རྒྱན་དང་། དོ་ཤལ་དང་། སེ་མོ་དོ་ཡང་དེ་བཞིན་ནོ། །ཐ་ན་སོག་མའི་ཕྲེང་བ་ལེན་ན་ཡང་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་པི་བང་ལེན་ན་རྒྱུད་དང་བཅས་པ་ལེན་ན་ལྟུང་བྱེད་དུ་འགྱུར་ལ། རྒྱུད་མེད་པ་ལེན་ན་ཉེས་བྱས་སུ་འགྱུར་རོ། །པི་བང་ཇི་ལྟ་བ་དེ་བཞིན་དུ་འོད་མ་དང་། བལ་ལ་རི་དང་། མ་ཧ་ཏི་དང་། སུ་གྷོ་ཤ་ཀ་ཡང་དེ་བཞིན་ནོ། །ཐ་ན་མཆུ་སྦྲང་ལེན་ན་ཡང་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་དུང་ལེན་ན་སྒྲ་འབྱིན་པ་ལེན་ན་ལྟུང་བྱེད་དུ་འགྱུར་ལ། སྒྲ་མི་འབྱིན་པ་ལེན་ན་ཉེས་བྱས་སུ་འགྱུར་རོ། །དུང་ཇི་ལྟ་བ་བཞིན་དུ་རྔ་བོ་ཆེ་དང་། རྔ་པ་ཊ་ཧ་དང་། རྫ་རྔ་ཡང་དེ་བཞིན་ནོ། །ཐ་ན་རྫ་རྔ་ཁ་གཅིག་པ་ལེན་ན་ཡང་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་གཞུ་ལེན་ན་རྒྱུད་དང་བཅས་པ་ལེན་ན་ལྟུང་བྱེད་དུ་འགྱུར་ལ། རྒྱུད་མེད་པ་ལེན་ན་ཉེས་བྱས་སུ་འགྱུར་རོ། །གཞུ་ཇི་ལྟ་བ་བཞིན་དུ་རལ་གྲི་དང་། རལ་གྲི་ཀྱོག་པོ་དང་། རལ་གྲི་སོ་གཉིས་དང་། མདུང་དང་། འཕང་མདུང་དང་། ལྕགས་ཀྱོ་ཡང་དེ་བཞིན་ནོ། །ཐ་ན་གཞུའུ་ལེན་ན་ཡང་ཉེས་བྱས་སུ་འགྱུར་


DKG007_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །དགེ་སློང་གིས་མདའ་ལེན་ན་མདེའུ་དང་བཅས་པ་ལེན་ན་ལྟུང་བྱེད་དུ་འགྱུར་ལ། མདེའུ་མེད་པ་ལེན་ན་ཉེས་བྱས་སུ་འགྱུར་རོ། །མདའ་ཇི་ལྟ་བ་བཞིན་དུ་ལྕགས་མདའ་དང་། མདའ་ཕྱེད་ལྕགས་ལས་བྱས་པ་ཡང་དེ་བཞིན་ནོ། །ཐ་ན་མདའ་ལྟར་བཅོས་པ་ལེན་ན་ཡང་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་སྐུ་གཟུགས་ལེན་ན་སྐུ་གདུང་དང་བཅས་པ་ལེན་ན་ལྟུང་བྱེད་དུ་འགྱུར་ལ། སྐུ་གདུང་མེད་པ་ལེན་ན་ཉེས་བྱས་སུ་འགྱུར་རོ། །སྟོན་པའི་འདུ་ཤེས་ཉེ་བར་བཞག་སྟེ་ལེན་ན་ལྟུང་བ་མེད་དོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་རི་དགས་འཛིན་གྱི་མ་ས་གས་ལས་ཅི་ཞིག་བགྱིས་ན་ལས་དེའི་རྣམ་པར་སྨིན་པས་ནོར་ཆབ་མི་འཚལ་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་རི་དགས་འཛིན་གྱི་མ་ས་ག་ཉིད་ཀྱིས་ལས་ཚོགས་རྙེད་པ། རྐྱེན་ཡོངས་སུ་བསྒྱུར་བ། འོད་པ་བཞིན་དུ་ཉེ་བར་གནས་པ། གདོན་མི་ཟ་བར་འགྱུར་བ་དག་བྱས་ཤིང་བསགས་པས། རི་དགས་འཛིན་གྱི་མ་ས་ག་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དག་གཞན་སུ་ཞིག་གིས་སོ་སོར་མྱོང་བར་འགྱུར། དགེ་སློང་དག་ལས་བྱས་ཤིང་བསགས་པ་དག་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་ལ་མི་འགྱུར། མེའི་ཁམས་ལ་མི་འགྱུར། རླུང་གི་ཁམས་ལ་མི་འགྱུར་གྱིས། འདི་ལྟར་ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་དག་ནི་ཟིན་པའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དག་ལ་རྣམ་པར་སྨིན་པར་འགྱུར་ཏེ། ལས་རྣམས་བསྐལ་པ་བརྒྱར་ཡང་ནི། །ཆུད་མི་ཟ་བའང་ཚོགས་དང་དུས། །རྙེད་ན་ལུས་ཅན་རྣམས་ལ་ནི། །འབྲས་བུ་དག་ཏུ་འགྱུར་བ་ཉིད། །དགེ་སློང་དག་སྔོན་བྱུང་བ་བསྐལ་པ་ཆེན་པོ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན། སྟོན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་། །གང་གི་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་སངས་རྒྱས་ཀྱི་མཛད་


