Nitartha Digital Library
Tibetan
 
previousསོ་སོར་བཤགས་པར་བྱ་བའི་ཆོས་བཅུ་གཅིག་འཆད་པ།next

སོ་སོར་བཤགས་པར་བྱ་བའི་ཆོས་བཅུ་གཅིག་འཆད་པ།


DKG009_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

སྡོམ་ལ། འོ་མ་ཞོ་དང་མར་དང་ནི། །ཞུན་མར་འབྲུ་མར་སྦྲང་རྩི་དང། །དབུ་བ་ཉ་ཤ་ཤ་དང་ནི། །ཤ་སྐམ་བསླབ་སྡོམ་བྱིན་པའོ། །འཕགས་མ་དག་སོ་སོར་བཤགས་པར་བྱ་བའི་ཆོས་བཅུ་གཅིག་པོ་འདི་དག་ནི། ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་ལས་འབྱུང་ངོ། །ཡང་དགེ་སློང་མ་གང་མི་ན་བར་གཞན་གྱི་ཁྱིམ་ནས་བདག་གི་དོན་དུ་འོ་མ་བསླངས་ཏེ་འཐུང་ན་དགེ་སློང་མ་དེས་ཕྱི་རོལ་དབྱར་ཁང་དུ་སོང་སྟེ། དགེ་སློང་མ་རྣམས་ལ་འཕགས་མ་དག་བདག་ལ་སྨད་པར་བྱ་བའི་གནས་མི་རིགས་པ་སོ་སོར་བཤགས་པར་བྱ་བ་བྱུང་གི །ཆོས་དེ་སོ་སོར་བཤགས་པར་བྱ་སྟེ། ཆོས་འདི་ནི་སོ་སོར་བཤགས་པར་བྱ་བའོ། །ཡང་དགེ་སློང་མ་གང་མི་ན་བར་གཞན་གྱི་ཁྱིམ་ནས་བདག་གི་དོན་དུ་ཞོ་དང། མར་དང། ཞུན་མར་དང། འབྲུ་མར་དང། སྦྲང་རྩི་དང། བུ་རམ་གྱི་དབུ་བ་དང། ཉ་ཤ་དང་ཤ་དང། ཤ་སྐམ་བླངས་ཏེ་འཐུངས་སམ། ཟོས་ན་དགེ་སློང་མ་དེས་ཕྱི་རོལ་དབྱར་ཁང་དུ་སོང་སྟེ། དགེ་སློང་མ་རྣམས་ལ་འཕགས་མ་དག་བདག་ལ་སྨད་པའི་གནས་མི་རིགས་པ་སོ་སོར་བཤགས་པར་བྱ་བ་བྱུང་གི་ཆོས་དེ་སོ་སོར་བཤགས་སོ་ཞེས་སོ་སོར་བཤགས་པར་བྱ་སྟེ། ཆོས་འདི་ཡང་སོ་སོར་བཤགས་པར་བྱའོ། །སློང་པ་དག་གི་ཁྱིམ་གང་དག་ན་དགེ་འདུན་གྱི་བསླབ་པའི་སྡོམ་པས་བསྡམས་པར་གྱུར་པ་ལ། དགེ་སློང་མ་གང་སློབ་པ་དག་གི་ཁྱིམ་གང་དག་དགེ་འདུན་གྱི་བསླབ་པའི་སྡོམ་པས་བསྡམས་པ་དེ་ལྟ་བུ་དག་ཏུ་སྔར་མགྲོན་དུ་མ་བོས་པར་སོང་སྟེ། རང་གི་ལག་གིས་བཅའ་བ་དང། བཟའ་བ་བླངས་ནས་འཆའ་འམ། ཟ་ན་དགེ་སློང་མ་དེས་ཕྱི་རོལ་དབྱར་ཁང་དུ་སོང་སྟེ། དགེ་སློང་མ་རྣམས་ལ་འཕགས་མ་དག་བདག་ལ་སྨད་པའི་གནས་མི་རིགས་པ་སོ་སོར་བཤགས་པར་བྱ་བ་བྱུང་གི་།ཆོས་འདི་ཡང་སོ་སོར་ཆགས་སོ་ཞེས་སོ་སོར་བཤགས་པར་བྱ་སྟེ། ཆོས་འདི་ཡང་སོ་སོར་བཤགས་པར་བྱ་བའོ། །འཕགས་མ་དག །བདག་གིས་སོ་སོར་བཤགས་པར་བྱ་བའི་ཆོས་བཅུ་གཅིག་པོ་འདི་དག་བཏོན་ཟིན་ཏོ། །དེ་ལ་བདག་གིས་འཕགས་མ་དག་ལ་ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ། ཞེས་དྲིའོ། །ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་ལན་གཉིས་ལན་གསུམ་དུ་དྲིའོ། །འདི་ལ་འཕགས་མ་དག་ཡོངས་སུ་དག་ན་འདི་ལྟར་ཅང་མི་སྨྲ་བས་དེ་དེ་བཞིན་དུ་འཛིན་ཏོ། །


previousསོ་སོར་བཤགས་པར་བྱ་བའི་ཆོས་བཅུ་གཅིག་འཆད་པ།next