DKG007_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

པ་མཐའ་དག་མཛད་ནས། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པ་དེའི་ཚེ་ན། རྒྱལ་པོ་ཀྲཱི་ཀཱི་ཞེས་བྱ་བ་རྒྱལ་སྲིད་འབྱོར་པ། རྒྱས་པ། བདེ་བ། ལོ་ལེགས་པ། སྐྱེ་བོ་དང་མི་མང་པོས་གང་བ། ཐབ་མོ་དང་། འཐབ་པ་དང་། འཁྲུགས་ལོང་དང་། ནང་འཁྲུགས་རབ་ཏུ་ཞི་བ། ཆོམ་རྐུན་དང་། མུ་གེ་དང་། ནད་དང་བྲལ་བ། སཱ་ལུ་དང་། བུ་རམ་ཤིང་གི་ཕྲེང་བ་དང་། བ་ལང་དང་། མ་ཧེ་ཕུན་སུམ་ཚོགས་པ་བྱེད་དུ་འཇུད་པ། ཆོས་དང་ལྡན་པ། ཆོས་ཀྱི་རྒྱལ་པོ་ཆོས་ཀྱི་རྒྱལ་སྲིད་བྱེད་དུ་འཇུག་པས་རིན་པོ་ཆེ་སྣ་བཞི་ལས་བྱས་པའི་མཆོད་རྟེན་རྒྱར་དཔག་ཚད་གཅིག་པ། འཕང་དུ་དཔག་ཚད་ཕྱེད་པ་བྱེད་དུ་བཅུག་གོ །དེ་ན་བུད་མེད་རྒན་མོ་སྐྱབས་སུ་འགྲོ་བ་དང་། བསླབ་པའི་གཞི་བླངས་པ་གཅིག་ཅིག །བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་མཆོད་རྟེན་ལ་བསྙེན་བཀུར་བྱེད་ཅིང་འདུག་གོ །དེ་ནས་རྒྱལ་པོ་ཀྲཱི་ཀཱི་དཔྱིད་ཀྱི་དུས་ཀྱི་ཚེ་ཤིང་ལྗོན་པ་མེ་ཏོག་ཁ་བྱེ་ཞིང་འབྲས་བུ་རྒྱས་པ། ངང་པ་དང་། ཁྲུང་ཁྲུང་དང་། རྨ་བྱ་དང་། ནེ་ཙོ་དང་། རི་སྐེགས་དང་། ཁུ་བྱུག་དང་། ཤང་ཤང་ཏེའུ་སྒྲ་འབྱིན་པའི་ཚལ་གསེབ་དག་ཏུ། བཙུན་མོའི་འཁོར་དང་ལྷན་ཅིག་སྐྱེད་མོས་ཚལ་གྱི་སར་བྱུང་ནས། རྒྱལ་པོ་དེ་མྱུར་བ་མྱུར་བར་ཡང་བཱ་རཱ་ཎ་སཱིར་ཞུགས་སོ། །བཙུན་མོའི་འཁོར་གྱིས་སྣ་མའི་ཡལ་ག་དག་ལ་མུ་ཏིག་གི་ཆུན་པོ་དཔྱངས་ཏེ་ཁྲུས་བྱ་བར་བརྩམས་པ་དང་། དེས་རྒྱལ་པོ་མྱུར་བ་མྱུར་བར་བཱ་རཱ་ཎ་སཱིར་ཞུགས་པ་ཐོས་ནས། དེ་ཡང་བརྟད་པ་དང་བཅས་པས་མུ་ཏིག་གི་ཆུན་པོ་བརྗེད་དེ་བོར་ནས་བཱ་རཱ་ཎ་སཱིར་ཞུགས་སོ། །བུད་མེད་རྒན་མོ་དེས་མུ་ཏིག་གི་ཆུན་པོ་དེ་མཐོང་ནས། དེས་མུ་ཏིག་གི་ཆུན་པོ་དེ་སྨྱུག་མ་ལ་བཏགས་ཏེ་བཞག་གོ། །བུད་མེད་ཀྱི་ཡུལ་ནི་རྒྱན་ལ་ཉེ་བར་སྤྱོད་པ་ཡིན་པས། དེས་ཕྱི་དེ་ཉིན་པར་རྒྱན་དེ་དྲན་ནས། དེས་རྒྱལ་པོ་ལ་གསོལ་པ་དང་། རྒྱལ་པོས་ཞོ་ཤས་འཚོ་བ་དག་དེར་བཏང་ནས། དེ་དག་གིས་མུ་ཏིག་གི་ཆུན་པོ་སྨྱུག་མ་ལ་བཏགས་པ་དེ་མཐོང་བ་དང་། དེ་


DKG007_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

དག་གིས་བུད་མེད་རྒན་མོ་དེ་ལ་དྲིས་པ། མུ་ཏིག་གི་ཆུན་པོ་འདི་སུས་སྨྱུག་མ་ལ་བཏགས་ཏེ་བཞག །རྒན་མོས་སྨྲས་པ། ཁོ་མོས་སོ། །དེ་དག་གིས་མུ་ཏིག་གི་ཆུན་པོ་དེ་རྒྱལ་པོ་ལ་ཕུལ་བ་དང་། རྒྱལ་པོས་ཞོ་ཤས་འཚོ་བ་དག་ལ་སྨྲས་པ། ཁྱོད་ཅག་གིས་དེ་ག་ལས་རྙེད། དེ་དག་གིས་སྨྲས་པ། བུད་མེད་རྒན་མོ་ཞིག་གིས་སྨྱུག་མ་ལ་བཏགས་ཏེ་བཞག་པ་དེ་ནས་བདག་གིས་རྙེད་དོ། །རྒྱལ་པོས་སྨྲས་པ། བུད་མེད་རྒན་མོ་དེ་བོས་ཤིག །དེ་དག་གིས་དེ་བོས་ཏེ་སྨྲས་པ། ལྷ་བུད་མེད་རྒན་མོ་དེ་འདི་ལགས་སོ། །རྒྱལ་པོས་སྨྲས་པ། ཁྱོད་ཀྱིས་མུ་ཏིག་གི་ཆུན་པོ་འདི་སྨྱུག་མ་ལ་བཏགས་ཏེ་བཞག་པ་བདེན་ནམ། རྒན་མོས་སྨྲས་པ། ལྷ་མད་དོ། །རྒྱལ་པོས་སྨྲས་པ། ཁྱོད་དེ་ལ་འདོད་པ་མ་སྐྱེས་སམ། རྒན་མོས་སྨྲས་པ། ལྷ་བདག་གིས་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་སྤྱན་སྔ་ནས་སྐྱབས་སུ་མཆི་བ་དང་། བསླབ་པའི་གཞི་དག་བླངས་པས་བདག་གཞན་གྱི་རྫས་ལ་འདོད་པའི་ཆོས་སྐྱེད་པར་ག་ལ་འགྱུར། རྒྱལ་པོ་དགའ་ནས་དེས་དེ་ལ་མུ་ཏིག་གི་ཆུན་པོ་དེ་ཉིད་བྱ་དགར་བྱིན་ཏེ། ཁྱོད་ཀྱིར་གྱུར་གྱི་སོང་ཤིག་ཅེས་སྨྲས་སོ། །རྒན་མོ་དེས་མུ་ཏིག་གི་ཆུན་པོ་དེ་ཁྱེར་ཏེ་བཙོངས་ནས། བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་མཆོད་རྟེན་ལ་མཆོད་པ་དང་། བསྙེན་བཀུར་བྱས་ཏེ་ཞབས་གཉིས་ལ་གཏུགས་ནས་སྨོན་ལམ་འདི་སྐད་ཅེས། བདག་དགེ་བའི་རྩ་བ་འདིས་ནོར་ཆུད་མི་ཟ་བར་གྱུར་ཅིག་ཅེས་བཏབ་བོ། །དགེ་སློང་དག་དེའི་ཚེ་དེའི་དུས་ན་བུད་མེད་རྒན་མོ་གང་ཡིན་པ་དེ་ནི་རི་དགས་འཛིན་གྱི་མ་ས་ག་འདི་ཉིད་ཡིན་ཏེ། འདིས་དེའི་ཚེ་སྨོན་ལམ་དེ་ལྟར་བཏབ་པའི་ལས་དེའི་རྣམ་པར་སྨིན་པས་ནོར་ཆུད་མི་ཟ་བར་གྱུར་ཏོ། །དགེ་སློང་དག་དེ་ལྟར་ན་ལས་གཅིག་ཏུ་གནག་པ་རྣམས་ཀྱི་རྣམ་པར་སྨིན་པ་ཡང་གཅིག་ཏུ་གནག་པ་ཡིན། ལས་གཅིག་ཏུ་དཀར་བ་རྣམས་ཀྱི་རྣམ་པར་སྨིན་པ་ཡང་གཅིག་ཏུ་དཀར་བ་ཡིན། ལས་འདྲེན་མ་རྣམས་ཀྱི་རྣམ་པར་སྨིན་པ་ཡང་འདྲེན་མ་ཡིན་ནོ། །དགེ་སློང་


DKG007_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

དག་དེ་ལྟ་བས་ན་ལས་གཅིག་ཏུ་གནག་པ་དང་། འདྲེན་མ་རྣམས་སྤངས་ཏེ་ལས་གཅིག་ཏུ་དཀར་བ་རྣམས་ལ་བཙལ་བར་བྱ་སྟེ། དགེ་སློང་དག་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །ལོངས་པའི་གཞིར་གཏོགས་པའི་ལྟུང་བྱེད་དེ་ལྔ་བཅུ་རྩ་དགུ་པ་རྫོགས་སྷོ།། །།འདུལ་བ་རྣམ་པར་འབྱེད་པ། བམ་པོ་དྲུག་བཅུ་པ། སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ། ཀ་ལན་ད་ཀའི་གནས་ན་བཞུགས་སོ། །རྒྱལ་པོའི་ཁབ་ན་ཆུ་དྲོན་གསུམ་ཡོད་པ་གཅིག་ཏུ་ནི་མ་ག་དྷཱར་བྱུང་བའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་ཁྲུས་བྱེད། གཉིས་པར་ནི་བཙུན་མོའི་འཁོར་ཁྲུས་བྱེད། གསུམ་པར་ནི་གྲོང་རྡལ་གྱི་མི་དང་ཡུལ་གྱི་མི་དག་ཁྲུས་བྱེད་དོ། །མ་ག་དྷཱར་བྱུང་བའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོས་བསམས་པ། བདག་གིས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་རྣམ་པ་དུ་མའི་སྒོ་ནས་ཡོ་བྱད་ཐམས་ཅད་ཀྱིས་བསྟབས་ན་ཁྲུས་ཀྱིས་མ་བསྟབས་ཀྱིས། བདག་གིས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་ཁྲུས་ཀྱིས་བསྟབས་པར་བྱའོ་སྙམ་དུ་རིག་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ །མཐའ་གཅིག་ཏུ་འདུག་ནས། བཅོམ་ལྡན་འདས་ལ་མ་ག་དྷཱར་བྱུང་བའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་རྒྱལ་པོའི་ཁབ་འདི་ན་ཆབ་དྲོན་གསུམ་མཆིས་པ་གཅིག་ཏུ་ནི་བདག་ཁྲུས་བགྱིད། གཉིས་པར་ནི་མཆིས་འབྲང་གི་འཁོར་ཁྲུས་བགྱིད། གསུམ་པར་ནི་གྲོང་རྡལ་གྱི་མི་དང་ཡུལ་མི་དག་ཁྲུས་བགྱིད་ན། བཙུན་པ་གང་དུ་བདག་ཁྲུས་བགྱིད་པ་དེར་འཕགས་པ་དག་ཀྱང་ཁྲུས་མཛད་ཅིང་། གང་གི་ཚེ་འཕགས་པ་དག་ཁྲུས་མཛད་པ་དེའི་ཚེ་ན་བདག་སྡོད་པར་བགྱིད་ལ། གང་གི་ཚེ་བདག་ཁྲུས་བགྱིད་པ་དེའི་ཚེ་ཡང་འཕགས་པ་བདག་གིས་གཞེས་པར་མཛད་དུ་གསོལ། གང་དུ་མཆིས་འབྲང་གི་འཁོར་ཁྲུས་བགྱིད་པ་དེར་ཡང་འཕགས་མ་


DKG007_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

དག་ཁྲུས་མཛད་ཅིང་། གང་གི་ཚེ་འཕགས་མ་དག་ཁྲུས་མཛད་པ་དེའི་ཚེ་ཡང་མཆིས་འབྲང་གི་འཁོར་སྡོད་པར་བགྱིད་ལ། གང་གི་ཚེ་མཆིས་འབྲང་གི་འཁོར་ཁྲུས་བགྱིད་པ་དེའི་ཚེ་ཡང་འཕགས་མ་དག་གིས་གཞེས་པར་མཛད་དུ་གསོལ། བཅོམ་ལྡན་འདས་ཀྱིས་མ་ག་དྷཱར་བྱུང་བའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་མ་ག་དྷཱར་བྱུང་བའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་བར་རིག་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་ངོ་། །དྲུག་སྡེ་དག་ལ་བློ་སྐྱེས་པ། དགའ་བོ་ཉེ་དགའ་མ་ག་དྷཱར་བྱུང་བའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་དད་པ་དང་ལྡན་པ་ནི་ཡིན་ན་དད་པ་ཇི་ལྟ་བུ་དང་ལྡན་པ་བལྟས་ཁྲུས་བྱེད་དུ་འདོང་ངོ་ཞེས་དེ་དག་དེར་ཁྲུས་བྱེད་དུ་དོང་ནས། དེ་དག་གིས་སྨྲས་པ། དགའ་བོ་ཉེ་དགའ་གལ་ཏེ་བདག་ཅག་ཐམས་ཅད་ཅིག་ཅར་ཁྲུས་བྱས་ན་མྱུར་དུ་ཟིན་པར་འགྱུར་གྱིས། གཉིས་ཀྱིས་ཁྲུས་བྱ་ཞིང་བཞིས་གྲོགས་བྱའོ། །དེའི་འོག་ཏུ་གཉིས་ཀྱིས་ཁྲུས་བྱ་ཞིང་བཞིས་གྲོགས་བྱའོ། །དེའི་འོག་ཏུ་ཡང་གཉིས་ཀྱིས་ཁྲུས་བྱ་ཞིང་བཞིས་གྲོགས་བྱའོ། །དེ་ལྟར་བྱའོ་ཞེས་དེ་དག་ལས་གཉིས་ཀྱིས་ཁྲུས་བྱ་བར་བརྩམས་ཏེ་བཞི་གྲོགས་བྱེད་ཅིང་འདུག་གོ །དེའི་ཚེ་མ་ག་དྷཱར་བྱུང་བའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་ཡང་དེར་ཁྲུས་བྱེད་དུ་འཕགས་ནས་དེས་མི་གསང་ལ་གཏོགས་པ་ལ་སྨྲས་པ། ཀྭའེ་ནང་རྗེ་སོང་ལ་ད་ལྟར་སུས་ཁྲུས་བྱེད་ལྟོས་ཤིག །མི་དེས་ལྷ་བཀའ་བཞིན་འཚལ་ཞེས་མ་ག་དྷཱར་བྱུང་བའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་ལས་མཉན་ནས་དེར་སོང་སྟེ་བལྟས་ན། ཇི་ཙམ་ན་དྲུག་སྡེ་དག་ཁྲུས་བྱས་པ་མཐོང་ནས་དེ་རྒྱལ་པོའི་གན་དུ་སོང་སྟེ་སྨྲས་པ། ལྷ་འཕགས་པ་དྲུག་སྡེ་དག་ཁྲུས་བགྱིད་དོ། །རྒྱལ་པོས་སྨྲས་པ། ཁྲིའུ་ཚུགས་ཤིག་དང་བསྡད་པར་བྱའོ། །དེས་ཁྲིའུ་བཙུགས་ནས་རྒྱལ་པོ་བསྡད་པ་དང་། ཇི་ཙམ་ན་ཡུན་རིང་ཞིག་ལོན་ནས་རྒྱལ་པོས་ཡང་མི་གསང་ལ་


DKG007_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

གཏོགས་པ་ལ་སྨྲས་པ། ཀྭའེ་ནང་རྗེ་སོང་ལ་ད་ལྟར་སུ་ཁྲུས་བྱེད་ལྟོས་ཤིག །མི་དེས་ལྷ་བཀའ་བཞིན་འཚལ་ཞེས་མ་ག་དྷཱར་བྱུང་བའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་ལས་མཉན་ནས་དེར་སོང་སྟེ་བལྟས་ན། ཇི་ཙམ་ན་ཡང་དྲུག་སྡེ་དག་ཁྲུས་བྱེད་པ་མཐོང་ནས་དེ་རྒྱལ་པོའི་གན་དུ་སོང་སྟེ་སྨྲས་པ། ལྷ་འཕགས་པ་དྲུག་སྡེ་དེ་དག་ཉིད་ཁྲུས་བགྱིད་དོ། །རྒྱལ་པོ་ཡང་ཁྲིའུ་བཙུགས་པ་དེ་ཉིད་ལ་བསྡད་པ་དང་། ཇི་ཙམ་ན་ཡུན་རིང་ཞིག་ལོན་ནས་ཡང་རྒྱལ་པོས་མི་གསང་ལ་གཏོགས་པ་ལ་སྨྲས་པ། ཀྭའེ་ནང་རྗེ་སོང་ལ་ད་ལྟར་སུ་ཁྲུས་བྱེད་ལྟོས་ཤིག །མི་དེས་ལྷ་བཀའ་བཞིན་འཚལ་ཞེས་མ་ག་དྷཱར་བྱུང་བའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་ལས་མཉན་ནས་དེར་སོང་སྟེ་བལྟས་ན། ཇི་ཙམ་ན་ད་དུང་ཡང་དྲུག་སྡེ་དག་ཁྲུས་བྱེད་པ་མཐོང་ནས་དེའི་རྒྱལ་པོའི་གན་དུ་སོང་སྟེ་སྨྲས་པ། ལྷ་ད་དུང་ཡང་འཕགས་པ་དྲུག་སྡེ་དེ་དག་ཉིད་ཁྲུས་བགྱིད་དོ། །རྒྱལ་པོས་སྨྲས་པ། ཤེས་ལྡན་དག་འོ་ན་ནི་དེ་དག་ཡུན་རིང་པོར་ང་ལ་ཐོ་འཚམ་པར་བྱེད་ཀྱིས་ཆུ་འོན་ཅིག་དང་དབང་བསྐུར་བའི་ཁྲུས་ཀྱིས་ཁྲུས་བྱའོ། །དེ་དག་གིས་ཆུ་བླངས་ནས་རྒྱལ་པོས་དེ་ཉིད་དུ་དབང་བསྐུར་བའི་ཁྲུས་ཀྱིས་ཁྲུས་བྱས་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། ཆོས་མཉན་པ་མ་མཉན་པ་ཁོ་ནར་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཅིའི་ཕྱིར་རྒྱལ་པོ་གཟུགས་ཅན་སྙིང་པོ་ཆོས་མཉན་པ་མ་མཉན་པར་སོང་། བཙུན་པ་རྒྱལ་པོ་གཟུགས་ཅན་སྙིང་པོ་འདི་དྲུག་སྡེ་དག་གིས་ཐོ་བཙམས་སོ། །ཅིའི་ཕྱིར། དེས་སྐབས་དེ་རྒྱས་པར་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ། ཉེས་དམིགས་གང་ཅི་བྱུང་བ་དེ་ནི་དགེ་སློང་དག་ཁྲུས་བྱེད་པ་ལས་གྱུར་པས། དེའི་ཕྱིར་དགེ་སློང་རྣམས་ཀྱིས་ཁྲུས་མི་བྱའོ་སྙམ་དུ་དགོངས་ནས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་རྣམས་ཀྱིས་ཁྲུས་མི་བྱའོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ཀྱིས་ཁྲུས་མི་བྱའོ་ཞེས་བཀའ་


DKG007_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

སྩལ་ནས། དགེ་སློང་དག་ཕྱིན་ཆད་ཁྲུས་མི་བྱེད་པས་དེ་དག་དྲི་མའི་རྫབ་ཀྱིས་གོས་པའི་ལུས་དྲི་ང་བར་གྱུར་ནས་བྲམ་ཟེ་དང་ཁྱིམ་བདག་གིས་སྨྲས་པ། འཕགས་པ་དག་དྲི་ང་བ་འདི་སུ་ལགས། དགེ་སློང་རྣམས་ཀྱིས་སྨྲས་པ། ཁོ་བོ་ཅག་གོ །འཕགས་པ་དག་ཅིའི་སླད་དུ་ཁྲུས་མི་མཛད། བཅོམ་ལྡན་འདས་ཀྱིས་མ་གནང་ངོ་། །ཅི་ཁྱེད་ཅག་དྲི་མའི་རྫབ་འཆང་བས་དག་པར་འགྱུར་རམ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་ཟླ་བ་ཕྱེད་ཕྱེད་ཅིང་ཁྲུས་བྱ་བར་གནང་ངོ་། །བཅོམ་ལྡན་འདས་ཀྱིས་ཟླ་བ་ཕྱེད་ཕྱེད་ཅིང་ཁྲུས་བྱའོ་ཞེས་བཀའ་སྩལ་ནས་སོ་གའི་དུས་ལ་བབ་པ་དང་། དགེ་སློང་དག་ཚ་བས་སྙོམ་ནས་དེ་དག་སྐྱ་བོ་བསེང་བསེང་པོར་གྱུར་ཅིང་རིད་པ་དང་། ཉམ་ཆུང་བ་དང་། རྐེ་བ་དང་། ལུས་མ་ཐོབ་པར་གྱུར་ནས་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་སྨྲས་པ། འཕགས་པ་དག་ཅིའི་སླད་དུ་ཁྱེད་སྐྱ་བོ་བསེང་བསེང་པོར་གྱུར་ཅིང་རིད་པ་དང་། ཉམ་ཆུང་བ་དང་། རྐེ་བ་དང་། ལུས་མ་ཐོབ་པར་གྱུར། དགེ་སློང་རྣམས་ཀྱིས་སྨྲས་པ། ཚ་བས་སྙོམ་མོ། །ཅིའི་སླད་དུ་ཁྲུས་མི་མཛད། བཅོམ་ལྡན་འདས་ཀྱིས་མ་གནང་ངོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་ཚ་བའི་དུས་མ་གཏོགས་སོ། །དགེ་སློང་དག་ན་བར་གྱུར་ནས་དེ་དག་སྨན་པའི་གན་དུ་དོང་སྟེ་དྲིས་པ། བཞིན་བཟངས་ཁོ་བོ་ཅག་ན་ན་ཁོ་བོ་ཅག་ལ་སྨན་སྟོན་ཅིག །དེས་སྨྲས་པ། འཕགས་པ་དག་གདུགས་རེ་རེ་ཞིང་ཁྲུས་སྟེན་ཅིག་དང་དེས་སོས་པར་འགྱུར་རོ། །བཞིན་བཟངས་བཅོམ་ལྡན་འདས་ཀྱིས་མ་གནང་ངོ་། །འཕགས་པ་དག་ཁྱེད་ཀྱི་སྟོན་པ་ཐུགས་རྗེ་དང་ལྡན་པས་དེ་ཉིད་རྐྱེན་དུ་མཛད་ནས་གནང་བར་འགྱུར་བ་གང་ལགས་པ་དེ་ལྟ་བུའི་གནས་མཆིས་པར་འགྱུར་རོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་ན་བའི་དུས་མ་གཏོགས་སོ། །


DKG007_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་སློང་དག་གིས་དགེ་འདུན་དང་མཆོད་རྟེན་གྱི་ལས་དག་བྱས་ནས་དེ་དག་འཇིམ་རྫབ་ཀྱིས་གོས་ཤིང་འབགས་བཞིན་དུ་འཁོད་ནས་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་འོངས་ཏེ་དྲིས་པ། འཕགས་པ་དག་ཅིའི་སླད་དུ་ཁྱེད་ཅག་འཇིམ་རྫབ་ཀྱིས་གོས་ཤིང་འབགས་བཞིན་དུ་འཁོད། ཁྲུས་མཛད་ན་ཅི་ནོངས། བཅོམ་ལྡན་འདས་ཀྱིས་མ་གནང་ངོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་ལས་ཀྱི་དུས་མ་གཏོགས་སོ། །དགེ་སློང་དག་ལམ་དུ་སོང་ཞིང་འོངས་པར་གྱུར་པ་ན་དེ་དག་ལུས་ངལ་བས་གློས་ཕབ་སྟེ་ཉལ་བ་ན་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་འོངས་ཏེ་དྲིས་པ། འཕགས་པ་དག་བསྟན་པ་ལ་གཅིག་ཏུ་བརྩལ་བར་བགྱི་བ་ལགས་ན་ཅིའི་སླད་དུ་གློས་ཕབ་སྟེ་གཟིམས་ཤིང་དགེ་བའི་ཕྱོགས་ལ་ཏྲོན་མི་མཛད། དགེ་སློང་རྣམས་ཀྱིས་སྨྲས་པ། ཁོ་བོ་ཅག་ལམ་དུ་སོང་ཞིང་འོངས་པས་ཚ་བས་སྙོམ་ནས་གློས་ཕབ་སྟེ་ཉལ་ཞིང་དགེ་བའི་ཕྱོགས་ལ་ཏྲོན་བྱེད་མི་ནུས་པར་གྱུར་ཏོ། །ཁྲུས་མཛད་ན་ཅི་ནོངས། བཅོམ་ལྡན་འདས་ཀྱིས་མ་གནང་ངོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་ལམ་གྱི་དུས་མ་གཏོགས་སོ། །རླུང་བྱུང་ནས་དགེ་སློང་དག་རྡུལ་གྱིས་རྡུལ་ཅན་དུ་གྱུར་ནས་དེ་དག་དེ་ཁོ་ན་བཞིན་དུ་འཁོད་པ་ན་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་འོངས་ཏེ་དེ་དག་གིས་མཐོང་ནས་དྲིས་པ། འཕགས་པ་དག་ཅིའི་སླད་དུ་རྡུལ་གྱིས་གོས་ཤིང་བཞུགས། ཁྲུས་མཛད་ན་ཅི་ནོངས། བཅོམ་ལྡན་འདས་ཀྱིས་མ་གནང་ངོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་རླུང་གི་དུས་མ་གཏོགས་སོ། །ཆར་བབ་ནས་དགེ་སློང་དག་མངོན་པར་ལྡར་ནས་དེ་དག་དེ་ཁོ་ན་བཞིན་དུ་འཁོད་པ་དང་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གཙུག་ལག་ཁང་དུ་འོངས་ཏེ་དྲིས་པ། འཕགས་པ་དག་ཅིའི་སླད་དུ་ཆར་གྱིས་མངོན་པར་ལྡར་ཅིང་བཞུགས། ཁྲུས་མཛད་


DKG007_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཅི་ནོངས། བཅོམ་ལྡན་འདས་ཀྱིས་མ་གནང་ངོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་ཆར་གྱི་དུས་མ་གཏོགས་སོ། །རྫི་ཆར་བྱུང་ནས་དགེ་སློང་དག་ལུས་ཁྲ་བོར་གྱུར་ནས་དེ་དག་དེ་ཁོ་ན་བཞིན་དུ་འཁོད་པ་དང་། བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གཙུག་ལག་ཁང་དུ་འོངས་ཏེ་དྲིས་པ། འཕགས་པ་དག་ཅིའི་སླད་དུ་ལུས་ཁྲ་བོར་གྱུར་ཅིང་བཞུགས། ཁྲུས་མཛད་ན་ཅི་ནོངས། བཅོམ་ལྡན་འདས་ཀྱིས་མ་གནང་ངོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་རྫི་ཆར་གྱི་དུས་མ་གཏོགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བསླབ་པ་འདོད་པ་དང་། བསླབ་པ་ལ་གུས་པ་དང་། བསླབ་པ་ལ་ཡོ་བྱད་བསྙུངསཔའི་བསྔགས་པ་བརྗོད་ནས་དགེ་སློང་རྣམས་ལ་དེ་དང་མཐུན་པ་དང་། དེའི་ཤས་ཆེ་བ་དང་། དེ་དང་འཚམ་པའི་ཆོས་དང་ལྡན་པའི་བཀའ་མཆིད་མཛད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་སྔ་མ་ནི་བཅས་པ་ཡིན་ལ་འདི་ནི་གནང་བ་ཡིན་ཏེ་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། བཅོམ་ལྡན་འདས་ཀྱིས་ཟླ་བ་ཕྱེད་ཕྱེད་ཅིང་ཁྲུས་བྱ་བར་གསུངས་པ་དེ་ལས་འདུམས་པར་བྱེད་ན་དུས་མ་གཏོགས་ཏེ་ལྟུང་བྱེད་དོ། །དེ་ལ་དུས་ནི་འདི་ཡིན་ཏེ། སོ་ག་རྣམས་ཀྱི་ཟླ་བ་ལྷག་མ་ཕྱེད་དང་གཉིས་དང་། དབྱར་རྣམས་ཀྱི་དང་པོ་དང་། ཟླ་བ་ཕྱེད་དང་གསུམ་པོ་འདི་དག་ནི་ཚ་བའི་དུས་སོ། །ལྷག་མ་ནི་ན་བ་དུས་སོ། །ལས་དུས་སོ། །ལམ་དུས་སོ། །རླུང་དུས་སོ། །ཆར་དུས་སོ། །རྫི་ཆར་དུས་ཏེ། དེ་ལ་དེ་ནི་དུས་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སོ། །ཟླ་བ་ཕྱེད་ཕྱེད་ཅིང་ཁྲུས་བྱ་བར་གསུངས་པ་ཞེས་བྱ་བ་ནི་ཟླ་བ་ངོ་ཕྱེད་ཕྱེད་ལའོ། །དེ་ལས་འདུམས་པར་བྱེད་ན་ཞེས་བྱ་བ་ནི་ཟླ་བ་ཕྱེད་ལས་འདུམས་པར་བྱེད་ནའོ། །དུས་མ་གཏོགས་ཏེ་ཞེས་བྱ་བ་ནི་དུས་བཞག་སྟེའོ། །ལྟུང་


DKG007_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་དོ་ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་ངན་སོང་དང་། ངན་འགྲོ་དང་། ལོག་པར་ལྟུང་བ་དག་ཏུ་སྲེག་པར་བྱེད། འཚོད་པར་བྱེད། ལྟུང་བར་བྱེད་པའོ། །གཞན་ཡང་ཇི་སྲིད་དུ་ལྟུང་བ་དེ་མ་བཤགས་ཤིང་སོ་སོར་མ་བཤགས་ན་དགེ་བའི་ཆོས་རྣམས་ལ་སྒྲིབ་པར་བྱེད་པ་སྟེ། དེས་ན་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་དུས་ནི་འདི་ཡིན་ཏེ། སོ་ག་རྣམས་ཀྱི་ཟླ་བ་ལྷག་མ་ཕྱེད་དང་གཉིས་དང་། དབྱར་རྣམས་ཀྱི་དང་པོ་དང་ཟླ་བ་ཕྱེད་དང་གསུམ་པོ་འདི་དག་ནི་ཚ་བའི་དུས་སོ་ཞེས་བྱ་བ་ལ་སོ་ག་རྣམས་ཀྱི་ཟླ་བ་ལྷག་མ་ཕྱེད་དང་གཉིས་ཞེས་བྱ་བ་ནི་ཟླ་བ་ཕྱེད་དང་གཉིས་ན་དབྱར་ཉེ་བར་སྒྲུབ་པ་འབྱུང་བར་འགྱུར་བ་སྟེ། དབྱར་ཟླ་ར་བ་ཚེས་ནས་དབྱར་ཟླ་འབྲིང་པོ་ཉའི་བར་གྱི་ཟླ་བ་ཕྱེད་དང་གཉིས་སོ། །དབྱར་རྣམས་ཀྱི་དང་པོ་ཞེས་བྱ་བ་ནི་གནས་པར་ཁས་བླངས་པ་རྣམས་ཀྱི་དང་པོ་ཟླ་བ་གཅིག་སྟེ། དབྱར་ཟླ་འབྲིང་པོ་ཚེས་བཅུ་དྲུག་ནས་དབྱར་ཟླ་ཐ་ཆུངས་ཉའི་བར་གྱི་ཟླ་བ་གཅིག་གོ །ལྷག་མ་ནི་ན་བ་དུས་སོ་ཞེས་བྱ་བ་ནི་འདི་ལྟ་སྟེ། དགེ་སློང་ན་བ་ཁྲུས་མ་བྱས་པར་འཚོ་བར་མི་ནུས་ནའོ། །ལས་དུས་སོ་ཞེས་བྱ་བ་ནི་འདི་ལྟ་སྟེ། དགེ་སློང་གིས་དགེ་འདུན་གྱིའམ་མཆོད་རྟེན་གྱི་ལས་ཐ་ན་རེ་སྡེ་ཙམ་ཞིག་ཕྱགས་སམ། དཀྱིལ་འཁོར་བ་མལ་ཙམ་ཞིག་བྱུག་པ་ནའོ། །ལམ་དུས་སོ་ཞེས་བྱ་བ་ནི་འདི་ལྟ་སྟེ། དགེ་སློང་དཔག་ཚད་གཅིག་ཏུ་སོང་ངམ་དཔག་ཚད་ཕྱེད་དུ་སོང་སྟེ་ཕྱིར་འོངས་ནའོ། །རླུང་དུས་སོ་ཞེས་བྱ་བ་ནི་འདི་ལྟ་སྟེ། ཐ་ན་རླུང་གིས་གོས་ཀྱི་གྲྭ་བསྒུལ་བར་གྱུར་ནའོ། །ཆར་དུས་སོ་ཞེས་བྱ་བ་ནི་འདི་ལྟ་སྟེ། ཐ་ན་ལུས་ལ་ཆར་གྱི་ཐིགས་པ་གཉིས་སམ་གསུམ་བབ་པར་གྱུར་ནའོ། །རྫི་ཆར་དུས་སོ་ཞེས་བྱ་བ་ནི་འདི་ལྟ་སྟེ། ཐ་ན་རྫི་ཆར་གྱིས་གོས་ཀྱི་མཐའ་བསྒུལ་བར་གྱུར་ཅིང་ལུས་ལ་ཆར་པའི་ཐིགས་པ་གཉིས་སམ་གསུམ་བབ་པར་གྱུར་ནའོ། །དེ་ལ་དེ་ནི་དུས་ཡིན་ནོ་ཞེས་བྱ་བ་ནི་དེ་ལ་དེ་ནི་རྗེས་སུ་མཐུན་པའི་ཆོས་ཡིན་པའོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་གིས་དབང་བསྐུར་བའི་ཁྲུས་ཀྱིས་ཁྲུས་བྱེད་ན་དེ་དུས་བྱིན་གྱིས་བརླབ་པར་བྱའོ། །དུས་བྱིན་གྱིས་མ་བརླབས་པར་ཁྲུས་བྱེད་ན་ཇི་སྲིད་དུ་ཆུས་ལྟེ་བར་མ་སོན་གྱི་


DKG007_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

བར་དུ་ཉེས་བྱས་སུ་འགྱུར་ལ་ཆུས་ལྟེ་བར་སོན་ན་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་འཇུག་པའི་ཁྲུས་ཀྱིས་ཁྲུས་བྱེད་ན་དེས་དུས་བྱིན་གྱིས་བརླབ་པར་བྱའོ། །དུས་བྱིན་གྱིས་མ་བརླབས་པར་ཁྲུས་བྱེད་ན་ཇི་སྲིད་དུ་ཆུས་ལྟེ་བར་མ་སོན་གྱི་བར་དུ་ཉེས་བྱས་སུ་འགྱུར་ལ། ཆུས་ལྟེ་བར་སོན་ན་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་དབང་བསྐུར་བའི་ཁྲུས་ཀྱིས་ཁྲུས་བྱས་ནས་འཇུག་པའི་ཁྲུས་ཀྱིས་ཁྲུས་བྱེད་ན་དེས་དུས་བྱིན་གྱིས་བརླབ་པར་བྱའོ། །དུས་བྱིན་གྱིས་མ་བརླབས་པར་ཁྲུས་བྱེད་ན་ཇི་སྲིད་དུ་ཆུས་ལྟེ་བར་མ་སོན་གྱི་བར་དུ་ཉེས་བྱས་སུ་འགྱུར་ལ། ཆུས་ལྟེ་བར་སོན་ན་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་འཇུག་པའི་ཁྲུས་ཀྱིས་ཁྲུས་བྱས་ནས་དབང་བསྐུར་བའི་ཁྲུས་ཀྱིས་ཁྲུས་བྱེད་ན་དེས་དུས་བྱིན་གྱིས་བརླབ་པར་བྱའོ། །དུས་བྱིན་གྱིས་མ་བརླབས་པར་ཁྲུས་བྱེད་ན་ཇི་སྲིད་དུ་ཆུས་ལྟེ་བར་མ་སོན་གྱི་བར་དུ་ཉེས་བྱས་སུ་འགྱུར་ལ། ཆུས་ལྟེ་བར་སོན་ན་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་ཆུ་གྲང་མོས་ཁྲུས་བྱེད་ན་དེས་དུས་བྱིན་གྱིས་བརླབ་པར་བྱའོ། །དུས་བྱིན་གྱིས་མ་བརླབས་པར་ཁྲུས་བྱེད་ན་ཇི་སྲིད་དུ་ཆུས་ལྟེ་བར་མ་སོན་གྱི་བར་དུ་ཉེས་བྱས་སུ་འགྱུར་ལ། ཆུས་ལྟེ་བར་སོན་ན་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་ཆུ་དྲོན་མོས་ཁྲུས་བྱེད་ན་དེས་དུས་བྱིན་གྱིས་བརླབ་པར་བྱའོ། །དུས་བྱིན་གྱིས་མ་བརླབས་པར་ཁྲུས་བྱེད་ན་ཇི་སྲིད་དུ་ཆུས་ལྟེ་བར་མ་སོན་གྱི་བར་དུ་ཉེས་བྱས་སུ་འགྱུར་ལ། ཆུས་ལྟེ་བར་སོན་ན་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་ཆུ་གྲང་མོས་ཁྲུས་བྱས་ནས་ཆུ་དྲོན་མོས་ཁྲུས་བྱེད་ན་དེས་དུས་བྱིན་གྱིས་བརླབ་པར་བྱའོ། །དུས་བྱིན་གྱིས་མ་བརླབས་པར་ཁྲུས་བྱེད་ན་ཇི་སྲིད་དུ་ཆུས་ལྟེ་བར་མ་སོན་གྱི་བར་དུ་ཉེས་བྱས་སུ་འགྱུར་ལ། ཆུས་ལྟེ་བར་སོན་ན་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་ཆུ་དྲོན་མོས་ཁྲུས་བྱས་ནས་ཆུ་གྲང་མོས་ཁྲུས་བྱེད་ན་དེས་དུས་བྱིན་གྱིས་བརླབ་པར་བྱའོ། །དུས་


DKG007_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་གྱིས་མ་བརླབས་པར་ཁྲུས་བྱེད་ན་ཇི་སྲིད་དུ་ཆུས་ལྟེ་བར་མ་སོན་གྱི་བར་དུ་ཉེས་བྱས་སུ་འགྱུར་ལ། ཆུས་ལྟེ་བར་སོན་ན་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་ཆུ་ཀླུང་དལ་གྱིས་འབབ་པར་ཁྲུས་བྱེད་ན་དེས་དུས་བྱིན་གྱིས་བརླབ་པར་བྱའོ། །དུས་བྱིན་གྱིས་མ་བརླབས་པར་ཁྲུས་བྱེད་ན་ཇི་སྲིད་དུ་ཆུས་ལྟེ་བར་མ་སོན་གྱི་བར་དུ་ཉེས་བྱས་སུ་འགྱུར་ལ། ཆུས་ལྟེ་བར་སོན་ན་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་ཆུ་ཀླུང་དྲག་ཏུ་འབབ་པར་ཁྲུས་བྱེད་ན་དེས་དུས་བྱིན་གྱིས་བརླབ་པར་བྱའོ། །དུས་བྱིན་གྱིས་མ་བརླབས་པར་ཁྲུས་བྱེད་ན་ཇི་སྲིད་དུ་ཆུས་ལྟེ་བར་མ་སོན་གྱི་བར་དུ་ཉེས་བྱས་སུ་འགྱུར་ལ། ཆུས་ལྟེ་བར་སོན་ན་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་ཆུ་ཀླུང་དལ་གྱིས་འབབ་པར་ཁྲུས་བྱས་ནས། ཆུ་ཀླུང་དྲག་ཏུ་འབབ་པར་ཁྲུས་བྱེད་ན་དེས་དུས་བྱིན་གྱིས་བརླབ་པར་བྱའོ། །དུས་བྱིན་གྱིས་མ་བརླབས་པར་ཁྲུས་བྱེད་ན་ཇི་སྲིད་དུ་ཆུས་ལྟེ་བར་མ་སོན་གྱི་བར་དུ་ཉེས་བྱས་སུ་འགྱུར་ལ། ཆུས་ལྟེ་བར་སོན་ན་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་ཆུ་ཀླུང་དྲག་ཏུ་འབབ་པར་ཁྲུས་བྱས་ནས། ཆུ་ཀླུང་དལ་གྱིས་འབབ་པར་ཁྲུས་བྱེད་ན་དེས་དུས་བྱིན་གྱིས་བརླབ་པར་བྱའོ། །དུས་བྱིན་གྱིས་མ་བརླབས་པར་ཁྲུས་བྱེད་ན་ཇི་སྲིད་དུ་ཆུས་ལྟེ་བར་མ་སོན་གྱི་བར་དུ་ཉེས་བྱས་སུ་འགྱུར་ལ། ཆུས་ལྟེ་བར་སོན་ན་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་དག་ཆུ་ཀླུང་རྒལ་བ་ན་དེ་དག་འགྱོད་པར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་ལ་འགྱོད་པར་མི་བྱ་བར། གལ་ཏེ་ཁྲུས་བྱེད་པར་འདོད་ན་དུས་བྱིན་གྱིས་བརླབས་ཏེ་ཁྲུས་བྱའོ། །དགེ་སློང་དག་བསྐམ་སའོ་སྙམ་ནས་ཆུར་ཞུགས་པ་དང་དེ་དག་དེར་ལྟུང་ཞིང་དེ་དག་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་ལ་འགྱོད་པར་མི་བྱ་བར་གལ་ཏེ་ཁྲུས་བྱེད་པར་འདོད་ན་དུས་བྱིན་གྱིས་བརླབས་ཏེ་ཁྲུས་བྱའོ། །དེ་བཞིན་དུ་དགེ་སློང་དག་འཆག་ས་ན་ཡེངས་པས་ཆུར་ལྟུང་བ་དང་། བརྒྱལ་བ་ལ་ཆུས་བཏབ་པ་ན་དེ་དག་འགྱོད་པར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་ལ་འགྱོད་པར་མི་བྱ་བར་གལ་ཏེ་ཁྲུས་བྱེད་པར་འདོད་ན་དུས་བྱིན་གྱིས་བརླབས་ཏེ་ཁྲུས་བྱའོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །ཁྲུས་བྱེད་པའི་ལྟུང་བྱེད་དེ་དྲུག་བཅུ་པ་རྫོགས་སོ།། །།


previousབཅུ་ཚན་དྲུག་པ། ཁྱིམ་ལ་སོགས་པའི་སྡེ་ཚན། next